ལྗགས་མདས་བསྒྱུར། 

 •སྲིད་གཞུང་གི་དབང་ཆ་ཚད་བྲལ་སྔོན་འགོག་བྱེད་པར་ཕན་པ།

 •སྤྱི་དམངས་ཀྱི་རེ་འདོད་ལ་སྲིད་གཞུང་གིས་དུས་ལྟར་མཉན་པ།

•རྒྱལ་ཁབ་ཀྱི་བདག་དམ་ལ་སྤྱི་དམངས་ཞུགས་ཐུབ་པ།

•ཆབ་སྲིད་ཁྲོད་མཉམ་ཞུགས་བྱས་པ་ལས་མངོན་པའི་བསམ་

ཚུལ་གྱིས་སྲིད་གཞུང་གིས་ཐག་གཅོད་པའི་བྱ་བར་ཕན་རླབས་འབྱུང་བ།

         གནས་ཚུལ་ཤེས་རྟོགས་ཀྱི་གསལ་འབྱུང་ནི་ཕན་ཡོད་མཉམ་ཞུགས་ཀྱི་སྔོན་འགྲོ་ཡིན་ཞིང་། སྤྱི་དམངས་དག་གིས་ཀྱང་རང་ཉིད་ལ་ཐོབ་ཐང་གང་དག་ཡོད་པ་དང་རང་ཉིད་ཀྱི་ཐོབ་ཐང་གང་ལ་གཞན་གྱིས་བཙན་གནོད་ཐེབས་སྐབས་ཨ་ལན་ཇི་ལྟར་གདབ་དགོས་ཤེས་རྒྱུ་ཤིན་ཏུ་གལ་ཆེ། མ་ཟད་སྲིད་གཞུང་གི་བྱེད་ལུགས་དང་དེ་འབྲེལ་གྱི་སྤྱི་བའི་སྲིད་བྱུས་ཀྱི་གྲོས་གཞི་ཤེས་རྟོགས་བྱ་འོས། སྤྱི་དམངས་ཀྱིས་གནས་ཚུལ་ཤེས་རྟོགས་གསལ་བོ་བྱུང་ན་གཞི་ནས་མགོ་བོ་རྨོངས་པར་མི་འགྱུར་ལ་གཞན་གྱིས་གང་འདོད་དུ་ལག་ཆ་བསྒྱུར་མི་བྲ། གནས་ཚུལ་ཤེས་རྟོགས་བྱུང་བ་ཡིན་ན་བྱ་བ་གང་དང་ཅི་ལ་བློ་རིག་གསལ་བོའི་ངང་ནས་བརྡར་ཤ་དང་ཐག་གཅོད་བྱ་ཐུབ།

       འོ་ན། སྤྱི་དམངས་ཤིག་གིས་ཐབས་ལམ་ག་འདྲ་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་ལག་ཏུ་བསྟར་དགོས་ཞེ་ན།

     • གནས་ཚུལ་ལ་གསལ་ཆ་ཆེ་བའི་མི་སྣར ( དཔེར་ན། ནང་ཁུལ་ནས་བདམས་ཐོན་བྱུང་བའི་གྲོས་མི། སྲིད་གཞུང་གི་མགྲིན་ཚབ་པ། ཆབ་སྲིད་ཀྱི་མགོ་བ ) ཁ་བརྡ་དང་དྲི་བ་དྲིས་ནས་གནས་ཚུལ་ལ་རྒྱུས་ལེན་པ། 

     • འབྲེལ་ཡོད་ཀྱི་སྲིད་གཞུང་སྡེ་ཁག་དང་དཔོན་རིགས་དག་གི་གམ་ནས་གནས་ཚུལ་ལ་རྒྱུས་ལེན་པ།

     • འཕྲིན་ལམ ( ཚགས་པར། དུས་དེབ། བརྙན་འཕྲིན། འབྲེལ་དྲ། ཁྱབ་བསྒྲགས་སོགས ) ནས་གནས་ཚུལ་རྒྱུས་ལེན་པ།

     • རྒྱུས་ལངས་པའི་བྱ་བའི་དོན་དངོས་རང་བཞིན་ལ་ཕྱོགས་ཡོངས་ནས་ཞིབ་ཏུ་བཤེར་བ།

     • སྤྱི་ཚོགས་ནང་གི་འབྲེལ་ཡོད་རྩོད་གླེང་དང་བགྲོ་གླེང་ལ་མཉམ་ཞུགས་བྱེད་པ།

     གནས་ཚུལ་གསལ་བོར་ཤེས་རྟོགས་བྱེད་པ་ལ་ངེས་པར་བསྒྲུབ་དགོས་པ་འགའ།

     * དགག་བཞག་རང་བཞིན་གྱི་ལྟ་བ།*

      དམངས་གཙོའི་ཆབ་སྲིད་ཀྱིས་སྤྱི་དམངས་ལ་རང་ཉིད་ཀྱི་བསམ་བློ་དང་འདོད་ཚུལ་ཡོད་པའི་རེ་བ་གདོན་ལ། སྒེར་དབང་སྒེར་གཅོད་ལམ་ལུགས་ཀྱིས་མང་ཚོགས་རྣམས་དབང་སྒྱུར་བའི་སྐད་ཆ་གཅིག་སྐད་ཆ་ཁྲི་ལ་བརྩིས་པའི་ཉན་འབངས1སུ་རེ་བ་རྒྱག དམངས་གཙོའི་ཆབ་སྲིད་ཀྱིས་མི་ཚོགས་ལ་དོན་དངོས་དང་བསམ་ཚུལ་སོ་སོར་དབྱེ་བའི་རེ་བ་གདོན་ཞིང་འཕྲིན་ལམ་ནས་དྲ་གྲོགས་ལ་ཤས་དང་ཆབ་སྲིད་པ་རེ་གཉིས་ཀྱིས་རང་ཉིད་ཀྱི་ལྟ་ཚུལ་དེ་དོན་དངོས་ཡིན་པར་འུར་སྒྲོག་བྱ་རྒྱུར་ཤིན་ཏུ་དགའ། དེར་བརྟེན། དགག་བཞག་རང་བཞིན་གྱི་བལྟས་པའི་ཚེ་ན། དོན་དངོས་དང་བསམ་ཚུལ་དང་ལྟ་ཚུལ་སོགས་ཀྱི་དབྱེ་བ་འབྱེད་ཐུབ། བརྒྱ་ལ་དེ་ལྟར་མིན་ཚེ་གཞན་གྱིས་རང་ཉིད་ཀྱི་ཚབ་བྱས་ཏེ་བསམ་མནོ་གཏང་དགོས།

        *བསམ་ཚུལ་ལ་ཞིབ་ཏུ་མཉན་པ།*

       དམངས་གཙོའི་རྒྱལ་ཁབ་ཏུ། སྤྱི་དམངས་ལ་བསམ་ཚུལ་སྣ་ཚོགས་མཉན་པའི་འགན་འཁུར་ཡོད། སྤྱི་དམངས་ནི་བསམ་ཚུལ་ལ་ཞིབ་ཏུ་མཉན་མཁན་ཞིག་བྱ་དགོས་པར་མ་ཟད་རྒྱུས་ལོན་བྱེད་པ་དང་བསམ་ཤེས་ཐུབ་པ། ཐ་ན་གོ་ཐོས་ལ་འདྲི་བརྩད་ཡོད་པ་ཞིག་ཡིན་འོས། དེ་འདྲ་ཡིན་ཙ་ན། སྤྱི་དམངས་རྣམས་་གཟོད་ནས་གནས་ཚུལ་ཤེས་རྟོགས་ཀྱི་རྨང་གཞིའི་སྟེང་སྤྱི་བའི་ལས་སྒོ་ལ་མཉམ་ཞུགས་བྱ་ཐུབ། 

      སྤྱི་དམངས་ཀྱིས་ཆབ་སྲིད་པར་འདྲི་བརྩད་གསལ་རྟོགས་བྱེད་ཅིང་། དེ་ལྟར་བྱས་པ་བརྒྱུད་ནས་ཆབ་སྲིད་པས་ལངས་ཕྱོགས་དེ་ལ་ཇི་ལྟར་དག་འབུད་བྱེད་པ་མཉན་དགོས།  ཡང་གཅིག་བཤད་ན། འདི་ནས་སྲིད་དབང་སྒེར་གཅོད་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་ཀྱིས་བསྒྲུབ་དཀའ་བ་ཞིག་ཀྱང་ཡིན།

       *གྲོས་གཞི་ལ་རྩོད་གླེང་བྱེད་པ།*

       རྩོད་གླེང་མཐའ་དག་ནི་ལྟ་བ་ཕན་ཚུན་དབར་གྱི་འགལ་འདུ་ཞིག་ཡིན་ལ། མི་རྣམས་ཀྱིས་ཞིབ་ཉན་བྱས་པ་བརྒྱུད་ནས་གཞན་གྱི་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་རྒྱུས་ལེན་པ། སོ་སོའི་མི་རྣམས་ཀྱིས་སྔ་གཞུག་ཏུ་རང་གི་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་འགལ་འཛོལ་འབྱུང་བའི་གནས་ཚུལ་ལ་འཕྲད་སྲིད་ཅིང་། རྩོད་གླེང་གི་རྩ་དོན་ནི་འགལ་འཛོལ་མེད་པར་གཅིག་མཚུངས་ཡིན་དགོས། དྲང་གཞག་གི་རྩོད་གླེང་ཁྲོད་དུ། ཕྱོགས་སོ་སོར་རང་གི་ལངས་ཕྱོགས་མངོན་པའི་གོ་སྐབས་ཡོད་འོས་ཤིང་དེ་བདེན་པ་བསྒྲུབ་པའི་གོ་སྐབས་ཀྱང་ཡོད་འོས།  གལ་ཏེ་མི་ཞིག་གི་རང་གི་ལངས་ཕྱོགས་མངོན་པའི་གོ་སྐབས་གཞན་གྱིས་འཕྲོག་པའི་ཚེ་ན་དེ་ནི་མི་དེའི་གཏམ་བརྗོད་དང་བསམ་ཚུལ་འདོན་པའི་རང་དབང་ལ་བཙན་གནོད་ཐེབས་པ་རེད་དཱ། རྩོད་གླེང་གི་བཟང་ཆ་ནི་ལྟ་བ་འདྲ་མིན་ཡོད་ཀྱང་རང་དབང་གིས་བགྲོ་གླེང་བྱ་ཆོག་པ་དེ་རེད།

1 ཉན་འབངས་ནི་དགྱའི་སྐད་ཀྱི顺民བསྒྱུར་བའོ།།

རྩོམ་ཁུངས་ངེད་དྲ་བ།

བོད་པའི་དྲྭ་ཚུགས་ཀྱི་མ་འོངས་པའི་ཆེད་དུ་སྐུ་ཉིད་ནས་ངེད་དྲ་བའི་བརྩམས་ཆོས་རྣམས་འཕྲིན་སྟེགས་སོགས་སུ་བཤུ་འགོད་མི་བྱེད་པའི་རེ་བ་སྙིང་ནས་ཞུ། དྲྭ་ཚུགས་དོ་དམ་པས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=232