གླེང་གཞི།
སྤྱིར་རྩོམ་རིག་ནི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གཉིས་ནས་གྲུབ་པ་གང་ཞིག དོན་སྙིང་ལྡན་པའི་བརྗོད་བྱ་གང་ཞིག་ཚིག་གི་སྦྱོར་བ་ཁྱད་དུ་འཕགས་པར་བརྟེན་ནས་སྣང་བརྙན་བཞིན་མཚོན་པར་བྱེད་པ་ནི་རིག་ཚན་གང་དེའི་བླང་བྱ་ཡིན་པས་དོན་སྐྱོན་དང་ཚིག་སྐྱོན་གང་ལྡན་ཡང་བརྩམས་ཆོས་ཚད་ལྡན་ཞིག་ཏུ་མི་བརྩི་བ་ནི་ཀུན་གྱིས་མཁྱེན་གསལ་ཡིན།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་སིལ་བུ་ནས་བཟུང་སྐབས་ཤིག་རིང་དོན་ལས་ཚིག་གཙིགས་ཆེར་འཛིན་པའི་སྣང་ཚུལ་བྱུང་ཡོད་ཅིང་། ཐ་ན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་རྩོམ་པ་བཟང་ངན་ནི་ཚིག་སྦྱོར་བཟང་ངན་ཁོ་ནའི་རྗེས་སུ་འགྲོ་ལྡོག་གིས་ཚིག་གི་རྩལ་ཐོན་ན་བརྩམས་ཆོས་ལེགས་པོ་དང་མི་ཐོན་ན་མི་ལེགས་པ་ཚད་དུ་བཟུང་ནས་ཚིག་གི་སྦྱོར་བ་ཙམ་དོན་དུ་གཉེར་བའི་ཚིག་རྩལ་ངོམ་ཆེད་ཀྱི་བརྩམས་ཆོས་མི་ཉུང་ཙམ་ཐོན་ཡོད། ལྷག་པར་དུ་སྙན་ངག་ལ་ཚིག་རྒྱན་གཙོ་བཟུང་གིས་སྙན་ངག་ལེགས་ཉེས་ཀྱི་ཚད་འཛིན་ས་གཙོ་བོ་ཚིག་སྦྱོར་མཛེས་མི་མཛེས་སམ་སྙན་མི་སྙན་ལ་བྱེད་ཀྱིན་ཡོད། དེར་བརྟེན་བོད་མཁས་པ་དང་རྒྱལ་དབང་ལྔ་པ་གཉིས་དཔེ་མཚོན་དུ་གྱུར་པའི་སྙན་ངག་ལ་སྲོག་ལྡན་མིན་གྱི་རྩོད་པ་དེ་ཡང་རྩོམ་རིག་ལ་ངོས་འཛིན་གྱི་གནད་དོན་དེ་འདྲ་ལ་བརྟེན་ནས་བྱུང་བ་དང་། དབྱངས་ཅན་གྲུབ་པའི་རྡོར་རྗེས“ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ”༡ཞེས་གསུངས་པ་ཡང་ཚིག་གཙོ་བཟུང་གི་སྣང་ཚུལ་དེ་ལ་དམིགས་ནས་ཟུར་ཟའི་ཚུལ་དུ་བརྗོད་པ་སྨོས་མི་དགོས།
བོད་ཀྱི་དེང་རབས་རྩོམ་རིག་གི་སྐབས་ཏེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་དོན་གྱིས་སྟོང་པའམ་རྩོམ་རིག་ཁོག་སྟོང་གིས་མི་ཕན་པའི་གལ་ཆེའི་གནད་དེ་གསལ་པོར་མཐོང་ནས་དོན་ལ་མཐོང་ཆེན་གྱིས་ནང་དོན་ནི་རྩོམ་རིག་གཞི་གྲུབ་པའི་རྩ་བའི་རྒྱུ་རྐྱེན་དུ་ངོས་འཛིན་གྱིས་རྩོམ་རིག་གསར་རྩོམ་གྱི་ལག་ལེན་སྐབས་ཕྱོགས་ཡོངས་ནས་ནང་དོན་འགངས་ཆེན་དུ་འཛིན་ཡོད། དེ་ལྟར་དུས་ཡུན་གང་ཙམ་སོང་རྗེས་དེང་གི་དུས་སླར་ཡང་ཚིག་སྦྱོར་ལ་སྣང་ཆུང་ཤོར་ནས་ཚིག་སྐྱོན་མང་བའི་བརྩམས་ཆོས་གང་སར་མཐོང་རྒྱུ་ཡོད་ཅིང་། ཐ་ན་རྩོམ་པ་པོ་འགའ་ཞིག་གིས་ཚིག་ལ་ཇི་མི་སྙམ་པར་གསར་རྩོམ་ལ་འཇུག་བཞིན་ཡོད་པ་དང་། ཚིག་སྐྱོན་ལ་སུན་འབྱིན་མཁན་དེ་ཙམ་མང་པོ་མེད་དུས་དེ་བས་རང་མགོ་མཐོན་པོས་གང་འདོད་བཞིན་ཚིག་གི་གད་སྙིགས་བཟོ་བཞིན་ཡོད། བོད་ཀྱི་དེང་རབས་རྩོམ་རིག་དེ་དམངས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་མཁན་ཞིག་དང་། མི་རིགས་ཀྱི་འཚོ་གནས་དང་། ལས་དབང་། མདུན་ལམ་ལ་དོན་ངོ་མའི་བསམ་ཤེས་བྱེད་མཁན་ཞིག ཀློག་པ་པོར་ཡིད་སེམས་གཏིང་ནས་སྤྲོ་སྣང་འཕེལ་ཐུབ་མཁན་ཞིག་ཡོང་བར་བྱེད་དགོས་པ་དང་། སྐད་ཀྱི་སྒྱུ་རྩལ་དུ་གྱུར་པའི་རིག་ཚན་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་འཕེལ་རྒྱས་གཏོང་དགོས་ན། མ་མཐར་ཡང་དོན་སྐྱོན་དང་ཚིག་སྐྱོན་གཉིས་ཀར་ཡིད་གཟབ་བྱ་དགོས་ཤིང་། སྔར་གྱི་དོན་ལ་སྣང་ཆུང་གི་ཞན་ཆ་དེ་མཐོང་དགོས་ལ་དེང་གི་ཚིག་ལ་སྣང་ཆུང་གི་ཞན་ཆ་དེ་ཡང་མཐོང་ཐུབ་པ་བྱ་དགོས་པ་སྨྲོས་མི་དགོས། རྩོམ་རིག་གི་དོན་དེ་བདུད་རྩིར་ཆ་བཞག་ན་ཚིག་ནི་གསེར་གྱི་བུམ་པ་ལྟ་བུ་ཞིག་ཏུ་འཛིན་དགོས་ཤིང་བདུད་རྩི་ཆབ་ཏོག་ནང་བླུག་ན་མི་འགྲིག་ལ་གསེར་བུམ་དུ་དྲི་ཆུ་བླུག་ན་ཡང་མི་འགྲིག་པས། བདུད་རྩི་གསེར་བུམ་དུ་བླུག་ན་ཡོན་ཏན་གྱིས་རྫོགས་པ་ཡིན་ཕྱིར། རྩོམ་རིག་ལ་ཅི་ནས་ཀྱང་དོན་དང་ཚིག་གཉིས་གཅིག་གྱུར་ཡོང་བ་བྱ་དགོས། དེས་ན་དོན་ལ་གནད་མིན་ཇི་ལྟར་ཡང་ད་ཐེངས་ཁོ་བོས་བོད་ཀྱི་དེང་རབས་རྩོམ་རིག་གི་ཚིག་སྐྱོན་གླེང་བའི་དགོས་པ་ཡོད་པར་སེམས།
དང་པོ། ཚིག་སྦྱོར་ནི་རྩོམ་རིག་གི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན།
བོད་ཀྱི་རྩོམ་རིག་གི་ཚིག་སྐྱོན་རྗོད་སྐབས་རྩོམ་རིག་ལ་ཚིག་སྦྱོར་གལ་ཆེ་ལུགས་བརྗོད་པ་ཡང་དོན་སྙིང་ཆེན་པོ་ལྡན་པས་གནད་འདིར་དེའི་སྐོར་ཅུང་ཟད་བརྗོད་ན། རྩོམ་རིག་ནི་སྐད་བརྡའི་སྒྱུ་རྩལ་ཡིན་ཞེས་སྔར་ནས་ད་བར་རླུང་ལྟར་གྲགས་པ་དང་། ཀོར་ཅིས་ཚིག་སྦྱོར་ནི་རྩོམ་རིག་གི་གྲུབ་ཆ་ཨང་དང་པོ་དེ་ཡིན་ཞེས་ནན་གྱིས་གསུངས་ཡོད་ཅིང་། བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དེ་ལྟར་གཙིགས་ཆེར་འཛིན་ཡོད་དེ། རྗེ་རིན་པོ་ཆེས“རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང”ཞེས་རིན་ཆེན་རྣམ་གསུམ་གྱི་ཡ་གྱལ་དུ་གསུངས་ཡོད་པ་དང་། ས་སྐྱ་པཎྜི་ཏས། “སྙན་ངག་ནི་སྒྲ་གཙོ་བོ་ཡིན་པས་ཐམས་ཅད་སྐྱོན་མེད་པར་སྦྱར་བར་བྱའོ”༢ཞེས་སྙན་ངག་ལ་སྒྲ་གཙོ་བོ་ཡིན་པར་གསུངས་ཡོད་པ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས“བསྟན་བཅོས་གང་དང་གང་གི་བརྗོད་བྱའི་དོན་ཤིན་ཏུ་ཟབ་ཀྱང་། རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་མ་བྱུང་ན། བརྗོད་བྱའི་དོན་ཉམས་ཤིང་། འབྲེལ་མི་ཆགས་པ་དང་། རང་ཚིག་སྔ་ཕྱིའི་གོ་རིམ་འཆོལ་བ་ལ་སོགས་པའི་སྐྱོན་དང་ལྡན་པར་མ་ཟད། རྗོད་བྱེད་ཀྱི་ངག་མི་མཛེས་ཤིང་། རྣ་བའི་ལམ་དུའང་མི་སྙན་པས་མཁས་པ་དག་གི་བཞད་གད་ཀྱི་ཡུལ་དུ་འགྱུར་རོ”ཞེས་བརྗོད་བྱ་ཟབ་ཀྱང་ཚིག་སྦྱོར་མི་མཛེས་ན་མི་རུང་བར་གསུངས་ཡོད་པ། དོར་ཞི་གདོང་དྲུག་སྙེམས་བློས“ལྷག་པར་དུ་རྩོམ་ལ་ཚིག་སྔ་ཕྱི་འབྲེལ་ཆགས་པ། དོན་དང་མི་འབྲེལ་བའི་ཚིག་ཉོག་མེད་པ། དོན་ལ་འབྱོར་ཞིང་ངེས་པ་སྟེར་ཚབས་ཆེ་བ། ཚིག་གོ་བདེ་ཁ་གསལ་དགོས”༣ཞེས་རྩོམ་ལ་དོན་གལ་ཆེ་བ་ཙམ་མ་ཟད་ཚིག་གི་སྦྱོར་བ་ཡང་གལ་ཆེ་བར་གསུངས་ཡོད་པ། ལྷག་པར་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྩོམ་རིག་གི་ཚིག་སྦྱོར་ཐད་གཞན་གང་ལས་དོ་སྣང་ཆེན་པོས་རང་གི་གསར་རྩོམ་དངོས་ཀྱི་སྐབས་གཙིགས་ཆེར་བཟུང་ནས་རང་རང་གི་ཁྱད་ཆོས་ལྡན་པ་དང་། གཞུང་ལུགས་ཀྱི་ཕྱོགས་ནས་ཀྱང་། “བོད་ཀྱི་རྒད་པོ་རྣམས་ཀྱིས་ཕ་མེས་ལུགས་ཀྱི་ཚིག་སྦྱོར་དུ་བྲིས་པ་ནི་མང་དུ་སྣང་བ་ངོ་མཚར་ཆེ་སྟེ། དཔེར་ན་མདོས་ཆོག་སོགས་ན། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །སྨུག་པོ་མཆོང་གི་ཕོ་བྲང་ན། །སོགས་དང་། དགུང་སྔོན་ཡི་ནི་བདུན་རིམ་ནས། ལྷ་ཡུལ་ཡི་ནི་གོང་མ་ནས། །སོགས་དང་། བོན་གྱི་ཁྱུང་ལྡིང་གི་རྒྱུད་མ་བྱ་བ་ལས། རྒྱལ་པོ་དེ་ཡི་གདུང་འཛིན་དུ། །དམུ་རྒྱལ་དེ་ཡི་གདུང་འཛིན་དུ། དམུ་རྒྱལ་ཐོད་ཀར་གདུང་འཛིན་དུ། །རྒྱལ་བོན་དུང་ཐོད་བྱ་བ་བཞག སོགས་བྱུང་བ་བཞིན་ལ་ད་དུང་ཡང་མདོ་སྨད་སོགས་སུ་གྲོང་པའི་གླུ་རྣམས་ཀྱི་ཚིག་སྦྱོར་འདི་འདྲ་ཤིན་ཏུ་མང་། དེས་ན་བོད་སྐད་རང་གི་གཤིས་ལ་ཡོད་པ་ཡིན། འོན་ཀྱང་ཚིག་སྦྱོར་འདི་རིགས་ལ་མཁས་པ་རྣམས་ཀྱིས་ཅིག་ཅར་རིས་སུ་བོར་ཏེ་བཞད་གད་ཀྱི་ཡུལ་དུ་བྱས་པས་ད་ལྟ་རལ་ཞིང་རུལ་ཏེ་བྱ་བ་བྱེད་མི་ནུས་སུ་སོང་། ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ། །རྒྱལ་པོ་དེ་ནི་ཟས་གཙང་ལགས། །སྐྱེས་པའི་ཡུམ་ལ་མཚན་གསོལ་བ། །སྒྱུ་མ་དེ་ནི་ལྷ་མཛེས་ལགས། །སོགས་བྲིས་ན་ཐམས་ཅད་བཞད་གད་དུ་འགྱུར་བ་ལས་མི་འོངས། དེ་བཞིན་འདར་ར་ར་དུ་རུ་རུ་ལྷབས་སེ་ལྷབ་སོགས་བོད་སྐད་རང་བྱུང་གི་ཟུང་ལྡན་རྣམས་ཡིན་མོད། གཏོར་བཟློག་དང་སྔགས་ཆོག་སོགས་ཀྱི་ནང་དུ་ཚུད་ཙམ་ལས། སྙན་དངགས་སུ་གྲགས་པའི་ནང་དུ་ནི་སུས་ཀྱང་མི་འཇུག་པར་སྣང་། དེ་མིན་རང་རེ་རྣམས་ཀྱི་ད་ལྟའི་རྩོམ་ལུགས་འདི་ནི་རྒྱ་སྐད་བོད་དུ་བསྒྱུར་བ་རྣམས་ཀྱི་དབྱིབས་ཁོ་ནར་བྲིས་པ་ཡིན་ལ། དེ་རྣ་བར་འཇགས་འཇགས་ནས་གོ་བདེ་བར་སོང་བ་ཡིན་གྱི། བོད་སྐད་རང་དབང་བའི་སྒྲིག་ཚུལ་ནི་མིན་པར་ངེས་མོད། སུ་ཞིག་གི་རྣ་བར་འགྲོ། ཚིག་གསལ་ཆེ་བར་བྲིས་ཚེ་ཀུན་གྱིས་གྲོང་ཚིག་ཅེས་སྨྲ་ཡིན་གདའ་སྟེ། གྲོང་ཚིག་ལ་ངོ་ཚའི་ཚིག་རྗེན་པར་སོང་བ་ཞིག་དགོས་ཀྱི་ཚིག་རྗེན་པ་ཐམས་ཅད་དེར་ག་ལ་འགྱུར”༤ཞེས། རང་རེ་རྣམས་ཀྱིས་རྒྱ་གར་གྱི་ཚིག་སྦྱོར་ལ་སློབ་སྦྱོང་བྱེད་རིང་ཕ་མེས་ལུགས་ཀྱི་ཚིག་སྦྱོར་དང་བོད་སྐད་རང་གི་གཤིས་ལ་ལྷོད་གཡེང་ཤོར་བར་སུན་འབྱིན་ཡོད།
དེ་བཞིན་སྔར་བོད་དུ་ས་པཎ་གྱིས་མཚོན་པའི་རྩོམ་གཤིས་ཁ་གསལ་ཞིང་གོ་བདེ་བའི་ལུགས་ཤིག་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཚོན་པའི་རྩོམ་གཤིས་ཁ་དམ་ཞིང་གོ་དཀའ་བའི་ལུགས་ཤིག་ཅེས་རྩོམ་གཤིས་གཉིས་སུ་དབྱེ་བའི་སྐབས་སུ་ཡང་ཚིག་སྦྱོར་དེ་ཚད་འཛིན་ས་གཙོ་བོར་བྱས་པ་བཅས་ལས་ཚིག་སྦྱོར་ནི་རྩོམ་རིག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་གསལ་བཤད་ནན་པོ་བྱས་ཡོད་པ་མཚོན་ཐུབ།
གཉིས་པ། བོད་ཀྱི་དེང་རྩོམ་གྱི་ཚིག་སྐྱོན་དངོས་བཤད་པ།
བོད་ཀྱི་རྩོམ་རིག་གི་ཚིག་སྦྱོར་ནི་བོད་ཀྱི་སྤྱི་སྐད་མུ་མཐུད་སྐྱོན་མེད་ཀྱི་ཐོག་འཛུགས་སྐྲུན་བྱེད་པའི་གལ་ཆེའི་མཐུན་རྐྱེན་ཞིག་ཡིན་ཞིང་། རྩོམ་རིག་གི་ཚིག་སྦྱོར་ཉམས་སོང་ན་བོད་ཀྱི་སྐད་ཀྱང་ཉམས་ངེས་ཡིན་པ་སྨྲོས་མི་དགོས། ཕྱོགས་དེའི་ཉེན་ཚབས་ཀྱི་ངོས་ནས་བརྗོད་ཀྱང་རྩོམ་རིག་གི་ཚིག་སྐྱོན་ལ་དོ་སྣང་བྱ་དགོས་པ་ནི་སྨྲོས་མི་དགོས། བོད་ཀྱི་དེང་རྩོམ་གྱི་ཚིག་སྐྱོན་སྐོར་དོན་གྱི་ངེས་པ་འདྲེན་ནུས་པ་ཞིག་དང་། རྣག་ཐོག་གཙག་འཁེལ་ཞིག་ཁོ་བོས་བརྗོད་པར་མི་ནུས་ཀྱང་རང་གི་ལྟ་ཚུལ་ཙམ་གླེང་ན་གཤམ་གསལ་ཁག་ཡོད་པར་སེམས།
གཅིག ཡུལ་སྐད་དང་ཁ་སྐད་ཐལ་དྲགས་པ།
དེ་ཡང་མཁས་དབང་དགེ་ཆོས་ཀྱིས། “དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས”༥ཞེས་གསུངས་པ་བཞིན། བོད་ཀྱི་སྤྱི་སྐད་ནི་རང་རེ་ལ་བཀའ་དྲིན་ཤིན་ཏུ་ནས་ཆེ་བའི་སྔར་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཁོང་རྣམས་ཀྱིས་དཀའ་བ་དུ་མ་སྤྱད་པའི་འབྲས་བུ་གསེར་གྱི་ཉིང་ཁུ་ལྟ་བུ་ཡིན་པས་དེ་ཉམས་ན་མི་རིགས་དང་མི་རིགས་ཀྱི་སྐད་དང་རིག་གནས་བསམ་སྦྱོར་ཐམས་ཅད་རྩ་འཐོར་དུ་འགྲོ་བའི་ཉེན་ཚབས་ཆེ་བས། མཁས་དབང་གང་གི་གདམས་པ་བཞིན་བག་ཟོན་བྱ་དགོས་པ་ནི་ངེད་ཕྱི་རབས་པའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན། དེང་བོད་ཀྱི་ཡིག་རྩོམ་སྤྱི་དང་སྐབས་སུ་བབས་པ་རྩོམ་རིག་གི་ངོས་ནས་བལྟས་ན་ཡུལ་ལུང་བྱེ་བྲག་པའི་སྐད་སྤྱོད་དྲགས་པའི་སྐྱོན་མངོན་གསལ་དོད་པོ་ཡོད། དེ་ཡང་ངེད་དབུས་གཙང་པའི་ངོས་ནས་བལྟས་ན་ཨ་མདོ་པའི་རྩོམ་དུ་ཡུལ་སྐད་སྤྱོད་པ་ཐལ་ཆེ་བའི་སྣང་ཚུལ་དངོས་སུ་མཐོང་རྒྱུ་ཡོད་པ་བཞིན་ཨ་མདོ་བས་ཀྱང་དབུས་གཙང་གི་རྩོམ་དུ་ཁ་སྐད་སྤྱོད་པ་ཐལ་ཆེ་བའི་སྐྱོན་ཡང་གོ་རྒྱུ་ཡོད་པ་དང་། དབུས་གཙང་གི་རྩོམ་དུ་ཡང་དབུས་གཙང་གིས་ཁ་སྐད་སྤྱོད་དྲགས་པ་མཐོང་རྒྱུ་ཡོད། དཔེར་ན《ནགས་ཚང་ཞི་ལུའི་སྐྱིད་སྡུག》(འདིར་དཔེ་བཞག་པ་རྣམས་ཁོ་བོས་ཉེ་དུས་བལྟས་པའི་བརྩམས་ཆོས་འགའ་ཞིག་གི་སྐྱོན་ཡིན་ཞིང་། དེ་སྔོན་བལྟས་པ་དང་གཞན་གྱི་བརྩམས་ཆོས་ཐམས་ཅད་འདུ་ཐུབ་མེད། གལ་ཏེ་དཔེ་བཞག་པ་རྣམས་ཀྱིས་རྩོམ་པ་པོར་ཕོག་ཐུག་བྱུང་ཚེ་སྔོན་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན)ལྟ་བུར་ཆ་མཚོན་ནས་བཤད་ན། ཐོག་མར་དེབ་མིང་གི་ཞི་ལུ་ཞེས་པ་ཨ་མདོའི་ཁ་སྐད་འཁྲུལ་མེད་ཅིག་ཡིན་པས། དབུས་གཙང་གི་བོད་མི་སྤྱིས་གོ་རྒྱུ་ལྟ་ཞོག་ཐ་ན་ཡི་གེ་ཡག་པོ་ཤེས་མཁན་ཞིག་གིས་ཀྱང་གོ་མི་ཐུབ་པ་དང་། ནང་དོན་དངོས་ཀྱི་སྐབས་སུ་ཡང་ཨ་མདོའི་ཁ་སྐད་སྤྱོད་ཐལ་ཆེ་བ་ཤིན་ཏུ་མང་བས་ནང་དོན་ཆ་ཚང་གོ་མི་ཐུབ་པ་ཤོད་མི་དགོས། དེ་བཞིན་ངེད་དབུས་གཙང་པའི་ངོས་ནས་གླེང་ན《ལྷིང་འཇགས་ཀྱི་རྩྭ་ཐང》དུ་ཡང་ཨ་མདོའི་ཁ་སྐད་སྤྱོད་དྲགས་པ་མངོན་གསལ་དུ་མཐོང་། ད་དུང་དཔེ་དངོས་སུ་གཞག་ན། 《མར་མེ་ཚེ་འབར》དུ“ཨ་ལ་ཞི་མོ། ཨ་ཅེ་ཝར་མའི་ལྟེ་བའི་མར་ཞོལ་ན། ས་ས་སེའུ་ཡི་སྡོང་བོ་ཡོད་ཀི། ཡར་གྱིས་བཏོག་གི་མར་གྱིས་བཏོག་གི ངས་གཅིག་བཏོག་ན་ཨེ་ཆོག་གི”༦ཞེས་པ་ལྟ་བུ་གོང་གསལ་གྱི་ཞི་ལི་དང་འདྲ་བར་གཏམ་དུམ་བུ་འདིའི་ཞི་མོས་གཙོས་པའི་དོན་ཁག་དབུས་གཙང་གིས་གོ་མི་ཐུབ་པ་དང་། 《སྤྲིན་གྱི་རྫི་བོ》རུ“ལུག་ཁྱུ་མཚམས་ན་ཁོ་ཚོ་མཚམས་པ་དང་ལུག་ཁྱུ་འགྲོ་ན་ཁོ་ཚོ་ཡང་འགྲོ”༧ཞེས་པའི་མཚམས་ཀྱི་དོན་གང་ཡིན་ཆ་མི་འཚལ་ཞིང་། “འེ་ཁོ་རང་ངོ་ཤོམ་ལ་དགའ་པས། ཨ་ནེ་ཡི་བུ་སྐལ་དུ་བྱིན་ཡང་། ཁྱིམ་དུ་རྗེས་འདུག”༨ལྟ་བུ་སྐབས་འདིར་རྗེས་འདུག་ཅེས་པ་ཁྱིམ་ཚང་ཞིག་ལ་བུ་མེད་པར་མག་པ་ཚུར་བླངས་པ་ལ་རྗེས་འདུག་ཟེར་མཆན་ཡོད་ན་ཡང་ཁ་སྐད་ཐལ་དྲགས་པ་ཡིན། བོད་ཀྱི་དེང་རབས་བུད་མེད་ཀྱི་བརྩམས་སྒྲུང་རིང་གྲས་དང་པོ་ཡིན་པའི《ཕྱུར་བ》རུ་ཡང་ཨ་མདོའི་ཁ་སྐད་སྤྱོད་ཐལ་ཆེ་བ་གང་དེའི་སྐྱོན་ཞིག་ཡིན་ཏེ། དཔེར་ན། “ད་ལོ་པད་མ་རྡོ་རྗེ་རང་ལོ་ཡིན་པས་ངའི་ཡིད་སེམས་བདེ་མོ་ཞིག་མ་རེད”༩ཅེས་པའི་རང་ལོ་དང་། “ཁྱོད་འདི་སྐྱེས་པ་གཡུགས་ཅན་ཟེར་བ་རེད”༡༠ཅེས་པའི་གཡུགས་ཅན་ལྟ་བུ་ཨ་མདོའི་ཁ་སྐད་ཡིན་པས། དབུས་གཙང་གིས་གོ་མི་ཐུབ། རྩོམ་རིག་ལ་བརྩམས་སྒྲུང་དང་འཁྲབ་གཞུང་ལྟ་བུར་ས་གནས་ཀྱི་ཁྱད་ཆོས་སྟོན་པའི་ཆེད་དུ་སྐབས་འགར་ཡུལ་ལུང་གང་དེའི་ཁྱད་ཆོས་ལྡན་པའི་ཐ་སྙད་རེ་གཉིས་སྤྱོད་པ་ལུགས་དང་མཐུན་ན་ཡང་ཡུལ་སྐད་སྤྱོད་ཆེ་ན་མ་མཐར་ཡང་དོན་མི་གོ་བས། དོན་བྱེད་ཀྱི་ནུས་པ་མེད་པའི་བརྩམས་ཆོས་ཤིག་བོད་སྤྱི་ལ་མི་མཁོ་བས་གཟབ་དགོས་པར་སེམས།
གཉིས། ཚིག་སྦྱོར་དོན་ལ་མི་གནས་པ།
བོད་ཀྱི་དེང་རྩོམ་དུ་ཚིག་སྦྱོར་དོན་ལ་མི་གནས་པའི་སྐྱོན་དེ་བརྡ་དང་ཐ་སྙད་ལ་སྦྱངས་པ་དེ་ཙམ་མེད་པའི་ལས་དང་པོ་བ་རྣམས་ལ་ཚབས་ཆེ་ཡང་རྩོམ་པ་པོ་གཞན་ལ་ཡང་མེད་པ་མིན་ཞིང་། ལྷག་པར་དུ་དེང་གི་དུས་རྒྱ་ཡིག་ལྟ་བུའི་སྒྱུར་གྱི་ཞེན་གྱིས་མི་ཉུང་ཙམ་ཐོན་གྱི་ཡོད། དཔེར་ན།《ལོ་བརྒྱའི་ལུང་བསྟན》དུ“སྐད་ཆ་དེ་ནི་རྨ་བྱའི་རྣ་ལམ་དུ་དཔྱིད་ཐོག་མའི་འབྲུག་གི་གད་རྒྱངས་ཐོས་པ་ལྟར”༡༡ཞེས་བྱུང་བས། གད་རྒྱངས་ནི་གཅན་གཟན་ཆེན་པོའི་རིགས་ཀྱི་ངར་སྐད་ཀྱི་མིང་སྟེ། སེང་གེའི་གད་རྒྱངས་ལྟ་བུ་ལས། འབྲུག་གི་གད་རྒྱངས་ཞེས་བརྗོད་སྲོལ་མེད་པས། རྨ་བྱའི་རྣ་ལམ་དུ་དཔྱིད་ཐོག་མའི་འབྲུག་སྒྲ་ཐོས་པ་ལྟར་ཞེས་སྤྱད་ན་དོན་ལ་གནས་པར་སྙམ། ལ་ལས་མཛེས་སྡུག་ལྡན་པའི་དྲོད་སྐྱིད་ཅེས་པའི་ཚིག་གི་སྦྱོར་བ་བྱེད་བཞིན་ཡོད་པའི་ངོས་ནས་བཤད་ན། དྲོད་སྐྱིད་ནི་ལུས་ལ་རེག་པའམ་སེམས་ལ་མྱོང་བ་ལས་བྱུང་བ་ཡིན་ཞིང་། མཛེས་སྡུག་ལྡན་པ་ནི་མིག་ཤེས་ཀྱི་མྱོང་བྱ་ཡིན་པས་དོན་ལ་མི་གནས། འགའ་ཞིག་གིས“文明城市”ཞེས་པར་ཡ་རབས་ཀྱི་གྲོང་ཁྱེར་དང་ཚུལ་ལྡན་གྱི་གྲོང་ཁྱེར་ཞེས་བརྗོད་དགོས་ཀྱང་དུས་རྟག་ཏུ་ཤེས་དཔལ་གྱི་གྲོང་ཁྱེར་ཟེར་བ་དང་། “绿色食品”ལ་སྔོ་ལྗང་གི་ཟས་རིགས་ཟེར་ན་གོ་རྒྱུ་གང་ཡང་མེད། ཡང་རྩོམ་རིག་གི་གཞུང་ལ་དེབ་ཐེར་ཞེས་བྲིས་པ་ཡང་ཡོད་པས་དེབ་ཐེར་ནི་ལོ་རྒྱུས་ཡི་གེར་བྲིས་པའི་དཔེ་ཆའམ་དེབ་ཀྱི་མིང་ཡིན་པས་མི་འགྲིག དེ་བཞིན་ཀོ་བའི་རྩྭ་རས་དང་འགྱིག་གི་རས་ཁུག་ཅེས་རྒྱུན་ལྡན་ངག་ལས་སྣང་མེད་དུ་བརྗོད་པ་བརྩམས་ཆོས་སུ་སྤེལ་ན་མི་རུང་ཞིང་། ཨབ་རའི་ཚང་ལ་ཙི་ཙིའི་ཁང་པ་ཞེ་ན་དེ་བས་བཞད་གད་ཀྱི་ཡུལ་དུ་གྱུར་ངེས། དོན་ངོ་མའི་འགན་འཁྲི་ཕྲག་ཏུ་བཞེས་ནས་སྤྱི་ཚོགས་དང་མིའི་རིགས་ལ་འགན་འཁུར་མཁན་དང་། ཀློག་པ་པོར་འགན་འཁུར་མཁན་གྱི་རྩོམ་པ་པོ་དོ་ནན་ཅན་ཚོས་ཚིག་སྦྱོར་དོན་དང་མཐུན་པ་ཞིག་ཡོང་བའི་ཐད་ལྷོད་གཡེང་ཡེ་ནས་མི་གཏོང་བར་ཡིད་གཟབ་བྱེད་ཀྱིན་ཡོད་པས། ངེད་རྩོམ་པ་པོ་ཀུན་གྱིས་གནད་དེར་ཡང་གཟབ་དགོས་པར་སེམས།
གསུམ། ཚིག་རྙོག་མང་བ།
ས་པཎ་གྱིས། “དོན་འདུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས”༡༢ཞེས་འཆད་པའི་གནས་སྐབས་སུ་གསུངས་པའི་ཡོན་ཏན་འདི་དག་ནི་དོན་དངོས་ཐོག་རྩོམ་པའི་གནས་སྐབས་སུ་ཡང་ཅི་ནས་ཀྱང་ཚང་དགོས་པའི་ཡོན་ཏན་ཡིན་ཞིང་། རྩོམ་རིག་གསར་རྩོམ་བྱེད་པའི་ཚེ་ཚིག་བསྡུས་ཤིང་དོན་གསལ་བའི་བླང་བྱ་ཡོད། གལ་ཏེ་ཚིག་རྙོག་མང་ན་སྐྱོན་དུ་གྱུར་བ་ཀུན་གྱིས་རྟོགས་སླ། རང་རེའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གནའ་རབས་ཀྱི་དུས་སུ་ཚིག་བསྡུས་ཤིང་དོན་གསལ་བའི་ཁྱད་ཆོས་ཤིག་ཚིགས་བཅད་ཙམ་མ་ཡིན་པར་བོད་རྩོམ་སྤྱི་ལ་ཡོད་པ་དང་། དེ་ནས་བར་དུས་དང་ཉེ་རབས་ཀྱི་དུས་སུ་ཚིག་སྔར་དང་བསྡུར་ན་རྙོག་ཏུ་སོང་ཡོད་ཅིང་། དེང་རབས་ཀྱི་དུས་སུ་དེ་བས་རྙོག་ཏུ་སོང་ཡོད། དེས་ན་ཚིག་རྙོག་མང་བ་ནི་དེང་རྩོམ་གྱི་སྐྱོན་གཞན་ཞིག་ཡིན། དཔེར་ན། 《མཛའ་གཅུགས་ཀྱི་མི་ཚེ》རུ“ལྷག་པར་དུ་འཇིགས་པ་མེད་ཅེས་པའི་སྒྲ་ཐོས་པས་སེམས་ལ་ཚོར་བ་མི་འདྲ་བ་ཞིག་བྱུང་ནས་ཐད་ཀྱི་ཐོག་ཁར་ཕྱིན་ནས་ཉན་པས་གཞས་ཚིག་ཆ་ཚང་གོ་ཞིང་དོན་རྟོགས་ཏེ་ལམ་སེང་མར་བབས་ཏེ་ཁོའི་འགྲམ་དུ་ཕྱིན་ནས་ཨམ་ཕྲག་ནས་དངུལ་ཏོག་ཙམ་བཏོན་ཏེ་ཁོ་ལ་སྤྲད་ནས་ཁྱོད་ཀྱིས་གཞས་ཚིག་དེ་འདྲ་བཏང་དོན་གང་ཡིན”༡༣ཞེས་སྐད་ཆ་དུམ་བུ་གཅིག་གི་ནང་ནས་སྒྲ་དང་ཏེ་སྒྲ་དུ་མ་བྱུང་བ་ནི་ཚིག་རྙོག་ཏུ་མཐོང་བ་དང་། 《ཕྱུར་བ》རུ“མི་སེམས་ཀྱི་ཟང་ཟིང་གི་འགྱུར་བ་ལས་དེ་འདྲའི་རི་མོའི་སྲོལ་ལུགས་ཀྱི་མཚོན་བྱེད་བྱུང”༡༤ལྟ་བུ་སྐད་ཆ་དུམ་བུ་གཅིག་ཏུ་འབྲེལ་སྒྲ་དུ་མ་བྱུང་བ་ནི་སྐྱོན་ཡིན། དེ་བཞིན་བརྩམས་ཆོས་གཅིག་ཏུ་དགོས་མེད་ཀྱི་ཉོག་བཤད་མང་བ་ཡང་ཚིག་རྙོག་ཡིན་ཏེ།《ཕྱུར་བ》ཡི་མི་སྣ་གཙོ་བོ་མཛེས་སེས་བོད་ཡིག་སློབ་འབྲིང་ཞིག་ཏུ་རི་མོའི་ལོ་རྒྱུས་སྐོར་བཤད་ཁྲིད་བྱས་པའི་ནང་དོན་ཆ་ཚང་བཀོད་པ་ཚིག་རྙོག་ཡིན་ལ། ལྷ་སའི་ཇོ་བོ་མཇལ་སྐབས་ཇོ་བོའི་ལོ་རྒྱུས་བརྩམས་སྒྲུང་དུ་བཀོད་པ་ཡང་ཚིག་རྙོག་ཡིན། དེ་ལྟ་བུའི་ཉོག་བཤད་ཀྱི་སྐྱོན་དེ་དེང་རབས་ཀྱི་རི་ཆུའི་ལྷུག་རྩོམ་མམ་རིག་གནས་ལྷུག་རྩོམ་ལ་ཡོངས་ཁྱབ་ཏུ་གནས་ཡོད། ཡང་གོ་ཐལ་ཕྱི་རུ་འཕོ་བར་སོང་བ་ལ། ཐབ་ཀྱི་ཛར་ཛོར་བླུག་ས་ཁྱེར་ནས་ཕྱི་རུ་དབྱུག་ཏུ་སོང་ཞེ་ན་དོན་ལ་མི་གནས་པའི་ཚིག་རྙོག་རང་ཡིན་པ་རྟོགས་སླ། མདོར་ན་ཚིག་རྙོག་མང་ན་དོན་འཕྲལ་དུ་མི་རྟོགས་པ་དང་། ཀློག་པ་པོ་མགོ་རྨོངས་ནས་སྒྱིད་ལུག་གི་དབང་དུ་འགྱུར་ཉེན་ཡོད་པས་གཟབ་དགོས་པར་སེམས།
བཞི། བརྡ་གསར་གང་བྱུང་དུ་སྤྱོད་པ།
རྗེ་ཙོང་ཁ་པས“རྩོམ་པའི་སྐབས་ལ་ཚིག་གང་འདྲ་ཞིག་བརྩམས་ན། སྦྱོར་བ་དམ་ལྷོད་གང་འདྲ་ཞིག་ཡིན་ན། གང་ལྟར་མིང་གསར་པ་དང་། དེ་སྔོན་སངས་རྒྱས་ཀྱིས་གསུངས་མ་མྱོང་བ་དང་། རྒྱ་གར་གྱི་པཎྜི་ཏ་དེ་དག་གིས་གསུངས་མ་མྱོང་བའི་མིང་གསར་པ་དང་། བོད་ཀྱི་ལོ་ཙཱ་བ་དེ་དག་གིས་གསུངས་མ་མྱོང་བའི་མིང་ཚིག་གསར་པ་དེ་འདྲ་མང་པོ་རྩོམ་པ་ཡིན་ན་བསྟན་པ་སྤྱི་ལ་གནོད་སྐྱོན་ཆེན་པོ་འགྲོ་ཡི་རེད་ཅེས་ཞེ་དྲག་གསུངས་ཡོད་རེད”༡༥ཅེས《རིག་པའི་སྒྲོན་མེར》བསྟན་ཡོད་པ་ལས། རྗེ་ཙོང་ཁ་པས་བརྡ་གསར་གང་བྱུང་དུ་སྦྱོར་བ་སྐྱོན་དུ་མཐའ་གཅིག་ཏུ་འཛིན་པ་མཐོང་ཐུབ་པ་དང་། ས་པཎ་གྱིས་ཀྱང《མཁས་འཇུག》ཏུ་བརྡ་གསར་གང་བྱུང་དུ་སྦྱོར་མི་རུང་བར་གསུངས་ཡོད། རྩོམ་རིག་ཏུ་བརྡ་གསར་མཐའ་གཅིག་ཏུ་སྤྱོད་མི་རུང་བ་མ་ཡིན་ཞིང་། ལྷག་པར་དུ་དུས་བསྟུན་གྱི་དངོས་པོ་གསར་པ་དང་རིག་གནས་གསར་པར་མིང་གསར་པ་ཡོང་སྲིད་པ་དང་། སྐད་གསར་པ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བརྡ་དང་ཐ་སྙད་གསར་པ་ཐོན་སྲིད་པས་འོས་འཚམས་ཀྱིས་སྤྱོད་པ་ནི་ལུགས་དང་མཐུན་པར་སེམས། འོན་ཀྱང་བོད་ཀྱི་དེང་རྩོམ་གྱི་སྐབས་རང་བཟོའི་བརྡ་གསར་གང་བྱུང་དུ་སྤྱོད་པའི་སྣང་ཚུལ་ཅུང་མངོན་གསལ་དོད་པོ་ཡིན་པ་དང་། དེ་སྔ་ཡོད་བཞིན་པ་དང་དོན་ལ་དེ་ལས་འཚམས་པ་མེད་པའི་ཐ་སྙད་ཡོད་བཞིན་དུ་དེ་དག་མི་སྤྱོད་པར་སྔར་ཡོད་གསར་བཟོའི་སྣང་ཚུལ་ཡང་མི་ཉུང་ཙམ་ཡོད། དཔེར་ན། ལྗོངས་རྒྱུ་ཞེས་པ་སྔར་ཡོད་བཞིན་པ་ལ་ཡུལ་སྐོར་ཞེས་མང་མང་གིས་སྤྱོད་པ་དང་། ལམ་ཡིག་ཅེས་པ་ཡོད་བཞིན་དུ་ཡུལ་སྐོར་ཟིན་བྲིས་ཞེས་སྤྱོད་པ། སྤེན་སྐྱིད་ཅེས་པ་ཡོད་བཞིན་གཟའ་མཇུག་ཅེས་སྤྱོད་པ། རྩོམ་ལུས་ལ་རྩོམ་རྣམ་དང་། བརྩམས་ཆོས་ལ་བརྩམ་བྱ་ཞེས་སྤྱོད་པ། རྒྱ་སྐད་ཀྱི“场合”ཞེས་པར་དོ་ར་ཟེར་རྒྱུ་ལ་ཡུལ་རྣམ་དང་། “肖像”ཞེས་པར་བྱད་གཟུགས་ཟེར་དགོས་ཀྱང་ཕྱི་རྣམ་ཞེས་སྤྱོད་པ། ཨ་མ་དངོས་མ་ཡིན་པར་ཆུང་ནས་ནུ་མ་སྦྱིན་ནས་སྙོར་སྐྱོང་བྱེད་མཁན་ལ་མ་མ་ཞེས་པ་བརྡ་རྙིང་དུས་ནས་ཡོད་ཀྱང་ཕྱི་གཡར་གྱི་ཐ་སྙད་རྨ་རྨི་ལྟ་བུ་སྤྱོད་པ་མཐོང་། ད་དུང“比较学”ཞེས་པར་སྔར་ཡོད་ཚིག་ལྟོས་འཇོག་རིག་པ་ཞེས་པ་རང་སོར་འཇོག་གམ་གཤིབ་བསྡུར་ཞེས་པའི་ཐ་སྙད་གསར་པ་སྤྱོད་དགོས། “主流”ཞེས་པར་སྔར་ཡོད་ཚིག་གཞུང་རྟ་ཞེས་པ་སྤྱོད་རྒྱུ་ཡིན་ནམ། དེང་ཡོངས་ཁྱབ་ལྟ་བུ་ཆགས་ཟིན་པའི་བརྡ་གསར་གཙོ་ཐིགས་སྤྱོད་རྒྱུ་ཡིན་པ་ལྟ་བུར་ཡང་མནོ་བསམ་རེ་བྱ་དགོས། དེ་ལྟར་བརྡ་གསར་གང་བྱུང་དུ་སྤྱོད་པའི་ཚུལ་ནི་གསར་རྩོམ་ཙམ་མ་ཡིན་པར་སྒྱུར་རྩོམ་དུ་དེ་བས་མངོན་གསལ་དོད་པས། བརྡ་གསར་སྤྱོད་པ་ཐལ་དྲགས་ན་ཚིག་མི་མཛེས་ཤིང་གོ་དཀའ་བ། ཐ་ན་བོད་སྐད་ཉམས་པའི་གཞི་ཡིན་པ་སོགས་སྐྱོན་མི་ཉུང་ཙམ་ཐོན་སྲིད་པས་ཅི་ནས་ཀྱང་གཟབ་དགོས་པར་སེམས།
ལྔ། བརྡ་སྤྲོད་ལུགས་དང་མི་མཐུན་པ།
སྤྱི་འགྲོས་ལྟར་ན་དེང་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་ནི་རང་རེའི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་ཐོན་མི་སམ་བྷོ་ཊས་དུས་རབས་བདུན་པར་གསར་བཟོ་གནང་བ་དང་སུམ་རྟགས་གཉིས་ཀྱིས་གཙོས་པའི་བརྡ་སྤྲོད་གཞུང་རྣམས་ཀྱང་དུས་རབས་དེ་རང་དུ་ཐོན་མིས་སྐབས་དེའི་བོད་ཀྱི་སྤྱི་སྐད་གཞིར་བཟུང་ནས་བོད་སྐད་ཀྱི་འགྲོ་ལུགས་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཕྱོགས་སྡོམ་གནང་བ་ཞིག་ཡིན་པས། བོད་སྐད་ཀྱི་བརྡ་སྤྲོད་ལུགས་ཐད་མཛུབ་ཁྲིད་བྱེད་མཁན་གྱི་ཡང་དག་པའི་གཞུང་ཞིག་ཡིན། ཕྱིས་ཀྱི་དུས་རབས་རིམ་བྱུང་དུ་བོད་སྐད་ཟམ་མི་ཆད་པར་འཕེལ་རྒྱས་སོང་ཡོད་པ་དང་སྦྲགས་དེང་ལྟ་བུར་མཚོན་ན་ལག་ལེན་གསར་པ་འགའ་ཞིག་གི་ཐད་མུ་མཐུད་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཕྱོགས་སྡོམ་གྱིས་ཁ་སྐོང་བྱེད་དགོས་པ་ཡང་དོན་དངོས་ཀྱི་གནད་དོན་ཡིན། འོན་ཀྱང་སུམ་རྟགས་གཉིས་ལྟ་བུས་དེང་གི་བོད་སྐད་ཀྱི་བརྡ་སྤྲོད་སྟངས་ལ་སྔར་བཞིན་མཛུབ་ཁྲིད་ཀྱི་ནུས་པ་ལྡན་པ་རྣམ་དཔྱོད་དང་ལྡན་པ་ཀུན་གྱིས་ཁས་ལེན་དགོས། དེར་བརྟེན་དེང་གི་རྩོམ་རིག་གསར་རྩོམ་མཁན་རྣམས་ཀྱིས་སུམ་རྟགས་དག་གསུམ་ལ་མཁས་དགོས་པ་ནི་མ་མཐར་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན་ཞིང་། བོད་ཡིག་གི་་ལམ་ནས་གསར་རྩོམ་བྱེད་སྐབས་དེང་རབས་ལུགས་ཀྱི་སྙན་ངག་རྗེས་སུ་འབྲང་མཁན་ཞིག་ཡིན་ཚེ་སྐད་བརྡ་རྒྱུས་མེད་ཅན་དང་གཏན་ཚིགས་དང་མཐུན་མི་དགོས་པའི་དམིགས་བསལ་ཡོད་པ་ཕུད་ཚིག་སྦྱོར་བོད་ཀྱི་བརྡ་སྤྲོད་ལུགས་ཀྱི་གཞུང་དང་མཐུན་པ་དགོས། དེ་ལྟ་ཡིན་མོད་དེང་བོད་ཀྱི་རྩོམ་རིག་གསར་རྩོམ་སྐབས་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་པར་རང་སྣང་གང་དྲན་གྱིས་ཚིག་གི་སྦྱོར་བ་བྱེད་པའི་སྣང་ཚུལ་ཡང་རྟག་ཏུ་མཐོང་རྒྱུ་ཡོད། དཔེར་ན། དུས་གསུམ་གྱི་དབང་དུ་ཤིང་སྡོང་ལྟ་བུར་འདས་ལ་བཙུགས་དང་། མ་འོངས་པར་གཟུགས། ད་ལྟ་བར་འཛུགས། སྐུལ་ཚིག་ལ་ཚུགས་ཡིན་ཀྱང་འདས་མ་འོངས་ད་ལྟ་བ་ཚང་མར་བཙུགས་ཞེས་སྤྱོད་པ་དུས་གསུམ་གྱི་སྐྱོན་དང་། གྲགས་ཅན་མི་སྣ་དང་སྣ་ཚོགས་གངས་རི་ནི་ཁྱད་གཞི་དང་ཁྱད་ཆོས་གོ་ལོག་པའི་སྐྱོན། ཁོང་གི་ཁོ་བོར་སློབ་ཁྲིད་གནང་ལྟ་བུ་བྱེད་འབྲེལ་གྱི་ཕྲད་ནོར་བའི་སྐྱོན། ཀྲུང་གོ་དངུལ་ཁང་དང་ཀྲུང་གོ་རྡོ་སྣུམ་ལྟ་བུ་ནི་རྫས་དང་བདག་པོའི་འབྲེལ་བ་སྟོན་པ་ཡིན་པས་འབྲེལ་སྒྲ་མེད་ན་ཀྲུང་གོ་ནི་དངུལ་ཁང་ཡིན་པ་དང་། ཀྲུང་གོ་ནི་རྡོ་སྣུམ་ཡིན་པར་འཁྲུལ་སྲིད་པས་ཕྲད་བསྡུས་དྲགས་པའི་སྐྱོན་ཡིན། སྙན་ངག《པེ་ཅིང་གཟའ་མཇུག་གི་སྙན་ངག》ཅེས་པར་མཚོན་ན་སྙན་ངག་དེ་ཡུལ་པེ་ཅིང་དུ་བྲིས་པའི་སྤེན་སྐྱིད་ཀྱི་སྙན་ངག་ཡིན་པས། པེ་ཅིང་གི་སྤེན་སྐྱིད་སྙན་ངག་ཅེས་ཕྲད་དགོས་སར་བརྒྱབ་དགོས་པ་ལས་མི་དགོས་སར་བརྒྱབ་མི་རུང་། དེ་ལྟར་མིན་ན་པེ་ཅིང་དེ་སྤེན་སྐྱིད་དུ་བྲིས་པའི་སྙན་ངག་ཡིན་པར་འཁྲུལ་ཉེན་ཆེ། ད་དུང་དེང་སང་ལོ་ཆུང་རྣམས་ཀྱི་ཁྲོད་ཁ་རྒྱུན་དུ་ཆགས་པའི་ཡག་པོ་ཞེད་སྣང་དང་སྐྱིད་པོ་ཞེད་སྣང་ཞིམ་པོ་ཞེད་སྣང་ལྟ་བུ་འཇིགས་སྣང་གི་ཚིག་དེ་རང་འདོད་བཞིན་སྤྱོད་པ་དང་། བེམ་ཤེས་གང་ཡིན་དང་འགྲེང་འགྲོ་དང་དུད་འགྲོ་གང་ཡིན་ལ་མི་ལྟོས་པར། མི་ལ་ཡང་ཁ་རྒན་པ་དང་རླངས་འཁོར་ལ་ཡང་ཁ་རྒན་པ་ཟེར་བ་མ་དག་རྒྱུན་དུ་སྤྱོད་པ་འདི་དག་ལང་ཤོར་དུ་སོང་ནས་ཡིག་རྩོམ་དུ་ཡང་བཀོལ་སྤྱོད་བྱས་ན་བོད་ཀྱི་བརྡ་སྤྲོད་དང་བརྡ་སྤྲོད་ཀྱི་ཆོས་ཉིད་ཉམས་པའི་རྒྱུ་ཡིན་པར་ཐེ་ཚོམ་མེད།
དེ་ལྟར་བརྡ་སྤྲོད་ལུགས་དང་མི་མཐུན་པའི་སྐོར་དཔེ་མཚོན་ཙམ་ཞུས་པ་ཡིན་གྱི་ཞིབ་པ་སྔར་གྱི་མཁས་པ་རྣམས་ཀྱི་སུམ་རྟགས་གཞུང་དུ་གསལ་བར་བསྟན་ཡོད་པས་ཉིས་ཟློས་ཀྱི་དགོས་པ་མེད་ཅིང་། དེང་གི་དུས་དོར་ཞི་རིན་པོ་ཆེ་དང་། རྒན་དཔའ་རིས་སངས་རྒྱས་ལགས། རྒན་གསང་བདག་རྡོ་རྗེ་ལགས་སོགས་ཀྱིས་བརྡ་སྤྲོད་ཀྱི་སྐྱོན་སྐོར་ཆེད་དུ་བཀའ་སློབ་ཡོད་པས་ད་ནི་གསན་དགོས་ཚོད་ཡིན། གོང་གསལ་བོད་ཀྱི་དེང་རྩོམ་གྱི་ཚིག་སྐྱོན་རྣམས་སེལ་དགོས་ན་གདམས་ངག་འདི་ཡིན་ཞེས་པ་ཞིག་ཁོ་བོར་སྟོན་རྒྱུ་མེད་ཀྱང་། མི་རིགས་གང་དང་གང་གི་སྐད་ཡིག་ནས་རྩོམ་རིག་གསར་རྩོམ་ལ་འཇུག་སྐབས་ཐོག་མར་མི་རིགས་དེའི་སྐད་ལ་བྱང་བ་ཞིག་དགོས་པ་དང་། བོད་རྩོམ་ངོས་ནས་གླེང་ན་བོད་ཀྱི་སྐད་ལ་བྱང་བའི་ཐོག་སུམ་རྟགས་དག་གསུམ་ལ་སྦྱངས་པ་མཐར་ཕྱིན་བྱེད་པ་གཞིར་བཅས། བརྡ་དང་ཐ་སྙད་ལ་ཆེད་དུ་སྦྱངས་པ་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་དཔེ་ཀློག་ལ་དགའ་ཞིང་། དཔེ་དེབ་ལྟ་ཀློག་གི་བརྒྱུད་རིམ་ཁྲོད་ཐ་སྙད་སློབ་སྦྱོང་ལ་གཙིགས་ཆེན་གྱིས་རང་གི་ཁོག་ཏུ་ཐ་སྙད་ཀྱི་མཛོད་ལྟ་བུ་ཞིག་ཆགས་པ་བྱེད་དགོས། ལྷག་པར་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཚིག་རྩལ་ལ་མངའ་བརྙེས་པའི་མཁས་པའི་དབང་པོ་རྗེ་ཙོང་ཁ་པ་དང་། རྫ་དཔལ་སྤྲུལ། གཙང་སྨྱོན་ཧེ་རུ་ཀ མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས། མཁས་དབང་དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ་ལྟ་བུའི་རྩོམ་པ་པོའི་བརྩམས་ཆོས་ལ་དེ་བས་དོ་སྣང་གིས་ཁོང་རྣམ་པའི་ཚིག་གི་སྦྱོར་བ་བྱེད་ཐབས་ལ་སློབ་སྦྱོང་གི་དགོས་པ་ཆེན་པོ་ཡོད་པར་སེམས་པ་དང་། འགའ་ཞིག་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་སྔར་གྱི་དུས་སུ་ཚིག་སྦྱོར་ལེགས་ཤོས་ནི་གླིང་སྒྲུང་དང་། གཙང་སྨྱོན་གྱི་མི་ལ་རས་པའི་རྣམ་ཐར་ལྟ་བུ་ཡིན་པ་དང་། དེང་གི་དུས་སུ་གཙུག་གཡུ་ལྟ་བུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པས་དེ་ལྟར་དོན་ལ་གནས་ན་དེ་ལུགས་བཞིན་བརྩམས་ཆོས་དེ་དག་གི་ཚིག་སྦྱོར་ལ་དེ་བས་སློབ་སྦྱོང་གི་དགོས་པ་ཡོད། གཞན་ཡང་སྐབས་འདིར་ཆེད་དུ་བརྗོད་དགོས་པ་ཞིག་ནི་དེང་ཁྲིམས་ལུགས་དང་རྩིས་རིག་ལ་སོགས་པའི་རིག་ཚན་ཁག་ལ་བོད་ཡིག་གི་ཚིག་མཛོད་ཡོད་ཀྱང་རྩོམ་རིག་ལ་མེད་པས། རྩོམ་རིག་གི་ཚིག་མཛོད་ལྟ་བུ་གང་མགྱོགས་རྩོམ་སྒྲིག་བྱ་དགོས་པ་དང་། དེང་སྤྱིར་བོད་ཀྱི་སྐད་ལ་བཀས་བཅད་བཞི་པ་བྱེད་རན་ཐག་ཆོད་པ་ལྟར་རྩོམ་རིག་ལ་ཡང་སྒྲིག་འཛུགས་ཡོད་པ་དང་འཆར་གཞི་ཡོད་པ། དུས་ཚོད་ཡོད་པ། གྲོན་དངུལ་ཡོད་པ་བཅས་ཀྱི་ཐོག་ནས་དོན་ངོ་མའི་མཐོང་ཆེན་གྱིས་བཀས་བཅད་བཞི་པ་བྱས་ཚེ་ཚིག་སྐྱོན་སེལ་བར་ཕན་ཐོགས་ཆེན་པོ་ཡོང་ངེས།
ཚིག་སྐྱོན་མེད་པའི་རྩོམ་ཞིག་དཀའ་བ་དང་རང་གི་ཚིག་སྐྱོན་འཕྲལ་དུ་སེལ་དཀའ་བ་དངོས་ཡོད་གནས་ཚུལ་ཡིན་ཞིང་། འདིར་ཚིག་སྐྱོན་སྐོར་གླེང་བཞིན་པའི་དཔྱད་རྩོམ་རང་ལ་ཡང་ཚིག་སྐྱོན་ཡོད་སྲིད། འོན་ཀྱང་རྩོམ་འབྲིའི་ནུས་རྩལ་ཞེས་པ་དེ་ཕྱོགས་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་བརྡ་སྤྲོད་ཀྱི་ནུས་པར་རག་ལུས་པས། སླད་ང་ཚོ་དཔུང་པ་མཉམ་གཤིབ་ཀྱིས་གནད་དེར་ལྷོད་གཡེང་གཏོང་མི་རུང་ཞུ་རྒྱུ་དང་། དོན་གྱི་སྙིང་པོ་དབེན་ཞིང་། སྒྱུ་རྩལ་གྱི་རིན་ཐང་མེད་པ། ཚིག་སྐྱོན་གྱི་གད་སྙིགས་མི་བཟོ་བར་བྱའོ་ཞེས་པའི་རེ་བ་བསྐྱར་དུ་སྙིང་དབུས་ནས་ཞུ་རྒྱུ་ཡིན། །
སྤྱི་ལོ་ ༢༠༢༡ ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་དྲུག་པ་ལས་བདམས།
༡ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོ་ཟླ་6 ཤ43 ༢ བསེ་ཚང་བློ་བཟང་དཔལ་ལྡན།《ཚངས་སྲས་བཞད་པའི་སྒྲ་དབྱངས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་2 ཤ19-20 ༣ དོར་ཞི་གདོང་དྲུག་སྙེམས་བློ།《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་9 ཤ44 ༤ དགེ་འདུན་ཆོས་འཕེལ།《 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ》 སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་5 ཤ224-225 ༥ དགེ་འདུན་ཆོས་འཕེལ།《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་1 ཤ101-102 ༦ ཨ་སྨྱོན་བཀྲ་ཤིས་དོན་གྲུབ།《མར་མེ་ཚེ་འབར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ་8 ཤ14 ༧ ཅོ་ནེ་ཡུམ་ཚེ་རིང་།《སྤྲིན་གྱི་རྫི་བོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ་9 ཤ29 ༨ ཅོ་ནེ་ཡུམ་ཚེ་རིང་།《སྤྲིན་གྱི་རྫི་བོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ་9 ཤ105 ༩ མཁའ་མོ་རྒྱལ།《ཕྱུར་བ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ ཤ113 ༡༠ མཁའ་མོ་རྒྱལ།《ཕྱུར་བ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ ཤ136 ༡༡ ཨེ་ཉི་མ་ཚེ་རིང་།《ལོ་བརྒྱའི་ལུང་བསྟན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020ལོའི་ཟླ་8 ཤ42 ༡༢ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》 མི་རིགས་དཔེ་སྐྲུན་ཁང་། 1981ལོ་ཟླ་6 ཤ79 ༡༣ རྡོ་དགོན་གསང་བདག་རྡོ་རྗེ།《མཛའ་གཅུགས་ཀྱི་མི་ཚེ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2020ལོ་ཟླ་5 ཤ160-161 ༡༤ མཁའ་མོ་རྒྱལ།《ཕྱུར་བ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ ཤ229 ༡༥ དུང་དཀར་བློ་བཟང་འཕྲིན་ལས།《རིག་པའི་སྒྲོན་མེ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019ལོ་ཟླ་2 ཤ149
རྩོམ་པ་པོ་ངོ་སྤྲོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2186
དཔྱད་མཆན་སྤེལ།