རྨོག་ཐང་དཀར། (དཀར་མཛེས)

གྲོ་ནས་ཀྱི་ཞིང་སར་ལྗང་མྱུག་འབུས་པ་ནི།
རྨོ་མོའི་ངལ་རྩོལ་ལ་ལོ་ཏོག་སྨིན་པ་དང་འདྲ།

རྨོ་མོའི་རྔུལ་ཆུས་གྲོ་ནས་ཀྱི་ཞིང་ས་བརླན་དྲགས་པས།
འཁོར་བའི་འབྲུ་མཛོད་ལ་ལོ་ལེགས་བྱུང་།

བྱིས་དུས་ཀྱི་ལོ་ཟླ།
རྨོ་མོ་དང་ལྷན་དུ་བསྐྱལ་པའི་མེ་ལོང་ངོས་སུ།
མཛེས་སྡུག་གི་གྲོ་ནས་དང་མཉམ་དུ་རྫོགས།

ཆར་ཆུ་དུས་སུ་འབབ།
ལོ་ཕྱུག་རྟག་ཏུ་འབྱུང་།
འདི་ཉིད་འཁོར་བའི་ནང་གི་རེ་ལྟོས་ཤིག་དང་འདྲ་བར།
རྨོ་མོའི་ངག་ནས་བྱུང་བའི་སྙན་ཚིག་ཅིག

རྨོ་མོའི་མི་རབས་འདི་ཐང་ཆད་མི་སྲིད་ཀྱང་།
རྨོ་མོའི་མི་རབས་འདིས་ངལ་གསོ་ངེས།

རྨོ་མོས་དཀའ་སྡུག་གིས་བསྐྱངས་པའི་ཞིང་ས་འདི།
དུས་ཚོད་རྫོགས་པའི་ཅ་ག་རྙིང་བ་ཞིག་དང་འདྲ་བར།
བདག་མེད་དུ་ལུས་ནས་ཡུན་རིང་འགོར།

རྨོ་མོ་རྒས་ཤིང་འཁོགས་པར་གྱུར་དུས།
ཞིང་ས་བསློག་མའི་ནང་དུ།
ཚེར་མའི་ཕུང་པོ་བཏབ།
ཨར་འདམ་གྱི་གློག་སྡོང་བཙུགས།
འཚོ་བའི་གད་སྙིགས་སྤུངས།

རྨོ་མོའི་མི་རབས་འདིའི་རྗེས་སུ།
སྟོན་གྱི་དུས་སུ་གསེར་མདོག་གི་གྲོ་ནས་ལྡེམ་པའི་མཛེས་སྡུག་འདི་ཡང་།
སུས་ཀྱང་ལོངས་སུ་སྤྱོད་མ་ཐུབ།

བཀླགས་ཚོར། —— ཁྱུང་བཟང་། (རྨ་ལྷོ)

སྙན་རྩོམ་འདིས་ང་ལ་རང་གི་རྨོ་མོ་དྲན་དུ་བཅུག་བྱུང་། ངའི་རྨོ་མོ་ཡང་ཁོང་གི་རྨོ་མོ་བཞིན་དུ་རྔུལ་ཆུ་ཞིང་ལ་གཏོར་ཞིང་། ལང་ཚོར་སྔོ་རག་ཆགས་པའི་ཞིང་བ་དཀྱུས་མ་ཞིག་སྟེ། སྨྲ་བ་ཉུང་ལ་ངང་རྒྱུད་འཇམ་པའི་མ་བྱང་སེམས་ཅན་ཞིག་ཡིན། ང་རང་མོའི་གཅེས་སྐྱོང་གི་རུམ་ཁོང་ནས་ནར་སོན་ཞིང་མོའི་བརྩེ་འཛུམ་གྱི་ཞིང་ཁ་ནས་ལམ་དུ་ཆས། དེ་ཚང་མ་རྩོམ་པ་པོ་ཁོང་ངམ་ཁོང་གི་རྨོ་མོ་དང་འདྲ་བོ་ཡོད་འདུག ཡིན་ཡང་ང་རང་ལོ་དགུ་ལ་བུད་པའི་དུས་དེར་ངའི་རྨོ་མོ་ཚེ་ལོ་མཐར་ཕྱིན་ནས་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་དང་ཁ་བྲལ་སོང་། དེ་ནི་གློ་བུར་དུ་ཉི་མ་གཟའ་ཡིས་བཟུང་བ་དང་འདྲ། དེ་ནི་གློ་བུར་དུ་ལོ་ཏོག་སེར་བས་བཅོམ་པ་དང་འདྲ།
ཀྱེ། སྙན་རྩོམ་འདིས་ང་རང་འདི་ལྟར་ཕྱིར་དྲན་གྱི་ཚེར་མགོར་གཡེངས་ནས་ཡུན་རིང་ལུས། འདས་ཟིན་གྱི་གཏིང་ལ་འགྲིལ་ནས་ཀྱང་ཡུན་རིང་ཕྱིན། འདི་ལ་སྙན་རྩོམ་གྱི་འགུག་ཤུགས་ཟེར་དགོས་སམ་ཀློག་མཁན་གྱི་འཆར་ཡན་ཟེར་དགོས། གང་ལྟར་སྙན་རྩོམ་འདི་དང་ངེད་གཉིས་ཀྱི་བར་ན་ཐུན་མོང་གི་བརྡ་རྟགས་ཤིག་མངོན་ཆུང་གིས་འགུལ་གྱིན་འདུག དེ་ནི་བསིལ་རླུང་གིས་གཡེར་དྲིལ་སྒུལ་བ་དང་འདྲ་ལ། པི་ཝང་གི་རྒྱུད་སྐུད་སེན་མོས་བྲད་པ་དང་ཡང་མཚུངས།
རྨོ་མོའི་དུས་སུ་ཞིང་ལས་ནི་ཡོད་ཚད་རེད། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཟེར་བའམ། ཚེ་བསོད་མངའ་ཐང་ལོངས་སྤྱོད་རྒྱས་ཞེས་པ་ལྟ་བུའི་སྨོན་ལམ་ཇི་ལྟར་བཏབ་ཀྱང་། བཀྲ་ཤིས་སྤྱད། བདེ་ལེགས་འབྱུང་བྱེད། ཕུན་སུམ་ཚོགས་སྤྱད་ཀྱི་རྩ་བ་ལོ་ཏོག་རེད། ཚེ་བསྲིང་སྤྱད། བསོད་ནམས་འཕེལ་བྱེད། དབང་མངའ་ཐང་རྒྱས་སྤྱད། རྒྱུ་ལོངས་སྤྱོད་འཛོམས་བྱེད་ཀུན་གྱི་མ་རྩའང་ཁ་ཟས་ཏེ་འབྲུ་རིགས་རེད། དེ་ན་འབྲུ་དྲུག་གི་བདག་མོ་སུ་རེད། དེ་ནི་རྩོམ་པ་པོའི་རྨོ་མོའམ་ང་དང་ཁྱེད་ཀྱི་རྨོ་མོས་མཚོན་པའི་རྒྱ་ཆེའི་སོ་ནམ་པ་རྣམས་མ་ཡིན་ནམ། དེ་བས་ཁོའི་སྙན་རྩོམ་འདི་ནི་ལས་ལ་བརྩོན་པའི་མ་སྲུ་རྣམས་ཀྱི་བསྡུས་གཟུགས་མངོན་པའི་མེ་ལོང་ཞིག་ཏུའང་ངེས་སོ།།
ཡིན་ཡང་ཞིང་ལས་ནི་གོ་རིམ་གསལ་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན་པས་དེ་ལ་སྡུག་རུས་དགོས་ལ་ཤེས་རབ་དང་ཉམས་མྱོང་ཡང་དགོས་ཏེ། དགུན་ལ་ལུད་སྐྱེལ། སོས་ལ་རྨོན་འདེབས། དེ་བཞིན་དུ་ཆུ་གཏོང་ཡུར་རྒྱག ཡུར་མ་ལའང་ཁེར་ཡུར་ཉིས་ཡུར། ཟླ་ཡུར་ཡུག་བཤང་། དེ་ནས་ཞིང་འབྲེག་སྙེ་འཐུ། གཡུལ་གཅོག་འབྲུ་ཕྱར། ཐང་མ་སྐམ་སྡུད། རྩྭ་འཐུ་ལོག་རྒྱག ས་སྐྱེལ་སྤོ་རྡུང་། གྲུ་སློག་ས་འདེད། དཔྱིད་འཐག་སྟོན་འཐག་སོགས་གོ་རིམ་གསལ་ཞིང་ལས་མགོ་ལྕི་བ་ཀུན་ལ་གསལ་ཞིང་། དེ་དག་ལས་ཀྱང་རྔུལ་ཆུ་གྲངས་མེད་དུ་གཏོར་དགོས་པ་ནི་ཡུར་མ་ཡུར་བ་དང་ལོ་ཏོག་འབྲེག་པ་ཉིད་ཡིན་ལ། དེ་ཉིད་ཚ་བས་གཉའ་ནས་བསྲེག་ཀྱང་། ཆར་བས་གཞུག་ནས་དེད་ཀྱང་། སྒལ་བ་ཟུག་རྔུས་མནར་ཡང་ལས་མཐའ་སྒུར་ནས་སྐྱོང་མཁན་ནི་མ་སྲུ་རྣམས་ཏེ་རྨོ་མོ་དང་ཨ་མ་དང་མནའ་མ་དང་བུ་མོ་རྣམས་མིན་ནམ། དེ་བས་དེའི་དྲིན་ལ་འཁོར་བའི་རེ་ལྟོས་དང་འདྲ་བའི་གྲོ་ནས་ཀྱི་མཛེས་སྡུག་རྫོགས་ཤིང་། ལོ་ཕྱུག་རྟག་ཏུ་ལེགས་པའི་བདེ་སྐྱིད་ཀྱི་སྙན་ཚིག་བརྡོལ་བ་མིན་ནམ།
ཞེ་སྐྱོ་བ་ཞིག་ལ་དུས་ནི་མི་འགྱུར་མི་རྣམས་འགྱུར་བས། ཕ་བརྒྱ་བུ་སྟོང་གི་ཕོ་བ་གསོས་མྱོང་བའི། མ་བརྒྱ་སྲུ་སྟོང་གི་སེམས་ཁ་བསྐངས་མྱོང་བའི། སྐྱིད་ཀྱི་ཕ་ཞིང་གོར་མོ། གཡང་གི་མ་ཞིང་གྲུ་བཞིའི་ལས་དབང་ལའང་འགྱུར་བ་ཐེབས་ཏེ། ད་ནི་དུས་ཚོད་རྫོགས་པའི་ཅ་ག་རྙིང་བ་ཞིག་དང་འདྲ་བར་བདག་མེད་དུ་ལུས་ནས་ཡུན་རིང་འགོར་ཞིང་། རྨོ་མོའི་ཞིང་ས་བསློགས་མའི་ནང་དུ་ཚེར་མའི་ཕུང་པོ་བཏབ། ལྕགས་ར་བསྐོར། ཨར་འདམ་གྱི་གློག་སྡོང་བཙུགས། འཚོ་བའི་གད་སྙིགས་སྤུངས་བས། རྨོ་མོའི་དུས་ཀྱི་གསེར་མདོག་གི་གྲོ་ནས་ལྡེམ་པའི་མཛེས་སྡུག་དེ་སུས་ཀྱང་ལོངས་སུ་སྤྱོད་མ་ཐུབ། འདི་ནི་ཆག་སྒོ་ཞིག་སྟེ། ས་ཞིང་བསྐྱུར་བ་ནི་ཕ་ས་བསྐྱུར་བ་དང་། སོན་འདེབས་བསྐྱུར་བ་ནི་ལག་པ་གཞན་ལ་གཟེད་པའི་ལོ་རྒྱུས་ཀྱི་དབུ་ཁྱུད་བྲིས་པ་མིན་ནམ། ནམ་ཞིག་ནད་ཡམས་དང་དམག་འཁྲུག་དང་ས་ཆུ་མེ་རླུང་གི་འཇིགས་པས་ལམ་ཆད་དུས། གློག་ཆད་དུས། ནང་ནས་སྐུང་དུས་རང་ལ་ལག་པ་བསྲིང་ས་གང་ཡང་མེད་ལ། རང་ལ་མེད་ན་གླིང་ན་མེད་པའི་དུས་ངན་དེར་ཡང་ཅི་བས་ཨ་ཐག་ཉེ་བ་ལ་ཨང་། ཡབ་མེས་རྣམས་ཀྱིས་གཏད་པའི་འཚོ་གནས་ཀྱི་ཤེས་རབ་དང་བསྐལ་བའི་ཕུགས་ལམ་བསྙེག་པའི་བྲོ་ག་སྣུམ་པོ་དག་ནི་དེ་བས་ཀྱང་གང་ན་ཡོད།
འདི་ནི་སྙན་ངག་པའི་མི་སྐྱིད་ས་དེ་རེད་ལ། ཞིང་ལ་ཚེར་མ་བཏབ་པའི་མཇུག་འབྲས་དང་། གད་སྙིགས་གང་སར་སྤུངས་པའི་རྒྱུ་འབྲས་ལ་མནོ་བསམ་བགྱིད་སྟངས་ཤིག་སྟེ། འཕེལ་རྒྱས་དང་བདེ་སྐྱིད་ཀྱི་གཞུང་ལ་མཚུངས་རྟགས་འབབ་མིན་གྱི་དོགས་པའི་ལྕགས་ཀྱུ་འདེབས་སྟངས་ཤིག་ཀྱང་ལགས་སོ།།
ཀྱེ། སྤུན་ཟླ། ཁྱེད་ཚང་གི་ཞིང་སུས་འདེབས་ཀྱིན་ཡོད།

2022. 9. 15ཉིན་རེབ་གོང་ནས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2196