【ནང་དོན་གནད་བསྡུས།】
རྩོམ་ཡིག་འདིའི་ནང་ལོ་རྒྱུས་ཡིག་ཚང་འགའ་ཞིག་གོ་བསྡུར་བགྱིས་ནས་ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ལས་སྤུ་ལྡེ་གུང་རྒྱལ་བྱ་ཁྲི་ཡིན་པ་སྨྲ་བ་ནི་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་རྗེས་དར་ཁྱབ་བྱུང་བའི་ལོ་རྒྱུས་རྟོག་བཟོ་ཞིག་ཡིན་པའི་རྣམ་པ་དང། རུ་ལ་སྐྱེས་ཡར་ལྷ་ཤམ་པོའི་བུ་ཡིན་པ་སྨྲ་བ་ནི་མ་ཡུམ་གྱིས་རུ་ལ་སྐྱེས་ཀྱི་སྐྱེ་ཁུངས་གསང་ཐབས་ཤིག་ཡིན་པ་ལས་རུ་ལ་སྐྱེས་སྤུ་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོའི་སྲས་དངོས་ཡིན་པ། སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་བུ་སྤུན་དང་རྒྱལ་བློན་གྱི་འབྲེལ་བ་མ་ཡིན་པར་མི་གཅིག་ཡིན་པའི་ལྟ་ཚུལ་བཏོན་ཡོད་པ་དང་། དེ་འབྲེལ་གྱི་ལོ་རྒྱུས་ཀྱི་གནད་ཁ་ཤས་ལ་དོགས་སློང་བྱས་ཡོད།
【བརྡ་ཆད་གཙོ་བོ།】
ཁྲི་གུང་བཙན་པོ། སྤུ་ལྡེ་གུང་རྒྱལ། རུ་ལ་སྐྱེས། འབྲེལ་བ།
.
སྤུ་རྒྱལ་བཙན་པོའི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་ལས་བོད་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོ་དང་སྤུ་ལྡེ་གུང་རྒྱལ་ཟུང་གི་ལོ་རྒྱུས་ནི་ས་ལ་ལེགས་དྲུག་དང་ཆུ་ལ་སྡེ་བརྒྱད་ལྟར་གྲངས་འདྲེན་ཙམ་དུ་མ་སོང་བར་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་། དམག་དོན་གྱི་སྟོབས་ཤུགས། རྒྱལ་བློན་རྣམས་ཀྱི་སྐུ་ཚེའི་ལོ་རྒྱུས་སོགས་མང་ཙམ་མཇལ་རྒྱུ་ཡོད་པའི་ཁར། དེང་གི་ལོ་རྒྱུས་ཞིབ་འཇུག་སྨྲ་བ་དག་གིས་ཀྱང་ཡག་ཐོག་རྒྱན་གྱི་ཚུལ་དུ་དཔྱད་འབྲས་ཀྱང་མང་དུ་སྤེལ་ཡོད། འོན་ཀྱང་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་ཀྱི་འབྲེལ་བ་ནི་མ་གཅིག་པའི་བུ་སྤུན་དང་རྒྱལ་བློན་གྱི་འབྲེལ་བ་ཡིན་སྐོར་ཡོངས་ཁྱབ་ཀྱིས་ངོས་འཛིན་གནང་བ་ལས། ཁོང་གཉིས་མི་གཅིག་ཡིན་མིན་གྱི་ཐད་ནས་དོགས་སློང་དང་ལྟ་ཚུལ་བཏོན་པའི་དཔྱད་རྩོམ་ཞིག་མཐོང་ཐོས་མི་འདུག ཁོང་གཉིས་ཀྱི་ལོ་རྒྱུས་བཀོད་པའི་བོད་ཀྱི་དེབ་ཐེར་ཕལ་ཆེ་བའི་ནང་དུ་བུ་སྤུན་དང་རྒྱལ་བློན་གྱི་རྣམ་པར་བྲིས་ཡོད་པ་དང་། མི་གཅིག་ཡིན་ཚུལ་བཀོད་པའི་དེབ་ཐེར་ཉུང་ངུ་ལས་མེད་ཅིང་དེའང་བག་ཉལ་དང་སིལ་བུའི་ཚུལ་དུ་གནས་པས་འདིིའི་ཐད་དཔྱད་འབྲས་མ་འཁྲུངས་པ་ལ་རྒྱུ་རྐྱེན་མེད་པའང་མ་ཡིན། «ལོ་རྒྱུས་ཀྱི་མཛུབ་སྟོན»ལས“འདས་པ་ནི་གཏན་ཁེལ་གྱི་བཤད་ཚུལ་དཀོན་པའི་ཁུངས་མེད་ལུང་མེད་ཀྱི་དོན་དག་སྤུངས་པ་ཙམ་ཡིན།”ཞེས་དང་། “ལོ་རྒྱུས་མང་ཆེ་བ་ནི་འོལ་ཚོད་དང་དེ་འཕྲོས་ཀྱི་ཆ་ཤས་ནི་ཕྱོགས་ཞེན་ཡིན”(1)གསུངས་པ་འདི་ལས་ང་ཚོས་འདས་སོང་གི་ལོ་རྒྱུས་དོན་གནད་ཅིག་ཡང་དག་པར་གསེད་བཀྲོལ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་ངང་གིས་ཤེས་ཐུབ། ལོ་རྒྱུས་ཡིག་ཆ་ལ་འཁྱོག་བཤད་མང་བ་དང་ལོ་རྒྱུས་ཀྱི་བདེན་པ་རྙེད་དཀའ་བའི་རྒྱུ་རྐྱེན་གཅིག་པུ་ལ་དམིགས་ནས་དོར་བྱ་ཉག་གཅིག་དང་ལྟ་ཚུལ་ངན་པ་འཛིན་མི་རུང་ལ། གནའ་དེང་གི་མཁས་དབང་སོ་སོའི་མི་མཐུན་པའི་གསུང་སྒྲོས་ལ་སྲེག་བཅད་བདར་བའི་གསེར་བཞིན་དུ་ཡང་ཡང་ལྟ་ཀློག་དང་ཞིབ་དཔྱད་བྱས་ན། ད་གཟོད་དོན་དངོས་བདེན་པའི་ཞལ་རས་ནི་འདི་ཉིད་ཡིན་འདུག་གོ་སྙམ་པའི་ངེས་ཤེས་ཡང་དག་པ་ཞིག་ཅིས་ཀྱང་དྲང་ངེས། དེ་ལྟར་མིན་པར་རང་གི་གྲུབ་མཐའ་དང་རང་གི་བླ་མའི་ཕྱོགས་ཁག་འཛིན་རྐྱང་གིས་ལོ་རྒྱུས་ལ་འགྲེལ་བཤད་བྱེད་པ་ནི་ཚད་ལྡན་ཚུལ་མཐུན་དུ་མ་མཐོང་། ༢༠༡༩ལོར་ཞང་བོད་རིག་གནས་ཞིབ་འཇུག་ཁང་གི་གྲོགས་པོ་རིན་སྤུངས་གཤེན་བསྟན་དབང་རྒྱལ་དང་འབུམ་སྨད་ཚུལ་ཁྲིམས་བསྟན་འཛིན་གཉིས་དང་ཕྲན་བཅས་སློབ་སྦྱོང་གི་ཚུལ་དུ་སློབ་གྲྭའི་སྟོན་གནང་སྐབས་ཁམས་ཉག་རོང་གི་ཡུལ་དུ་དཔེ་རྙིང་འཚོལ་བསྡུ་ལ་འགྲོ་བའི་སྐལ་བ་བཟང་པོ་ཞིག་རག་ཅིང་། སྐབས་དེར་དཔེ་རྙིང་ལག་བྲིས་མ་ཞིག་ཏུ་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་པའི་རྣམ་པར་བྲིས་པ་ཞིག་མཐོང་བར་བརྟེན། སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་ཁོང་གཉིས་ཀྱི་དོན་དངོས་འབྲེལ་བ་ཅི་ཡིན་གྱི་ཐད་ལ་བསམ་བློ་རང་ཤུགས་ཀྱིས་འཁོར་ཞིང་སྔར་བཀླགས་མྱོང་བའི་རྒྱལ་རབས་དེབ་ཐེར་དག་ལས་འདི་གཉིས་ཀྱི་ལེ་ཚན་སྐོར་བསྐྱར་ཀློག་གི་བརྒྱུད་རིམ་ཁྲོད་ནས། སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་པའི་ཐད་ལ་དོགས་པ་ཞིག་ངང་ངང་ཤུགས་ཤུགས་ཀྱིས་སྐྱེས་བྱུང་བས། འདིར་རང་དང་རིགས་གཅིག་པའི་ན་མཉམ་གྲོགས་པོ་ཚོར་དཔྱད་གཞི་དང་དོགས་སློང་གི་ཚུལ་དུ་ལྟ་ཚུལ་འགའ་ཡིག་ལམ་བསྟར་རྒྱུ་ཡིན།།
དང་པོ། མི་གཅིག་ཡིན་སྐོར་འཁོད་པའི་ལོ་རྒྱུས་ཡིག་ཚང་།
ལོ་རྒྱུས་ཡིག་ཆ་ཁག་ཏུ་མཚན་གྱི་དག་ཆ་འབྲི་སྟངས་བཞེད་པ་མི་མཐུན་པ་ཤིན་ཏུ་མང་ཡང་“སྤུ་ལྡེ་གུང་རྒྱལ་”དང་“རུ་ལ་སྐྱེས་”ཞེས་འབྲི་བ་ཅུང་ཡང་དག་པར་མཐོང་བས་འདི་བཞིན་བྲི་བར་བྱ། ད་ལྟ་གུས་པས་མཇལ་ཡུལ་དུ་གྱུར་པའི་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་སྐོར་བཀོད་པའི་དཔེ་ཆ་དང་པོ་ནི་«སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོ་ཁྲོམ་འདུར་ཆེན་མོ་ལས་རིན་ཆེན་ཕྲེང་བའི་ལས་གཞུང་ཉིན་བོན་བཞུགས་སོ»ཞེས་པའི་གཞུང་འདི་ཡིན་ལ་དཔེ་ཆ་འདི་འདུར་ཆོག་གི་དཔེ་རྙིང་ཞིག་ཡིན། ཐོག་མར་མགོན་ལྷ་མི་གསུམ་ནས་མུ་ཆོ་ལྡེམ་དྲུག་སོགས་ལ་བརྒྱུད་པའི་མཐར་བོད་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོ་དྲི་ཤིར་སོང་བའི་འདས་ཆོག་ལ་བོད་དང་ལྷ་སྲིན་ཁྲོམ་དུ་འཚོགས་ནས་འདུར་གཞུང་འདི་སྤེལ་བས་“མུ་ཆོ་ཁྲོམ་འདུར་ཆེན་མོ”ཞེས་པའི་མིང་འདི་ཐོགས་པ་བཤད་ཡོད། དེར་བརྟེན་གཞུང་འདིའི་དབུ་ཡི་གླེང་གཞིའི་བྱུང་ཁུངས་འདི་ཡང་ཅུང་ཙམ་སྔ་བར་འདོད། གཞུང་འདི་ལས“བར་དུ་རྒྱལ་པོ་ཁྲི་གུང་བཙད་པོ་དེ་བོན་རིན་པོ་ཆེ་བསྣུབ་པའི་དབུ་ཡོག་གི་འབངས་ཀྱིས་བསྒྲལ། དེར་རྗེ་ཁྲི་ལ་རུ་སྐྱེས་ཀྱིས་སྤྲུལ་པའི་གཤེན་པོ་བཞི་བསྡུས་པས། རིན་པོ་ཆེའི་སྔགས་འདུར་འདི་བྱས་པས་རྗེ་ཡང་བདེ་ལ་བཀོད། འབངས་ཀྱི་བསམ་དོན་འགྲུབ”(2)ཅེས་བྲིས་ཡོད། གཞུང་ཚིག་རང་དུ་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་ཚུལ་དངོས་སུ་བསྟན་མེད་ཀྱང་རུ་ལ་སྐྱེས་ཀྱི་མཚན་ལ་རྗེ་དང་ཁྲི་བཏགས་པ་དང་། བོད་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོས་ས་མཐར་སྤྱུགས་པའི་བོན་གཤེན་རྣམས་བསྡུས་ཏེ་རྒྱལ་གྱི་དྲི་འདུར་སྤེལ་མཁན་རུ་ལ་སྐྱེས་ཡིན་པར་བསྟན་པས། དུས་ཕྱིས་ཀྱི་བོད་ཀྱི་ལོ་རྒྱུས་དེབ་གཞུང་དུ་སྤུ་ལྡེ་གུང་རྒྱལ་གྱིས་གཤེན་པོ་རྣམས་བསྡུས་ནས་འདས་ཆོག་བསྒྲུབས་པའི་ཚུལ་གསུངས་པས་ཁོང་གཉིས་མཛད་པ་འདྲ་མཚུངས་ཆགས་དྲགས་པ། དཔེ་ཆ་གཉིས་པ་ནི«བཀའ་ཆེན་ཁ་ཁོལ་མ»ཡིན་ལ་འདི་ཉིད་ཕྱི་ལོ1049ལོར་དཔལ་ལྡན་ཇོ་བི་རྗེ་ཨ་ཏི་ཤས་ལྷ་སའི་གཙུག་ལག་ཁང་ནས་གཏེར་དུ་བཏོན་པས་དཔེ་ཆ་བྱུང་བའི་དུས་ཚོད་ཅུང་སྔ་བ་དང་དཔྱད་གཞིིའི་རིན་ཐང་ཆེན་པོ་ལྡན་ཡོད་སྙམ། གཞུང་འདི་ལས“ཨ་མས་འབྲོང་རུའི་ནང་དུ་མགོ་ཡར་ལ་གཏད་དེ་བཅུག་ནས་ཁར་འོ་མ་བླུགས་ཀྱིན་གསོས་པས་བུའི་མིང་ནི་འབྲོང་གི་རུ་ལས་སྐྱེས་ཞེས་བྱའོ། དེ་ཆེར་སྐྱེས་པ་དང་རྐང་ལག་དང་ཕོ་མཚན་བྱུང་སྟེ་ཨ་མ་ལ་རི་དྭགས་པགས་པའི་ལྷམ་སྤུ་ཅན་ཡོད་པས་དེའི་ལྷམ་ཡུའི་ནང་དུ་བཅུག་ནས་གསོས་པས། བསྐྱེད་ཆེར་སྐྱེས་ནས་ལེགས་པོ་ཞིག་བྱུང་བས་མིང་ནི་སྤུ་དེ་གུང་རྒྱལ་ཞེས་བྱའོ”(3)ཞེས་སྤུ་ལྡེ་གུང་རྒྱལ་དང་རུ་ལས་སྐྱེས་གཉིས་མི་གཅིག་ཡིན་ཚུལ་ཁ་གསལ་ཚིག་གསལ་དུ་བསྟན་ཡོད། དཔེ་ཆ་གསུམ་པ་ནི་«སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོའི་ལག་ལེན་འཁྲུལ་པ་རྒྱ་གྲོལ་བཞུགས་སོ»ཞེས་པ་འདི་ཡིན་ལ་གཞུང་འདིའི་མཛད་པ་པོ་ནི་མཇུག་བྱང་དུ་གསལ་བ་ལྟར་གཏེར་ཆེན་གསང་སྔགས་གླིང་པ་(1864-1934)མཆོག་གིས་རྒྱལ་རོང་དགེ་བཤེས་ཚང་གི་ལུགས་ལྟར་མུ་ཆོ་ཁྲོམ་འདུར་ཆེན་མོའི་སྒྲུབ་གཞུང་འདོན་ཐབས་སྐོར་ཟིན་བྲིས་བཏབ་པ་ཞིག་རེད། མུ་ཆོ་ཁྲོམ་འདུར་གྱི་བྱུང་ཁུངས་ལོ་རྒྱུས་འཆད་པའི་སྐབས་སུ“རྒྱལ་པོ་དང་འབངས་ལོ་ངམ་རྟ་རྫིའི་དམག་འཐབ་པའི་གྲི་རུ་བཀུམས་ནས། ཐང་སྟོད་ཐལ་བ་རོང་ནས་ཉང་ཆུ་ལ་བསྐྱུར་ནས། གདུང་ཀླུ་ལྕམ་ཁོད་དེ་ལག་རིང་གིས་བཟུང་བས། ཕྱིས་སུ་སྤུ་སྡེ་གུང་རྒྱལ་ལམ་ཁྲི་ལ་རུ་སྐྱེས་ཀྱིས་བོན་གཤེན་རྣམས་བསྡུས་ནས་གྲི་འདུར་བྱས་པས་བོད་ཁམས་ཁྲོམ་དུ་འཚོགས”(4)ཞེས་བྱུང་བ་ལས་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་ཀྱི་བར་དུ་གདམ་ངའི་ཚིག་ཕྲད་ཅིག་སྦྱར་ནས་མི་གཅིག་ཡིན་པའི་རྣམ་པར་བསྟན་ཡོད། གལ་སྲིད་གསང་སྔགས་གླིང་པས་འདི་གཉིས་གང་ཟག་གཅིག་ལ་འདོད་མེད་ཚེ་སྤུ་ལྡེ་གུང་རྒྱལ་དང་ཁྲི་རུ་ལ་སྐྱེས་ཞེས་“དང་”སྒྲ་འབྱུང་བ་ལས། གདམ་ངའི་ཕྲད་སྦྱར་བའི་ཚིག་སྦྱོར་འདི་རིགས་འབྱུང་མི་སྲིད་པ་ལྟ་བུ་རེད། དཔེ་ཆ་བཞི་པ་ནི«ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ»ཡིན་ལ་ཏུན་ཧོང་ཡིག་ཆའི་བྱུང་རབས་དང་ཆེ་བ་འདིར་མ་བཤད་ཀྱང་ཀུན་ཀྱིས་ཤེས་རྟོགས་ཐུབ་པའི་ཁུངས་བཙན་ལ་གྲགས་ཆེ་བའི་ཡིག་རྙིང་རྩ་ཆེན་ཞིག་རེད། དཔེ་ཆ་འདི་རུ་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་མིན་གསལ་ཐག་ཆོད་པའི་ཚིག་ཅིག་བྱུང་མི་འདུག་ཀྱང་སྟོད་ཀྱི་སྟེངས་གཉིས་སྐོར་གྱི་ལོ་རྒྱུས་དུམ་ཚན་འདི་ལ་ཞིབ་ཏུ་བརྟགས་ན་མི་གཅིག་ཡིན་པའི་དོགས་གནད་དུ་མ་ཞིག་འདུག དཔེར་ན་ཏུན་ཧོང་ཡིག་ཆའི་ཨང་རྟགསP1287.0030པ་ལས“སྤུས་ཀྱྀ་བུ་ངར་ལེ་སྐྱེས”(5)ཞེས་རུ་ལ་སྐྱེས་ཀྱི་མིང་ལ“སྤུས་ཀྱི་བུ”ཞེས་བྱུང་ལ། སྤུས་ནི་སྤུ་ཡིས་ཞེས་པའི་ཚིག་སྡུད་ཡིན(6)པས་ལུས་ལ་སྤུ་ཡིས་ཁྱབ་པའི་བུ་ལྟ་བུར་འགྲེལ་དགོས་པ་སྣང་བས«རྒྱལ་རབས་བོན་གྱི་འབྱུང་གནས»ལས“སྲས་ཤིག་བྱུང་བ་དེ་བྱ་རྟ་སྤྱང་ཁུ་གསུམ་གྱི་སྤུ་ལ་སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་བས་མིང་ཡང་སྤུ་སྡེ་གུང་རྒྱལ་དུ་བཏགས་སོ”(7)ཞེས་སྤུ་ལྡེ་གུང་རྒྱལ་ཡང་དམིགས་ཀྱིས་ལུས་ཀྱི་སྤུ་དང་འབྲེལ་ཡོད་དུ་གྲུབ་པས་ཁོང་གཉིས་ལུས་ཀྱི་ཆ་བྱད་ཀྱང་འདྲ་མཚུངས་སུ་གྲུབ་པ། ཏུན་ཧོང་ཡིག་ཆའི་ཨང་རྟགསP1287.0057ལས་བྱུང་བའི་བོད་ཀྱི་ཡིག་ཐོག་མགུར་གླུ་ཐོག་མ་དང་ཨང་རྟགསP1287.0061ལས“བཤོས་ན་ནྀ་སྤུ་དེ་གུང་རྒྱལ། གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིག འགྲེང་མགོ་ནག་གྀ་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགསཱོ”(8)ཞེས་པ་འདི་གཉིས་གཅེན་ཤ་ཁྱི་དང་འབྲེལ་ནས་གོ་བ་ལེན་མཁན་ཡོད་ཀྱང་ལུང་ཚིག་གོང་འོག་དང་མིང་ཚིག་གི་གོ་དོན་གང་ལ་བལྟས་ཀྱང་གཅེན་ཤ་ཁྱི་དང་འབྲེལ་བའི་སྒྲུབ་བྱེད་ཁུངས་བཙན་ལ་ཁ་གསལ་མོ་ཞིག་ཏུན་ཧོང་ཡིག་ཆ་རང་དུ་མི་གསལ། མགུར་གླུའི་ཁྲོད་ཀྱི་བྱ་རོ་རོ་དང་ལྷམ་གྱི་གོང་ལྟ་བུ་རུ་ལ་སྐྱེས་ཆུང་དུས་རི་དྭགས་པགས་པའི་ལྷམ་ཡུའི་ནང་གསོས་པ་དང་ཡབ་བཙན་པོའི་པུར་འཚོལ་སྐབས་ལྷམ་བུག་རྒྱགས་ཆད་པ་དང་བྱའི་བུ་མོ་གླུད་དུ་ཕུལ་བ་སོགས་ཤ་ཁྱི་ལས་རུ་ལ་སྐྱེས་ལ་འགྲེལ་ན་ལྷུ་ལག་འཕྲོད་ཆེ་བ་དང་། རུ་ལ་སྐྱེས་ཞེས་པའི་མིང་འདི་ལོ་ཆུང་བྱིས་པའི་དུས་སྐབས་ཀྱི་མིང་ཡིན་པ་དང་སྤུ་ལྡེ་གུང་རྒྱལ་ནི་ལོ་ངམ་ལས་སྲིད་དབང་ཕྱིར་འཕྲོག་རྗེས་ཀྱི་མིང་ཡིན་པ་ཡིག་ཆ་ཀུན་ཡོངས་སུ་མཐུན་པས། ཏུན་ཧོང་ཡིག་ཆ་ལས་བྱུང་བའི་བཤོས་ན་སྤུ་དེ་གུང་རྒྱལ་ཞེས་པའི་བཤོས་ནི་ཟས་གཡོ་བ་དང་དར་བའི་དོན་ལ་འཇུག(9)པས་འདིར་དར་བ་ལྟར་གོ་བ་བླངས་ཏེ་ན་ཚོད་ཆུང་དུས་རུ་ལ་སྐྱེས་ཞེས་མིང་འབོད་པ་དང་། ན་ཚོད་དར་ལ་བབ་དུས་ལོ་ངམ་རྒྱལ་འཁོར་ཆམ་ལ་ཕབ་སྟེ་བཙན་པོའི་རྒྱལ་སྲིད་མངའ་ཐང་བསྐྱར་དར་སྐབས་སུ་སྤུ་ལྡེ་གུང་རྒྱལ་ཞེས་མིང་བཏགས་པ། ཁོང་ཉིད་འདས་གྲོངས་སུ་གྱུར་རྗེས་གྲོངས་མོ་གནམ་བསེའ་རྩིག་ཅེས་པའི་མིང་ཐོགས་པ་འགྲེལ་ན། ལུང་ཚིག་གོང་འོག་དང་ཚིག་གི་ནང་དོན་གང་ཅིའི་ཆ་ནས་འགལ་མེད་མཐུན་སྣང་དུ་གྲུབ་པའི་འགྲེལ་བཤད་ཚད་ལྡན་ཞིག་ཏུ་སྣང་། གལ་ཏེ་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་རྒྱལ་བློན་གྱི་འབྲེལ་བ་ཡིན་ན་བོད་ཀྱི་སྲིད་ལུགས་ལ་བྱས་རྗེས་གོང་ན་མེད་པ་བཞག་མྱོང་བའི་རུ་ལ་སྐྱེས་ཁོང་ལྟ་བུ་བློན་པོ་གྲགས་ཅན་གྱི་མཚན་ཐོར་འགོད་ངེས་ཀྱང་། རུ་ལ་སྐྱེས་སྤུ་ལྡེ་གུང་རྒྱལ་གྱི་བློན་པོ་ཡིན་པ་དང་མཛངས་པ་མི་བདུན་གྱི་ཐོག་མ་ཡིན་ཚུལ། བཙན་པོའི་རིམ་བྱོན་གྱི་ཕུལ་བྱུང་མཛངས་བློན་རྣམས་ཀྱི་མཚན་ཐོ་བཀོད་པའི་«ཏུན་ཁོང་ཡིག་རྙིང་ལས་བློན་ཆེན་བགྱིས་པའི་རབས»སུ་མིང་ཙམ་ཡང་གསལ་མེད་པས་ཅིས་ཀྱང་དཔྱད་དགོས་པའི་ཡང་གནད་དུ་མཐོང་། གུས་པས་དེ་སྔོན་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་ཚུལ་བྲིས་པའི་དཔེ་ཆ་འདི་དག་ལས་མ་མཇལ་ཡང་འདི་དག་ལས་གཞན་པ་ཡོད་མི་སྲིད་པའི་ངེས་པ་གཏན་ནས་མེད། གོང་གི་དཔེ་ཆ་བཞི་ལས་ཏུན་ཧོང་ཡིག་ཆ་ཕུད། «བཀའ་ཆེན་ཀ་ཁོལ་མ»རུ་བོད་རྒྱལ་བརྒྱད་པའི་མཚན་ལ་གྲི་གུང་བཙན་པོ་བྲིས་ཡོད་པ་དང་། གཞན་གཉིས་ལས་གྲི་གུམ་བཙན་པོས་བོད་བཙན་པོའི་རྒྱལ་སྲིད་སྐྱོང་བཞིན་པའི་སྐབས་ཀྱི་དངོས་མིང་“ཁྲི་གུང་བཙན་པོ”ཞེས་པ་བྲིས་ཡོད་པས། གཞུང་འདི་གསུམ་ལ་ཐུན་མོང་གི་ཁྱད་བོན་ཞིག་ཡོད་པ་ནི་ལྟོས་བཅས་ཀྱིས་སྟོད་ཀྱི་སྟེངས་གཉིས་སྐབས་ཀྱི་ལོ་རྒྱུས་དང་བར་ཐག་ཉེ་བའི་སྣང་བ་ཡོད་པ་དང་། སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་པར་བསྟན་པ་ལ་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དང་དོན་དངོས་དང་འགལ་བའི་ལོ་རྒྱུས་ཀྱི་དགོས་པ་གཞན་པ་ཞིག་རྙེད་རྒྱུ་མི་འདུག་པས་འདིའི་སྐོར་མུར་མཐུད་ནས་དཔྱད་ན་དཔྱད་རིན་ལྡན་པ་ཞིག་ཏུ་མཐོང་།།
གཉིས་པ། བྱ་ཁྲི་སྤུ་བོའི་ཡུལ་དུ་སྤྱུགས་དོན།
ང་ཚོས་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་པར་སྨྲ་ན་གནད་དོན་གཞན་ཞིག་གླེང་རྒྱུ་ཡོད་པ་ནི་ཕྱིས་འབྱུང་གི་རྒྱལ་རབས་ལོ་རྒྱུས་ཕལ་ཆེར་བའི་ནང་དུ་གྲི་གུམ་བཙན་པོའམ་ཁྲི་གུང་བཙན་པོ་བཀྲོངས་རྗེས། བྱ་ཁྲིའམ་སྤུ་ལྡེ་གུང་རྒྱལ་སྤུ་བོར་སྤྱུགས་པ་དང་རུ་ལ་སྐྱེས་ནི་གཞི་ནས་སྦྲང་བཟའ་ལྷ་རྒྱན་དང་ཡར་ལྷ་ཤམ་པོའི་སྲས་སུ་འཁྲུངས་པས། ལོ་ངམ་གྱིས་བོད་བཙན་པོའི་རྒྱལ་སྲིད་སྐྱོང་བཞིན་པའི་གནས་སྐབས་ཁོང་གཉིས་ལོ་ཚོད་དང་བཞུགས་ཡུལ་སོགས་ཐ་དད་པ་ཤ་སྟག་བྲིས་ཡོད་སྟབས་མི་གཅིག་ཡིན་མི་སྲིད་པའི་རྣམ་པ་ཞིག་ཆགས་ཡོད། དེ་བས་གནད་འགག་འདི་ལ་འཛིན་མཚམས་ཡང་དག་པ་ཞིག་དང་མི་རིགས་ལོ་རྒྱུས་ཀྱི་བྱུང་བ་དང་འགྲོ་བ་མིའི་བསམ་བློ་དང་འཚམས་པའི་འགྲེལ་བཤད་ཚད་ལྡན་ཞིག་ཅིས་ཀྱང་མཁོ་གལ་ཆེ། མིག་སྔར་མཇལ་ཡུལ་དུ་གྱུར་པའི་ལོ་རྒྱུས་དཔྱད་གཞི་ཁག་ལ་བལྟས་ན་བྱ་ཁྲི་སྤུ་བོར་སྤྱུགས་ཚུལ་གྱི་གཏམ་རྒྱུད་འདི་བསྟན་པ་ཕྱི་དར་གྱི་རྗེས་སུ་བྱུང་བའི་བཤད་སྟངས་ཤིག་ཡིན་པ་ལས་བོད་བཙན་པོའི་དུས་སྐབས་སུ་བཤད་སྟངས་འདི་ལྟ་བུ་ཞིག་ཡོད་པའི་གནས་ཚུལ་ཅི་ཡང་མི་གསལ། སྟོད་ཀྱི་སྟེངས་གཉིས་ཀྱི་ལོ་རྒྱུས་འཆད་པ་ལ་དཔྱད་གཞི་མེད་དུ་མི་རུང་བའི་«ཏུན་ཧོང་ཡིག་རྙིང་ལས་བཙན་པོའི་གདུང་རབས་དང་དྲི་གུམ་བཙན་པོའི་ལོ་རྒྱུས་སྐོར།» «ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ»གང་དུའང་བཙན་པོ་བཀྲོངས་རྗེས་རྒྱང་ཕུད་གཏོང་བའི་སྲས་ལ་ཤ་ཁྱི་དང་ཉ་ཁྱི་གཉིས་ལས་བྱ་ཁྲི་ཞེས་པ་ཞིག་མ་བྱུང་བས་བྱ་ཁྲི་ཟེར་བ་ཞིག་ལོ་ངམ་གྱིས་སྤྱུགས་པའི་གྲི་གུམ་གྱི་སྲས་གྲས་སུ་ཐེ་མེད་པ་ཡིད་ཆེས་བྱ་ཆོག་སྙམ། འོ་ན་ཕྱིས་འབྱུང་གི་ལོ་རྒྱུས་རྣམས་སུ་བྱ་ཁྲི་སྤུ་བོར་སྤྱུགས་པའི་གཏམ་རྒྱུད་གསར་བཟོ་གནང་དོན་གང་ཡིན་སྙམ་ན། འདིའི་ཐད་འདི་ལྟར་བསམ་རྒྱུ་འདུག་སྟེ་«ལྡེའུ་ཆོས་འབྱུང»་ལས“གཅེན་པོ་ཤ་ཁྲི་རྐོང་པོའི་རྒྱལ་པོར་བཅུག་སྟེ་ཞལ་ངོ་མང་དུ་འཕེལ་ནས་ཞམ་ངོ་བརྒྱ་ཙམ་ཡོད། གཅུང་ཉ་ཁྲི་ཉང་པོའི་རྒྱལ་པོར་མཛད་དེ་ཞལ་ངོ་ལྔ་བཅུ་ཙམ་ཡོད”(10)ཅེས་བྱུང་བ་ལྟར་ལོ་རྒྱུས་ཡིག་ཚང་དུ་མར་ཚིག་འདི་ལྟར་བྲིས་ཡོད་ལ། ཚུལ་འདི་ལ་བརྟགས་ན་ལོ་ངམ་གྱིས་རྒྱང་ཕུད་གཏོང་བའི་གཏོང་བའི་སྲས་གཉིས་ལས་ཤ་ཁྲི་ལ་ཀོང་རྗེ་དཀར་པོའི་རྒྱལ་སྲིད་ཐོབ་པ་དང་། ཉ་ཁྲི་ལ་ཉང་བཙུན་རྒྱལ་པོའི་མངའ་ཐང་ཐོབ་སྟེ་གཉིས་ཀ་ཉང་ཀོང་གི་རྒྱལ་པོར་གྱུར་ཅིང་སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་འཛིན་པར་ཕེབས་མ་བཏུབ་པ་དང་། རུ་ལ་སྐྱེས་ནི་གཡག་དཀར་པོ་ཞིག་གམ་གཞི་བདག་ཤར་ལྷ་ཤམ་པོའི་བུ་ཡིན་རབས་བཏགས་ཏེ་གྲི་གུམ་གྱི་སྐུ་སྲས་ཡིན་པའི་གནས་ཚུལ་དེ་བག་ལ་ཉལ་རྗེས། གནས་ཚུལ་འདིའི་འོག་ནས་བོད་ཀྱི་རྒྱལ་སྲིད་འཛིན་པའི་ལོ་རྒྱུས་མི་སྣ་ཞིག་ལོ་རྒྱུས་ཡིག་ཚང་ཁྲོད་ནས་མ་རྙེད་པས་ཤ་ཁྲི་དང་ཉ་ཁྲི་གཉིས་ཀྱི་ཁར་བྱ་ཁྲི་ཟེར་བ་ཞིག་བསྣན་ནས། ཕྱིས་སུ་རུ་ལ་སྐྱེས་ཀྱིས་སྤུ་བོ་ནས་གདན་དྲངས་ཏེ་སྤུ་རྒྱལ་བཙན་པོའི་རྒྱལ་པོ་བྱས་པའི་གཏམ་རྒྱུད་འདི་བྱུང་བ་མངོན།།
གསུམ་པ། རུ་ལ་སྐྱེས་ཡར་ལྷ་ཤམ་པོའི་བུ་རུ་སྐྱེ་དོན།
ལོ་ངམ་གྱིས་བཙན་པོ་བཀྲོངས་ཏེ་བཙན་པོའི་སྲིད་དབང་བདག་བཟུང་བྱས་པ་དང་བསྟུན་ནས་སྲས་ཀྱང་བསད་དེ་བཙན་པོའི་རྒྱུད་པའང་རྨེག་མེད་དུ་གཏོང་སྙམ་པའི་ཛ་དྲག་གི་གནས་ཚུལ་འོག་སྲས་མཆེད་གཉིས་ཉེ་འཁོར་དུ་འདུག་བཟོད་མེད་པར་ས་མཐར་བྲོས་བྱོལ་དུ་འགྲོ་དགོས་བྱུང་། ཡ་ང་བའི་གནས་ཚུལ་འདི་ལྟ་བུའི་འོག་ཏུ་རུ་ལ་སྐྱེས་མི་ཆ་མེད་ཅིག་གི་སྲས་ཡིན་ཚུལ་མི་སྒྲོག་པར་བཙན་པོའི་སྲས་ཡིན་སྐོར་བསྒྲགས་ན་ལོ་ངམ་གྱིས་ཤེས་ཏེ་གསོད་ཐབས་ཀྱི་སྦྱོར་བ་ངན་པར་བརྩོན་པས། བར་ཆད་འདི་སེལ་ཆད་ཡར་ལྷ་ཤམ་པོའི་བུ་ཡིན་ཚུལ་བཤད་པའི་རྣམ་པ་འདུག་སྟེ་«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»ལས“མ་མོ་རྟ་རྫི་མ་གཉིད་ལོག་པའི་རྨི་ལམ་ན་ཀླུའི་བུ་འདྲ་བ་དང་བཤོས་པ་རྨིས་ནས་གཉིད་སད་ཙ་ན་སྔས་ན་གཡག་གཅིག་འདུག་པ་མཐོང་སྐད། དེ་ནས་ཟླ་བ་བརྒྱད་ལོན་ནས་ཆུ་འཆུར་ཕྱིན་པས། ཁྲག་ལིང་ལག་མགོ་ཙམ་ཞིག་མངལ་སྒོར་བྱུང་ནས། དེ་གསད་དུ་ནི་བུ་ཡིན། གསོ་རུ་ནི་ཡན་ལག་མེད་ནས། གཡག་རུར་བཅུག་སྟེ་ལྷམ་ཡུར་བཅུག་ནས་གཡར་སྣམ་གྱི་ངར་པས་ཁ་བསད་དེ་གསང་ནས་དྲོད་ལ་བཙས་པའི་བྱིས་པ་གཅིག་དེའི་ནང་ནས་བྱུང་སྟེ་མིང་བཏགས་པ། རྭ་ལས་སྐྱེས་ངར་ལས་འགྲེང་ཡུ་ལ་བརྟེན་བྱ་བར་བཏགས་སོ”(11)ཞེས་གསལ་བ་ལས་ང་ཚོས་རུ་ལ་སྐྱེ་ཐོག་མ་སྐྱེ་དུས་ཡན་ལག་མེད་པའི་ཁྲག་གི་གོང་བུ་ཞིག་ཡིན་མིན་ཅི་ཆ་ཡང“གཡར་སྣམ་གྱི་ངར་པས་ཁ་བཅད་དེ་གསང”ཞེས་པ་ལས། གང་ལྟར་གསང་བའི་སྒོ་བས་སྐྱེད་སྲིང་བྱས་ཡོད་པ་ཤེས་ཐུབ། ལོ་རྒྱུས་ཡིག་ཆར་མ་ཡུམ་གྱིས་གཞན་ལ་ངོ་ཚ་ནས་གསང་ཐབས་བྱས་པའི་རྣམ་པ་ཞིག་བྲིས་ཡོད་ཀྱང་དོན་དངོས་དེ་ལྟར་མ་ཡིན་པར་ལོ་རྒྱུས་ཀྱི་ཚིག་དུམ་སྣ་ཚོགས་ལས་ར་སྤྲོད་ཐུབ་ཡོད། རྣམ་པ་གཅིག་ཏུ་ན་རུ་ལ་སྐྱེས་ཁོང་ལ་མི་བུ་གཞན་དང་མི་མཚུངས་པའི་དཔའ་སྟོབས་འཛོམས་ཡོད་པ་ནི་ཁོང་གི་མཚན་གཞན་ལ“ངར་ལས་སྐྱེས”འབོད་པ་དང་ལོ་ངམ་ཆམ་ལ་ཕབ་པའི་ལོ་རྒྱུས་ཁག་ལས་ཤེས་རྟོགས་ཐུབ་པས། ཁོང་ཉིད་ཡར་ལྷ་ཤམ་པོའམ་གཞི་བདག་གི་བུ་ཡིན་པ་བཤད་པར་རྒྱུ་མཚན་གཞན་པ་གཏན་ནས་མེད་པ་མ་ཡིན་ཏེ་ད་ལྟའང་བོད་ཀྱི་རོང་འབྲོག་གི་ཡུལ་ལུང་སོ་སོར་དགྲ་བོ་འདུལ་ཐབས་དང་དཔའ་རྩལ་ལ་བྱང་བའི་སྐྱེས་པ་ལ་ཡུལ་ལྷ་གཞི་བདག་གི་“བླ་བུ་”ཡིན་པ་བཏགས་པའི་ལུགས་སྲོལ་རྒྱུན་འབྱམས་སུ་གནས་ཡོད་འདུག དེ་ལྟར་མ་ཡིན་ན་སྦྲང་བཟའ་ལྷ་རྒྱན་དང་གཡག་དཀར་པོ་གཉིས་ལུས་འབྲེལ་མི་འབྱུང་བ་དང་བྱུང་ཡང་མི་གཡག་བསྡེབས་པ་ལས་མི་བུ་སྐྱེ་མི་སྲིད་པ་ལྟ་བུ་དང་། ལྷག་པར་དུ་རྨི་ལམ་དུ་སྐྱེས་པ་ཡིད་དུ་འོང་བ་ཞིག་དང་བཤོས་པ་རྨིས་པ་ཙམ་གྱིས་མངལ་ཆགས་མི་སྲིད་པ་དོན་དངོས་རེད། རུ་ལ་སྐྱེས་ཕ་དངོས་ནི་བོད་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོ་ཡིན་པ་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་མི་གཅིག་ཡིན་ཚུལ་བཤད་པ་ལས་ཀྱང་ཤེས་ཐུབ་ཅིང་«བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ»ལས“བུ་ཆེར་སོང་ནས་མ་ལ་ངའི་ཕ་གང་ཡིན་བྲིས་པས། མས་ཁྱེད་གཡག་རུའི་ནང་ནས་རྙེད་པ་ཡིན། ཕ་སུ་ཡིན་ཆ་མེད་ཟེར་རོ། ཡང་ཡིད་མ་ཆེས་པར་ནན་སྐྱེད་ནས་དྲིས་པས། ཁྱེད་ལ་ཕ་ཡོད་ན་ད་ལྟ་མ་བུ་འདི་འདྲ་ཨེ་ཡིན་ཟེར་ནས་བཤད་དུ་མ་འདོད་དོ། དེ་ནས་བུའི་ཕ་རུ་ཡར་རྟ་འཚོ་རུ་ཕྱིན་པས། ཉིན་གཅིག་མི་དཀར་རྟ་དཀར་ཞིག་བྱུང་ནས། ང་ནི་ཡར་ལྷ་ཤམ་པོ་ཡིན། ཁྱོད་ངའི་བུ་ཡིན་པས། ཕ་གྲི་རུམ་བཙད་པོ་བྱ་བ་ཡོད་པ་ནི་ལོ་ངམ་གྱིས་བསད་ནས་རྒྱལ་ས་ཁོས་ཐོབ་པ་ཡིན་ཟེར་རོ། དེ་སྲས་ཀྱིས་མ་ལ་དོ་ནུབ་དེ་སྐད་སྨྲས་པས། མས་ཀྱང་ཡིན་དག་དེ་ལྟར་ཡིན”(12)ཞེས་གསུངས་པ་ལྟར་རུ་ལ་སྐྱེས་ལོ་ངམ་གྱི་གནོད་འཚེ་ལས་གཡོལ་ཆེད། རུ་ལ་སྐྱེས་ཀྱི་མ་ཡིས་རང་གི་བུ་ལའང་སྐྱེ་ཁུངས་ངོ་མ་ཤུགས་དྲག་གིས་གསང་ཐབས་བྱས་ཀྱང་། སྟབས་མ་ལེགས་པར་རུ་ལ་སྐྱེས་རྫི་བོར་འགྲོ་བའི་ཉིན་ཞིག་མི་ཞིག་གིས་གྲི་གུམ་བཙན་པོ་ཕ་ཡིན་ཚུལ་སོགས་སྐྱེས་ཁུངས་ངོ་མ་བཤད་པས། གཟོད་མས་ཀྱང་གསང་ཐབས་མ་བྱུང་བས་རུ་ལ་སྐྱེས་ལ་ཕ་བཙན་པོ་ཡིན་པ་དང་ལོ་ངམ་གྱིས་བསད་པ། སྲས་མཆེད་རྒྱང་ཕུད་གཏོང་བའི་ལོ་རྒྱུས་བཤད་པ་ལས་གསལ་བར་ཤེས་ཐུབ། གལ་ཏེ་རུ་ལ་སྐྱེས་ཡར་ལྷ་ཤམ་པོའི་བུ་དངོས་ཡིན་ན་རུ་ལ་སྐྱེས་ཀྱི་ཕ་ནི་ངོ་ངམ་གྱིས་བསད་པ་ལོ་རྒྱུས་ཡིག་ཚང་མ་གྲོས་རང་མཐུན་དུ་གྱུར་པས་ཡར་ལྷ་ཤམ་པོ་ངོ་ངམ་གྱིས་སྐབས་སུ་གསོད་ཐབས་མེད་པ་ནི། ཡར་ལྷ་ཤམ་པའི་ལོ་རྒྱུས་ལ་བརྟགས་པས་ཀྱང་ཤེས་ཐུབ། ཤ་དར་ཁྲག་དར་གྱུར་པའི་གཞོན་ནུ་གང་གིས་རང་གི་སྙིང་ཉེ་བའི་ཡབ་ཆེན་བསད་པའི་གཏམ་རྒྱུད་དང་ལག་དམར་གྱི་བྱ་སྤྱོད་མཐོང་ཐོས་ཀྱི་ཡུལ་དུ་གྱུར་དུས། འདུག་བཟོད་མེད་པར་ཁྲོ་ཞིང་གཏུམ་སྤྱོད་མངོན་པ་ནི་སྒྲུབ་བྱེད་མ་བཀོད་ཀྱང་ངང་གིས་གསལ་ཐུབ་པའི་ཚད་ཡིན། རུ་ལ་སྐྱེས་ཀྱི་སེམས་ལ་ཡབ་རྒྱལ་པོའི་སྐུ་མཚལ་ལ་དགྲ་ཤ་ལེན་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ཡང་། མི་རྐྱང་རྟ་རྐྱང་ལྟ་བུར་གྱུར་པའི་འབྲོག་ཕྲུག་དཀྱུས་མ་ཞིག་གིས་ངོ་ངམ་རྒྱལ་འཁོར་ལ་རྒོལ་བ་ནི་སྒོ་ང་བྲག་ཐོག་རྒྱག་པའི་དཔེ་ལྟར་ཕ་རོལ་པོར་གནོད་སྐྱོན་གཏོང་མི་ཐུབ་པས་ཉང་ཀོང་དུ་བཞུགས་པའི་གཅེན་པོ་ཤ་ཁྱི་དང་ཉ་ཁྱི་གཉིས་དང་བསྡེབས་ཏེ་ལོ་ངམ་ཚར་གཅོད་འདོད་ཀྱི་བསམ་བློ་དབང་མེད་དུ་འཁོར། «རྒྱལ་བོད་ཀྱི་ཆོས་འབྱུང་རྒྱས་པ»ལས་རུ་ལ་སྐྱེས་ཀྱིས“སྲས་ཀྱི་གོ་བགྱིས་ཕའི་གྲི་བཏུལ་ལོ། དེ་ནས་ཡབ་ཀྱི་གོ་བགྱིས་ནས་སྲས་བཙལ་ཏེ་ད་ཕྲུག་མཆེད་གསུམ་གྱི་རྩར་ཐར་ཤགས་ཀྱིས་ཕྱིན་ནས། ཡབ་ཀྱི་སྐུ་མཚལ་གཉེར་འཚལ། བཞུགས་ཡུལ་གྱི་མཁར་བདག་མཛད་འཚལ། མགོ་ནག་གི་རྗེ་དང་རྔོག་ཆགས་ཀྱི་རྐྱེན་བུ་མཛད་འཚལ་ཞུས”(13)ཞེས་དང་«རྒྱལ་རབས་གསལ་བའི་མེ་ལོང»ལས“རུ་ལ་སྐྱེས་ཀྱི་ཐབས་སྣ་ཚོགས་ཀྱིས་ཉང་ཆུ་སྐྱ་མོ་ནས་ཡབ་ཀྱི་པུར་བཙལ་ཏེ། ཕྱིང་ཡུལ་དར་ཐང་དུ་ཡབ་ཀྱི་བང་སོ་བརྩིག བློན་པོ་ལོ་ངམ་བསད། ཕོ་བོ་གསུམ་གདན་འདྲེན་དུ་ཕྱིན་པས། ཤ་ཁྲི་དང་། ཉ་ཁྲི་གཉིས་གདན་མ་དྲངས་ཏེ། ཀོང་པོ་དང་། ཉང་པོའི་རྗེ་མཛད་ནས་ད་ལྟ་ཡབ་གདུང་རྒྱུད་ཡོད་དོ”(14)ཅེས་བྱུང་བའི་ལུང་ཚིག་གཉིས་ལ་བརྟགས་ན། བཙན་པོ་བཀྲོངས་རྗེས་ཡབ་ཀྱི་སྐུ་མཚལ་གཉེར་བར་གྲོས་འགོ་འདོན་མཁན་ཐོག་མའི་གཙོ་བོ་ནི་རུ་ལ་སྐྱེས་ཁོ་ན་ལས་ས་མཐར་སྤྱུགས་ཀྱང་ས་མཐའི་རྒྱལ་སྲིད་ཐོབ་པའི་སྲས་མཆེད་གཉིས་ཀྱིས་སྤུ་རྒྱལ་བཙན་པོའི་སྲིད་དབང་ཕྱིར་འཕྲོག་འདོད་དང་ཡབ་ཀྱི་དགྲ་ཤ་ལེན་པར་དཀའ་སྤྱད་སྡུག་རུས་ཀྱིས་འབད་པ་ཤུགས་དྲགས་བྱས་པའི་ལོ་རྒྱུས་གང་དུའང་མི་གསལ། རུ་ལ་སྐྱེས་ཀྱིས་བརྩོན་པ་ཆེར་བསྐྱེད་ཀྱིས་གཅེན་པོ་གཉིས་བཙལ་ཏེ་ལོ་ངམ་ཆམ་ལ་དབབ་དགོས་པ་དང་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་སླར་གསོ་བྱེད་ཅིང་རྒྱལ་པོ་བྱེད་དགོས་ཚུལ་གྱི་རེ་སྐུལ་མང་དུ་བྱས་ཀྱང་ཉང་ཀོང་རྒྱལ་སྲིད་མངའ་ཐང་གིས་ང་རྒྱལ་བའམ། ལོ་ངམ་གྱིས་བཙན་པོ་བཀྲོངས་ཏེ་རྒྱལ་འཁོར་བཅོམ། “བློན་པོ་དྲག་པ་རྣམས་བསད། ཞན་པ་སྤྱུགས”(15)ཏེ་སྣ་ཆད་ཁ་རལ་དུ་གྱུར་ཅིང་ཉམས་རྒུད་ཚད་མེད་པར་ཕྱིན་པའི་སྐབས་དེའི་བོད་བཙན་པོའི་རྒྱལ་སྲིད་ལ་གཟི་བརྗིད་དང་ཆེ་བ་མེད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས། མཁར་བདག་མེད་ཀྱི་མཁར་བདག་དང་འབངས་རྗེ་མེད་ཀྱི་རྗེ་རུ་གཤེགས་པ་མ་གནང་། གཅེན་པོ་གཉིས་ཀྱིས་བསྡུ་རུབ་བྱས་པའི་དམག་མི་སུམ་སྟོང་སུམ་བརྒྱ་ལྷག་གི་དཔུང་ཚོགས་ལ་བརྟེན་ནས་ལོ་ངམ་ཆམ་ལ་ཕབ་ཐུབ་པ་བྱུང་ཡང་། གཅེན་པོ་གཉིས་ནི་ཉང་པོ་དང་ཀོང་པོའི་རྒྱལ་པོ་ཡིན་སྟབས་ཕྱིར་ཉང་ཀོང་དུ་ལོག་དགོས་བྱུང་བས། ཉམས་རྨས་སུ་གྱུར་བའི་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་ནི་ཁྲི་གུང་བཙན་པོའི་སྲས་ཀྱི་ཐ་ཆུང་རུ་ལ་སྐྱེས་ཀྱིས་བདག་པོ་མི་བྱེད་རང་བྱེད་ཀྱི་ཚུལ་དུ་གྱུར། ཁོང་ལ་སྤུ་ལྡེ་གུང་རྒྱལ་ཞེས་པའི་མིང་འདི་ཡང་རྒྱལ་པོར་མངའ་གསོལ་གྱི་སྐབས་སུ་ཐོགས་པ་མངོན། སྟོད་ཀྱི་སྟེངས་གཉིས་ལས་ཡབ་སྟེངས་པ་ཡིན་པའི་དོན་ནི། བཙན་པོའི་སྤྱི་གཙུག་གི་འོད་ཀྱི་དམུ་ཐག་ཆད། དྲི་རུ་བཀྲོངས་ཏེ་རྒྱལ་སྲིད་ལོ་ངམ་ལ་ཤོར་ཞིང་རྒྱལ་སྲིད་ཉམས་པས་ཡིན་པ་དང་། སྲས་སྟེངས་པའི་རྒྱུ་མཚན་ལ་རྒྱལ་ས་ལོ་ངམ་ལ་ཤོར་ཏེ་སྲིད་དབང་ཕྱིར་ཐོབ་རག་བར་དུ་ལོ་འཁོར་གཅིག་འགོར་བས་ཡིན་ཚུལ་བཤད་མཁན་འདུག་ཀྱང«བཀའ་ཆེན་ཀ་ཁོལ་མ»ལས“ཡབ་ནི་གྲིར་བཀུམ་ནས་ལྷ་ཐག་སྨུ་ཐག་ཆོད་དེ་རོ་བྱུང་བས་ཕ་སྟེངས་ཡིན། ཕ་གྲོངས་ནས་བུ་མོ་ཞིག་སྐྱེས་པ་དེ་བླའུ་ཡིན། ཨ་མས་འབྲོང་རུ་དང་ལྷམ་ཡུར་བཅུག་ནས་གསོ་དགོས་པ་བྱུང་། ཨ་མས་ཕོ་བོ་ཆུང་དག་གཙང་གི་ཡུལ་ནས་བཀུག་སྟེ་བུའི་ཕ་དོད་བྱེད་དགོས་བྱུང་བ་ནི་བུ་སྟེངས་ཡིན། དེ་ལ་ཕ་སྟེངས་དང་བུ་སྟེངས་ཞེས་ཟེར་བ་ཡིན”(16)ཞེས་དང«ཉང་རལ་ཆོས་འབྱུང»ལས་ཁྲི་གུང་བཙན་པོ“དེ་ལ་སྲས་གསུམ་ཡོད་ཀྱང་རྒྱལ་སར་ཚུད་པ་སྤུ་དེ་གུང་རྒྱལ་དུས་སུ་ལྟོང་བྱུང་ཟེར་རོ”(17)ཞེས་པའི་ལུང་ཚིག་གཉིས་ལ་བརྟགས་ན། བར་ཆད་བྱུང་སྟེ་འཆི་བའམ་རྒྱུ་རྐྱེན་སྣ་ཚོགས་དམིགས་བསལ་དུ་མ་བྱུང་ཚེ་རྒྱལ་བུ་དག་ལས་གཅེན་པོ་བུ་ཆེ་བ་རྒྱལ་པོར་བསྐོ་བའི་ལུགས་སྲོལ་དེ་གནམ་གྱི་ཁྲི་བདུན་དུས་སྐབས་ནས་བྱུང་ཞིང་སྤུ་ལྡེ་གུང་རྒྱལ་གྱི་རིང་དུ་ལམ་ལུགས་དེ་ཉམས་རྒུད་དུ་གྱུར་པའམ་འགྱུར་བ་བྱུང་ཞིང་ལུང་གིས་ཟིན་པ་ལྟར་གཅུང་བུ་ཆུང་བ་རྒྱལ་པོར་གྱུར་པས་སྲས་སྟེངས་པ་ཡིན་པར་སེམས། དེ་བས་གུས་པས་བསམ་ན་གནམ་གྱི་ཁྲི་བདུན་གྱི་དུས་སྐབས་སུ་རྒྱལ་བུའི་མཚན་བྱང་ལ་ཡབ་ཡུམ་གྱི་མིང་གི་ཆ་ཤས་རེ་བླངས་ནས་བུ་ལ་འདོགས་སྲོལ་ཡོད་ཀྱང་སྟོད་ཀྱི་སྟེངས་གཉིས་སྐབས་སུ་ལུགས་སྲོལ་དེ་འགྱུར་བ་སོང་ཡོད་པའི་རྣམ་པ་ལོ་རྒྱུས་ཀུན་ལ་གསལ་བས། ལུགས་སྲོལ་འདི་འགྱུར་བར་ཕྱིན་པའི་རྒྱུ་རྐྱེན་དངོས་ནི་“ཡབ་སྲས་སྟེངས་པ”་དང་འབྲེལ་བ་ངེས་ཅན་ཞིག་འདུག་སྙམ་མོ།།
མཇུག་སྡོམ།
བོན་བན་གྲུབ་མཐའ་ལ་ཁྱད་པར་མེད་པར་བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་ལོ་རྒྱུས་ཕལ་ཆེ་བའི་ནང་དུ་སྤུ་ལྡེ་གུང་རྒྱལ་དང་བྱ་ཁྲི་གཉིས་མི་གཅིག་ཅིང་ལོ་ངམ་གྱིས་བཙན་པོ་བཀྲོང་སྐབས་ས་མཐར་སྤྱུགས་པ་དང་། རུ་ལ་སྐྱེས་བཙན་པོའི་བུ་མ་ཡིན་པར་གྲི་གུམ་གྱི་ཆུང་མ་དང་ཡར་ལྷ་ཤམ་པོ་གཉིས་བསྡེབས་པ་ལས་བཙན་པོ་འདས་རྗེས་སུ་སྐྱེས་ཤིང་། ཕྱིས་སུ་སྤུ་ལྡེ་གུང་རྒྱལ་གྱིས་སྲིད་དབང་སྐྱོང་སྐབས་རུ་ལ་སྐྱེས་བློན་པོར་བསྐོ་བཞག་གནང་སྟེ་བོད་བློན་མཛངས་པ་མི་བདུན་གྱི་ཐོག་མ་ཡིན་ཚུལ་བཤད་པ་སོགས་སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་གཏན་ནས་མི་གཅིག་ཡིན་ཐབས་མེད་པའི་རྣམ་པ་ཞིག་ཆགས་ཡོད། དེ་ལྟ་ནའང་། ང་ཚོས་གོང་ནས་«མུ་ཆོ་ཁྲོམ་འདུར་ཆེན་མོའི་རིན་ཆེན་ཕྲེང་བའི་ལས་གཞུང་ཉིན་བོན་»དང་«མུ་ཆོ་ཁྲོམ་འདུར་ཆེན་མོའི་ལག་ལེན་འཁྲུལ་པ་རྒྱ་གྲོལ།» «བཀའ་ཆེན་ཀ་ཁོལ་མ།» «ཏུན་ཧོང་ཡིག་རྙིང་»ལས་བྱུང་བའི་སྟོད་ཀྱི་སྟེངས་གཉིས་སྐོར་གྱི་ལོ་རྒྱུས་ལ་ཞིབ་ཏུ་བརྟགས་ན། སྤུ་ལྡེ་གུང་རྒྱལ་དང་རུ་ལ་སྐྱེས་གཉིས་ཀྱི་འབྲེལ་བ་ནི་ཕ་ཐ་དད་ཅིང་མ་གཅིག་པའི་བུ་སྤུན་དང་རྒྱལ་བློན་གྱི་འབྲེལ་བ་མ་ཡིན་པར་མི་གཅིག་ཡིན་པའི་རྣམ་པ་རགས་ཙམ་རྟོགས་ཐུབ་ཀྱང་། ད་དུང་མི་མཐུད་སྒྲུབ་བྱེད་དུ་མ་བཙལ་ཏེ་འཐུས་ཇེ་ཚང་དང་ཁ་ཇེ་གསལ་དུ་གཏོང་རྒྱུ་ནི་གལ་ཆེ་བར་འདོད། ལྷག་དོན་ཁྲི་གུང་བཙན་པོའམ་གྲི་གུམ་བཙན་པོ་ལ་“བྱ་ཁྲི་”ཟེར་བའི་སྲས་ཤིག་ཡོད་པ་དང་རུ་ལ་སྐྱེས་བོད་ཀྱི་བློན་པོ་རིམ་བྱོན་ལས་མཛངས་པ་མི་བདུན་གྱི་ཐོག་མ་ཡིན་པའི་བཤད་ཕྱོགས་འདི་རྒྱུན་འབྱམས་སུ་ཕྱིན་ཡོད་ཀྱང་། བཤད་སྟངས་འདི་ལ་མིག་སྔར་ཡིད་རྟོན་རུང་བའི་ཡིག་རྙིང་གི་རྒྱབ་རྟེན་ཞིག་མཐོང་རྒྱུ་དཀོན་པས། ང་ཚོས་ལོ་རྒྱུས་ག་གེ་མོའི་ཉིང་དགོས་དམིགས་བསལ་བ་དང་ཆོས་ལུགས་གྲུབ་མཐའ་དང་མི་སྣ་གང་རུང་གི་ཆེ་བ་འཇིག་པ་ལ་དམིགས་ནས་ལོ་རྒྱུས་རྫུན་མ་མི་སྨྲ་བར་འདིའི་ཐད་དོགས་སློང་གསར་བ་དང་རིགས་པའི་དགག་སྒྲུབ་སྣ་ཚོགས་སྤེལ་ཏེ། དོན་བདེན་པའི་ཡིན་ལུགས་ངོ་མའི་གསེར་ཞལ་མཇལ་ཐབས་ལ་འབད་པ་ནི་གནད་འགག་ནང་གི་ཡང་འགག་ཏུ་མཐོང་ངོ་།།
________མཆན།
(1) ཝེ་ཨེར་ཏུའུ་ལན་ཐེ་དང་ཨ་ལི་ཨེར་ཏུའུ་ལན་ཐེ་ཡིས་བརྩམས། ཉག་བློ་གྲོས་མཐའ་ཡས་ཀྱིས་བསྒྱུར། «ལོ་རྒྱུས་ཀྱི་མཛུབ་སྟོན།» [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2017ལོ། ཤ2
(2) «སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོ་ཁྲོམ་འདུར་ཆེན་མོ་ལས་རིན་ཆེན་ཕྲེང་བའི་ལས་གཞུང་ཉིན་བོན་བཞུགས་སོ།» [M] ལག་བྲིས་སྣ་རིང་མ། ཤ2
(3) ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན། «བཀའ་ཆེན་ཀ་ཁོལ་མ།» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤ88
(4) གསང་སྔགས་གླིང་པ། «མུ་ཆོ་ཁྲོམ་འདུར་ཆེན་མོའི་ལག་ལེན་འཁྲུལ་པ་རྒྱལ་གྲོལ།» [M] ལག་བྲིས་སྣ་རིང་མ། ཤ7
(5) གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།» [G] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།1994ལོ། ཤ18
(6) དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་སྒྲིག་རྩོམ་བྱས། «དག་ཡིག་གསར་བསྒྲིགས།» [Z] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤ469
(7)ཁྱུང་པོ་བློ་གྲོས་རྒྱལ་མཚན། «རྒྱལ་རབས་བོན་གྱི་འབྱུང་གནས།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ། ཤ34
(8) གོང་མཚུངས། «བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས།» ཤ21
(9) སྦྲ་སར་ཀུན་བཟང་རྒྱལ་མཚན། «བརྡ་དག་རིན་ཆེན་གཏེར་ཁྱིམ།» [M] མི་རིགས་དཔེ་སྐྲུན་ཁང་། 2010ལོ། «གངས་ཏི་སེའི་བོན་གཞུང་རིག་མཛོད་ཀྱི་དེབ་ཕྲེང་གཉིས་པ་བརྡ་དག་སྒྲ་སྦྱོར་གྱི་སྐོར།» ཤ114
(10) ལྡེའུ་ཇོ་སྲས། «ལྡེའུ་ཆོས་འབྱུང་།» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། ཤ103
(11) མཁས་པ་ལྡེའུ། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤ233
(12) སྤ་སྟོན་བསྟན་རྒྱལ་བཟང་པོ། «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།» [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོ། ཤ154
(13) གོང་མཚུངས། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།» ཤ234
(14) ས་སྐྱ་བསོད་ནམས་རྒྱལ་མཚན། «རྒྱལ་རབ་གསལ་བའི་མེ་ལོང་།» [M] མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤ71
(15) གོང་མཚུངས། «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།» ཤ154
(16) གོང་མཚུངས། «བཀའ་ཆེན་ཀ་ཁོལ་མ།» ཤ88
(17) ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1988ལོ། ཤ149
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2203
དཔྱད་མཆན་སྤེལ།