འཇིག་རྟེན་འཇིག་པའི་ཉིན་མོ།  བྷེ་ནེ་ཐི· ཁི་ཧྥོ།  མར་ཁུ་རྒྱལ་མཚན་གྱིས་བསྒྱུར།


གནམ་གྲུའི་ཁ་ལོ་བ་ཞིག་སའི་གོ་ལའི་སྟེང་གི་གླིང་སྣེ་གཞན་ཞིག་ལ་བྱ་བ་བསྒྲུབས་པར་མངགས། ཁོ་རང་ཕྱིར་གནས་གཞི་ལ་འབྱོར་དུས་ཕྱོགས་བཞི་མཚམས་བརྒྱད་དལ་ཅག་གེར་གནས། དངོས་པོ་ཡོད་ཚད་གྲལ་འགྲིག་པོར་གནས་ཤིང་གཙང་མ་གཙང་རྐྱང་དུ་གནས་པས་སྲོག་ཆགས་ཤིག་གི་རྗེས་ཤུལ་མཐོང་ཐབས་བྲལ། ཁོས་སྐྲག་མ་དངངས་ཀྱིས་སྲང་ལམ་གྱི་མགོ་རྔ་ཀུན་ལ་ཇི་ལྟར་བཙལ་ནའང་མི་ཞིག་གི་གྲིབ་མ་ཙམ་ཡང་རྙེད་རྒྱུ་མ་བྱུང་།
ཁོ་རང་བློང་བློང་བོར་གནམ་གྲུའི་འབབ་ཐང་དུ་ཕྱིན་ཏེ་སྣུམ་བླུགས་པ་དང་སླར་ཡང་མཁའ་ལ་འཕུར་མགོ་བརྩམས།  ནེའུ་ཡོག་དང་ལོན་ཊོན། མའོ་སི་ཁའོ་དང་ཧྲང་ཧའེ་སོགས་སྔོན་ཆད་འཕུར་མྱོང་བའི་གྲོང་ཁྱེར་རེ་རེར་ཕྱིན་ཀྱང་།  ད་ལྟ་གྲོང་ཁྱེར་དེ་དག་མི་མེད་ལུང་སྟོང་ལྟ་བུ་ཞིག་ཏུ་གྱུར་འདུག  ཁོས་གློ་བུར་དུ་རང་ཉིད་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་མཐའ་མཇུག་གི་སྲོག་ཉེན་ལས་ཐར་བའི་མི་དེ་རེད་སྙམ་ནས་དགའ་སྤྲོ་སྐྱེས་བྱུང་བ་དང་།  བསམ་བསམ་རྗེས་ཁོས་རང་ཉིད་གཅིག་པུ་འཇིག་རྟེན་འདིའི་སྟེང་གསོན་དགོས་བྱུང་ཚེ་དེ་ནི་ཆེས་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཞིག་རེད་བསམ་སྟེ་རང་སྲོག་གཅོད་དགོས་སྙམ།
ཁོས་དུག་ཆུ་ཤེལ་དམ་གང་འཐུང་མགོ་བརྩམས་པ་དང་དལ་ཅག་གེར་རང་ཉིད་ཀྱི་མིག་ལྕིབས་འཆི་བདག་གི་ལག་པས་ཟུམ་པར་སྒུག་ནས་བསྡད།  དུག་ཆུ་ག་ལེ་ག་ལེར་ཁོའི་ཀླད་པའི་ནང་དུ་ཐིམ་པ་དང་རིམ་བཞིན་ཁོའི་བྲང་གཞུང་ལ་སིམ  ……        ཏག་ཏག་ཁོའི་དབུགས་རྒྱུན་ཆད་ལ་ཉེ་བའི་སྐད་ཅིག་མ་དེར།  ཁོས་གློ་བུར་དུ་རྒྱུས་ཡོད་ཀྱི་སྐད་སྒྲ་ཞིག་ཐོས་བྱུང་སྟེ།
ཁ་པར་གྱི་དྲིལ་བརྡ་སིང་སིང་དུ་གྲག་བྱུང་།

 


རླངས་འཁོར་ཁ་ལོ་བ།
ཨུག་ཨེར་ཁི་ཉི། ཧང་ག་རི།


པེ་ལེ་སི་ལེ་ཉེ· ཡོར་ཧྥུ་ནི་སྐྱེལ་འདྲེན་བཟོ་བ་ཞིག་ཡིན།ཁོས་ཁ་ལོ་བསྒྱུར་བཞིན་པའི“CO–75–14”རྟགས་ཅན་གྱི་རླངས་འཁོར་དེ་ཚགས་པར་འཚོང་སའི་བསིལ་ཁང་ཞིག་གི་སྒོ་འགྲམ་ནས་ཏན་སེ་བསྡད།
“ང་ལ་པི་ཏ་ཕེ་གསར་འགྱུར་ཚགས་པར་ཞིག་ཚོངས་རོགས”
“དགོངས་པ་མ་ཚོམས། ཚང་མ་བཙོངས་ཚར་སོང”
“འོ་ན།    ཁ་སང་གི་ཚགས་པར་ཞིག་ཚོངས་ཀྱང་ཆོག”
“ཁ་སང་གི་ཚགས་པར་ཡང་བཙོངས་ཚར་སོང་། ཡིན་ནའང་སྟབས་ལེགས་པ་ཞིག་ལ་ངའི་འདི་ན་སང་ཉིན་གྱི་ཚགས་པར་ཞིག་ཡོད”
“ཚགས་པར་དེའི་ངོས་ན་གློག་བརྙན་ཁང་གི་དཀར་ཆག་དགོད་ཡོད་དམ”
“གློག་བརྙན་ཁང་གིས་ཉིན་རེར་སྟོན་བཞིན་པའི་གློག་བརྙན་ཚང་མ་བཀོད་ཡོད”
པེ་ལེ་སི་ལེ་ཉེས་རླངས་འཁོར་གྱི་ནང་ནས་ཚགས་པར་ཀློག་མགོ་བརྩམས་བྱུང་། ཡུད་ཙམ་འགོར་རྗེས་ཁོས་ཅེ་ཁི་སི་ལོ་ཝ་ཁེའི་གློག་བརྙན་གྱི་སྔོན་བརྡ་ཞིག་མཐོང་བྱུང་སྟེ།དེ་ནི《མགོ་སེར་བུ་མོའི་བརྩེ་དུང》ཞེས་པ་དེ་རེད། མི་གཞན་གྱིས་ཀྱང་གློག་བརྙན་འདི་ལ་བསྟོད་བསྔགས་བྱེད་བཞིན་ཡོད་ཅིང་། གློག་བརྙན་འདི་སི་ཐ་ཇི་སྲང་ལམ་གྱི“བྲག་ཁུང་སྔོན་པོ་”ཞེས་པའི་གློག་བརྙན་ཁང་ནས་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་སྟོན་རྒྱུ་རེད།
སྟབས་ལེགས་པ་ཞིག་ལ་གློག་བརྙན་སྟོན་པའི་བར་ལ་ད་དུང་དུས་ཚོད་ཅུང་ཟད་ཡོད་ཅིང་། ཁོས་མུ་མཐུད་དུ་ཚགས་པར་བཀླག་ནས་བསྡད། གློ་བུར་དུ་ཁོའི་མིག་མདའ་པེ་ལེ་སི་ལེ་ཉི· ཡོར་ཧྥུ་དང་འབྲེལ་བའི་གསར་འགྱུར་ཞིག་གི་སྟེང་ལ་ལྷུང་སོང་། གསར་འགྱུར་དེའི་ཐོག་ན་པེ་ལེ་སི་ལེ་ཉེ་ཡིས་སི་ཐ་ཇིའི་སྲང་ལམ་སྟེང་ནས“CO–75–14”རྟགས་ཅན་གྱི་འཇེམ་འཁོར་ཆུང་ཆུང་ཞིག་ལ་ཁ་ལོ་བསྒྱུར་ནས་མགྱོགས་ཚད་ཚད་ལས་བརྒལ་བས།“བྲག་ཁུང་སྔོན་པོ”ཞེས་པའི་གློག་བརྙན་ཁང་དང་ཐག་མི་རིང་ས་ཞིག་ནས་ཚུར་ལ་འོང་བཞིན་པའི་ལྗིད་འདེགས་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་ནས་སྐྱེལ་འདྲེན་བཟོ་བ་པེ་ལེ་སི་ལེ་ཉེ་དེ་མ་ཐག་ཚེ་ལས་འདས་སོང་ཞེས་འཁོད་འདུག
“འདི་ལྟ་བུའི་གནས་ཚུལ་ཡང་ཡོད་དམ”པེ་ལེ་སི་ལེ་ཉེས་འདི་ལྟར་ཁེར་བཤད་ཅིག་བརྒྱབ།  ཁོས་དུས་ཚོད་འཁོར་ལོར་བལྟས་མ་ཐག་ཏུ་དུས་ཚོད་ལྔ་དང་ཕྱེད་ཀར་འཐོན་ལ་ཉེ་ཞིང་། ཚགས་པར་ཁུག་མའི་ནང་དུ་བརྫངས་རྗེས་རླངས་འཁོར་བསྐོར་ནས་ལམ་ལ་ཆས། གློ་བུར་དུ་རླངས་འཁོར་སི་ཐ་ཇིའི་སྲང་ལམ་སྟེང་ནས་མགྱོགས་ཚད་ཚད་ལས་བརྒལ་བས། ཏག་ཏག“བྲག་ཁུང་སྔོན་པོ”ཞེས་པའི་གློག་བརྙན་ཁང་དང་ཐག་མི་རིང་ས་ཞིག་ནས་ལྗིད་འདེགས་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་སོང་། པེ་ལེ་སི་ལེ་ཉེ་འདི་ལྟར་ཉམ་ཐག་གིས་ཚེ་ལས་འདས་ཤིང་ཁོའི་ཁུག་མའི་ནང་ན་ད་དུང་སང་ཉིན་གྱི་ཚགས་པར་དེ་བཅུག་འདུག
 

རྩོམ་སྒྲིག་པ། འཕགས་མི།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2343