【ནང་དོན་གནད་བསྡུས།】
སློབ་དཔོན་ཟླ་བའི་འགྲེལ་པ་ཚིག་གསལ་གཞིར་བཟུང་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་དོན་དང་རྟེན་འབྲེལ་གྱི་སྐོར་ འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་འདོད་ཚུལ། བོད་ཀྱི་མཁས་དབང་དག་གི་འདོད་ཚུལ། གཞུང་ཆེན་མོ་དང་སྒྲ་གཞུང་གཉིས་ལས་ཁྱད་པར།
ཟབ་མོ་རྟེན་འབྲེལ་གྱི་རྣམ་གཞག་རྟོགས་དགོས་པའི་རྒྱུ་མཚན་དང་དགོས་པ། རྒྱལ་བའི་བཀའ་འགྱུར་དང་དགོངས་འགྲེལ་ལས་རྟེན་འབྱུང་གི་རྣམ་གཞག་ཇི་ལྟར་གསུངས་པའི་ཚུལ། རྟེན་འབྲེལ་སྨྲ་བ་པོ་ངོས་འཛིན་པ། དབུ་སེམས་སོ་སོས་རྟེན་འབྲེལ་བཞེད་ཚུལ། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འཕྲོས་པའི་དོགས་གཅོད་རགས་བསྡུས་བཅས་སོ།།
【གནད་ཚིག།】
རྟེན་ཅིང་འབྲེལ་བར་འབྱུང་བ། རྟེན། ལྟོས། ཕྲད། པྲ་ཏཱིཏྱ་སམུཏ་པཱ་ད།
.
དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐད་དོད་པྲ་ཏཱིཏྱ་སམུཏ་པཱ་ད་ཞེས་པའི་པྲ་ཏཱིཏྱ་བརྟེན་ལྟོས་ཕྲད་པ་གསུམ་ཀ་ལ་འཇུག་པ་དང་། ས་མུཏ་པཱ་ད་ནི་འབྱུང་བ་དང་སྐྱེ་བ་ཡོད་པའམ་གྲུབ་པ་ལ་འཇུག་གསུངས་མོད། འོན་ཀྱང་སྒྲའི་གཞུང་ལས་གསུངས་པ་ལྟར་ན་པ་ཡིག་གི་འོག་ཏུ་འ་ཆུང་ཞིག་ཡོད་པ་དང་དའི་རྗེས་སུ་རྣམ་བཅད་【སྔགས་ཡིག་གམ་སསྐྲིཏའི་ཡི་གེ་བོད་ཡིག་ཏུ་འབྲི་བའི་སྐབས་ཡི་གེ་མཐའ་རུ་ཡོད་ཀླད་ཀོར་ཉིས་བརྩེགས་འདི་ལ་སྒྲའི་གཞུང་དུ་རྣམ་བཅད་ཟེར། ཞིབ་ཏུ་ཤེས་པར་འདོད་ན་སྒྲའི་གཞུང་དུ་རྣམ་བཅད་ཀྱི་མཚམས་སྦྱོར་བཤད་པའི་སྐབས་སུ་གཟིགས་】ཞིག་ཡོད་དོ།། གང་བྱས་ཚིག་གི་ཁྱད་པར་ཙམ་ལས་དོན་དུ་ཁྱད་པར་མི་སྣང་ངོ་།།
དེས་ན། སློབ་དཔོན་ཟླ་བའི་འགྲེལ་པ་ཚིག་གསལ་ལས། རྟེན་ཅིང་ནི་ཕྲད་པའི་དོན་ཡིན་ཞིང་། འབྲེལ་བ་ནི་འགྲོ་བའི་དོན་ཡིན་ལ་ཚོགས་པ་རྟེན་ཅིང་འབྲེལ་བའི་སྒྲ་ནི་ཕྲད་པ་ཉིད་ཡིན་པར་འཆད་པར་བྱེད་དོ།། ཞེས་གསུངས་སོ།། ཡང་དེ་ཉིད་ལས། པྲ་ཏི་ནི་ཕྲད་པའི་དོན་ཏོ།།ཨི་ཏི་ནི་འགྲོ་བའི་དོན་ཏོ།། པྲ་ཏཱི་ཏྱའི་སྒྲ་ནི་ཕྲད་པ་སྟེ། ལྟོས་པ་འཇུག་པ་ཡིན་ཏེ། ཞེས་པྲ་ཏཱི་ཏྱ་ནི་རྟེན་འབྲེལ་ལམ་ཕྲད་པའམ་ལྟོས་པའི་དོན་ཡིན་པར་གསུངས་སོ།། ས་མུད་པཱ་ད་འབྱུང་བའི་དོན་དུ་འཇུག་ཏེ། དཔལ་ལྡན་ཟླ་བ་གྲགས་པའི་ཚིག་གསལ་ལས། ས་མུད་གོང་ན་ཡོད་པའི་པཱ་ཏ་ནི་འབྱུང་བའི་དོན་ཡིན་ཅན་པས་ས་མུད་པཱ་ཏའི་སྒྲ་ནི་འབྱུང་བ་ལས་འཇུག་གོ། ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། འབྱུང་བ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།།
ཞེས་ཤིན་ཏུ་གསལ་ལོ།། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོས་འདི་དག་གི་དོན་རྩ་ཤེས་ཊྰིཀ་ཆེན་ལས། དེ་ལ་ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་བའི་རྟེན་པའི་སྒྲ་དོན་ནི་ཤེས་བྱ་ཐམས་ཅད་ལ་ཡོད་ལ། འབྱུང་བ་ལ་གཉིས་ཡོད་པའི་སྐྱེ་བ་ནི་འདུས་བྱས་མིན་པ་ལ་མེད་ཀྱང་དེ་ལ་བརྟེན་ནས་འགྲུབ་པ་ཡང་འབྱུང་བའི་དོན་དུ་གསུངས་པ་་ཡོད་དེ། ཞེས་གསུངས་སོ།། ཞེས་དབུ་མ་པའི་རྟེན་འབྲེལ་གྱི་སྒྲ་དོན་འགྲེལ་ཚུལ་ཡིན།
ཞར་འབྱུང་རྟེན་ལྟོས་ཕྲད་གསུམ་དོན་གཅིག་ཡིན་མིན་ཚུལ་འབད་པ་ལས། དང་པོ་རྟེན་ཞེས་པའི་དོན་ནི། ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོ་མཛེས་རྒྱན་ལས། བརྟེན་པ་ཞེས་བྱ་བས་ནི་ཆོས་ཐམས་ཅད་བརྟེན་ནས་བཏགས་པའི་གཏན་ཙཙིགས་ཀྱི་དོན་བསྟན་པ་སྟེ། རང་རང་གི་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པའོ།། འདི་ནི་ལུགས་མཆོག་ཏུ་གྱུར་པའི་འདི་ཁོ་ནའི་ཁྱད་ཆོས་ཡིན་ཏེ། རང་རྒྱུད་པ་མན་ཆད་དང་ཐུན་མོང་མ་ཡིན་པའོ།། ཞེས་གསུངས་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་དབུ་མ་རྩ་ཤེས་ལས།
བྱེད་པོ་ལས་ལ་བརྟེན་བྱས་ཤིང་།། ཞེས་དང་།
འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་།། ཞེས་གསུངས་སོ།། གཉིས་པ་ལྟོས་པའི་དོན་ནི། ལྕང་སྐྱ་གྲུབ་མཐའ་ལས། ལྟོས་པ་ཞེས་བྱ་བས་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་རང་རང་གི་ཆ་ཤས་ལ་ལྟོས་ནས་རང་གི་བདག་ཉིད་རྙེད་པའི་གཏན་ཚིགས་བསྟན་པ་སྟེ་ས་མུདྤ་ད་གྲུབ་པ་ལ་འཆད་པའི་དབང་དུ་བྱས་སོ།། འདི་ནི་སྔ་མ་ལས་ཁྱབ་ཆེ་ཞིང་དངོས་བསྟན་གྱི་དོན་ཙམ་དབུ་མ་པ་གཞན་དང་ཡང་ཐུན་མོང་བའོ།། ཞེས་གསུངས་སོ།།
གསུམ་པ་ཕྲད་ནི།
རྣམ་པར་འབྱེད་པའི་མདོ་ལས།
འདི་ཡོད་པས་འདི་འབྱུང་།།
ཞེས་དང་། རྗེ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ལས་ཀྱང་། འཕྲད་པ་ཞེས་བྱ་བས་ནི་གཏན་ཚིགས་ཀྱི་དོན་དངོས་པོ་རང་གི་རྒྱུས་བསྐྱེད་པའི་རྟེན་འབྲེལ་འཛིན་པ་ཡིན་ལ། འདི་ནི་གྲུབ་པའི་མཐའ་འོག་མ་དང་ཡང་ཐུན་མོང་བའོ།། དེ་ཡང་དེ་ཙམ་ཞིག་རྟེན་འབྲེལ་གྱི་དོན་དུ་འདོད་པར་འདྲ་བས་ཐུན་མོང་བ་ཞེས་བྱའི་དེ་དག་གིས་འདོད་པའི་རྟེན་འབྲེལ་བདེན་པ་བ་འདོད་པ་ནི་མ་ཡིན་ལ། དེ་དག་གིས་བདེན་མེད་བསྒྲུབ་བྱར་འདོད་པ་ཡང་མ་ཡིན་ནོ།། འཕྲད་པ་ནི་རྒྱུ་དང་འབྲས་བུའི་སྐྱེ་འགག་གི་བྱ་བ་འཕྲད་པ་ལ་བྱ་ཡི་རྒྱུ་འབྲས་གཉིས་འཕྲད་པ་ནི་མ་ཡིན་ནོ།། ཞེས་གསུངས་སོ།། དེ་བཞིན་དུ་ཁྱད་འཕགས་ལྟ་བའི་ཡང་སྙིང་ལས་ཀྱང་གོང་གསལ་གྱི་ལུང་དྲངས་ནས་དེའི་ཐད་འགྲེལ་དུ་རྒྱུ་འགག་པ་དང་འབྲས་བུ་སྐྱེ་བའི་བྱ་བ་ཕྲད་པའི་དབང་དུ་བྱས་ཏེ་གྲུབ་མཐའ་འོག་མ་གསུམ་གྱི་རྟེན་འབྱུང་གི་དོན་གཙོ་བོ་དང་། གཉིས་པས་ཆ་ཤས་སམ་གདགས་གཞི་ལ་ལྟོས་པའི་རྟེན་འབྲེལ་གཙོ་བོ་བསྟན་པས་རང་རྒྱུད་པས་བཞེད་པའི་རྟེན་འབྲེལ་གཙོ་བོ་དང་། གསུམ་པས་རང་རང་གི་གདགས་གཞི་ལ་བརྟེན་ནས་མིང་དང་རྟོག་པས་ཕར་བཏགས་ཙམ་གྱིས་གྲུབ་པའི་རྟེན་འབྲེལ་གྱི་རྩལ་དུ་བཏོན་པ་ཉིད་ལུགས་དམ་པ་འདིའི་རྣམ་གཞག་བླ་ན་མེད་པའི་ཚུལ་གསལ་པར་མཛད་བཞེད་དོ།། ཞེས་སོ།། གཞན་ཡང་། རྟེན་ལྟོས་ཕྲད་གསུམ་དོན་གཅིག་ཏུ་འདོད་པའང་ཡོད་དེ། དེ་ཉིད་ལས། མཁས་པ་ལ་ལས། རྟེན་ལྟོས་ཕྲད་གསུམ་དོན་གཅིག་ཏུ་འདོད་ཅིང་། ཕྲད་ཚུལ་ལ་སྐབས་སྟོབས་ཀྱི་གོ་ཚུལ་མི་འདྲ་བ་ཡོད་པར་བཞེད་དེ། དཔེར་ན། སྔོ་འཛིན་དང་པོ་དང་གཉིས་པ་ལྟ་བུ་དུས་གཞན་གྱིས་ཆོད་པས་ཕྲད་པ་དང་། འདབས་འབྱོར་དུ་གནས་པའི་རྡུལ་ཕྲན་ལྟ་བུ་ཐོགས་བཅས་གཞན་གྱིས་མ་ཆོད་པས་ཕྲད་པ་དང་། ཕ་བུ་ལྷན་ཅིག་གནས་པ་ལྟ་བུ་ཉེ་བར་གནས་པས་ཕྲད་པ་འཇོག་པ་སོགས་ཚུལ་མང་དུ་ཡོད་པར་གསུངས་སོ།།
སེམས་ཙམ་པའི་ལུགས། མཛོད་རང་འགྲེལ། སྡེ་བསྟན། \མཛོད་རང་འགྲེལ། \༡༢༩\བ༦ལས། གནས་གསུམ་པར་རང་ལུགས་འཇོག་པ་ནི། རྟེན་ཅིང་འབྲེལ་པ་ནི་ཟློས་པའི་དོན་ཡིན་ནོ།། སམ་ནི་འདུ་བའི་དོན་ཡིན་ནོ།། ཨྰིཏྱ་ནི་འགྲོ་བར་དུ་བ་སྟེ་མི་སྡོད་པའོ།། ཨཨུད་གོང་ན་ཡོད་པའི་པ་ད་ནི་འབྱུང་བའི་དོན་ཏེ། འདི་སྐད་དུ་ཚོགས་པ་དེ་དང་དེ་ན་འགྲོ་བར་རུ་བ་རྣམས་འདུས་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བཤད་པ་ཡིན་ནོ།། རྟོགས་པ་འདི་ནི་འདི་ཁོ་ན་ལ་རབ་ཏུ་བརྟག་ཏུ་རུང་གི་མིག་དང་། གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་འདི་ལ་ཇི་ལྟར་རུང་། ཞེས་གསུངས་སོ།། དོན་ནི་རྟེན་འབྲེལ་གྱི་སྒྲ་བཤད་༡༡ལས། པྲཏི་ཞེས་་པ་སྟེ་སོ་སོ་བར་འཇུག་ཅིང་། ཨིཏྱ་འགྲོ་བར་རུང་བ། སམ་འདུ་བ། ཨཨུད་པྰ་ད་ཞེས་པ་འབྱུང་བ་ལ་འཇུག་པས། ཚོགས་པ་དེ་དང་དེ་ན་འགྲོ་བར་རུང་བ་རྣམས་འདུས་ནས་སྐྱེ་བ་ནི་རྟེན་འབྲེལ་གྱི་སྒྲ་དོན་ནོ།། ཞེས་བསྟན་[པྲཏི་་་ཨིཏྱ་་པྲཏཱི་ཏྱ། ཞེས་པ་སོ་སོར་འགྲོར་རུང་བ། སམ་་་་ཨ་ཨུད་་པཱད་་་སམུཏ་པཱད་་། ཞེས་པ་འབྱུང་བ་ལ་འཇུག་པའོ།།]
བྱེ་བྲག་སྨྲ་བའི་ལུགས་ལ་རྟེན་འབྲེལ་གྱི་སྒྲ་དོན་དམིགས་བསལ་ཞིག་མ་རྙེད་ཀྱང་། བྱེ་མདོ་གཉིས་ཀྱིས་རྟེན་འབྲེལ་ལ་འདུས་བྱས་དགོས་པར་འདོད་པས་ཕལ་མོ་ཆེ་རྟེན་འབྲེལ་གྱི་སྒྲ་དོན་མདོ་སྡེ་པ་དང་གཅིག་པ་བཞེད་དམ་སྙམ་ཡང་ཁོ་བོའི་མཐོང་རྒྱ་ཤིན་ཏུ་དམན་བས་མ་མཐོང་བའི་རྒྱ་གཞུང་ཡོད་ངེས་པས་དཔྱད་དགོས་སོ།།
མདོ་སྡེ་པའི་ལུགས། སློབ་དཔོན་དབྱིག་གཉེན་གྱིས་མཛོད་རང་འགྲེལ། གནས་གསུམ་པ། སྡེ་བསྟན \༡༢༩\ན\༤ལས། ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་ཞེ་ན། རྟེན་ཅིང་འབྲེལ་པ་ཞེས་བྱ་བ་ནི་ཕྲད་པའི་དོན་ཏོ། ཨ་ཨི་ཏི་ནི་འགྲོ་བའི་དོན་ཏོ།། ཉེ་བར་བསྒྱུར་བའི་དབང་གིས་སྐད་ཀྱི་བྱིངས་ཀྱི་དོན་ཡོངས་སུ་བསྒྱུར་བའི་ཕྱིར་ཕྲད་ནས་ཞེས་བྱ་བའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱ་བའི་དོན་ཡིན་ནོ།། པ་ད་ནི་ཡོད་པའི་དོན་ཏོ།། སམ་དང་ཨཨུད་གོང་ན་ཡོད་ན་འབྱུང་བའི་དོན་ཏོ།། དེས་ན་ཕྲད་ནས་འབྱུང་བ་་ནི་རྟེན་ཅིང་འབྲེལ་པར་འབྱུང་ཡིན་ནོ།། ཚིག་གི་དོན་འདི་ནི་རིགས་པ་མ་ཡིན་ནོ།།ཅིའི་ཕྱིར་ཞེ་ན། བྱེད་པ་པོ་གཅིག་གིས་བྱ་བ་གཉིས་ནི་དུས་སྔར་ཏེ་ཞེས་བྱ་བའི་རྐྱེན་ཡིན་ཏེ། དཔེར་ན་ཁྲུས་བྱས་ཏེ་བཟའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ་སྔར་ཕྲད་ནས་ཕྱིས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་འགལ་ཡང་མེད་ལ། བྱེད་པ་པོ་མེད་པའི་བྱ་བ་ཡང་མེད་དོ།། ཞེས་གསུངས་སོ།། སློབ་དཔོན་གང་སྤེལ་གྱིས་མཛོད་འགྲེལ་མཚན་ཉིད་རྗེས་འབྲང་། སྡེ་བསྟན\༢༩༧\ན\༤ལས། འབྱུང་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པོ་འདི་དག་གི་ནི་འདུས་བྱས་ཀྱི་མཚནཉིད་དེ། འདུས་བྱས་སྐྱེ་བར་ཡང་མངོན་ཞེས་རྒྱས་པར་འབྱུང་བའོ།། ཞེས་དང་། རྟེན་ཅིང་འབྲེལ་པ་ནི་ཕྲད་པའི་དོན་ཏོ་ཞེས་བྱ་བ་ལ། རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་ཉེ་བར་བསྒྱུར་བ་ནི་ཕྲད་པའི་དོན་ཏོ།། ཨིན་ནི་འགྲོ་བའོ་ཞེས་བྱ་བའི་སྐད་ཀྱི་བྱིངས་དེ་ནི་འགྲོ་བའི་དོན་ཏོ།། ཉེ་བར་བསྒྱུར་བའི་དབང་གིས་ཞེས་བྱ་བ་ལ། ཨིན་གྱི་སྐད་ཀྱི་བྱིངས་འགྲོ་བའི་དོན་ཁྱད་དུ་བསད་ནས་ཉེ་བར་བསྒྱུར་བ་རྟེན་ཅིང་འབྲེལ་བའི་དོན་ཡོངས་སུ་གཟུང་བས་སྐད་ཀྱི་བྱིངས་ཀྱི་དོན་ཡོངས་སུ་བསྒྱུར་བ་ཡིན་ཏེ། དེའི་ཕྲད་ནས་ཞེས་བའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱ་བའི་དོན་ཡིན་ནོ།། ཞེས་ལུང་འདིའི་རྟེན་འབྲེལ་ཡིན་ན་རྒྱུ་རྐྱེན་རྟེན་འབྲེལ་ཡིན་དགོས་པ་ཤིན་ཏུ་གསལ་ལོ།། མདོར་ན། རྟེན་ཞེས་པའི་སྐད་དོད་པྲཏྰི་ཏྱ་དང་འབྱུང་ཞེས་པའི་སྐད་དོད་ས་མུཏ་པྰད་ཡིན་ནོ།། གང་སྤེལ་གྱི་མཛོད་འགྲེལ་དུ་སྐད་དོད་མ་དག་པར་གསུངས་ཏེ། རྟེན་འབྲེལ་གྱི་སྒྲ་བཤད་༡༡ལས། གོང་དུ་དྲངས་པའི་གང་སྤེལ་གྱི་མཛོད་འགྲེལ་དུ་སྐད་དོད་ཅུང་ཟད་མ་དག་པ་འདུག་པ་ལ་འོག་ཐིག་རེ་འཐེན་ཅིང་། འདིར་ནི་སྒྲ་སྒྲུབ་ཀྱི་གྲུབ་དོན་དང་། བོད་དབྱིན་ལེགས་གསུམ་ཤན་སྦྱར་བའི་ཚིག་མཛོད་དུ་གསལ་བ་ལྟར་བྲིས་ཡོད། ཅེས་གསུངས་མོད་ཀྱང་། དཔེར་ན་སྙིང་རྗེའི་སྐད་དོད་དང་རྟེན་འབྲེལ་གྱི་སྐད་དོད་སོགས་སྒྲ་སྒུབ་སྐབས་འ་ཆུང་དང་རྣམ་བཅད་དགོས་ཀྱང་། རྒྱ་གཞུང་དང་རྗེ་བླ་མའི་ལེགས་བཤད་དང་གཞན་ཡང་གཞུང་ཆེན་མོ་ཕལ་མོ་ཆེར་རྣམ་བཅད་མེད་པས་གནད་དོན་གང་ཡིན་མིན་ཞིབ་ཏུ་བརྟག་དགོས་སོ་སྙམ་མོ།། དེའང་རྟེན་འབྲེལ་གྱི་སྒྲ་དོན་ཕྲད་ནས་འབྱུང་བ་ཡིན་པར་མདོ་སྡེ་པས་བཤད། དང་པོ་ནི། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་རྟོགས་དགོས་པའི་རྒྱུ་མཚན་ནམ་དགོས་པ། ཇི་སྐད་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་མོས་བསྟོད་པ་ལེགས་བཤད་སྙིང་པོར།
ཁྱོད་ཀྱི་སྨྲ་བ་ཟླ་མེད་པར།།
མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི།།
ལམ་འདི་ཉིད་ཀྱིས་གསུང་གཞན་ཡང་།།
ཚད་མར་གྱུར་པར་ངེས་པ་སྐྱེ།།
ཞེས་གསུངས་པ་ལྟར་མཁའ་ཁྱབ་སྐྱེ་དགུའི་གཉེན་གཅིག་སྟོན་པ་ཐུགས་རྗེ་ཅན་ཁྱེད་རང་ནི་ཕྱི་རོལ་མུ་སྟེགས་ཅན་གྱི་སྟོན་པ་དང་འཇིག་རྟེན་གཞན་དག་གི་སྟོན་པ་ལས་ལྷག་པའི་རྒྱུ་མཚན་ཡང་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་བསྟན་པའོ།།
དེའི་ཕྱིར། ཟབ་མོ་རྟེན་འབྲེལ་གྱི་རྣམ་གཞག་འདི་ཉིད་ནང་པའི་བསྟན་པའི་སྙིང་པོའམ་ཁྱད་ཆོས་ཞེས་མཁས་པ་ཀུན་ལ་མགྲིན་གཅིག་ཏུ་གྲགས་སོ།། དེས་ན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ནི་ཐམས་ཅད་ཀུན་མཚུངས་ཡིན་པས་རང་ཉིད་ཀྱི་ལག་ལེན་ཁྲོད་ནས་བྱུང་བའི་མྱོང་གོམས་སམ་མྱོང་བ་དེ་བརྒྱུད་ནས་ངོས་འཛིན་ཐོབ་བོ།། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་དགོས་པ་དེ་ནང་པའི་གཞུང་ལུགས་ཀྱི་དམིགས་ཡུལ་མཐའ་ཐུར་ཡིན་པས་ན། སྡུག་བསྔལ་ལས་ཐར་པར་ཟབ་མོ་རྟེན་འབྲེལ་གྱི་གནས་ལུགས་རྟོགས་པ་ལ་རག་ལས་སོ།།
དེས་ན་འཕགས་པ་ཞི་བ་ལྷའི་བཞི་བརྒྱ་པ་ལས།
རྟེན་ཅིང་འབྲེལ་པ་འབྱུང་བ་ནི།།
མཐོང་ན་གཏི་མུག་འབྱུང་མི་འགྱུར།།
ཞེས་གསུངས་པ་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ཤེས་ན་གཏི་མུག་གམ་བདེན་འཛིན་དང་ལོག་ལམ་དང་རྨོངས་པའི་གེགས་ཐམས་ཅད་ཀྱང་འདིས་ལྡོག་ནུས་སོ།། དེས་ན་སྡུག་བསྔལ་མ་ལུས་འབྱུང་བའི་གཞིའམ་རྩ་བ་ནི་མ་རིག་པའི་བདག་འཛིན་ཡིན་ལ། བདག་འཛིན་ལྡོག་པ་ལའང་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ལ་བརྟེན་ནས་བདག་མེ་ད་རྟོགས་པ་ལ་རག་ལས་སོ།། རྒྱལ་བའི་གསུང་རབ་ལས་ཆེས་གཅེས་པ་ཡང་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་ཡིན་ཏེ།
དེ་ཡང་བཤེས་སྤྲིངས་པ་ལས་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི།།
གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།།
གང་གིས་འདི་ནི་ཡང་དག་མཐོང་བ་དེས།།
སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་།།
ཞེས་གསུངས་པ་བཞིན་ནོ།། བརྟེན་འབྲེལ་བསྟོད་པའི་ཊྰིཀྐ་ཁྱད་འཕགས་ལྟ་བའི་ཡང་སྙིང་ལས་ཀྱང་། དེའི་ཕྱིར་རིགས་པ་རྣམ་བཞིའི་རླབས་ཀྱིས་དཀྲུགས་པའི་རྟེན་འབྱུང་གི་གྲུ་བོ་ཆེ་འདི་ནི་འཁོར་བའི་རྒྱ་མཚོའི་ཕར་མཐར་བརྒལ་བའི་འཕྲལ་ཕུགས་ཀུན་གྱི་མངོན་འདོད་ཇི་དགོས་བདེ་བླག་ཏུ་སྟེར་བའི་འཇུག་ངོགས་རྨད་དུ་བྱུང་བ་ཁོ་ནའོ།། ཞེས་གསུངས་སོ།།
གཉིས་པ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་རྟེན་འབྲེལ་གྱི་འགྲེལ་ཚུལ་མི་འདྲ་བ་གསུམ་ཙམ་བྱུང་སྟེ། གོང་གསལ་ལྟར་བྱེ་མདོ་སེམས་གསུམ་གྱིས་བཞེད་པའི་རྒྱུ་རྐྱེན་རྟེན་འབྲེལ་དང་ཆོས་གང་ཡིན་རང་རང་གི་ཡན་ལག་དང་ཆ་ཤས་ལ་བརྟེན་ནས་བཞག་པའམ་གྲུབ་པའི་རྟེན་འབྲེལ་དབུ་མ་རང་རྒྱུད་པས་བཞེད་དེ། ལུགས་འདིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་འདོད་དོ།། རྟོག་པས་བཏགས་པ་ཙམ་ལ་རྟེན་འབྲེལ་བཞེད་པས་དཔལ་ལྡན་ཐལ་འགྱུར་བའོ།། དང་པོ་ནི། ས་ལུང་ལྗང་པའི་མདོ། སྡེ་བཀའ། \མདོ་སྡེ\ཚ་པར\༣༡༧\ལས། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།། ཞེས་དང་། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་\མདོ་སྡེ\ཕ་པར\༥༩༡\ལས།
མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་བྱས་ཏེ།།
མཐར་ལྟ་བ་ལ་གནས་པར་མི་བྱེད་དེ།།
རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན།།
ཆོས་ནི་རྒྱུ་བཅས་རྐྱེན་བཅས་རབ་ཏུ་ཤེས།།
ཡང་དེ་ཉིད་ལས།
གང་གཞི་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།།
དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།།
རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།།
གང་གཞི་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།།
ཞེས་སོགས་རྟེན་འབྲེལ་ལ་རྒྱུ་རྐྱེན་དང་བཅས་དགོས་པས་རྒྱུ་རྐྱེན་དང་མ་བཅས་པའི་རྟེན་འབྲེལ་ནི་མེད་དམ་མི་བཞེད་པ་ཤིན་ཏུ་ནས་ཀྱང་གསལ་པོ་གསུངས་སོ།། མདོ་སྡེ་དགོས་འགྲེལ་ལས། ཆོས་རྣམས་ཀྱི་དོན་དམ་པར་ངོ་ངོ་ཉིད་མེད་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་གང་དག་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་དེ་དག་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡང་ཡིན་ནོ།། ཞེས་དང་།
རྣམ་པར་དབྱེབ་པ་བར་བསྟན་པའི་མདོ་\བཀའ་འགྱུར་ཞོལ་དཔར་མ།\མདོ་སྡེ་མ\ཤོག༡༨༠རྒྱབ་ཕྲེང་༦\ལས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་།། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་།། ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་ན་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེ ན་གྱིས་འདུ་བྱེད་རྣམས་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆོད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ་། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱང་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་བར་རོ།།ཞེས་རྒྱུ་འདི་ཡོད་པས་འབྲས་བུ་འདི་འབྱུང་བ་དང་། རྒྱུ་འདི་སྐྱེས་པས་འབྲས་བུ་འདི་སྐྱེས་པ་དང་། འབྲས་བུ་དག་ཀྱང་རང་རང་དང་མཐུན་པའི་རྒྱུ་རྐྱེན་ལས་དེ་དང་མཐུན་པའི་འབྲས་བུ་དེ་ཉིད་འབྱུང་བར་གསུངས་སོ།། དེ་བཞིན་དུ་རྟེན་འབྲེལ་མདོ་འགྲེལ། \བསྟན་འགྱུར\ཤོག་གྲངས་༧༢༢\ལས། འདིར་འདི་ཡོད་ན་ཞེས་བྱ་བ་ནི་ཡོད་པར་གྱུར་ནའོ།། འདི་བྱུང་བ་ནི་སྐྱེའོ།། དེ་ལྟར་ན་བདུན་པའི་རྒྱུའི་དོན་དུ་རིག་པར་བྱའོ།། དཔེར་ན། ཆར་བབས་ན་ལོ་ཐོག་སྐྱེའོ།། སད་བབས་ན་ལོ་ཐོག་འཇོག་གོ། ཞེས་བྱ་བ་ལྟ་བུ་སྟེ། ཞེས་དང་། འདི་སྐྱེ་བས་ཞེས་བྱ་བ་ནི་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ།། དེ་ལྟར་ན་ལྔ་བ་རྒྱུའི་དོན་ཡིན་པར་རིག་པར་བྱའོ།། དཔེར་ན། མེ་དང་འབྲེལ་བ་ལས་ཚོས་པར་འགྱུར་པ་དང་། ལག་པ་སོགས་བརྡབ་པ་ལས་སྒྲ་འབྱུང་བ་བཞིན་ནོ།། ཞེས་ཀྱང་གསུངས་སོ།།
གཉིས་པ་ནི། དབུ་མ་རང་རྒྱུད་པའི་ལུགས་སུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་པ་དང་ཆོས་གང་དག་གང་ཡིན་ཡང་ཕན་ཚུན་ལྟོས་ནས་གྲུབ་པ་ཤ་སྟག་ཡིན་ཏེ། རྟོག་གེ་འབར་བ། \བསྟན་འགྱུར\དབུ་མ་ཛ་དེབ༥༨\ཤོག་གྲངས་༢༡༧ཕྲེང་༡༧\ལས།
དེ་ནི་ལྟོས་ནས་འགྲུབ་པ་སྟེ།།
གཉིས་ལས་གང་ཡང་རུང་བ་ཞིག།
སྔར་མ་གྲུབ་ན་མི་འགྲུབ་ཕྱིར།།
ཡིད་ཀྱིས་རྣམ་པར་བརྟགས་པར་ཟད།།
ཅེས་དང་། ཤེས་རབ་སྒྲོན་མ།\བསྟན་འགྱུར\པོད་༥༩\ཤོག་གྲངས་༡༠༩༤\ལས། རྒྱུ་ཡང་འབྲས་བུ་ལ་རྟེན་ཅིང་འབྲས་བུ་ཡང་རྒྱུ་ལ་བརྟེན་ནས་འགྲུབ་པ་ལ་སོགས་པ་ཐ་སྙད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ།། ཞེས་དང་། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། \ཤོག་གྲངས\༤༢༦ལས། རྒྱུ་ཡང་འབྲས་བུ་སྐྱེད་པར་བྱེད་པར་ན་ཡིན་པར་འགྱུར་པ་ཞེས་བྱའོ།། དེ་ལས་གཞན་གཞན་པ་ནི་མ་ཡིན་པར་གྱུར་པའོ།། འབྲས་བུ་ཡང་བསྐྱེད་པར་བྱ་བ་ན་ཡིན་པར་ཞེས་བྱའོ།། དེ་ལས་གཞན་པ་ནི་མ་ཡིན་པར་གྱུར་པའོ།།ཞེས་དང་། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་བསྟན་པའི་མདོ། \བཀའ་འགྱུར་\ཤོག་གྲངས\༢༧༡\ལས། དེ་ལ་དོན་དན་པར་ནི་འབྱུང་བའམ། འགག་པའི་ཆོས་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། བདག་པོ་མེད་པ། བྱེད་པ་པོ་མེད་པ། རྒྱུ་དང་རྐྱེན་ལས་འབྱུང་བའོ།། ཞེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་ཤིན་ཏུ་གསལ་བའི་ཁུངས་ཡིན་ནོ།།
གསུམ་པ་ནི། གདགས་གཞི་ཙམ་དང་སྒྲ་རྟོག་ཙམ་ལ་བརྟེན་པའི་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྲེལ་དུ་འཇོག་བྱེད་ཀྱི་ཁུངས་ནི། དཀོན་བརྩེགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་མདོ། བཀའ་འགྱུར\ག\ཤོག་གྲངས༡༩\ལས། དེ་ལྟ་ན་ཁྱིམ་བདག་རྣམས་། ཆོས་ཐམས་ཅད་ནི། ཡང་དག་མ་ཡིན་པར་ཡོངས་སུ་རྟོག་པ་ལས་བྱུང་སྟེ། རྐྱེན་ལ་རག་ལས་པ། སྟོབས་མེད་པ། ཉམ་ཆུང་བ། རྐྱེན་རྣམས་ལས་བྱུང་བ། རྐྱེན་རྣམས་ཡོད་ན་ཆོས་རྣམས་གདགས་པར་འགྱུར་ཞིང་། རྐྱེན་རྣམས་མེད་ན། ཆོས་ཐམས་ཅད་གདགས་པར་མི་འགྱུར་རོ།། ཞེས་ཆོས་རྣམས་གདགས་གཞི་ལ་བརྟེན་ནས་བཏགས་པ་ཙམ་དུ་གསུངས་སོ།། དེ་བཞིན་དུ། ཡང་སྲས་མཇལ་བའི་མདོ། བཀའ་འགྱུར\དཀོན་བརྩེགས\ང་པར\ཤོག་གྲངས༣༩༦\ལས། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་མིག་གི་སྐྱེ་མཆེད་མི་དམིགས་སོ།། ཞེས་དང་། དེ་ལྟར་ཆོས་ཐམས་ཅད་མ་དམིགས་ན་སངས་རྒྱས་ནི་གང་བྱང་ཆུབ་སེམས་དཔའ་ནི་གང་། ལུང་བསྟན་པ་ནི་གང་། གཟུགས་ནི་གཟུགས་ཀྱི་སྟོང་པ་ནས་རྣམ་པར་ཤེས་པའི་བར་དུའོ།། ཞེས་དང་། དེ་བཞིན་དུ་འདི་དག་ནི་ཐ་སྙད་ཙམ་མིང་བརྡ་ཙམ་ཀུན་རྫོབ་ཙམ་བརྗོད་པ་ཙམ་གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་བྱའི་མི་འཕྱའོ།། ཡང་དེ་ཉིད་ལས། རྒྱལ་པོ་ཆེན་པོ་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་གཞན་དུ་ན་མིང་ཙམ་མམ། བརྡ་ཙམ་མམ། ཐ་སྙད་ཙམ་མམ། ཀུན་རྫོབ་ཙམ་མམ། བརྗོད་པ་ཙམ་མམ། གདགས་པ་ཙམ་མ་གཏོགས་པར་བསྟན་པར་མི་ནུས་སོ།། ཞེས་ཆོས་ཐམས་ཅད་ཅེས་པ་དང་གདགས་པ་ཙམ་ཞེས་པས་གདགས་གཞི་ལ་བརྟེན་ནས་བཏགས་དགོས་པར་ཤིན་ཏུ་གསལ་ལོ།།
གསུམ་པ་རྟེན་འབྲེལ་སྨྲ་བ་པོ་ངོས་འཛིན་ཚུལ། ཁ་ཅིག་གིས། ཕྱི་རོལ་མུ་སྟེགས་པ་སོགས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་གཞག་བཞེད་དེ། རྟེན་འབྲེལ་གྱི་དོན་ནི་རང་དབང་གིས་གྲུབ་པ་མིན་ལ། ཆོས་གཞན་ལ་ལྟོས་ནས་འགྲུབ་དགོས་པའམ། རྒྱུ་རྐྱེན་ལས་གྲུབ་པ་ཡིན་པས། ཆོས་གཞན་ལ་ལྟོས་པའམ་རང་གི་རྒྱུ་རྐྱེན་ལས་འབྱུང་བ་རྟོགས་ན་རྟེན་འབྲེལ་ཡང་རྟོགས་སོ།། ཞེས་ཟེར་རོ།། འོ་ན་ ཕྱི་རོལ་མུ་སྟེགས་པ་དང་། དེ་བཞིན་དུ་ཡེ་ཤུ་བ་དང་། ཁ་ཆེ་བ་དང་། གྲུབ་མཐའ་ལ་མ་ཞུགས་པའི་གང་ཟག་གམ་འཇིག་རྟེན་རང་ག་བ་ཐམས་ཅད་ཀྱང་རྟེན་འབྲེལ་གྱི་རྣམ་གཞག་འདོད་པར་ཐལ། ཁྱོད་ཀྱིས་འདོད་པར་མཐུན་པའི་ཕྱིར་ཏེ། ས་བོན་ལས་མྱུ་གུ་འབྱུང་བ་དང་། ཕ་ལས་བུ་འབྱུང་བ་ཙམ་ཕྱི་རོལ་རྒྱང་ཕན་པས་ཀྱང་རྟོགས་པའི་ཕྱིར། གཞན་དུ་ན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རིགས་པ་དྲུག་ཅུ་པ། སྡེ་དགེ་བསྟན་འགྱུར\དབུ་མ་ཙ། \༢༡ལས།
གལ་ཏེ་ཡོད་པར་སྨྲ་བ་རྣམས།།
དངོས་མཆོག་བཟུང་ནས་གནས་པ་ནི།།
ལམ་དེ་ཉིད་ལ་གནས་པ་སྟེ།།
དེ་ལ་ཡ་མཚན་ཆུང་ངུའང་མེད།།
སངས་རྒྱས་ལམ་ལ་བརྟེན་ནས་ནི།།
ཀུན་ལ་མི་རྟག་སྨྲ་བ་རྣམས།།
རྩོད་པས་དངོས་རྣམས་མཆོག་གཟུང་བས།།
གནས་པ་གང་ཡིན་དེ་སྨད་དོ།།
ཅེས་གསུངས་པ་དང་། རིགས་པ་དྲུག་ཅུ་པའི་ཟླ་འགྲེལ་ལས་ཀྱང། མུ་སྟེགས་ཅན་རྟེན་ཅིང་འབྲེལ་པར་འབྱུང་བ་མི་སྨྲ་བ་རྣམས་ཀྱི་དངོས་པོ་རྣམས་ལ་ངོ་བོ་ཉིད་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་རང་གི་གྲུབ་པའི་མཐའ་ལས་བྱུང་བ་དང་མི་འགལ་བས། ཞེས་དང་། གྲངས་ཅན་གྱིས་རང་གི་གྲུབ་པའི་མཐའ་་ལས་ཡོན་ཏན་སྙིང་སྟོབས་དང་། རྡུལ་དང་མུན་པ་གསུམ་རྟག་པར་ལོབས་ལ། བྱར་བྲག་པས་ཀྱང་རང་གི་གྲུབ་པའི་མཐའ་ལས་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་ཡན་ལག་ཅན་མ་ལུས་པའི་དངོས་པོ་རྩོམ་པ་རྟག་པ་ཉིད་དུ་ལོབས་ནས་རྟག་པའི་དངོས་པོར་སྨྲ་བའི་ཕྱིར་གལ་ཏེ་དངོས་པོ་ལ་ཞེན་པར་གནས་པ་དང་ངོ་བོ་ཉིད་བཟུང་ནས་གནས་པ་དེ་ལ་ནི་བློ་མཆོག་དང་ལྡན་པ་དག་ངོ་མཚར་དུ་འཛིན་པ་ཅུང་ཟད་ཀྱང་མེད་པ་ཡིན་ནོ།།
རྗེ་བཙུན་བློ་བཟང་གྲགས་པ་མཆོག་གིས་དྲང་ངེས་ལེགས་བཤད་སྙིང་པོ་ལས། iPad གློག་ཀླད་དཔར་མ།\༡༠༡\༦\ལས། དངོས་པོ་རྣམས་རྟག་པར་སྨྲ་བའི་ཕྱི་རོལ་པ་རྟེན་འབྲེལ་ཁས་མི་ལེན་པས་ཆོས་བདེན་པར་གྲུབ་པ་འདོད་པ་ནི། རང་གི་སྟོན་པའི་ལུགས་ཡིན་པས་མཚར་བའི་གནས་མིན་ལ། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཁས་བླངས་ནས་བདེན་པར་གྲུབ་པ་འདོད་པ་ནི་ཆེས་བཞད་གད་ཀྱི་གནས་སོ།། ཞེས་དང་། གང་ཟག་དང་ཆོས་བརྟེན་ནས་འབྱུང་བའི་རྟེན་འབྲེལ་མི་འདོད་པར་དེ་གཉིས་བདེན་པར་འདོད་པའི་གཞན་སྡེ་ནི་རྟག་ཆད་ཀྱི་ལྟ་བའི་གཡང་དུ་ལྟུང་ལ། ཞེས་དང་། དོན་དུ། སེལ་ཤུལ་རྗེ་བཙུན་བློ་བཟང་ཕུན་ཚོགས་མཆོག་གིས། \ཟབ་དོན་གསལ་བའི་སྒྲོན་མེད\ཤོག་གྲངས་༡༠༣\ལས། གཞན་སྡེ་རྣམས། དངོས་པོ་རྣམས་མཆོག་ཏུའམ་བདེན་པར་བཟུང་ནས་གནས་པ་ནི། ཁོ་རང་གི་སྟོན་པས་བསྟན་པའི་ལམ་དེ་ཉིད་ལ་གནས་པའམ་བརྟེན་པ་སྟེ། དེས་ན། དེ་ལ་ཡ་མཚན་ཏེ་ངོ་མཙར་ཆུང་ངུའམ་ཅུང་ཟད་ཀྱང་མེད་དོ།། ཞེས་གསུངས་སོ།། ད་དུང་གཞུང་མང་བས་རེ་ཞིག་དེ་ཙམ་མོ།།
གཞན་ཡང་སྐབས་འདིར་ངེས་པར་གོ་དགོས་པ་ཞིག་ལ། གཞན་སྡེ་ཞེས་པའི་་གཞན་ནི་རྒྱུ་འབྲས་ཀྱི་རྣམ་གཞག་མི་འདོད་པའི་རྒྱང་ཕན་ཁོ་ན་མིན་པས་རྟག་སྨྲ་ལ་འདོད་དགོས་ཏེ། གལ་ཏེ་ཡོད་པར་སྨྲ་བ་རྣམས།། ཞེས་གསུངས་པ་ལྟར་རོ།། འོ་ན་ཅིའི་ཕྱིར། གཞན་སྡེ་རྣམས་ཀྱིས་རྟེན་འབྲེལ་མི་ཁས་མི་ལེན་ནམ་ཞེ་ན། དེར་ཁ་ཅིག་གིས། ཆ་ཤས་དང་གདགས་གཞི་ལ་ལྟོས་པའི་རྟེན་འབྲེལ་ཁས་མི་ལེན་པའི་གནད་ཀྱིས་སོ།། ཞེས་ཟེར་ཡང་། འོ་ན། རང་སྡེ་བྱེ་མདོ་སེམས་གསུམ་གྱིས་ཀྱང་རྟེན་འབྲེལ་མི་འདོད་པར་ཐལ། ཆ་ཤས་དང་གདགས་གཞི་ལ་ལྟོས་པའི་རྟེན་འབྲེལ་མི་འདོད་པའི་ཕྱིར་ཏེ། རང་སྡེ་འོག་མ་གསུམ་གྱིས་རྟེན་འབྲེལ་ཡིན་ན་རྒྱུ་རྐྱེན་ལས་བྱུང་བས་ཁྱབ་པར་འདོད་པའི་ཕྱིར། གཞན་ཡང་གོང་གསལ་རང་སྡེ་འོག་མ་གསུམ་གྱིས་རྟེན་འབྲེལ་ལ་རྒྱུ་རྐྱེན་ཡིན་དགོས་པའི་ཤེས་བྱེད་ཀྱི་ཁུངས་གོང་དུ་དྲངས་ཟིན་པས་སོ།།
ཤིན་ཏུ་དཔྱད་དགོས་པ་ཞིག་ལ། མཁས་གྲུབ་ཐམས་ཅད་མཁྱེན་པས་སྟོང་ཐུན་སྐལ་བཟང་མིག་འབྱེད\ཤོགས་གྲངས\༡༧༩བ\ལས། རྟེན་འབྲེལ་གྱི་རྟེན་ཚིག་འདི་ཉིད་ཡང་ཕྱོགས་ཆོས་ནི་དངོས་པོ་རྣམས་རྒྱུ་མེད་དུ་སྐྱེ་བར་འདོད་པ་མ་གཏོགས་གཞན་རྣམས་ཀྱི་ངོར་གྲུབ་ཟིན་པའང་སྒྲུབ་མི་དགོས་ལ། ཞེས་གསུངས་པས་དངོས་པོ་རྣམས་རྒྱུ་མེད་དུ་སྐྱེ་བར་འདོད་པ་ནི་ཕྱི་རོལ་རྒྱང་ཕན་པ་ཡིན་མོད་ཀྱང་། རྒྱང་ཕན་སྤྱི་ལ་འཇོག་མི་རུང་པར་གསུངས་སོ།། འོ་ན་སྐབས་འདིར་གསུངས་པའི་རྒྱང་ཕན་གང་ཞེ་ན། བཤད་དུ་ཡོད་དེ། སྤྱི་རྒྱང་ཕན་པ་ལ་གཉིས་ཡོད་དེ། ངོ་བོ་ཉིད་ལས་སྐྱེ་བ་འདོད་པའི་རྒྱང་ཕན་པ་དང་། འབྱུང་བ་རྒྱུར་འདོད་པའི་རྒྱང་ཕན་པའོ།། དང་པོ་ནི། མངོན་སུམ་ལ་བསྙོན་པའི་རྒྱང་ཕན་པ་སྟེ། དུ་བ་རྒྱུ་མེད་དུ་འཛིན་པ་དང་། བུ་ལ་ཕ་མེད་དུ་མཛིན་པའི་ལོག་རྟོག་ཡོད་པ་ཚད་མ་སྡེ་བདུན་ལས་གསུངས་པ་བཞིན་ནོ།། གཉིས་པ་ནི། ཐར་པ་དང་ཐམས་ཅད་མཁྱེན་པ། སྐྱེ་བ་སྔ་ཕྱི་སོགས་རྒྱང་རིང་དུ་དོར་བའམ་ཁས་མི་ལེན་ནའང་སྤྱིར་རྒྱུ་འབྲས་ཀྱི་རྣམ་གཞག་རགས་པ་ཁས་ལེན་ཏེ། དུ་བར་རྒྱུ་ཡོད་པར་འདོད་དོ།། དེས་ན་སྐབས་འདིར་གསུང་པའི་རྒྱང་ཕན་ནི་སྔ་མ་སྟེ། བུ་ལ་ཕ་མེད་དུ་འཛིན་པས། རྟེན་འབྲེལ་གྱི་རྣམ་གཞག་སྨོས་ཅི་དགོས། ཞེས་རྒྱང་ཕན་པ་ལ་གཉིས་ཡོད་པ་རྣམ་འགྲེལ་ཊྰིཀ་ཆེན་རིགས་པའི་རྒྱ་མཚོ་དང་། རྗེ་སྨོན་ལམ་དཔལ་བའི་སྨོན་ཊྰིཀ་ལས་བྱུང་ངོ་།། དེས་ན་རང་གཞན་གྱི་སྡེ་པ་སུས་རྟེན་འབྲེལ་འདོད་ཅེ་ན། ནང་པ་འབའ་ཞིག་གིས་རྟེན་འབྲེལ་འདོད་པས། ཕྱི་རོལ་མུ་སྟེགས་པ་དང་། ཡེ་ཤུ་བ། ཁ་ཆེ་བ་སོགས་སུས་ཀྱང་རྟེན་འབྲེལ་མི་འདོད་པ་ཡིན་ནོ།། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས་གཞན་སྡེས་རྟེན་འབྲེལ་རྟོགས་པར་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྟོང་ཐུན་ལས་གཞན་སྡེས་རྟེན་འབྲེལ་རྟོགས་ཞེས་པ་དང་། གོང་དུ་ཞུ་ཟིན་པའི་ལེགས་བཤད་སྙིང་པོ་ལས་གཞན་སྡེས་རྟེན་འབྲེལ་ཁས་མིན་ལེན་ཞེས་པའི་རྟེན་འབྲེལ་གཉིས་མི་འདྲ་མོད། སྔ་མ་ནི་གཞན་སྡེ་དེ་དག་གིས་བདེན་པའི་རྒྱུ་མཚན་དུ་རྟེན་འབྲེལ་ཁས་མི་ལེན་པ་ཡིན་གྱི། ཕྱི་མ་ནི་ས་བོན་མྱུ་གུ་ལས་སྐྱེ་བའི་རྟེན་འབྲེལ་ཙམ་ཚད་མས་གྲུབ་པའི་རྒྱུ་མཚན་ཡིན་སྙམ་མོ།། གཞན་དུ་ན། མཁས་པའི་དབང་པོ་ཤག་སྐོག་ཉི་མ་རྒྱལ་མཚན་མཆོག་གིས་དྲིས་ལན་སྙིང་པོ་གསལ་བ\ཤོག་གྲངས་\༡༩༥\ལྷ་མོ་རྩེའི་པར་མ\ལས། དེ་ཡང་དངོས་པོ་རྟག་པར་སྨྲ་བའི་ཕྱི་རོལ་པས་ཞེས་པ་ནི། གཞན་སྡེ་རྣམས་རྟག་སྨྲ་དང་ཆད་གཉིས་སུ་བསྡུས་ནས་རྟེན་འབྲེལ་ཁས་མི་ལེན་པ་ནི་རྟག་སྨྲ་ཡིན་ལ། རྟག་སྨྲས་རྟེན་འབྲེལ་ཁས་མི་ལེན་པའི་ཚུལ་ནི། ཁོ་སོས་གཞུང་གོང་འོག་བསྒྲིགས་ཏེ་གོ་ཚུལ་ལྟར་ན། རང་སྡེ་འོག་མས་བདག་དང་ཕུང་སོགས་ཀྱི་ཆོས་རྟེན་འབྲེལ་ཡིན་པ་ཉིད་ཀྱིས་རང་གི་ངོ་བོས་གྲུབ་པར་འཇོག་པ་ལྟར། གཞན་སྡེ་དེ་དག་གིས་ཀྱང་བདེན་པའི་རྒྱུ་མཚན་དུ་རྟེན་འབྲེལ་ཁས་མི་ལེན་པ་ཡིན་གྱི། ས་བོན་ལས་མྱུ་གུ་སྐྱེ་བའི་རྟེན་འབྲེལ་ཙམ་ཚད་མས་མ་གྲུབ་ཅེས་མི་སྨྲ་བས་སྟོང་ཐུན་དང་འགལ་བ་མེད་དོ་སྙམ་ཡང་། ཞེས་གསུངས་སོ།། འདིར་རྟག་སྨྲ་དང་ཆད་སྨྲ་ཞེས་བྱུང་བས་དེར་སྤྲོ་ན། དང་པོ་རྟག་སྨྲ་ལ་ལོ་རྒྱུས་ཀྱི་ཁྲོད་དུ་རྟག་སྨྲའི་སྟོན་པ་གསུམ་དང་རྟག་སྨྲ་བཞི་ཞེས་བྱུང་བས། དང་པོ་རྟ་སྨྲའི་སྟོན་པ་གསུམ་ནི། དྲང་སྲོང་སེར་སྐྱ། དྲང་སྲོང་མཆོད་འོས། སྟོན་པ་ཆུ་ཀླུང་ངོ་།། གཉིས་པ་རྟག་སྨྲ་བཞི་ནི། ཕྱི་རོལ་གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། གཅེར་བུ་པ་བཅས་བཞིའོ།། གཉིས་པ་ཆད་སྨ་ནི། ཆད་སྨྲའི་ཕྱི་རོལ་པའི་སྟོན་པ་དྲུག་དང། ཆད་སྨྲ་བ་པོའོ།། དང་པོ་ནི། ལྷ་ཡི་བླ་མ་ཕུར་བུ་བ། དྲང་སྲོང་པ། འཇིག་རྟེན་མིག དྲང་སྲོང་འཇུག་སྟོབས། ལྤ་བ་ཅན། རྟ་མཆོག་གོ།། གཉིས་པ་ནི། ཕྱི་རོལ་རྒྱང་ཕན་པའོ། ཆད་སྨྲ་བ་ཞེས་པ་ནི་རྒྱང་ཕན་པའི་མིང་གི་རྣམ་གྲངས་ཤིག་ཡིན་ཏེ། ཤི་བའི་ཚེ་བདག་གི་རྒྱུན་ཆད་པར་སྨྲ་བས་ན་ཆད་སྨྲ་བ་ཞེས་ཟེར་རོ།།
བཞི་པ་དབུ་སེམས་སོ་སོས་རྟེན་འབྲེལ་ངོས་འཛིན་ཚུལ། དེ་ཡང་དབུ་མ་པ་ལ། རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ལས། དང་པོ་ནི་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཞེད་དེ། གོང་དུ་ཤེས་བྱེད་ཀྱི་ལུང་དྲངས་ཟིན་པ་ལྟར་ཡིན་ནོ།། སྐབས་འདིར་གསལ་བཤད་བྱས་ན། དབུ་མ་རང་རྒྱུད་པས་ཆོས་ཐམས་ཅད་རང་གི་ཆ་ཤས་སམ་ཡན་ལག་ལ་ལྟོས་ནས་གྲུབ་པས་ན་རྟེན་འབྲེལ་དུ་འཇོག་པས་གྲུབ་མཐའ་འོག་མ་གསུམ་གྱིས་འདོད་པའི་རྟེན་འབྲེལ་དང་མི་འདྲའོ།། དེ་ཡང་། སློབ་དཔོན་ཀྰ་མ་ལ་ཤིས་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། ཡོད་པར་ཁས་བླངས་མ་ཐག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་ལྷན་ཅིག་དེའི་བདག་ཉིད་ཀྱིས་འབྲེལ་པར་ངེས་པའི་ཕྱིར་མེད་ན་མི་འབྱུང་བ་ཡིན་ནོ།། ཞེས་ཆོས་གང་ཡིན་ཡོད་པར་ཁས་བླངས་ནས་རྟེན་འབྲེལ་དགོས་པས་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མ་འབྲེལ་པའི་ཆོས་མེད་པ་ཤིན་ཏུ་གསལ་པོ་གསུངས་སོ།།
སློབ་དཔོན་ཡེ་ཤེས་སྙིང་པོས་བདེན་གཉིས་རང་འགྲེལ་ལས། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་དེས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་པའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། ཞེས་བྱ་བ་དང་འདི་ལ་འགལ་བ་མེད་དེ། ཆོས་སྨོས་པའི་ཕྱིར་རོ།། ཞེས་གསུངས་སོ།། འགའ་ཞིག་གིས། རྟེན་འབྲེལ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་ལ་ཁྱད་པར་ཡོད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན་འབྱུང་བ་ཡིན་དགོས་པས། དེ་ཡིན་ན། འདུས་བྱས་ཡིན་དགོས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེས་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ\བསྟན་འགྱུར་དཔེར་སྡུར་མ\དབུ་མ། ཚ\༩༠༧\ལས། རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བ་ནི་གང་གི་ཕྱིར། ཁྱད་པར་བསྟན་ཀྱང་ཁྱད་པར་གཞིའི་མིང་མ་བསྟན་ན་དེ་མི་རྟོགས་པས་དེ་བསྟན་པ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ། ཁ་ཅིག་ན་རེ། རྟེན་ཅིང་ཞེས་བྱ་བའི་ཚིག་གི་ཕྲད་ནི་ཟློས་པའི་དོན་ཡིན་པའི་ཕྱིར་དདང་། འབྲེལ་པར་ཞེས་བྱ་བ་ནི་ཕྲད་པའི་དོན་ཡིན་པའི་ཕྱིར་དང། འབྱུང་བ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་དག་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བའོ་ཞེའོ།། གཞན་དག་ན་རེ། སོ་སོ་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེའོ།། གཞན་མ་ཡིན་པ་དེ་ཡང་མི་རུང་སྟེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།། ཞེས་གསུངས་པ་འདི་ལ་དོན་གཉི་ག་མེད་པའི་ཕྱིར་རོ།། འོ་ན་གང་ཡིན་ཞེ་ན། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ་ཞེས་ཟེར་རོ།། འདིར་ཁ་ཅིག་ན་རེ། གལ་ཏེ་འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་ཕྲད་ནས་ཕྱིས་འབྱུང་ན་ནི་དེའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་འགྱུར་བ་ཞིག་ན། འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་མི་འཕྲད་པ་དེ་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་མི་འགྲུབ་བོ།། གལ་ཏེ་རྟེན་ཅིང་འབྲེལ་པར་ཞེས་བྱ་བ་དང་། འབྱུང་ཞེས་བྱ་བ་གཉིས་དུས་གཅིག་དུས་གཅིག་ཏུ་ཁས་ལེན་པས་ཉེས་པ་མེད་དོ་ཞེ་ན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་བ་ལ་བྱ་བ་གཉིས་དུས་གཅིག་ཏུ་མེད་དེ། པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ།། ཞེས་རྟེན་འབྲེལ་དང་རྟེན་འབྱུང་ཁྱད་པར་ཕྱེ་སྟེ། ཆོས་ཐམས་ཅད་རྟེན་འབྲེལ་ཡིན་ཡང་རྟེན་འབྱུང་མིན་ཏེ། རྟེན་འབྱུང་ཡིན་ན་འདུས་བྱས་ཡིན་དགོས་པའི་ཕྱིར་ཏེ། འབྲེལ་པར་ཞེས་བྱ་བ་ནི་ཕྲད་པའི་དོན་ཡིན་པའི་ཕྱིར་ཞེས་པས་འབྲེལ་བ་ཆ་ཤས་དང་ཡན་ལག་ཕྲད་པའི་དོན་དུ་བྱས་བས། ཆོས་ཐམས་ཅད་དེར་འགྱུར་ཞིང་། འབྱུང་བ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་ཞེས་པས་རྟེན་འབྱུང་ལ་འདུས་བྱས་ཡིན་དགོས་པའི་ཕྱིར། གཞན་ཡང་རྟེན་འབྲེལ་གྱི་སྒྲ་བཤད་༡༧ལས། སློབ་དཔོན་དབྱིག་གཉེན་གྱིས་[འགྲེལ་བཤད་དུ་འདིའི་ཁ་ཅིག་ཅེས་པའང་དབུ་མ་པ་ཁ་ཅིག་ཡིན་པར་བཤད་ཀྱང་། དབྱིག་གཉེན་དང་བཞེད་པ་མཐུན། ]སོ་སོ་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནོ་གསུངས། ཞེས་དང་། སློབ་དཔོན་ལེགས་ལྡན་གྱི་རྟོག་གེ་འབར་བ་ལས་ཀྱང་། ཀུན་རྫོབ་ལ་བརྟེན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཅི་ལྟ་བུ་ཞེ། མ་བརྟགས་ན་གྲགས་པ་ཡོད་པ་དང་མེད་པ་སོགས་པ་བརྟགས་ན་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བའི་མཚན་ཉིད་དེ། ཞེས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཐ་དད་པ་འདུས་པ་ལས་འབྲས་བུ་འབྱུང་བ་དང་། འཇིག་པ་དུས་ན་བར་དུ་མ་ཆོད་པར་འབྱུང་བའོ།། ཞེས་རང་རྒྱུད་པའི་རང་གཞུང་ལས་རྟེན་འབྲེལ་ལ་རྒྱུ་རྐྱེན་ཡིན་དགོས་པ་ཚིག་གིས་ཤིན་ཏུ་གསལ་བས་སོ།།ཤེས་རབ་སྒྲོན་མེ་ལས་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ།། ཞེས་གསུངས་མོད་ཀྱང་། དབུ་མ་རང་རྒྱུད་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་པ་དང་། རྟེན་འབྲེལ་ལའང་ཆ་ཤས་དང་ཡན་ལག་ལ་ལྟོས་ནས་གྲུབ་པ་མཁས་པའི་མགྲིན་ཏུ་གཅིག་ཏུ་གྲགས་ཏེ། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས་ཕར་ཕྱིན་མཐའ་དཔྱོད\སྨད་ཆའི་ཤོག་གྲངས༡༥༠ལས། སེམས་ཙམ་པས་རྟེན་འབྲེལ་གྱི་སྒྲ་དོག་པའི་དབང་དུ་བྱས་ནས། རང་གི་རྒྱུ་རྐྱེན་ལས་སྐྱེས་པ་རྟེན་འབྲེལ་གྱི་མཚན་ཉིད་དུ་བྱེད། དབུ་མ་པས་སྒྲ་ཡངས་པའི་དབང་དུ་བྱས་ནས། ལྟོས་ནས་གྲུབ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད། ཅེས་ལུགས་འདིར་རྟེན་འབྲེལ་ལ་འདུས་བྱས་མི་དགོས་དང་རྟེན་འབྲེལ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་ལ་ཁྱད་པར་མེད་པར་འདོད་དེ། ཡང་དེ་ཉིད་ལས། གཞི་གྲུབ་ན་རྟེན་ཅིང་འབྲེལ་བར་འབྱུང་ཡིན་དགོས་པར་རྩ་ཤེས་ལས་གསུངས་པའི་ཕྱིར། ཁ་ཅིག་འདུས་མ་བྱས་ཀྱི་རྟེན་འབྲེལ་ཡོད་ཀྱང་། འདུས་མ་བྱས་ཀྱི་རྟེན་ཅིང་འབྲེལ་བ་འབྱུང་བ་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ན་འདུས་བྱས་ཡིན་དགོས་པའི་ཕྱིར། དེ་ཡིན་ན། འབྱུང་བ་ཡིན་དགོས་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སྐབས་འདིའི་འབྱུང་བ་དང་གྲུབ་པ་སྐད་དོད་ཐུན་མོང་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། རྟེན་འབྲེལ་གྱི་དོན་ཡོད་དེ། དེ་དང་དེ་ལ་བརྟེན་ཅིང་ཕྲད་ནས་འབྱུང་བ་ཞེས་པ་དེ་ཡིན་པའི་ཕྱིར་གསུངས་སོ།།
ལྔ་པ་ནི། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་སྐོར་ཅུང་ཟད་གླེང་པར། རྟེན་འབྲེལ་གྱི་རིགས་པ་འདི་ཉིད་རིགས་པའི་རྒྱལ་པོར་འགྱུར་ཚུལ།
དང་པོ་ལ། མཁས་པའི་གསུང་རྒྱུན་དང་རྨོངས་བློར་འཆར་ཚུལ། དང་པོ་ནི། དེ་ཡང་མཁས་པའི་དབང་པོ་དག་གི་གསུང་རྒྱུན་ལ། ལེགས་བཤད་སྙིང་པོ་ཆུང་བ་ལས།
ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ།།
སྨན་པའི་སླད་དུ་བཀའ་བསྩལ་པ།།
བསྟན་པའི་སྙིང་པོ་སྟོང་པ་ཉིད།།
ངེས་པའི་རྒྱུ་མཚན་ཟླ་མེད་པ།།
རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ།།
འགལ་བ་དང་ནི་མ་གྲུབ་པར།།
མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས།།
ཇི་ལྟར་ཁོང་དུ་ཆུད་པར་ནུས།།
ཞེས་གསུངས་པ་ལྟར་རང་བཞིན་གྱིས་གྲུབ་པ་བཀག་པའི་སྟོང་པ་ཉིད་ངེས་པའི་རྒྱུ་མཚན་ནམ་གཏན་ཚིགས་ཀུན་ལས་རྒྱལ་པོ་ལྟ་བུ་བསྔགས་པའི་རྟེན་འབྲེལ་གྱི་རིགས་པ་འདི་ཉིད་ལ་སྒྲུབ་བྱེད་གཞན་གྱིས་འགྲན་པའི་ཟླ་མེད་པ་དང་། རང་སྡེ་བྱེ་མདོ་སེམས་གསུམ་རང་རྒྱུད་པ་དང་བཅས་པས་རང་བཞིན་མེད་པར་སྒྲུབ་བྱེད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དེ་ཉིད་རང་བཞིན་མེད་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་དང་། གཞན་སྡེ་ཀུན་གྱིས་ཆོས་གང་ཡང་རྟེན་འབྲེལ་མི་འདོད་པས་མ་གྲུབ་པའི་རྟགས་སུ་འདོད་དོ།། དེ་བཞིན་རང་སྡེས། བྱེ་མདོ་སེམས་གསུམ་གྱིས་བདེན་པར་གྲུབ་པའི་སྒྲུབ་བྱེད་རྟེན་འབྲེལ་ལ་གཏུགས་པ་དང་། དབུ་མ་ཐལ་རང་གཉིས་ཀྱིས་བདེན་པར་མེད་པའི་སྒྲུབ་བྱེད་རྟེན་འབྲེལ་ལ་གཏུགས་དགོས་སོ།། དེས་ན་གྲུབ་མཐའ་གོང་འོག་གཉིས་ཀྱང་བདེན་པར་གྲུབ་མིན་གྲུབ་པའི་སྒྲུབ་བྱེད་རྟེན་འབྲེལ་ལ་རག་ལས་པས་ན་རིགས་པའི་རྒྱལ་པོར་འགྱུར་བའི་ཕྱིར་ཏེ། དཔེར་ན་རྒྱལ་པོ་གཅིག་གི་སྲིད་འོག་ཏུ་ཚུད་པའི་ཡུལ་གཉིས་ཀྱིས་མི་མཐུན་པའི་དོན་ཞིག་ལ་རྩོད་པའི་ཚེ། ཡུལ་གཞན་གྱིས་མཐུན་པའི་ཕྱོགས་དེ་ཉིད་སྒྲུབ་པའི་རྒྱབ་རྟེན་རྒྱལ་པོ་ལ་ཁུངས་གཏུགས་ཤིང་། དེ་ལས་གཞན་པས་ཀྱང་ལྡོག་ཕྱོགས་སུ་སྒྲུབ་པར་ཡང་རྒྱལ་པོ་ཉིད་ལ་གཏུགས་དགོས་པས། ཕྱོགས་གཉིས་ཀའི་འགལ་བ་ལྟག་སྤྲོད་དུ་གྱུར་པའི་མི་མཐུན་པའི་དོན་དེ་ཉིད་ཡུལ་གྱི་རྒྱལ་པོ་ལ་གཏུགས་ནས་གཏན་འབེབས་མཛད་དགོས་པ་བཞིན་ཡིན་པར་གསུངས། མདོར་ན། བྱེ་མདོ་སེམས་གསུམ་དང་དབུ་མ་ཐལ་རང་གཉིས་ཀྱིས་བདེན་པར་གྲུབ་མ་གྲུབ་ཀྱི་གནད་ཀྱང་རྟེན་འབྲེལ་ལ་ཐུག་དགོས་པས་ན་རིགས་པའི་རྒྱལ་པོའོ།། ཡང་མཁས་པའི་དབང་པོ་གཞན་དག་གིས་རྟེན་འབྲེལ་གྱི་གཏན་ཚིགས་འདི་ལ་མཐའ་གཉིས་ཅིག་ཅར་སེལ་པའི་ནུས་པ་ལྡན་པའི་ཆ་ནས་རིགས་པའི་རྒྱལ་པོ་འཇོག་པ་ཡིན་ནོ།།ཞེས་གསུངས་ཡང་། རྟེན་འབྲེལ་གྱི་ཊྰིཀྐ་ཁྱད་འཕགས་ལྟ་བའི་ཡང་སྙིང་ལས། རྗེ་རིན་པོ་ཆེའི་ལམ་རིམ་འབྲིང་པོ་ལས། གཏན་ཚིགས་ཀྱི་ངེས་པས་ནི་ཆད་ལྟ་དང་། དམ་བཅས་པའི་དོན་ངེས་པས་ནི་རྟག་ལྟ་རྩ་བ་ནས་སུན་འབྱིན་པའི་ཕྱིར་རོ།། ཞེས་གསུངས་པ་འདི་ཙམ་ལས་རྟནེ་འབྲེལ་གྱི་རིགས་པས་མཐའ་གཉིས་ཅིག་ཅར་དུ་སེལ་ཞེས་པའི་གསུང་ཚིག་རྗེ་བླ་མ་ཡབ་སྲས་ཀྱི་གཞུང་ན་མེད་པར་ཨ་ལག་ཤ་ངག་དབང་བསྟན་དར་དང་། རྗེ་ལས་རིམ་པ་སོགས་མཁས་པ་དུ་མས་བཞེད་པ་ནི་དོན་ལ་གནས་ཤིང་། གཞུང་འདིས་ཁུངས་མི་ཐུབ་ཏེ་གཏན་ཚིགས་ངེས་པ་དང་དམ་བཅའི་དོན་རྟོགས་པ་ལ་གོ་རིམ་ངེས་དགོས་པས་སོ།། ཞེས་གསུངས་སོ།།
གཉིས་པ་ནི། དེ་ཡང་། སྤེལ་མར་བསྟོད་པ་ལས།
རྟེན་ཞེས་ཆོས་ཉིད་མི་འདོར་ལ།།
འབྱུང་ཞེས་འཇིག་རྟེན་ཚུལ་དང་མཐུན།།
རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན།།
རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ།།
ཞེས་དང་སྤེལ་མར་བསྟོད་པའི་བཀའ་ཁྲིད་ཟིན་བྲིས་ལས། རྟེན་འབྱུང་ཞེས་པའི་ཚིག་འདི་ལ་བོད་སྐད་ནང་ཚིག་གཅིག་གིས་མཐའ་གཉིས་སེལ་ཚུལ་གསུངས་ཡོད།
རྟེན་ཞེས་ཆོས་ཉིད་མི་འདོར་ལ། །
ཞེས་པའི་རྟེན་ཞེས་པ་ནི་གཞན་ལ་ལྟོས་པའི་དོན་ཡིན་པ་དང་། གཞན་ལ་ལྟོས་པ་ཡིན་པས་གཞན་ལ་གཞན་ལ་རག་ལས་པ་དང་། དེ་ཡིན་པས་གཞན་ལ་རག་མ་ལས་པའི་རང་དབང་བ་དེ་མེད་པ་ཡིན་དགོས་ཏེ། གཞན་ལ་རག་ལས་མ་ལས་དངོས་འགལ་ཡིན་པའི་ཕྱིར། གཞན་ལ་རག་ལས་པ་དེ་གོ་ན་ལྟོས་པ་དང་རྟེན་ཞེས་རང་དབང་དུ་གྲུབ་པས་སྟོང་པའི་ཆོས་ཉིད་གོ་ཡོང་བ་ཡིན། འབྱུང་ཞེས་འཇིག་རྟེན་ཚུལ་དང་མཐུན།།
ཞེས་པའི་འབྱུང་ཞེས་པ་ནི། ཡོད་པའམ་གྲུབ་པ་ལ་གོས་བས། མེད་པ་མ་ཡིན་པར་བྱ་བྱེད་ཕན་གནོད་འབྲེལ་མཁན་ཞིག་གོ་བ་ཡིན། དེ་འདྲ་ཡིན་དུས་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་སོགས་པ་རིགས་ཚུལ་མང་པོ་ཡོད་པའི་ནང་ནས་རྒྱལ་པོ་ལྟ་བུ་རིགས་པ་གཞན་ཐམས་ཅད་ཀྱི་རྩ་བརྟེན་ས་ནི་རྟེན་འབྱུང་གི་གཏན་ཚིགས་འདི་ཡིན། ཞེས་གསུངས་པ་བཞིན་རྟེན་འབྲེལ་གྱི་གཏན་ཚིགས་འདི་ཉིད་སྟོང་ཉིད་སྒྲུབ་པའི་རིགས་པ་ཀུན་གྱི་རྩ་བ་བརྟེན་ས་ནི་རྟེན་འབྱུང་ཡིན་པས་ན་རིགས་པའི་རྒྱལ་པོའོ།།
གཞན་ཡང་ཤིན་ཏུ་ནས་ཀྱང་དཔྱད་དགོས་པ་ཞིག་ལ། རྒྱལ་བའི་བསྟོད་འགྲེལ་ལས་རྟེན་འབྲེལ་རྟོགས་པའི་བློ་དེ་ཉིད་སྟོང་ཉིད་རྟོགས་དགོས་པ་འདྲ་གསུངས་ཀྱང་། རྟེན་འབྲེལ་ནི་སྒྲུབ་པ་ཡིན་ལ། སྟོང་ཉིད་ནི་དགག་པ་ཡིན་པས། ལུང་དེར་ངེས་པར་དཔྱད་དགོས་པར་སྣང་ངོ་།།
འདི་ལས་དགེ་བ་ཅུང་ཟད་ཙམ་མཆིས་པ་དེའང་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་ཏུ་སྡུག་བསྔལ་གྱི་རྒྱལ་མཚོ་ལས་ཐར་པར་ཤོག
རྩོམ་པ་པོ་འཁོར་སྤོང་ཨཱ་དེ་ཏྱས་༢༠༢༣ ༡ ༢༧བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2190
དཔྱད་མཆན་སྤེལ།