(བྷོབ་ཏྲེ་ལན།Bob Dylan) ༡༩༤༡ལོར་ཨ་རིར་སྐྱེས། རི་མོ་བ། གཞས་པ། དམངས་གཞས་སྒྱུ་རྩལ་པ། གསར་རྩོམ་པ།(དབྱངས་དང་ཚིག་སོགས།) འཁྲབ་སྟོན་པ། སྙན་ངག་པ། རྩོམ་པ་པོ་བཅས། ༢༠༡༦ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་ཅིང་། ལོ་རྒྱུས་ཐོག་ཆེས་ཐོག་མར་ནོ་པེལ་བྱ་དགའ་ཐོབ་མཁན་གྱི་གཞས་པ་རུ་གྱུར། ༡༩༩༡ལོར་འཛམ་གླིང་ཐོག་ཆེས་མཐོ་བའི་གླུ་གཞས་ཀྱི་བྱ་དགའ་སྟེ་(གཱི་ལའེ་མེ་)ཡི་ཚེ་གང་གྲུབ་བརྙེས་ཀྱི་བྱ་དགའ་(终生成就奖)ཐོབ། ༢༠༠༠ལོར་འཛམ་གླིང་གི་གློག་བརྙན་བྱ་དགའ་གྲགས་ཅན་ཏེ་(ཨོ་སི་ཁའི་གླུ་)གཞས་གསར་རྩོམ་གྱི་བྱ་དགའ་ཐོབ། ད་དུང་མང་ནས་མང་དུ་མཆིས་སོ།། བྷོབ་ཏྲེ་ལན་ནི་རླབས་ཆེན་གྱི་རྩོམ་རིག་མཁན་དང་འཛམ་གླིང་འདར་འགྲིལ་གླུ་གཞས་ཀྱི་སྟེགས་བུར་འཚེར་བའི་སྐར་ཆེན་ཞིག་ཀྱང་ཡིན་ནོ།། འོལ་བ་ནས་༢༠༡༨ལོར་བྲིས་སོ།།

 

ཀྱེ་མ་ཁྱོད་རང་གང་དུ་ཕྱིན་ནམ་བདག་གི་མིག་ཟུང་སྔོ་བའི་ཕྲུ་གུ་ལགས།།

ཀྱེ་མ་ཁྱོད་རང་གང་དུ་ཕྱིན་ནམ་བདག་གི་སྙིང་དང་ཉེ་བའི་ཁྱེའུ་ཆུང་ལགས།།
ང་ནི་ཁྱར་ཁྱོར་བསྐྱོད་དེ་སྨུག་ཞག་འཐིབ་པའི་རི་རྒྱུད་བཅུ་གཉིས་བརྒལ་བ་ཡིན།།
ང་ནི་གོག་བགྲོད་བརྒྱབ་ཏེ་ཀྱག་ཀྱོག་འཐེན་པའི་གཞུང་ལམ་ཁག་དྲུག་བསྐྱུར་བ་ཡིན།།
ང་ནི་གདུང་བས་མནར་བའི་ནགས་ཚལ་བདུན་གྱི་ཟབ་སར་གོམ་པ་སྤོས་པ་ཡིན།།
ང་ནི་ཤི་བར་གྱུར་པའི་རྒྱ་མཚོ་བཅུ་གཉིས་མདུན་དུ་འགྲེངས་ནས་བསྡད་པ་ཡིན།།
ང་ནི་དུར་ཁུང་ཁ་ནས་ལེ་དབར་ཁྲི་ཙམ་ཆོད་པའི་ས་ཡི་གཏིང་ལ་འཛུལ་བ་ཡིན།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།

ཀྱེ་མ་ཁྱོད་ཀྱིས་ག་རེ་མཐོང་སོང་བདག་གི་མིག་ཟུང་སྔོ་བའི་ཕྲུ་གུ་ལགས།།
ཀྱེ་མ་ཁྱོད་ཀྱིས་ག་རེ་མཐོང་སོང་བདག་གི་སྙིང་དང་ཉེ་བའི་ཁྱེའུ་ཆུང་ལགས།།
ང་ཡིས་སྐྱེས་མ་ཐག་པའི་ཕྲུ་གུ་ཞིག་ལ་རི་སྤྱང་ཚོགས་ཀྱིས་བསྐོར་བ་མཐོང་།།
ང་ཡིས་ཕ་ལམ་བཏིང་བའི་གཞུང་ལམ་ཞིག་ལ་འགྲོ་མི་གཅིག་ཀྱང་མེད་པ་མཐོང་།།
ང་ཡིས་ཁ་མདོག་ནག་པའི་ཡལ་ག་ཞིག་ལས་ཁྲག་ཐིགས་བར་མེད་འཛག་པ་མཐོང་།།
ང་ཡིས་ཁང་པ་མི་ཡིས་གང་ཞིང་ལག་གི་ཐོ་བ་ཁྲག་གིས་སྦགས་པ་མཐོང་།།
ང་ཡིས་དཀར་པོའི་མདངས་ཀྱི་ཐེམ་སྐས་གང་དེ་ཆུ་ཡི་ནང་དུ་ནུབ་པ་མཐོང་།།
ང་ཡིས་སྟོང་གཏམ་ཤོད་མཁན་ཁྲི་མ་འབུམ་གྱི་སྨྲ་ལྕེ་དུམ་བུར་ཆད་པ་མཐོང་།།
ང་ཡིས་གྲི་དང་མེ་མདའ་དག་ནི་བྱིས་པ་ཚོ་ཡི་ལག་ཏུ་ཐོགས་པ་མཐོང་།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།

ཀྱེ་མ་ཁྱོད་ཀྱིས་ག་རེ་ཐོས་སོང་བདག་གི་མིག་ཟུང་སྔོ་བའི་ཕྲུ་གུ་ལགས།།
ཀྱེ་མ་ཁྱོད་ཀྱིས་ག་རེ་ཐོས་སོང་བདག་གི་མིག་ཟུང་སྔོ་བའི་ཁྱེའུ་ཆུང་ལགས།།
ང་ཡིས་འབྲུག་སྐད་འུར་འུར་ལྡིར་ཞིང་འཇིགས་སུ་རུང་པའི་ཉེན་བརྡ་གཏོང་བ་ཐོས།།
ང་ཡིས་རྒྱ་མཚོའི་རླབས་ཀྱིས་འཇིག་རྟེན་ཐམས་ཅད་སྣུབ་པའི་ང་རོ་སྒྲོག་པ་ཐོས།།
ང་ཡིས་རྔ་ཆེན་རྡུང་མཁན་བརྒྱ་ཕྲག་ཙམ་གྱི་ལག་ལ་མེ་ལྕེ་མཆེད་པ་ཐོས།།
ང་ཡིས་སྐད་གདངས་དམའ་བ་ཁྲི་ཕྲག་ཙམ་ལ་ཉན་མཁན་གཅིག་ཀྱང་མེད་པ་ཐོས།།
ང་ཡིས་མི་ཞིག་ལྟོགས་སྐོམ་ཐེབ་ནས་ཤི་བར་ཉེ་ཡང་མི་རྣམས་དགོད་པ་ཐོས།།
ང་ཡིས་ཆུ་ཡུར་ནང་ན་ཤི་བའི་སྙན་ངག་སྨྲ་མཁན་ཞིག་གི་གླུ་སྐད་ཐོས།།
ང་ཡིས་སྲང་ལམ་དཀྱིལ་དུ་བཞད་གད་སློང་མཁན་ཞིག་གིས་ངུ་འབོད་བྱེད་པ་ཐོས།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།

ཀྱེ་མ་ཁྱོད་རང་སུ་དང་འཕྲད་སོང་བདག་གི་མིག་ཟུང་སྔོ་བའི་ཕྲུ་གུ་ལགས།།
ཀྱེ་མ་ཁྱོད་རང་སུ་དང་འཕྲད་སོང་བདག་གི་མིག་ཟུང་སྔོ་བའི་ཁྱེའུ་ཆུང་ལགས།།
ང་རང་རྟེའུ་ཕྲུག་ཤི་རོ་ཞིག་གི་གམ་ན་ལངས་པའི་བྱིས་པ་ཞིག་དང་འཕྲད།།
ང་རང་ལག་པས་ཁྱི་ནག་ཁྲིད་དེ་འཆམ་འཆམ་འགྲོ་བའི་མི་དཀར་ཞིག་དང་འཕྲད།།
ང་རང་མེ་ཡི་ཚ་བས་ལུས་ཕུང་འཚིག་པའི་སྐྱེས་མ་ལོ་ཆུང་ཞིག་དང་འཕྲད།།
ང་རང་ང་ལ་འཇའ་ཚོན་སྣ་ལྔ་སྦྱིན་པའི་བུ་མོ་ཆུང་ཆུང་ཞིག་དང་འཕྲད།།
ང་རང་བརྩེ་དུང་ཆེད་དུ་རྨས་སྐྱོན་ཕོག་པའི་སྐྱེས་པ་ལོ་ལོན་ཞིག་དང་འཕྲད།།
ང་རང་ཞེ་སྡང་རྐྱེན་གྱིས་རྨས་སྐྱོན་ཕོག་པའི་སྐྱེས་པ་གཞན་ཞིག་དང་ཡང་འཕྲད།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།

ཀྱེ་མ་ཁྱོད་ཀྱིས་ཅི་ཞིག་བྱ་འདོད་བདག་གི་མིག་ཟུང་སྔོ་བའི་ཕྲུ་གུ་ལགས།།
ཀྱེ་མ་ཁྱོད་ཀྱིས་ཅི་ཞིག་བྱ་འདོད་བདག་གི་མིག་ཟུང་སྔོ་བའི་ཁྱེའུ་ཆུང་ལགས།།
ངས་ནི་ཆར་ནག་དྲག་པོ་མ་འབབ་སྔོན་དུ་ཕྱིར་ལ་ལོག་རྩིས་བྱེད་ཀྱི་ཡོད།།
ང་ནི་ཤིན་ཏུ་སྟུག་ཅིང་གནག་པའི་ནགས་ཚལ་དེ་ཡི་ཟབ་སར་འཛུལ་བར་ངེས།།
གནས་དེར་གྲངས་ལས་འདས་པའི་མི་ཡིས་གང་ཞིང་ཁོ་ཚོའི་ལག་ཟུང་སྟོང་ནས་ཡོད།།
གནས་དེར་ཁོ་ཚོའི་དྭངས་མོ་ཆུ་ཡི་ནང་དུ་དུག་གི་རིལ་བུས་བཀང་ནས་ཡོད།།
གནས་དེར་རི་ཁུད་ཁང་ཁྱིམ་དག་ནི་བརླན་ཞིང་བཙོག་པའི་བཙོན་ཁང་རྩར་ན་ཡོད།།
གནས་དེར་མི་གསོད་ལག་དམར་དག་གི་ངོ་གདོང་རྟག་ཏུ་གཞན་གྱིས་བཀབ་ནས་ཡོད།།
གནས་དེར་ལྟོགས་སྐོམ་ཡིད་དུ་མི་འོང་གནས་དེར་བླ་སྲོག་གཞན་གྱིས་རྩིས་མེད་བཏང་།།
གནས་དེར་ཁ་མདོག་ནག་པོ་ལས་མེད་གནས་དེར་གྲངས་ཀ་ཀླད་ཀོར་མ་གཏོགས་མེད།།
ང་ཡིས་དེ་ཚོ་གླེང་བཞིན་བསམ་གྱིན་རྩོད་ཀྱིན་དབུགས་ལྟར་འབྱིན་རྔུབ་བྱ་བར་ངེས།།
རི་བོའི་སྒང་ནས་དེ་ཚོའི་གཟུགས་བརྙན་མངོན་དེ་སེམས་ཅན་ཀུན་གྱིས་མཐོང་བར་ངེས།།
དེ་ནས་ང་རང་རྒྱ་མཚོའི་ཐོག་ཏུ་འགྲེངས་ཏེ་ཡུན་གྱིས་མར་ལ་ནུབ་པར་ངེས།།
འོན་ཀྱང་ང་ཡིས་གཞས་དེ་མ་གཏོང་སྔོན་ལ་གཞས་དེ་གང་ཡིན་གསལ་བོ་ཤེས།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།
ད་ནི་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་ཆར་ནག་ཐེངས་ཤིག་འབབ་ལ་ཉེ།།

2018-12-31ཉིན་བསྒྱུར་ཏོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2355