གཅིག
རྩྭ་ཐང་བྱེ་འགྱུར་ཅན་དང་ས་ནག་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཕྱུགས་ཟོག་འཚོ་སྐྱོང་གི་གྲངས་ཀ་ཚད་ལས་འདས་པས་རེད་ཟེར་བ་ནི་དེ་འདྲའི་ཡིད་རྟོན་རུང་བའི་སྡོམ་ཚིག་ཅིག་ག་ལ་ཡིན་ཏེ་མིན། མིན་པ་འབྲེལ་ཡོད་ཆེད་ལས་མི་སྣའི་ཁྲོད་དུ་ར་སྤྲོད་མཁན་ཡང་ཡོད་པ་དེ་རེད། དེ་ལྟ་ན་ཡང་སྡོད་དམངས་གནས་སྤོ་དང་ཕྱུགས་སྐྱུར་རྩྭ་སྐྱོང་གི་ལམ་ལུགས་འདིའི་འོག་ཏུ། ད་ལྟ་ཀླུ་གཞུང་རྩྭ་ཐང་གི་འབྲོག་པ་མང་ཚོགས་མང་ཆེ་བ་ཞིག་གི་ཕྱུགས་ཟོག་གི་ཁ་གྲངས་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ལ། ཐ་ན་འབྲོག་ཁྱིམ་ལ་ལ་ཞིག་སྒོ་ཟོག་གཅིག་ཀྱང་མེད་པར་སྒོ་ནག་ཏུ་བུད་དེ་རྫོང་མཁར་དང་གྲོང་བརྡལ་དུ་གནས་སྤོ་བྱས་ནས་བསྡད་ཡོད་མཁན་ཡང་བགྲང་གིས་མི་ལང་།
ཚེ་རིང་ཡང་དོན་དམ་དུ་ཅི་ཞིག་གིས་བསླུས་པར་བྱས་པ་ཡིན་ནམ། གང་ལྟར་ཁོས་ཐབས་བརྒྱ་ཇུས་སྟོང་གིས་ཕ་འཇམ་དབྱངས་བསྟན་པ་ལགས་ཀྱིས་ད་བར་དུ་ཁྲག་གསོག་རྣག་གསོག་བྱས་ནས་འོངས་པའི་ཕལ་བའི་འབྲོག་ཁྱིམ་གྱི་འཁོར་བ་འདི་ཉིད་ལྟེབས་པར་བྱས་རྗེས། ཡང་ལྟོས་བཅས་ཀྱིས་འབྲོག་ས་དང་བསྡུར་ན་མི་གྲངས་ཅུང་མང་སའི་ཀླུ་གཞུང་གྲོང་བརྡལ་དུ་ཕར་གནས་སྤོ་བྱེད་གྲབས་འདུག ཕ་འཇམ་དབྱངས་བསྟན་པ་ལགས་ཀྱིས་ཨུ་ཚུགས་གཡག་རོ་ལྟ་བུ་ཞིག་བྱས་ཏེ་རང་ཉིད་གཏན་ནས་ཕ་མེས་ཡང་མེས་རིང་ནས་འཚོས་ཡོང་སའི་འབྲོག་ཁྱིམ་འདི་དང་གཏན་བྲལ་བྱེད་རྒྱུ་མིན་པའི་ཆོད་སེམས་བཟུང་ཡོད་ན་ཡང་། ཕ་བུའི་བརྩེེ་འདང་གི་སྟོབས་ཤུགས་དེའི་དབང་གིས། མཐར་སྲོག་བླུར་བཏང་ཡོད་པའི་རྒོད་མ་རྐྱང་ནག་ཅིག་ཡོད་པ་དེ་ཕུད། གཞན་སྒོ་ཟོག་རྣམས་གཅིག་ཀྱང་མ་ལུས་པར་རྩ་རྫོགས་བྱེད་པར་བུ་ཆུང་ཚེ་རིང་གི་ཁ་ཐོག་ལ་མི་འཇོག་ཐབས་མེད་བྱུང་།
ཕ་འཇམ་དབྱངས་བསྟན་པ་ལགས་ཀྱི་འུ་ཐུག་ཐབས་ཟད་ཀྱི་མོས་མཐུན་དེའི་རྗེས་ནས། ཉིན་བཅུ་ཙམ་ཡང་མ་འགོར་བར་ཚེ་རིང་གིིས་ནོར་ཁྱུ་རྣམས་རྡང་དང་རྡང་བྱས་ནས་ཡར་ལ་བཙོངས་ཤིང་། གཡང་དཀར་ལུག་ཁྱུ་རྣམས་ཁྱུ་དང་ཁྱུ་བྱས་ནས་མར་ལ་བཙོངས། ད་དུང་རྟ་རྒྱུད་བཟང་བའི་ལ་ཁྱུ་ཞིག་ཡོད་པ་ཡང་ཁྱིམ་མཚེས་ཚང་བར་བ་མངགས་ཏེ་ཀ་ཅི་ནས་ཡོང་བའི་ཁ་ཆེ་ཚོང་བ་ཞིག་ལ་སྤྲད། ཐ་ན་གཅིག་གི་མིང་ལ་རྒྱ་སྟག་དང་ཡང་གཅིག་གི་མིང་ལ་རྒྱ་རྒོད་དུ་འབོད་པའི་སྒོ་ཁྱི་གཉིས་ཡོད་པ་ཡང་ཕ་འཇམ་དབྱངས་བསྟན་པ་ལ་ཤེས་སུ་མ་བཅུག་པར་རླངས་འཁོར་དུ་དྲུད་སོང་ནས་ཐག་རིང་ཐག་རིང་ཞིག་ཏུ་ཁ་བསྐོར། ད་ནི་ཤུལ་དུ་ལྷག་པའི་སྒོ་ཟོག་གཅིག་ཡོད་པ་ནི་སྲོག་བླུར་བཏང་ཡོད་པའི་རྒོད་མ་རྐྱང་ནག་དེ་གཅིག་པོ་རེད།
‘ཐན་ལྟས། ཁ་སང་དེ་རིང་གི་མི་འདིས་སྒོ་ཁའི་སྒོ་ཁྱི་ཡང་རང་དགར་འདུག་ཏུ་མི་འཇུག་པ་ལ།’
ཕ་འཇམ་དབྱངས་བསྟན་པས་དེ་ལྟར་རང་གིས་རང་ལ་ཆིག་ལབ་ཅིག་བརྒྱབ་པར་བལྟས་ན། རྒྱ་སྟག་དང་རྒྱ་རྒོད་གཉིས་ཚེ་རིང་གིས་བསམ་གཟས་ནས་ཁ་བསྐོར་སོང་བ་ཤེས་ཡོད་ཀྱང་སྲིད་མོད། འོན་ཀྱང་ཚེ་རིང་གིས་མིན་རབས་མིན་ལུགས་བཅོ་བརྒྱད་བཤད་པས། ཁོས་ཡིན་རབས་ཡིན་ལུགས་བཅུ་དགུ་བཤད་ཀྱང་དགོས་པ་ཅི་ཡོད། ད་ནི་ཆེས་བཟང་བའི་གདམ་ག་ནི་སྔོན་ཆད་སྲུང་དམག་ཅིག་ལྟར་འབྲོག་ཁྱིམ་འདི་ལ་ཁ་ཞེ་གཉིས་མེད་ཀྱིས་ལྟ་སྲུང་གནང་མྱོང་བའི་རྒྱ་སྟག་དང་རྒྱ་རྒོད་གཉིས་ཀྱིས་གནས་ངེས་མེད་ཅིག་ཏུ་ལྟོགས་སྐོམ་གྱི་སྡུག་བསྔལ་མི་མྱོང་བའི་སྨོན་ལམ་རྣམ་དག་ཅིག་འདེབས་པ་ལས་ཐབས་གཞན་མི་འདུག
བཤད་རྒྱུན་དུ་ལོ་ལོན་དང་བྱིས་པའི་སེམས་ཁམས་གཅིག་ཡིན་ཟེར་ལ། དངོས་ཡོད་འཚོ་བའི་ཉམས་མྱོང་གིས་ཀྱང་བཤད་རྒྱུན་དེ་ཉིད་བདེན་པར་ཚུགས་ཐུབ་ལས་ཆེ། ཕ་འཇམ་དབྱངས་བསྟན་པ་ལ་མཚོན་ན། ལོ་རྒན་བདུན་ཅུའི་སྔས་མགོ་བྱས་ཤིང་ལོ་རྒན་དྲུག་ཅུའི་རྟེན་མ་བྱས་ཡོད་པའི་ལོ་ལོན་ལོ་སྡུག་ཅིག་ཡིན་སྟབས། དགའ་བྱེད་ལ་སྒོག་ལོག་ཅེས་པ་ལྟར་དགའ་འོས་པའི་དོན་དག་ཕྲན་ཙམ་གྱིས་ཀྱང་ཁོ་རང་བྱིས་པ་ལྷད་མེད་ཅིག་ལྟར་ལྷུག་ལྷུག་ཏུ་དགོད་དུ་འཇུག་ཐུབ་ལ། ཡང་སྡུག་བྱེད་ལ་སེན་ཏོག་ཅེས་པ་བཞིན་སྡུག་འོས་པའི་དོན་དག་ཨེན་ཙམ་གྱིས་ཀྱང་ཁོ་རང་བྱིས་པ་བསམ་མེད་ཅིག་ལྟར་ཚོད་ཚོད་ལ་ངུ་རུ་འཇུག་ཐུབ་ན། རང་ཉིད་ཆུང་དུས་ནས་བཟུང་གཉོམ་ལག་རྒྱས་སའི་འབྲོག་ཁྱིམ་འདི་ཉིད། འདི་ལྟར་གློ་བུར་དུ་བློས་གཏོང་དགོས་པར་ཐུག་ན་ནི། རང་སར་མི་བཞག་ནས་མི་སར་རང་ཞོག་ལ་བསམ་རེ་ཚུགས་དང་འདང་རེ་རྒྱོབས་དང་། ཁོའི་གཉོམ་ཞིང་གཉོམ་པའི་རྒས་འཁོགས་ཀྱི་སེམས་པ་དེར་གནོན་ཤུགས་ཅི་འདྲ་ཞིག་ཡོད་དམ།
སྲོག་བླུར་བཏང་བའི་རྒོད་མ་རྐྱང་ནག་དེ་ཕུད་ཕྱུགས་ཟོག་གཞན་རྣམས་དེ་ལྟར་སྐད་ཅིག་ཉིད་ལ་རྩ་རྫོགས་བྱས་ཚར་བ་མ་ཟད། ཉིན་གསུམ་གྱི་རྗེས་ཏེེ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཡི་ཉིན་མོར་འབྲོག་ཁྱིམ་འདི་ཉིད་གཞི་ནས་འབྲོག་ས་འདི་དང་ཁ་བྲལ་ནས་ཕར་ཀླུ་གཞུང་གྲོང་བརྡལ་དུ་གནས་སྤོ་རྒྱུ་གཏན་ཁེལ་བྱས་པས། ཆེས་མཐའ་མཇུག་གི་ཉིན་གསུམ་པོ་འདིའི་རིང་ལ་ཕ་འཇམ་དབྱངས་བསྟན་པ་ཉིན་དཀར་རྒོད་མ་རྐྱང་ནག་མ་དེའི་གཞུག་ལ་ལུས་དང་གྲིབ་མ་བཞིན་དུ་དེད་དེ་དུས་ཚོད་སྐར་ཆ་གཅིག་ཙམ་ལ་ཡང་ཁ་མི་འབྲལ་བ་དང་། མཚན་མོར་མཚམས་རེར་མལ་ཁྲིའི་སྟེང་ནས་སྒེའུ་ཁུང་ཕྱི་རོལ་གྱི་དབེན་ཞིང་འཇགས་པའི་འབྲོག་ཐང་དེ་ལ་ཅེར་ནས་ཁ་རོག་གེར་འདུག་པ་དང་། ཡང་མཚམས་རེར་མཆོད་ཁང་གི་མདུན་དུ་པུས་ཚུགས་སུ་ཙོག་སྟེ་ཡ་ཁ་དང་མ་ཁ་གཉིས་མུར་མུར་དུ་འགུལ་བཞིན་ཅི་ཞིག་འདོན་པའམ་ཅི་ཞིག་ལ་གསོལ་འདེབས་བྱེད་ཀྱིན་ཡོད་པ་དང་། ལན་རེེར་ད་དུང་མཆི་མའི་རྡོག་ཕྲེང་འགའ་ཡང་མཁུར་ཚོས་ཀྱི་འགྲམ་གཉིས་སུ་ག་ལེར་མར་འགྲིལ་གྱིན་འདུག
‘ཨ་ཕ། ད་འགྲོ་རྒྱུ་གྲ་སྒྲིག་བྱོས། ཁོ་ཚོ་མར་གིའི་ཆུ་ཁུགས་ན་ཡར་ཡོང་བཞིན་འདུག’
ཚེ་རིང་གི་སྐད་ཆ་དེ་ཐོས་མ་ཐག ཕ་འཇམ་དབྱངས་བསྟན་པས་ཨ་ལན་ཅི་ཡང་མ་བྱིན་ཡང་། ལག་ཏུ་སྲབ་དང་སྲབ་མདའ། ད་དུང་ཁ་བཏགས་སྔོན་པོ་ཞིག་དང་རས་གོས་ཆུང་ཆུང་ཞིག་བཅས་ཐོགས་ཏེ་གོོམ་པའི་འདེགས་འཇོག་གི་སྟང་སྟབས་དེ་མུར་རྒོད་མ་རྐྱང་ནག་མའི་ཕྱོགས་སུ་བསྒྱུར། ལམ་བར་དུ་རྒོད་མ་རྐྱང་ནག་མ་དང་བར་ཐག་གོམ་པ་ཉི་ཤུ་ནས་སུམ་ཅུ་ཙམ་ཡོད་པའི་སར་ད་སོ་མ་བཏང་མ་ཐག་ཡིན་པའི་རྟ་ལུད་སྤུངས་ཐོ་ཞིག་འདུག་ལ། ཕ་འཇམ་དབྱངས་བསྟན་པས་རྟ་ལུད་སྤུངས་ཐོ་དེའི་ཆེས་སྟེང་ཕྱོགས་སུ་ཡོད་པའི་རྟ་ལུད་དེ་ཧ་ཅང་སེམས་ཆུང་གིས་ཡར་བླངས་ནས་རས་གོས་ཆུང་ཆུང་དེའི་ཁུད་དུ་གཅུད་ལུགས་ནི་གསེར་རྡོག་རྡོག་ཅིག་རས་གོས་སུ་གཅུད་པ་དང་ཨ་ན་མ་ན་རེད། དེ་ནས་ཁོ་རང་རྒོད་མ་རྐྱང་ནག་མའི་འཁྲིས་སུ་སོང་ནས་དེའི་མགོ་ལ་སྲབ་བསྐོན་ཞིང་སྐེ་ལ་ཁ་བཏགས་སྔོན་པོ་དེ་བཏགས་རྗེས། ཡང་དེའི་མགོ་ལུས་གང་རུང་ལ་ལག་པ་གཉིས་ཀྱིས་འཕྲུག་འབྲད་ཡིད་ཚིམ་པ་ཞིག་གནང་སོང་།
‘གཡང་ཁོ་བོ། དེ་རིང་ནས་བཟུང་ཁྱོད་ཚེ་ཐར་དུ་བཏང་བ་ཡིན།གནས་སྐབས་སུ་ཁྱོད་ཁྱིམ་མཚེས་མགོ་དོ་དོ་ཚང་ལ་སོང་ནས་འདུག་དགོས་ནི་རེད། གཞུག་ཕྱོགས་ང་ཁྱོད་ལ་བལྟ་རུ་ཡོང་ཨ།’ཞེས་རྒོད་མ་རྐྱང་ནག་མའི་སྐེ་ལ་འཐམས་ནས་ཡུད་ཙམ་བསྡད།
དེ་ཡང་དག་ཡིག་གསར་བསྒྲིགས་སུ་ཅང་ཤེས་ཞེས་པ་ནི་ཅི་ཡང་ཤེས་པ་ཞེས་པའི་ཚིག་བསྡུས་ཡིན་པར་འཆད་ན། ཅང་ཤེས་རྐྱང་ནག་མ་འདིས་ཀྱང་གཅིག་བྱས་ན་བདག་པོའི་རང་ལ་བཟུང་བའི་བརྩེ་དུངས་དེ་རྟོགས་ཡོད་ལས་ཆེ། ཅིས་ཀྱང་མཐའ་ཡས་པའི་རྩྭ་ཐང་འདི་རུ་བདག་པོ་དང་ཁོ་གཉིས་ཡུན་རིང་འགྲོགས་པའི་དགའ་རོགས་གཉིས་ཕན་ཚུན་ལ་འབྲལ་མི་ཕོད་པ་ལྟར་ལུས་འདུག
གཉིས།
ཀླུ་གཞུང་གྲོང་བརྡལ་དུ་ཁྱིམ་གཞི་གནས་སྤོར་བྱས་པའི་ཉིན་དེ་ནས་བཟུང་། ཚེ་རིང་གིས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་རྟ་སྒ་དང་རྟ་སྲབ། རྟ་ཁེབས། རྟ་སྒྲོག རྟ་ལྕག ད་དུང་རྟ་ཡི་ཡོབ་ཆེན་དང་རྟ་ཡི་ཆས་ཁུག་སོགས་མདོར་ན་ཡོད་ཚད་རྟ་དང་འབྲེལ་བའི་ཅ་ལག་བཙོངས་སའི་ཚོང་ཁང་ཞིག་གི་སྒོ་ཕྱེས་ཡོད་ན་ཡང་། ཚོང་བྲིན་ནས་ཁེ་བཟང་འཐོབ་རྒྱུ་ཕར་ཞོག ཐ་ན་ཁོ་ཕ་བུ་གཉིས་ཀྱི་འཚོ་ཚིས་ཙམ་གྱི་གནད་དོན་ཡང་ཐག་གཅོད་བྱེད་དཀའ་བ་ལྟ་བུར་གྱུར། འབྲོག་ཁྱིམ་དང་ཁ་བྲལ་བའི་ཉིན་དེ་ནས་བཟུང་། ཕ་འཇམ་དབྱངས་བསྟན་པས་ཉིན་མཚན་དུས་དྲུག་ཀུན་ཏུ་ཁུད་དུ་རྟ་ལུད་གཅུད་ཡོད་པའི་རས་གོས་དེ་ལུང་ཐག་ཅིག་གིས་སྲུང་འཁོར་ཞིག་ལྟར་རང་གི་སྐེ་ལ་བཏགས་ཤིང་། དུས་ངེས་མེད་དུ་དེ་ལ་སྣ་ཡིས་སྣོམ་གྱིན་འདུག རྟ་ལུད་ཅིག་ལ་དེ་འདྲའི་གཅེས་སྐྱོང་དང་དེ་ལྟར་སྣོམ་སྣོམ་བྱེད་དགོས་དོན་ཅི། ཁོའི་ཡ་མ་གཟུགས་ཀྱི་བྱེད་སྟངས་འདི་ལ་འཚེར་སྣང་དང་མཚར་སྣང་འཛིན་མཁན་གཉིས་ཀ་ཡོད་སྲིད་མོད། འོན་ཀྱང་དེ་ལ་ཧ་ལས་དགོས་དོན་གཏན་ནས་མེད།རྒྱུ་མཚན་ཅིའི་ཕྱིར་ཟེར་ན་ནི། ཚང་མས་རང་སར་མི་བཞག་ནས་གཞན་སར་རང་ཞོག་ལ་འདང་རེ་རྒྱོབས་དང་བསམ་རེ་ཚུགས་ཤིག ཕ་འཇམ་དབྱངས་བསྟན་པས་སྲུང་འཁོར་ཞིག་ལྟར་སྐེ་ལ་བཏགས་ཡོད་པའི་རས་གོས་ཆུང་ཆུང་དེའི་ཁུད་ཀྱི་རྟ་ལུད་དེ་ནི། ཁོ་རང་བརྩེ་བ་དང་དུངས་བ་ཆེས་ཆེར་ཟབ་སའི་རྩྭ་ཐང་དང་ཆེས་མཇུག་མཐའི་ཁ་གྱེས་ཁ་མའི་རྟ་ལུད་དེ་མ་ཡིན་ནམ།
‘ཨ་ཕ། ཁྱོད་རང་གློ་བུར་དུ་འདི་ལྟར་ཧོན་ལོག་དགོས་པའི་ཚད་ལ་ཐོན་མི་འདུག རྒྱུན་དུ་རྟ་ལུད་དེ་མ་གཏོགས་བསམ་རྒྱུ་དང་དྲན་རྒྱུ་ཅི་ཡང་མེད་དོོན་ཅི།’
ཚེ་རིང་གིས་དེ་ལྟར་ཐབས་ཟད་འུ་ཐུག་གི་སྒོ་ནས་ཕ་འཇམ་དབྱངས་བསྟན་པ་ལ་ལེ་བདའ་དང་འཁང་ར་བྱེད་བཞིན་འདུག
‘ང་ད་རུང་ཧོན་ལོག་མེད། ཁྱོད་རང་ད་གཟོད་དངོས་ནས་ཧོན་ལོག་འདུག ཧོན་ལོག་མེད་ཀྱང་གཟའ་ཕོག་འདུག འབྲོག་ལས་མ་གཏོགས་ཁྱོད་ཀྱིས་ཅི་ཞིག་བྱེད་ནུས་སམ། གྲོང་བརྡལ་འདི་རུ་ནམ་ཞིག་ཁྱོད་རང་གཞན་གྱི་གླ་བ་ཡིན་ནིི་རེད། ཐ་ན་གླ་བ་ཡང་བྱེད་ས་རག་རྒྱུ་མ་རེད།’
ཕ་འཇམ་དབྱངས་བསྟན་པའི་ལུང་བསྟན་པ་ལྟ་བུའི་ཨ་ལན་དེ་ནི་ཅི་འདྲའིི་སྙིང་ལ་གཟན་པའི་ཨ་ལན་ཞིག་རེད། ཡིན་ན་ཡང་མིག་སྔར་གྱི་གནས་བབ་ལྟར་ན། ཚེ་རིང་གིས་དངོས་ནས་ཀླུ་གཞུང་གྲོང་བརྡལ་དུ་རྐང་ཚུགས་ཐུབ་ཀྱིན་མེད་པས། ཁོ་རང་དངོས་ནས་ཕ་འཇམ་དབྱངས་བསྟན་པས་བཤད་པ་ལྟར་འབྲོག་ལས་མ་གཏོགས་ཅི་ཡང་མི་ནུས་མཁན་ཞིག་ཡིན་ཡང་སྲིད། འོ་ན་ཁོ་རང་ཕྱིར་རུ་ནང་ངམ་འབྲོག་ས་རུ་གནས་སྤོར་བྱེད་དམ།མི་ཆོག གཏན་ནས་མི་ཆོག ངེས་པར་དུ་གྲོང་བརྡལ་འདི་ནས་རྐང་ཚུགས་ཐུབ་དགོས་པ་ལས། དབྱར་དགུན་སྟོན་དཔྱིད་མེད་པར་ཕྱུགས་ཟོག་གི་རྨིག་རྗེས་འདེད་དགོས་པའི་འབྲོག་ས་དེར་མི་འགྲོ་ཁོ་ཐག་ཡིན།ཚེ་རིང་གིས་དེ་ལྟར་རང་གིས་རང་ལ་དམ་བཅས་ན་ཡང་། གྲོང་བརྡལ་གྱི་དངོས་ཡོད་གནས་ཚུལ་མང་པོ་ཞིག་གིས་གཅིག་འཕྲོར་གཅིག་ཁོ་ལ་གནོན་ཤུགས་མི་དམན་པ་ཞིག་སྟེར་གྱིན་འདུག དཔེ་ཞིག་བཞག་ན། ལུག་ཤ་རྒྱ་མ་གང་ལ་ཆེས་དམའ་དུས་སུ་ཡང་དམངས་སྒོར་སུམ་ཅུ་སོ་གསུམ་དགོས་པ་ལྟ་བུ་རེད། དེས་ན་ད་ལྟ་ཟོག་ལུག་གཅིག་ཀྱང་མེད་པའི་ཚེ་རིང་གིས་གཙབ་ཤ་ཙམ་ཞིག་ཉོ་བར་ཡང་དམངས་སྒོར་ག་ཚོད་ཅིག་བཀོལ་དགོས་སམ། ཁོའི་བྲིན་རྒྱུག་ཆུང་བའི་རྟ་དང་འབྲེལ་བའི་ཅ་ལག་བཙོངས་སའི་ཚོང་ཁང་གི་ཡོང་སྒོ་ཙག་ཙིག་དེས་ཁོ་ཚང་གི་ཉིན་རྒྱུན་གྱི་འཚོ་བའི་འགྲོ་སོང་གི་དོ་ཡ་ཡོང་ངམ།
ཐེག་པར་དཀའ་བའི་དངོས་ཡོད་གནས་ཚུལ་གྱི་གནོན་ཤུགས་རབ་དང་རིམ་པ་དེའི་སྟབས་ཀྱིས་ལོས་ཡིན། ཀླུ་གཞུང་གྲོང་བརྡལ་དུ་གནས་སྤར་ནས་ཅང་མ་འགོར་བར། ཚེ་རིང་གིས་ཆང་ཨ་རག་ཀྱང་འོས་འཚམ་རེ་འཐུང་བཞིན་འདུག་ལ། དེ་ནི་ཁོས་རང་སེམས་སྐྱིད་ལ་བསྐུར་བའི་ཐབས་མཆོག་ཅིག་ཡིན་ཡང་སྲིད་མོད། འོན་ཀྱང་ཆང་ཨ་རག་འཐུང་ནས་རང་སེམས་སྐྱིིད་ལ་བསྐུར་བ་ནི་ཆེས་ངང་ཐུང་གི་དུས་ཡུན་ཞིག་སྟེ། ཉིན་གཅིག་གཉིས་ཙམ་གྱི་རྗེས་ནས་སླར་ཡང་དངོས་ཡོད་གནས་ཚུལ་ལ་གདོང་གཏོད་དགོས་པ་ནི་གོར་མ་ཆག
‘ཚེ་རིང་། ཅི་འདྲའི་སྡུག་ལ་ཐུག་ཀྱང་ཆོག སྨྱོ་ཆུ་དེ་མ་འཐུང་ན་མི་ཆོག་གམ།’
‘མི་ཆོག་གི ཁྱོད་ཀྱིས་ང་ལ་ཁ་ཡ་བྱེད་མི་དགོས། ཁྱོད་ཆེས་འདང་ཡོད་ས་ནི་རྟ་ལུད་དེ་མ་ཡིན་ནམ།’
ནམ་རྒྱུན་ལྟར་ན། ཀླུ་གཞུང་གྲོང་བརྡལ་དུ་གཞིས་ཆགས་པའི་ཉིན་དེ་ནས་བཟུང་ཕ་འཇམ་དབྱངས་བསྟན་པས་ཚེ་རིང་དང་ཁ་གྲག་རྒྱུ་ཤིན་དུ་ཉུང་ཡང་། ཚེ་རིང་གིས་ཆང་འཐུང་བའི་བྱ་སྤྱོད་དེ་ལ་ཁ་རྡུང་རེ་མི་གཏོང་རང་གཏོང་ཡིན་ཡང་། ཚེ་རིང་གིས་ཕྱིར་བཤད་པའི་ཚིག་ལོག་དེ་དག་དངོས་ནས་སེམས་ཀྱིས་བཟོད་དཀའ་བ་ཞིག་རེད། དེ་བས་ད་ནི་སྡུག་ན་ཟུག་ཡོད་ཚད་ཁོག་ཏུ་བཅུག་ནས་འདུག་པ་ལས་ཐབས་ཅི། ཁྱིམ་གཅིག་གི་ཁྱིམ་མི་ཡིན་ཡང་ཕན་ཚུན་ལ་ཁ་ཡང་དགའ་ཞིག་མི་བསྲེ་བའི་འབྲེལ་བ་དེ་ཅི་ལྟ་བུ་ཞིག་ཡིན་ནམ། ཤ་རུས་ཁྲག་གསུམ་གཅིག་པའི་ཕ་བུ་གཉིས་ཡིན་ཡང་། ཕན་ཚུན་ལ་ཆེ་བཀུར་ཆུང་བྱམས་མེད་པའི་བརྩེ་བ་དེ་ཅི་ལྟ་བུ་ཞིག་ཡིན་ནམ། ཅིས་ཀྱང་ཀླུ་གཞུང་གྲོང་བརྡལ་དུ་གནས་སྤོར་བྱས་པ་ནས་བཟུང་། ཚེ་རིང་ཕ་བུ་གཉིས་ཀྱིས་འཁྱག་སིབ་སིབ་ཀྱི་འཚོ་བ་ཞིག་རོལ་གྱིན་འདུག་ལ། མ་གསང་དྲང་མོར་བཤད་ན། ཀླུ་གཞུང་གྲོང་བརྡལ་དུ་འདི་ལྟ་བུའི་འཁྱག་སིབ་སིབ་ཀྱི་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་ད་དུང་ཡང་ག་ཚོད་ཡོད་དམ།
གསུམ།
ས་རུབ་མ་ཐག་པའི་ས་སྲོད་ཅིག་ལ།ཕྱི་རོལ་དུ་ཆར་བ་ཟམ་མེ་ཟིམ་མེ་ཞིག་འབབ་ཀྱིན་འདུག ཚེ་རིང་གིས་གྲོགས་པོོ་ཞིག་གི་ཁྱིམ་དུ་གྲོགས་པོ་དེ་དང་མཉམ་དུ་’འབྲུ་ལྔའི་དཔྱིད་ཀ’(五粮春)རྟགས་ཅན་གྱི་ཆང་དཀར་ཞིག་འཐུང་བཞིན་བསྡད་འདུག
‘ཚེ་རིང་། ད་མི་སྔ་གི ཁྱོད་སྔ་མོར་ཡུལ་ལ་སོང་། ཁྱོད་ཀྱིས་ཕ་རྒན་གཅིག་པོ་འདི་ལྟར་ཡུན་རིང་བོར་ཁེར་རྐྱང་དུ་འདུག་ཏུ་འཇུག་སྲོལ་ཞིག་གང་ན་ཡོད།’གྲོགས་པོས་ཚེ་རིང་ལ་དེ་ལྟར་ཤ་ཚ་བའི་སྒོ་ནས་བཤད།
‘ཁྱོད་ཀྱི་ཁྱི་ཁ་ཚུམས། ཁོས་ང་ལས་རྟ་ལུད་ཅིག་ལ་གཅེས་སྤྲས་བྱེད་བཞིན་འདུག’
ཚེ་རིང་གི་ཆང་དང་ཁོང་ཁྲོ་གཉིིས་མཉམ་འབྲེལ་བྱས་པ་ལས་ཐོན་པའི་སྐད་ཆ་འདི་ལ། གྲོགས་པོ་དེ་ཡང་འགྱིག་གིས་བཟོས་པའི་སེམས་ཅན་ཞིག་ལྟར་ཕྱིར་ལན་ཅི་ཡང་འདེབས་རྒྱུ་མེད་པར་གྱུར།
ཕ་འཇམ་དབྱངས་བསྟན་པ་ལ་མཚོན་ན། དེ་རིང་གི་ས་སྲོད་ནི་སྔར་ལས་ཀྱང་ཅི་འདྲའི་ལྷིང་འཇགས་དང་ལྡན་པ་ལ། ཕྱི་རོལ་དུ་འབབ་དང་འབབ་བཞིན་པའི་ཟམ་ཟིམ་གྱི་ཆར་བ་དེའི་སྒྲ་མ་གཏོགས་ཁོར་ཡུག་འདིའི་ཡོད་ཚད་ཤི་སོང་བ་ལྟར་ཁུ་སིམ་མེར་གྲག་འགུལ་ཅི་ཡང་མི་འདུག་ལ། ཕ་འཇམ་དབྱངས་བསྟན་པས་སྒེའུ་ཁུང་ལས་ཕྱི་རོལ་གྱི་ཟམ་ཟིམ་དུ་འབབ་ཀྱིན་པའི་ཆར་སྒྲ་དེའི་ཁྲོད་དུ་རྒྱང་རིང་རྒྱང་རིང་གི་རྩྭ་ཐང་ནས་མཆེད་འོང་བའི་རྟའི་རྨིག་སྒྲ་ཞིག་ཐོས་དང་ཐོས་མུས་ཡིན་ལ། ཡང་རྨིག་སྒྲ་དེ་དང་མཉམ་དུ་ཁོ་དང་རྒོད་མ་རྐྱང་ནག་མ་གཉིས་རྩྭ་ཐང་ཆེན་པོ་ཆེན་པོ་ཆེན་པོ་ཞིག་ཏུ་ཆུ་དང་ཆར་བའི་ཁྲོད་ན་མདུན་དུ་བསྐྱོད་བཞིན་པའི་སྣང་བརྙན་གསོན་པོ་ཞིག་ཀྱང་ཁོའི་ཡིད་ལ་ཝ་ལེར་དྲན་དང་དྲན་བཞིན་འདུག ཁོས་དེ་ལྟར་ཆར་སྒྲ་དེའི་ཁྲོད་དུ་རང་ཉིད་དང་རྒོད་མ་རྐྱང་ནག་མའི་འདས་དོན་ཞིག་ལ་ཕྱིར་དྲན་བྱེད་པའི་མོད་ལ། གློ་བུར་དུ་ཁོའི་ལག་གཡོན་པས་གཅིག་རེ་གཅིག་རེ་བྱས་ནས་བགྲང་བཞིན་པའི་ཕྲེང་བ་དེའི་བགྲང་མཚམས་ཆད་ལ། ཁོའི་གདོང་གི་ངོ་མདོག་ཅུང་སེར་སྐྱ་ཞིག་ཏུ་གྱུར་ཞིང་དབུགས་ཀྱི་རྒྱུ་བ་ཡང་རིམ་གྱིས་ཇེ་དལ་ནས་ཇེ་དལ་དུ་སོང་སྟེ། མཐར་ཁོའི་གློག་སྨན་དུས་ཚོད་ལྟ་བུའི་མི་ཚེ་དེའི་གློག་སྨན་ཚར་བ་ལྟར་འགུལ་རྒྱུ་མེད་པར་གྱུར། སྙིང་རྗེ། ཁོ་རང་འདས་ཁར་གམ་དུ་སྙིང་ཉེ་བའི་མི་ཞིག་ཡོད་ན་ཅི་མ་རུང་།
དུས་ཚོད་ཕར་ནས་ཕར་ལ་བརྒྱུགས་ནས་ནམ་གུང་ལ་ཐོན་པ་ན།ཚེ་རིང་གིས་ད་གཟོད་གོམ་པ་ཁྱ་རེ་ཁྱོ་རེ་ཞིག་སྤོ་བཞིན་ཡུལ་ལ་ལོག་བཞིན་འདུག ནམ་གུང་གི་དུས་འདིར་ཀླུ་གཞུང་གྲོང་བརྡལ་གྱི་བྱ་དངོས་ཡོད་དོ་ཅོག་ལྷ་ཉལ་ཀླུ་ཉལ་ལྟ་བུ་ཞིག་བྱས་ཡོད་ཀྱང་། ཁོ་ཚང་གི་ཁང་བའི་སྒེའུ་ཁུང་ལས་གློག་འོད་ཞིག་འོད་ལམ་མེར་ཕྱི་རོལ་དུ་འཕྲོས་འདུག་པས། ཚེ་རིང་གི་སེམས་སུ་ཁོ་ཚང་གི་ཁང་བའི་གློག་ད་དུང་ཡང་གཟིམ་མེད་པ་འདི་ཅི་ཡིན་ནམ་སྙམ་བཞིན་མདུན་དུ་འགྲོ་བཞིན་འདུག ཁོས་ཁང་བའི་སྒོ་ཙིར་སྒྲ་ཞིག་དང་བཅས་ཏེ་ཕྱེས་ནས་ནང་དུ་ཐོན་མ་ཐག གདོང་ལ་རང་གིས་རང་ལ་ཡིད་མི་ཆེས་པ་ལྟར་གྱི་རྣམ་འགྱུར་ཞིག་མངོན་བཞིན་དལ་མོར་ཕ་འཇམ་དབྱངས་བསྟན་པའི་འཁྱག་ཀྱང་འཁྱག་པའི་བེམ་པོའི་གམ་དུ་སོང་ཞིང་། གོང་མཛུབ་ཀྱིས་ཕ་འཇམ་དབྱངས་བསྟན་པའི་ཡ་ཁར་རེག་ནས་ཅུང་ཙམ་བསྡད་པ་ན། ཁོའི་སེམས་སུ་ད་ནི་རང་གི་ཕ་རྒན་གཅིག་པོ་འདི་ལྟར་གློ་བུར་དུ་ཚེ་ལས་འཕོས་པ་རྟོགས་སོང་བས་ལོས་ཡིན། མིག་མཐར་ག་ལེར་མཆི་མ་འཁོར་ཞིང་དབུགས་གཏོང་ལེན་གྱི་མགྱོགས་ཚད་ཀྱང་ཅུང་རྒྱུན་ལྡན་མིན་པ་ལྟ་བུ་ཞིག་ཏུ་གྱུར་བ་དང་ཆབས་ཅིག ཕ་འཇམ་དབྱངས་བསྟན་པའི་སྐེ་ན་སྲུང་འཁོར་ཞིག་ལྟར་བཏགས་ཤིང་ཁུད་དུ་རྟ་ལུད་གཅུད་ཡོད་པའི་རས་ཁུག་དེ་ཧ་ཅང་སེམས་ཆུང་གི་སྒོ་ནས་ཕ་འཇམ་དབྱངས་བསྟན་པའི་སྐེ་ནས་ཚུར་རང་གི་ལག་ཏུ་བླངས་སོང་།
‘རྟ་ལུད། རྟ་ལུད། ཨ་ཕ་ཁྱོད་ལ་དེ་འདྲའི་འདང་བརྩེ་ཞིག་ཡོད་དོན་ཅི་ཡིན་ནམ། ལྟོས་དང་། ཨ་ཕ་འདི་ལྟར་བུད་སོང་ནི་རེད། ད་ནི་ཁྱོད་ཀྱང་རས་ཁུག་འདི་ལས་སྒོ་ཕྱིར་བུད།’
ཚེ་རིང་གི་སྐད་ཀྱི་ནང་ལ་འདར་ཞིག་འདྲེས་བཞིན་དེ་ལྟར་བཤད་པ་དང་སྦྲགས་རས་གོས་དེའི་ཁ་ཕྱེས་པ་ན། ཁོའི་ཡིད་ལའང་མ་ཤར་བ་ཞིག་ནི། རས་གོོས་དང་ཡང་ན་རས་ཁུག་དེའི་ཁུད་དུ་རྟ་ལུད་དེ་ཕུད་ད་དུང་དངོས་པོ་གཞན་ཞིག་ཀྱང་གཅུད་འདུག་སྟེ། དེ་ནི་ཚེ་རིང་ལོ་གསུམ་ལ་བུད་ནས་མནོལ་སྟོན་སྐབས་སུ་བསྐྱོན་པའི་པར་རྙིང་ཞིག་ཡོད་པ་དེ་རེད། མ་གཞི་ཕ་འཇམ་དབྱངས་བསྟན་པ་ནི་ཚེ་རིང་གིས་བཤད་པ་ལྟར་རྟ་ལུད་དེ་མ་གཏོགས་བསམ་རྒྱུ་དང་དྲན་རྒྱུ་ཅི་ཡང་མེད་པའི་ཕ་རྒན་ཞིག་མ་རེད། ཚེ་རིང་གིས་པར་དེ་ལ་མིིག་གཉིས་འབུར་ཚུགས་སུ་བལྟས་བལྟས་མཐར། གློ་བུར་དུ་གཉིད་ལས་སད་པ་ལྟར་’ཨ་ཕ། ངས་ཁྱེད་ལ་བཀའ་ལོག་བྱས་སོང་།’ཞེེས་ཕ་འཇམ་དབྱངས་བསྟན་པའི་བེམ་པོའི་མགོ་ནས་བསྐྱོར་ཞིང་ངུ་སྐད་ཐན་ཐུན་རེེེེེ་ཡང་དབང་མེད་དུ་འཆོར་བཞིན་འདུག ཤུ་་་་་་། ང་ཚོ་མི་མང་བོ་ཞིག་གིས་འདི་ལྟར་གསོན་པའི་དུས་སུ་ཕན་ཚུན་གྱི་བརྩེ་བ་དང་འབྲེལ་བ་ལ་དམ་འཛིན་བྱེད་ཤེས་ཀྱིན་མི་འདུག
བཞི།
དབྱར་ཁའི་རྩྭ་ཐང་ནི་ཅི་འདྲའི་མཛེས་སྡུག་དང་ལྡན་པ་ལ་ཨང་།ལྷག་པར་དུ་ཆར་བ་བབ་རྗེས་ཀྱི་རྩྭ་ཐང་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད། ཞོགས་པའི་ཉི་འོད་དེ་འདི་གའི་ཤར་རིའི་རྩེ་ལ་ཕོག་མ་ཐག ཚེ་རིང་གིས་རྒོད་མ་རྐྱང་ནག་མ་གཞུག་ལ་འཁྲིད་དེ་ཁོ་ཚང་གི་འབྲོག་ས་རུ་དེའི་འབུར་ཞིག་ཡོད་པ་དེའི་སྒང་ལ་ཐོན་འདུག་ལ།སེམས་རྣལ་དུ་ཕབ་ནས་རྩྭ་ཐང་ཆེན་མོ་དེའི་ཁོ་ར་ཁོར་ཡུག་ཀུན་དུ་མིག་ཉུལ་ཞིག་བྱས། ལ་ལ་ལ། སྔོན་ཆད་ཁོས་ཕ་འཇམ་དབྱངས་བསྟན་པའི་ཁར་མ་ཉན་པར་རྒྱབ་ཏུ་བསྐྱུར་བའི་འབྲོག་ཐང་འདི་ཉིད་དེ་རིང་ཅི་འདྲའི་ཡི་གར་འོང་བ་ལ།རྒྱང་རིང་རྒྱང་རིང་གི་རི་ཚོགས་དེའི་གཤམ་དུ་སྦྲ་གུར་བཞི་ལྔ་ཙམ་ཡོོད་པའི་སྦྲའི་ཁ་ཚུབ་དག་ལས་གྱ་གྱུར་རྒྱུ་བའི་དུ་བ་རིང་མོ་རེ་གནམ་དུ་འཐེན་ཞིང་། རྟ་ནོར་ལུག་གསུམ་མང་བོ་གྲོང་ཁྱེར་གྱི་གློག་འོད་ལྟར་མིག་གི་རྒྱན་དུ་ཆེ་བ་མ་ཟད། ད་དུང་མིང་ཐོགས་པར་དཀའ་བའི་རྩྭ་དང་རྩི་ཤིང་གི་ཚོགས་རྣམས་སྐོར་དང་སྐོར་བྱས་ནས་སྐྱེས་ཡོད་པ་ནི་རི་མོས་རྣམ་པར་བརྒྱན་པའི་ས་གདན་གྲུ་བཞི་རེ་ཕྱོགས་དང་ཕྱོགས་བྱས་ནས་བཏིང་བ་དང་ཨ་ན་མ་ན་ཡིན་པས། དེ་ནི་ངོ་མ་རི་མོ་མཁན་ཞིག་གི་པུར་རྩེ་ལས་ཐོན་པའི་རི་མོའི་བརྩམས་ཆོས་ཤིག་ལས་མ་འདས་སྙམ་པ་དང་།ལྷག་པར་དུ་དེ་རུ་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་བབ་ཆགས་པའི་འཚོ་བ་རོལ་སྟངས་དེས་ཚེ་རིང་གི་སེམས་སུ་ངེས་འབྱུང་སྐྱེས་པ་ལྟ་བུའི་བག་ཆགས་ཟབ་མོ་ཞིག་ཀྱང་བཞག་ཡོད་ན་ཐང་།
ཚེ་རིང་གིས་དེ་ལྟར་རྩྭ་ཐང་ཆེན་མོ་འདིའི་དཔལ་ཡོན་ལ་མྱོང་རོལ་ཐེངས་གཅིག་བྱས་རྗེས། རུམ་དུ་ལག་སྙོབ་བྱས་ནས་རས་ཁུག་ཅིག་ཕྱི་རུ་འཁྱེར་ནས་ཐོན། མ་གཞི་དེ་ནི་ཕ་འཇམ་དབྱངས་བསྟན་པས་སྲུང་འཁོར་ཞིག་ལྟར་རང་གི་སྐེ་ལ་བཏགས་ཤིང་ཁུད་དུ་རྟ་ལུད་དང་བུ་ཚེ་རིང་གི་པར་གཅུད་ཡོད་པའི་རས་ཁུག་ཆུང་ཆུང་དེ་རེད། ཚེ་རིང་གིས་རས་ཁུག་དེའི་ཁུད་ཀྱི་ཐོར་བུར་གྱུར་ཡོད་པའི་རྟ་ལུད་དེ་དུམ་བུ་དང་དུམ་བུ་བྱས་ནས་རྩྭ་ཐང་ཆེན་པོ་འདིའི་པང་ཁུགས་སུ་བཏབ་རྗེས། པར་ཆུང་དེ་ཕྱིར་རས་ཁུག་དེའི་ཁུད་དུ་གཅུད་ནས་རང་གི་སྐེ་ལ་བཏགས་ཤིང་། མིག་གཉིས་བཙུམས་ནས་ཡུན་རིང་བསྡད་མཐར་རྒྱའི་སྙན་ངག་པ་ཧེ་ཙི་ལགས་ཀྱིས་བརྩམས་གནང་མཛད་ཅིང་། ཡང་ན་རྩྭ་ཐང་དང་འབྲེལ་བའི་སོག་པོ་མི་རིགས་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེས་ཆེར་ཆེ་བའི་གླུ་ཚིག་ཅིག་ཀྱང་འདི་ལྟར་ཤུགས་ཀྱིས་བླངས་པ་སྟེ།
‘མཐིང་མདོག་གི་ནམ་མཁའི་ངོས་སུ།།
སྤྲིན་དཀར་གྱི་འདབ་མ་གཡོ་ཞིང་།།
སྤྲིན་དཀར་གྱི་འདབ་མའི་འོག་ཏུ།།
གཡང་དཀར་གྱི་ལུག་ཁྱུ་འཁྱིལ་སོང་།།’
མཆན།:འདིར་བཤད་པའི་སྙན་ངག་པ་ཧེ་ཙི་ལགས་ཀྱིས་བརྩམས་གནང་མཛད་པ་དང་།ཡང་ན་རྩྭ་ཐང་དང་འབྲེལ་བའི་སོག་པོ་མི་རིགས་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེས་ཆེར་ཆེ་བའི་གླུ་ཚིག་དེའི་རྒྱ་ཡིག་གི་མ་ཡིག་གཤམ་ལྟར་ལགས་ཏེ།
蓝蓝的天空上飘着那白云,
白云的下面盖着雪白的羊群。
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2199
དཔྱད་མཆན་སྤེལ།