གྲོང་གསེབ་སློབ་གསོའི་དེང་རབས་ཅན་མེད་ན། སློབ་གསོའི་དེང་རབས་ཅན་ཡོད་མི་སྲིད། ཀླུ་རྒྱལ་ཚེ་རིང་གིས་བསྒྱུར།
ཀློག་གྲངས། 9,197      སྤེལ་དུས།2023 ལོའི་ཟླ 2 ཚེས 15 ཉིན།

2020ལོ་ནི“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་སྣོལ་མཚམས་ཤིག་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་དོན་འཁྱོལ་ཡོང་བའི་མཐའ་མའི་ལོ་ཡིན་པ་མ་ཟད། ལོ་བརྒྱ་ཕྲག་གཉིས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཡོང་བའི་འགོ་འཛུགས་སའང་ཡིན། ཏང་ཀྲུང་དབྱང་གིས༢༠༤༩ལོར་སླེབས་དུས་ཀྱི“གོམ་སྟབས་གཉིས”ཀྱི་བཀོད་སྒྲིག་ཀྱང་བྱས་ཟིན། འོ་ན། སློབ་གསོས་གང་ཞིག་བསྒྲུབ་དགོས་ཞེ་ན། 《ཀྲུང་གོའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི2035》ཡིས་ང་ཚོར་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་འཆར་འགོད་གནང་ཟིན་པས། གནད་འགག་ནི་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། སློབ་གསོ་འཕེལ་རྒྱས་ཀྱི་གཞི་ཁྱོན་ངོས་ནས་བརྗོད་ན། རང་རྒྱལ་དུ་གཞི་རྩའི་ཆ་ནས་ལོ12ཀྱི་རྨང་གཞིའི་སློབ་གསོ་ཁྱབ་གདལ་བཏང་བ་དང་། མཐོ་རིམ་སློབ་གསོའི་སློབ་ཞུགས་ཚད50%ལ་ཉེ་བ་ཡོད་ཅིང་། མིག་སྔའི་གནད་དོན་གཙོ་བོ་ནི་སློབ་གསོའི་སྤུས་ཚད་ཇི་ལྟར་མཐོར་འདེགས་གཏང་རྒྱུ་དེ་རེད།

སློབ་གསོའི་སྤུས་ཚད་མཐོ་འདེགས་ཡོང་བར་གནད་དོན་ཆེན་པོ་གཉིས་ཐག་གཅོད་གནང་དགོས་པ་སྟེ། གཅིག་ནི་སློབ་གསོའི་འདུ་ཤེས་ཀྱི་གནད་དོན་དང་། ཅིག་ཤོས་ནི་གྲོང་གསེབ་ཀྱི་སློབ་གསོའི་གནད་དོན་རེད། སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་སྲོག་ཤིང་ནི་དེང་རབས་ཅན་ལ་གཞོལ་བའི་མི་གསོ་སྐྱོང་བྱ་རྒྱུ་དེ་རེད། དེང་རབས་ཅན་གྱི་མི་གསོ་སྐྱོང་བྱེད་དགོས་ན་དེང་རབས་ཅན་གྱི་སློབ་གསོའི་འདུ་ཤེས་དགོས་ངེས་རེད། མདོར་བསྡུས་ནས་བཤད་ན་སྤུས་ཚད་སློབ་གསོར་སྐུལ་སྤེལ་བཏང་ནས་རྒྱལ་དམངས་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དེ་རེད། རང་རྒྱལ་ལ་མི་འབོར་དུང་ཕྱུར14ལ་ཉེ་བ་ཡོད་ཅིང་། དེའི་ཕྱེད་ཀ་ཡན་གྲོང་གསེབ་ཏུ་འཚོ་བ་དང་། ཕྱེད་ཀ་ཡན་ཟིན་པའི་སློབ་ལོ་རན་པའི་བྱིས་པ་གྲོང་གསེབ་ཏུ་ཡོད། གྲོང་གསེབ་ཀྱི་སློབ་གསོ་དེང་རབས་ཅན་དུ་གྱུར་མེད་ན། སློབ་གསོ་དེང་རབས་ཅན་དུ་འགྱུར་མི་ཐུབ་པས། སློབ་གསོ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་དཀའ་གནད་དང་གཙོ་གནད་ནི་གྲོང་གསེབ་ཏུ་ཡོད།

འདིར་བཤད་པའི་གྲོང་གསེབ་ནང་ཞིང་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་རྫོང་རིམ་པའི་ས་ཁུལ་ཚང་མ་ཚུད་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40ལྷག་འདས་པའི་རིང་ལ་རང་རྒྱལ་གྱི་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ཇེ་ལེགས་སུ་སོང་བ། ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ། སློབ་ལོ་རན་པའི་བྱིས་པ་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་གྱི་དབང་གིས་སློབ་གྲྭར་བསྐྱོད་མི་ཐུབ་པ་བཅས་ཡོད་མི་སྲིད། འོན་ཀྱང་རང་རྒྱལ་གྱི་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་ད་དུང་ཅུང་ཞན་པ་དང་། ལྷག་པར་དབུས་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་རྨང་གཞིའི་སློབ་གསོ་ལ་སྔར་བཞིན་དཀའ་ངལ་མང་པོ་གནས་པ་རང་རེད། དཀའ་ཁག་ཆེས་གཙོ་བོ་ནི་གྲོན་དངུལ་མི་འདང་བ་དང་། དགེ་རྒན་དཀོན་པ། སློབ་གསོའི་འདུ་ཤེས་རྗེས་སུ་ལུས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་ལ་ནོར་འཁྲུལ་ཤོར་བ་སོགས་རེད།

གནས་ཚུལ་འདི་རིགས་བསྒྱུར་དགོས་ན་གཤམ་གྱི་བྱེད་ཐབས་དག་སྤྱོད་དགོས།

གཅིག་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་མུ་མཐུད་ལེགས་བཅོས་བྱ་དགོས། མིག་སྔར་ས་གནས་ཁག་གི་སློབ་གསོའི་གྲོན་དངུལ་གཏོང་འཇོག་ད་དུང་དོ་མི་མཉམ་ཞིང་། ལྷག་ཏུ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཞིང་ཆེན་གྱི་སློབ་གསོའི་གྲོན་དངུལ་གཏོང་གྲངས་ཅུང་ཉུང་བ་དང་། ལ་ལ་ནི་དར་རྒྱས་ཆེ་བའི་ས་ཁུལ་གྱི1/4ཙམ་རེད། སློབ་གསོའི་གྲོན་དངུལ་གྲོང་གསེབ་ཏུ་ཕྱོགས་དགོས་པ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་བ་དང་། མི་རིགས་ས་ཁུལ། བས་མཐའི་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་རྨང་གཞིའི་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭའི་བར་བཅས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱིས་སློབ་མའི་ཆ་སྙོམས་ཀྱི་འགྲོ་གྲོན་ཚད་གཞི་དམའ་ཤོས་གཏན་ལ་དབབ་རྒྱུ་དང་། ཚད་གཞི་དམའ་ཤོས་སུ་མ་སླེབས་པའི་ས་ཁུལ་དུ་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་བྱ་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།

གཉིས་ནས་གྲོང་གསེབ་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཉེ་བའི་ལོ་ཤས་ནང་ང་ཚོས་ཞིང་ཆེན་ཁ་ཤས་ཀྱི་གྲོང་གསེབ་ལ་བཅར་འདྲི་ཞུས་ཤིང་། ས་གནས་ཁག་གི་སློབ་གྲྭ་གཉེར་བའི་ཆ་རྐྱེན་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ཕྲུ་གུ་ཡང་གྲུང་ཤ་དོད་པོར་ཕྱིན་ཡོད་མོད། འོན་ཀྱང་སློབ་གྲྭ་འགའ་ཞིག་གིས་ད་དུང་བསླབ་ཚན་འདང་ངེས་ཤིག་འཚོགས་ཐབས་བྲལ་བར་མ་ཟད། སློབ་ཁང་སློབ་ཁྲིད་ཀྱང་མིའི་འདོད་བློ་དང་མཐུན་ཁག་པོ་འདུག དེར་བརྟེན་སློབ་གསོ་བསྒྱུར་བཅོས་བྱེད་སྐབས་གྲོང་གསེབ་ལ་ཁ་ཕྱོགས་དགོས་པ་དང་། རྒྱལ་ཁབ་ཀྱི་གཏན་འཁེལ་བསླབ་ཚན་འདང་ངེས་ཤིག་འཚོགས་ཐུབ་པ་དང་། སློབ་གྲྭ་ཚང་མ་ལེགས་པོར་གཉེར་ནས། སློབ་མ་ཡོངས་ལ་སློབ་གསོ་ལེགས་པོ་ཐེབས་པ་བཅས་བྱེད་དགོས། གྲོང་ཁྱེར་གྱི་སྤུས་ལེགས་སློབ་གྲྭས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་གྲོང་གསེབ་ཀྱི་སློབ་གྲྭར་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་རོགས་བགྱིས་ཏེ། གྲོང་གསེབ་ཀྱི་བྱིས་པར་ཡང་འདྲ་མཉམ་ཡིན་ཞིང་སྤུས་ཀ་ལེགས་པའི་སློབ་གསོ་མྱོང་དུ་འཇུག་དགོས།

གསུམ་ནས་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་དགེ་རྒན་འགའ་ཤས་ཤིག་གི་སློབ་ཁྲིད་ཀྱི་ཆུ་ཚད་མཐོན་པོ་མེད་པ་དང་། སློབ་དེབ་སྒྲོག་སྦྱོང་ཙམ་བྱེད་པ། འགའ་ཞིག་གིས་ཐ་ན་གཞི་རྩའི་དོན་སྤྱི་ཡང་གསལ་པོར་བཤད་ཐུབ་ཀྱིན་མེད། ང་ཚོས་གྲོང་གསེབ་ཀྱི་དགེ་རྒན་རྣམས་ལ་ལས་ཐོག་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ཕུད། ས་གནས་ཀྱི་སློབ་གླིང་ཆེ་ཁག་གིས་གཞུང་གྲོན་གཏོང་བའི་དགེ་འོས་སློབ་མ་བསྡུ་བ་དང་། གྲོང་གསེབ་ཀྱི་དགེ་རྒན་རྣམ་པའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས་ཕུལ་བྱུང་གི་གཞོན་ནུ་རྣམས་གྲོང་གསེབ་ཏུ་དགེ་རྒན་བྱེད་པར་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་དགེ་རྒན་ལ་ཡིད་ཆེས་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་འཛུགས་དགོས།

བཞི་ནས་གྲོང་གསེབ་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་གཅིག་ནས་ཆ་འཕྲིན་ལག་རྩལ་དང་རྒྱང་བསྟེན་སློབ་གསོར་བརྟེན་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོའི་སློབ་གྲྭར་བསྐྱལ་ནས་དེ་གའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཆ་འཕྲིན་ཅན་དུ་འགྱུར་བའི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ད་ཐེངས་ཀྱི“པྲོག་གསར་གློ་ཚད”རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་སུ་སློབ་མར་ཁྱིམ་སྡོད་སློབ་སྦྱོང་བྱེད་དུ་བཅུག་པའི་ཚེ་ན། གྲོང་གསེབ་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ཞན་ཆར་ཤེས་རྟོགས་བྱུང་བ་སྟེ། ས་གནས་ལ་ལར་དྲ་རྒྱ་བེད་སྤྱོད་བྱེད་མི་ཐུབ་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ཁ་ཤས་ཀྱིས་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱེད་ཤེས་ཀྱིན་མེད། དེར་བརྟེན་ས་གནས་ཁག་གིས་ཆ་འཕྲིན་ལག་རྩལ་གྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ་དགེ་རྒན་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་དགེ་རྒན་གྱིས་ཆ་འཕྲིན་ལག་རྩལ་བེད་སྤྱོད་པའི་ནུས་པ་མཐོ་རུ་བཏང་སྟེ་སློབ་གསོའི་སྤུས་ཚད་གོང་དུ་སྤེལ་དགོས།

ད་ནས2035ལོའི་བར་དུ་ལོ15ལས་མེད་པས། གྲོང་གསེབ་ཀྱི་སློབ་གསོ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་འགན་འཁྲི་ལྕི་ཞིང་དུས་ཡུན་ཐུང་། ང་ཚོས་ཐུན་མོང་འབད་བརྩོན་ལ་བརྟེན་ཏེ་ངེས་དོན་གྱི་གྲོང་གསེབ་སློབ་གསོ་དེང་རབས་ཅན་སྔ་ཙམ་ནས་མངོན་འགྱུར་ཡོང་བའི་རེ་སྐུལ་གནང་བ་ཡིན།

པེ་ཅིང་དགེ་འོས་སློབ་ཆེན་གྱི་གོའུ་མིན་ཡོན་གྱིས་བརྩམས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2472

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

© 2024 རྩོམ་པ་པོ་དྲ་བ།

རྩེར། ↑