དེ་ཡང་སློབ་དཔོན་ཟླ་བ་གྲགས་པ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། དབུ་མ་འཇུག་པ་རྩ་འགྲེལ་མཛད་པ་པོ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་པ་ལགས་མོད། འོན་ཀྱང་། སློབ་དཔོན་ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡོད་མེད་དང་། སློབ་དཔོན་ཁོང་དུས་རབས་གང་དུ་ཕེབས་མིན། དགོང་ལོ་ཇི་ཙམ་བཞུགས་མིན་ཐད་ལོ་རྒྱུས་སྨྲ་བ་རྣམས་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་ཏུ་གྱུར་ཡོད།
འདིར་སློབ་དཔོན་ཟླ་བ་གྲགས་པས་མགོན་པོ་ཀླུ་སྒྲུབ་ཀྱི་ཞབས་ཟིན་ཡོད་མེད་ཀྱི་དཔྱད་པ་དེ་རེ་ཞིག་བཞག་ནས་ཟླ་གྲགས་ཆེ་ཆུང་ཇི་ཙམ་བྱུང་ཡོད་མེད་སྐོར་ལ་ཅུང་ཟད་དཔྱད་པར་བྱ་ན། སློབ་དཔོན་ཟླ་བ་གྲགས་པ་དུས་རབས་གཉིས་པ་ཡས་མས་སུ་བྱོན་པར་འདོད་པ་དང་། དུས་རབས་བདུན་པ་ཡས་མས་སུ་བྱོན་པར་འདོད་པའི་བཞེད་ཚུལ་ཕྱོགས་ཁག་གཉིས་བྱུང་ཡོད་པ་ནི། སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་རྩོམ་གནང་བའི་《ནཱལནྡཱ་ཞིབ་འཇུག་》ལས། (ཤོག །༢༠༠) “དེས་ན་ཁོང་དུས་རབས་གཉིས་པ་ཡས་མས་སུ་བྱོན་པར་འདོད་པ་དང་། དུས་རབས་བདུན་པ་ཡས་མས་སུ་བྱོན་པར་འདོད་མཁན་སོ་སོར་སྒྲུབ་བྱེད་ངེས་ཅན་ཡོད་པ་ཁག་གཅིག་འདིར་བགྲང་ན། ༡ དུས་རབས་བཞི་པའི་ནང་གི་མི་ཀུ་མཱར་ཇི་བ་ཞེས་པས་རྒྱ་སྐད་དུ་བྲིས་པའི་ཀླུ་སྒྲུབ་རྣམ་ཐར་དུ། དུས་རབས་གཉིས་པ་ཡས་མས་སུ་སློབ་དཔོན་མཐིང་མིག་ཅན་ཞེས་པ་ཞིག་བྱུང་ཚུལ་དང་། ཁོང་གིས་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་བ་ཞིག་མཛད་ཡོད་པ་དེ་ཁོང་རང་གིས་སློབ་སྦྱོང་བྱས་ཚུལ་གསུངས་ཡོད་པ་དེ་དང་། ཡང་རྒྱ་ནག་ཆོས་འབྱུང་ནང་མཐིང་མིག་ཅན་ཟླ་གྲགས་ངེས་འཛིན་མཁན་ཡོད། མཐིང་མིག་ཟེར་བ་དེ་སྤྱན་གཉིས་ཀྱི་འོག་ཏུ་སྔོ་ཐིག་རེ་རེ་ཡོད་པས་ཡིན་འདུག ༢ སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རིན་ཆེན་སྒྲོན་མ་ཞེས་པར་ཟླ་གྲགས་ཀྱི་དབུ་མ་འཇུག་པའི་ནང་ནས་ལུང་ཡང་ཡང་དྲངས་པར་མ་ཟད། ཟླ་གྲགས་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་གསལ་པོར་གསུངས་ཡོད། ༣ དེ་མཚུངས་ཇོ་བོའི་བདེན་གཉིས་ལ་འཇུག་པ་དང་། ལམ་སྒྲོན་རང་འགྲེལ་བཅས་སུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་གསལ་པོར་བསྟན་ཡོད། ༤ ཡང་དབུ་མ་རིན་ཆེན་སྒྲོན་མ་ཞེས་པ་ཁ་ཅིག་གིས་ལེགས་ལྡན་ཆུང་བས་མཛད་ཚུལ་ཟེར་ཡང་། སྤྱིར་ལེགས་ལྡན་ཆུང་བ་ཟེར་བ་ཞིག་ཡོད་མེད་རེ་ཞིག་བཞག་ནས་གཞུང་རང་ལ་བལྟས་ན་རྟོག་གེ་འབར་བ་མཛད་མཁན་གྱི་ལེགས་ལྡན་འབྱེད་ཡིན་པར་ཐེ་ཚོམ་ཅི་ཡང་མི་འདུག་པས་གཞུང་འདི་ཤེས་བྱེད་ཚད་མ་འཛིན་ཆོག ༥ དོ་ཧ་མཛོད་ཀྱི་ཊཱིཀ་ལས་ཀྱང་། ཟླ་གྲགས་ནི་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་བསྟན་པ་དང་། ཟླ་གྲགས་རང་གིས་མཛད་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་གསལ་ནང་དུའང་ཀླུ་སྒྲུབ་ལས་དངོས་སུ་གདམས་པ་ཐོབ་པའི་ཚུལ་གསུངས་ཡོད་པར་འདོད་པ་བཅས་ཀྱི་ཐོག་ནས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་བམ། ལེགས་ལྡན་འབྱེད་ལ་སོགས་པའི་གོང་གི་མི་ཡིན་པ་གསལ་བཤད་བྱས་པ་ལྟ་བུར་མངོན།
ཡིན་ན་ཡང་། ཕྱོགས་གཞན་པ་དེར་བསམ་བློ་བཏང་ན་དེ་མཚུངས་ཀྱི་སྒྲུབ་བྱེད་ཡོད་པ་ནི། ༡ འཇུག་པ་རང་འགྲེལ་གྱི་མཇུག་བྱང་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཞེས་སོགས་གསུངས་པར་གཞིགས་ནས་ཟླ་གྲགས་ཀླུ་སྒྲུབ་ཙམ་མ་ཟད། དབྱིག་གཉེན་དང་ཆོས་སྐྱོང་གི་ཡང་རྗེས་ནས་བྱོན་པར་བསྟན་པ་དང་། ༢ ལོ་རྒྱུས་གཞན་མང་པོར་ཁོང་གི་སློབ་དཔོན་ཟླ་བ་མགོན་པོ་དང་། ཆོས་སྐྱོང་ཡིན་ཞིང་། སློབ་མ་རིག་པའི་ཁུ་བྱུག་ཆེ་བ་དང་། དེའི་སླ་མ་རིག་པའི་ཁུ་བྱུག་ཆུང་བ་བླ་མ་བྱམས་པའི་རྣལ་འབྱོར་བ། དེའི་སློབ་མ་ཇོ་བོ་རྗེ་ཡིན་ཚུལ་མང་དུ་གསལ་བ། ༣ དེང་སང་ཡོངས་གྲགས་སུ་ཡོད་པའི་ཁོང་གི་རྣམ་ཐར་གང་དུའང་དུས་རབས་བདུན་པའི་ནང་བྱོན་པའི་ཚུལ་དུ་ཡོད་པ་དང་། སྐབས་དེར་ཁོང་གིས་ནཱལཱནྡཱའི་གཉེར་བ་དང་། མཁན་པོ་གནང་ཚུལ་གསལ་བ་ལས་ཁོང་གི་དུས་སྐབས་ཧ་ཅང་འཕྱི་པོ་ཡིན་པ་མ་ཟད། ནཱལཱནྡཱའི་དགོན་པའི་དཔལ་འབྱོར་ལམ་ལུགས་ཀྱང་སྒེར་གཉེར་ཅན་དུ་གྱུར་པའི་དུས་སྐབས་ཡིན་པར་བསྟན་པ་སོགས་ལས་ཁོང་དུས་ཕྱིས་བྱོན་པར་བསྟན་ཡོད། ༤ནག་ཚོ་ལོ་ཙཱ་བ་ཇོ་བོ་གདན་འདྲེན་དུ་ཕེབས་སྐབས་ཐེངས་ཤིག་གཙུག་ལག་ཁང་དུ་ཚོགས་འཚོགས་པར་པ་༑སྤྱ༣ཏ་ཆེན་པོ་རྣམས་རིམ་བཞིན་གྲལ་དབུར་ཕེབས་སྐབས་ནག་ཚོས་འདི་ཨ་ཏི་ཤ་ཡིན་ནམ། འདི་ཨ་ཏི་ཤ་ཡིན་ནམ་ཞེས་ཡང་ཡང་དྲིས་པའི་སྐབས་ཤིག་དགེ་སློང་ཞིག་གིས་འདི་ཨ་ཏི་ཤ་ག་ལ་ཡིན། བླ་མ་རིག་པའི་ཁུ་བྱུག་ཆེ་བ་ཡིན་ཁོང་ཟླ་བ་གྲགས་པའི་དངོས་སློབ་དང་། ཇོ་བོ་ཨ་ཏི་ཤའི་བླ་མ་ཡིན་གསུངས་པ་དེར་གཞིགས་ན་ཡང་། ཟླ་བ་གྲགས་པ་དུས་རབས་བརྒྱད་པ་ཡས་མས་སུ་བྱོན་པ་ཞིག་ཡིན་པ་ཐག་གིས་གཅོད་ཆོག་པ་འདྲ་ཞིག་ཡིན།” ཞེས་བཤད། རྩོམ་པ་པོ་ཁོང་གིས། མཐའ་སྡོམ་དུ།“དེས་ན་ད་ཆ་གསལ་རྟོགས་འབྱུང་ཐུབ་པ་ཞིག་ནི། ཟླ་གྲགས་ལོ་མང་པོ་ཞིག་བཞུགས་པ་མིན་པར་ཟླ་གྲགས་གཉིས་བྱུང་ངམ། ཡང་ན་བཟོ་བཅོས་མཁན་པོ་འགའ་རེས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་མཁས་པ་གཞན་ཞིག་ལ་ཟླ་གྲགས་ཀྱི་མཚན་བཏགས་པ་དེ་འདྲ་ཞིག་ཡིན་ངེས་ལས་ད་ཆ་ཅུང་ཙམ་ཡིད་རྟོན་རུང་བའི་སྒྲུབ་བྱེད་ཕལ་མོ་ཆེ་ཁག་གཉིས་ཆགས་ནས་གཅིག་ཀླུ་སྒྲུབ་ཀྱི་དུས་སྐབས་སུ་བྱོན་པར་འདོད་པ་དང་། གཉིས་པ་དེ་དུས་རབས་བདུན་པ་དང་བརྒྱད་པ་ཡས་མས་སུ་བྱོན་ཚུལ་གསུང་གི་ཡོད་པ་དེ་ཡིན་ཞིང་། འདི་གཉིས་ལས་ཀྱང་དུས་རབས་བདུན་པ་ཡས་མས་སུ་བྱོན་པ་དེར་ཡིད་ཆེས་བྱེད་རིན་ཆེན་པོ་ལྡན་ཡོད།” ཅེས་བཤད་ཡོད།
ཁོ་བོས་ད་སྔར་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལས་གསལ་བར་བཤད་པ་མ་མཐོང་མོད། སློབ་དཔོན་ཟླ་གྲགས་ཀྱིས་རྩོམ་པར་གྲགས་པའི་དབུ་མ་ཤེས་རབ་ལ་འཇུག་པའི་འགྱུར་བྱང་ལ་བལྟས་ན་ནི། དབུ་མ་འཇུག་པ་རྩོམ་པོ་ལས་ཐ་དད་པའི་ཟླ་གྲགས་གཞན་པ་ཞིག་ཀྱང་ཡོད་པའི་དོགས་གཞི་བྱུང་། གང་ཡིན་ཞེ་ན། བསྟན་འགྱུར་དཔེ་བསྡུར་མའི་ཁྲོད་དུ་བཞུགས་པའི་《དབུ་མ་ཤེས་རབ་ལ་འཇུག་པ་》ཞེས་བྱ་བའི་འགྱུར་བྱང་ལས།པོད་འ་པ།ཤོག །༩༣༡ “དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །། པནྡི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བའོ།། །།” ཞེས་འཁོད་ཡོད། པནྡི་ཏ་དེ་ནི་དབུ་མ་ཤེས་རབ་ལ་འཇུག་པ་རྩོམ་པ་པོ་དེ་ལ་ཟེར་འདུག་པ་བལྟས་པ་ཙམ་གྱིས་ཤེས། འགོས་ལོ་ཙཱ་བའམ་འགོས་ཁུག་པ་ལྷས་བཙས་ནི། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》ལས།ཤོག །༡༡༠ “དང་པོར་ཟུར་པའི་སར་སློབ་གཉེར་ལ་བྱོན་པས་ལས་ཁོ་ན་བཅོལ་ནས། འབྲོག་མིའི་ཐད་དུ་བྱོན། ཆོས་འབྲེལ་ཙམ་གནང་ཡང་རྒྱུད་ཉན་པར་འདོད་པ་ལ་གསེར་ཁྱེར་ཤོག་གསུངས་ནས་མ་གནང་བས།” ཞེས་འབྲོག་མི་ལོ་ཙཱ་བའི་དྲུང་དུ་སློབ་གཉེར་བྱོན་ཚུལ་གསུངས་ན། འབྲོག་མི་ལོ་ཙཱ་བ་ཤཱཀྱ་གཞོན་ནུ་ནི། 《བོད་རྒྱ་ཚིག་མཛོད་ཆེན་མོ་ལས།》སྨད་ཆ།ཤོག །༢༠༠༧ “རབ་བྱུང་དང་པོའི་ཤིང་འབྲུག་ཙམ་ལ་འདས།” (༡༠༦༤)ཞེས་འབྱུང་བ་དང་། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའི་ནང་དུ་ཇོ་བོ་རྗེའི་སློབ་མ་ཡིན་པ་ཡང་གསུངས་པ་དག་ལ་གཞིགས་ན། འགོས་ལོ་ཙཱ་བ་དེ་དུས་རབས་བཅུ་གཅིག་པའི་ནང་གི་མི་ཡིན་པར་ཐག་གིས་གཅོད་ཐུབ། སྐབས་དེ་དུས་དབུ་མ་ཤེས་རབ་ལ་འཇུག་པ་རྩོམ་པ་པོ་བཞུགས་མེད་ན། འགྱུར་བྱང་དུ། “པནྡི་ཏ་དེ་ཉིད་དང་ལོ་ཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་”ཞེས་པ་གཏན་ནས་འཐད་ཐབས་མེད་པས། དུས་རབས་བཅུ་གཅིག་པའི་ནང་དུ་དབུ་མ་ཤེས་རབ་ལ་འཇུག་པ་རྩོམ་པ་པོའི་ཟླ་གྲགས་ཡོད་པར་གཏན་ཁེལ། འདིའི་ཟླ་གྲགས་དེ་དབུ་མ་འཇུག་པ་རྩོམ་པ་པོའི་ཟླ་གྲགས་ཡིན་པར་ནི་ཁས་ལེན་ཐབས་གཏན་ནས་མེད། གལ་སྲིད་ཁས་ལེན་པའི་དབང་དུ་བྱས་ན། གཅིག་ཏུ། མཉམ་མེད་ཇོ་བོ་རྗེ་དང་པ་ཚབ་ཉི་མ་གྲགས་སོགས་ཀྱི་སྐུ་དུས་སུ་དབུ་མ་འཇུག་པ་རྩོམ་པ་པོ་དངོས་སུ་བཞུགས་དགོས་པར་འདུག་ན། དེ་དག་གིས་ཁོང་གི་ཞབས་ལ་མི་གཏུགས་པ་མེད་པ་དང་། གཉིས་སུ། 《དབུ་མ་ཤེས་རབ་ལ་འཇུག་པ་》ལས།ཤོག །༢༩༢ དེ་ཉིད་མེད་པས་དུ་མ་གང་།།ཕན་ཚུན་སྤངས་ཏེ་གནས་པས་ན།།གཞན་གྱི་དངོས་པོ་ག་ལ་ཡོད།།ཅེས་གཅིག་དང་དུ་མ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་དངོས་སུ་གསུངས་ཡོད་བཞིན་དུ། དབུ་མ་ཐལ་འགྱུར་བའི་ལུགས་ལ་དངོས་འགལ་ཡོད་པར་བཞེད་མཁན་རྣམས་ཀྱིས། གཞུང་ཚིག་འདི་ལུང་འདྲེན་ཙམ་ཡང་མི་གནང་བའི་ཐུགས་རྩེ་གཏད་ས་ཡང་བཤད་དགོས་སོ། །
རྒྱུ་མཚན་དེ་དག་གི་གནད་ཀྱིས། དབུ་མ་འཇུག་པ་རྩོམ་པོ་ལས་ཐ་དད་པའི་ཟླ་གྲགས་གཞན་པ་ཞིག་ཡོད་པར་ཁས་བླང་དགོས་པས། ཟླ་བ་གྲགས་པ་ལ་དུས་རབས་གཉིས་པ་ཡས་མས་སུ་བྱོན་པ་གཅིག་དང་། དུས་རབས་བདུན་པ་ཡས་མས་སུ་བྱོན་པ་གཅིག །དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པ་གཅིག་བཅས་གསུམ་ཡོད་དགོས་པར་འདུག་པས་དཔྱད་པར་ཞུ།
དུས་རབས་གཉིས་པ་ཡས་མས་སུ་བྱོན་པའི་སློབ་དཔོན་མཐིང་མིག་ཅན་ཞེས་པ་དེ། ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཡིན་པར་འདོད་ན་ཟླ་བ་གྲགས་པ་ཆེ་ཆུང་གསུམ་ཡོད་དགོས་པ་དང་། དེ་ལྟར་མི་འདོད་ན་ཡང་ཟླ་བ་གྲགས་པ་ཆེ་ཆུང་གཉིས་ངེས་པར་ཁས་བླང་དགོས་པ་ཡིན་ནོ་སྙམ་པ་ནི་ངེད་ཀྱི་རྨོངས་འཆར་རོ། །དེ་ལྟ་ན་ཡང་། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་《དུང་དཀར་ཚིག་མཛོད་》དུ།སྟོད་ཆ།ཤོག །༡༨༡༦ 《དབུ་མ་ཤེས་རབ་ལ་འཇུག་པ་》དེ་དབུ་མ་འཇུག་པ་རྩོམ་པ་པོའི་ཟླ་བ་གྲགས་པའི་གསུང་རྩོམ་གྱི་གྲས་སུ་བགྲངས་འདུག་པ་ནི་པནྡི་ཏས་ཐུགས་མཉམ་མ་བཞག་པའི་ཚིག་ཡིན་མིན་དཔྱད་མཛོད།
ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༠༧ཚེས་༡༡ཉིན་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2207
དཔྱད་མཆན་སྤེལ།