རྩོམ་པ་པོ། ཆུ་སྒང་ཤཱཀྱ་ཤེས་རབ།

ནང་དོན།

   ཆོས་བརྒྱུད་ཆེན་མོ་ལྔ་ཡི་ཡ་གྱལ། འགྲོ་མགོན་བཀའ་བརྒྱུད་པར་གྲགས་པ་འདི་ཉིད་ལ། ནང་ཚན་གྱི་བརྒྱུད་པ་མི་འདྲ་བའི་ཤོག་ཁག་བཅུ་གཉིས་ཙམ་ཡོད་པ་ལས། ཀརྨ་བཀའ་བརྒྱུད་ཅེས་པ་ནི་དེ་དག་ཁྲོད་ཀྱི་མཐུ་ནུས་ཆེ་ཤོས་ཤིག་ཡིན་ལ། ལོ་རྒྱུས་ཀྱི་ཆུ་བོའི་དཀྱུས་དང་ཁུག་སོ་རེ་རེ་ལ། བཀའ་བརྒྱུད་པ་ཧྲིལ་པོའི་ཚབ་མཚོན་དང་དབུ་ཁྲིད་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ཅིང་། ཆོས་བརྒྱུད་དེ་ཉིད་ཀྱི་སྣེ་ཁྲིད་པའམ་ཆོས་དཔོན་ནི། ཀམ་ཚང་ཡབ་སྲས་དྲུག་ཏུ་གྲགས་པའི་སྐྱེས་བུ་ཆེན་པོ་དེ་རྣམས་དང་གཙོ་བོ་ནི་ཞྭ་ནག་པ་རེད། ཞྭ་ནག་པ་ནི་འུ་ཅག་བོད་མི་ཡོངས་ཀྱིས་མཁྱེན་གསལ་ལྟར། གྲུབ་ཐོབ་ཁམས་པ་དབུ་སེ་ཀརྨ་པ་དུས་གསུམ་མཁྱེན་པའི་ན་རིམ་ལ་ཞུ་བ་དང་། ད་ལྟའི་བར་སྐུ་ཕྲེང་བཅུ་བདུན་ཕེབས་ཡོད། དེའི་བར་ལ་ཡོངས་གྲགས་ལྟར་ན་ཀརྨ་པའི་སྐུ་ཕྲེང་བཅོ་ལྔ་པ་ཕུད། དེ་མིན་ཚང་མ་དགེ་སློང་གསེར་ནག་གི་རི་འདྲ་ཏག་ཏག་ཡིན་པར་སྒྲོག་གི་ཡོད་པ་རེད། འོན་ཀྱང་ཁ་སང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ལའང་ཡུམ་ཡོད་པའི་གཏམ་ཞིག་རླུང་གིས་སྤུར་བའི་ཤོག་རོ་བཞིན་གང་སར་འཁྱམ་གྱིན་འདུག ཤེས་ཐོས་རྒྱ་ཆུང་ཞིང་བློ་གྲོས་ཀྱི་རྣོ་ཁ་དིག་པའི་སྐྱེ་བོོ་འགའ་ཤས་ཀྱིས་དེ་ཉིད་བདེན་པར་འཛིན་གྱིན་པ་མཐོང་ཕྲལ། ཀརྨ་པའི་སྐུ་ཕྲེང་བཅུ་པ་དགེ་སློང་ཆོས་དབྱིངས་རྡོ་རྗེའི་མི་ཚེ་དང་སྡོམ་པ་ལྷ་ལྕམ་སོགས་ཅུང་མོལ་བ་དང་ལྷན། རྗེ་ཉིད་དགེ་སློང་ཡིན་པ་དག་སེལ་བྱས་ཡོད།

  ཆོས་དབྱིངས་རྡོ་རྗེའི་མཚན་གཞན་ལ་ཨོ་རྒྱན་སྐྱབས་ཞུ་ཞིང། ཕ་ཡུལ་མགོ་ལོག་ཀི་(ཀམ)་ཟི་ཐང་ནས་ཡིན་ལ། རུས་སྦི་ཚ། ཡབ་ཀྱི་མིང་ལ་ཁྱིའུ་ཀུ་ཐར་དང་ཡུམ་གྱི་མིང་ལ་ཨ་མཚོ་ཟེར། ཕྱི་ལོ་༡༦༠༤ལོ་དང་རབ་བྱུང་བཅུ་པའི་ཤིང་འབྲུག་ལོའི་ནག་ཟླའི་ཉི་ཤུ་བརྒྱད་ལ་སྐུ་བལྟམས། བྱིས་པ་འདི་མ་འཁྲུངས་པའི་སྔོན་རོལ་ཏག་ཏག་ལ་བོད་ཡུལ་གྱི་མིང་དུ་གྲགས་པའི་ཆོས་རྒྱལ་ཆེན་མོ་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེ་ཞུ་བ་དེ་ཉིད་དགོངས་པ་རྫོགས་ནས། རང་གི་མ་འོངས་པའི་སྤྲུལ་སྐུ་ངོས་འཛིན་ཀྱི་བཀའ་ཤོག་ཅིག་ཐུགས་ཀྱི་བུ་ཆེན་ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཕྱག་ཏུ་བསྩལ་ཡོད་པ་རེད།

  ཞྭ་དམར་པས་བཀའ་ཤོག་གི་ལམ་སྟོན་ལྟར་གོང་ནས་སྨོས་པའི་ཨ་མདོའི་བྱིས་པ་ཨོ་རྒྱན་སྐྱབས་ཀརྨ་པ་དབང་ཕྱུག་རྡོ་རྗེའི་སྤྲུལ་སྐུ་ལ་ངོས་འཛིན་གནང་ཞིང་མཚན་ལ་ཆོས་དབྱིངས་རྡོ་རྗེ་གསོལ་ཏེ། དགོངས་ལོ་བརྒྱད་པའི་ཕྱི་ལོ༡༦༡༡ལོ་དང་ལྕགས་ཕག་གསར་བཞད་ཀྱི་ཟླ་བ་གསུམ་པའིི་ཉེ་ཤུ་གསུམ་ཉིན་ཞྭ་དམར་ཁོང་ཉིད་སྤོས་འཛིན་མཛད་ནས་སྒར་ཆེན་ལ་གདན་དྲངས་ཤིང་། གསེར་ཁྲི་ལ་མངའ་གསོལ་དང་། ཞྭ་ནག ཐམ་ཀ དབུ་གདུགས་སོགས་ཀརྨ་པའི་ཉེར་སྤྱོད་རྣམས་ཕུལ་ཏེ། སྲོལ་རྒྱུན་ལྟར་ཡོངས་འཛིན་བསྐོས་ཤིང་སློབ་གཉེར་གྱིི་དབུ་འཛིན། དཔའ་བོ་གཙུག་ལག་རྒྱ་མཚོའི་མདུན་ནས་བཀའ་བརྒྱུད་གོང་མ་ཚོའི་བཀའ་འབུམ་དང་སྡེ་སྣོད་གསུམ། རྒྱུད་སྡེ། དབང་ལུང་མན་ངག ཆོ་ག་ཕྱག་ལེན། རིག་པའི་གནས་ཆེ་ཆུང་ཁག་ལ་སྦྱོང་བ་བྱས་ཤིང་། ཁོང་ཉིད་ལྷ་བྲིས་དང་སྙན་ངག་སྦྱང་བར་ཧ་ཅང་དགའ་བར་བཤད།

  དེ་ནས་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་ན་ཉེར་གཅིག་ལ་ཕེབས་ཤིང་། སློབ་གཉེར་གྱི་སྦྱངས་འབྲས་ལེགས་ལ་སྒོམ་སྒྲུབ་ཀྱི་རྟོགས་པ་མཐོ་པོར་སོན་པའི་ཕྱི་ལོ་༡༦༢༤དང་རབ་བྱུང་བཅུ་པའི་ཤིང་བྱིའི་ལོ་ལ་འོག་མིན་མཚུར་ཕུ་ནས་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་ཀྱིས་མཁན་པོ་དང་དཔལ་གཙུག་ལག་རྒྱ་མཚོ་ནས་ལས་སློབ་དང་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་གསང་སྟོན་བྱས་ཏེ་དགེ་སློང་གི་སྡོམ་པ་ཞུས་འདུག་སྟེ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་རྣམ་ཐར་སླར་རྙེད་དཔེ་རྙིང་ལས།

  “རྗེ་ཉིད་དགོངས་ལོ་ཉེར་གཅིག་བཞེས་པར་གར་དབང་ཐམས་ཅད་མཁྱེན་པས་མཁན་པོ་དང་། དཔལ་གཙུག་ལག་རྒྱ་མཚོ་ནས་ལས་སློབ། སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་གསང་སྟོན་དང་དུས་སྒོ་ཁ་སྐོང་བཅས་པའི་ཚོགས་པའི་དབུས་སུ་ཆིག་རྫོགས་བསྙེན་པར་རྫོགས་པར་མཛད། མཁན་སློབ་དེ་ལས་རྒྱལ་ཚབས་སྤྲུལ་པའི་སྐུ་ཡང་རབ་དུ་བྱུང་བར་མཛད།”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༠༢པར་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

    ཅེས་པའི་ལུང་གིས་བཅུ་པ་ཆོས་དབྱིངས་རྡོ་རྗེས་དགེ་སློང་གི་སྡོམ་པ་ཞུ་མྱངས་པ་གསལ་བོར་རྟོགས་ནུས། ལོས་ཡིན་དང་པོ་དགེ་སློང་གི་སྡོམ་པ་ཞུ་མྱངས་ནའང་ཕྱིས་སུ་སྡོམ་པ་ཤོར་བའམ་ཕུལ་ནས། ལྷ་ལྕམ་འཇོག་ཚུལ་མེད་པ་མ་རེད། དེ་བས་མུ་མཐུད་ནས་ཆོས་དབྱིངས་རྡོ་རྗེའི་སྡོོམ་པ་ལ་བརྟག་པར་བྱའོ།།

  དགེ་སློང་གི་སྡོམ་པ་ལེགས་པར་རྒྱུད་ལ་བླངས་ཟིན་པའི་རྗེས་སུ། ཀརྨ་པ་འདི་ཉིད་དང་ཞྭ་དམར་རིན་པོ་ཆེ། དེ་བཞིན་སི་ཏུ་རིན་པོ་ཆེ་སོགས་ཡར་མར་གནས་སྐོར་དང་ཕྱོགས་ཀྱི་དགོན་ལག་ཁག་ལ་ཆིབས་བསྒྱུར་གནང་བའི་རྗེས་ཤུལ་དག་རྣམ་ཐར་གྱི་ཡིག་ཚང་ལས་མཐོང་རྒྱུ་འདུག་སྟེ། གནས་ཡངས་པ་ཅན་དང་། གནམ་མཚོ་བཀྲ་ཤིས་དོ་བོོ་རི། ཉི་མ་ལྷ་ས། ལྷོོ་བྲག མཚོ་མ་ཕམ། གངས་ཏི་སེ་སོགས་སུ་གནས་སྐོར་དང་། དགོན་པ་ཆེ་ཆུང་མང་ཙམ་ལ་ཕེབས་ནས་ཆོས་ཞུ་བ་དང་ཆོས་གནང་བའི་མཛད་འཕྲིན་ནམ་རྒྱུན་སྐྱོང་གི་ཡོད་པ་རེད་འདུག དགེེ་སློང་ཞིག་ཡིན་དུས་ངེས་པར་དུ་ཡར་ངོ་མར་ངོའི་ཚེས་བཅོ་ལྔ་ལ་གསོ་སྦྱོང་དགོས་པ་ལགས་པས་དེ་དག་ཇི་ལྟར་བྱེད་ཀྱི་ཡོད་དམ་སྙམ་ན། འདིའི་ཐད་ནས་སྤྱིར་ན་སྐབས་དེར་འགྲེེམ་འགྲུལ་མི་བདེ་བའི་རྐྱེེེན་གྱིས་གནས་རི་གཅིག་སྐོར་བ་ལའང་ཉིན་ཞག་མང་དུ་འགོར་བས་ན་གསོ་སྦྱོང་ལེན་མི་ཐུབ་པའི་བཟོ་འདུག་མོད། རྗེ་བཅུ་པ་འདི་ཉིད་འདུལ་བ་ལ་ཧ་ཅང་བརྩི་སྲུང་མཛད་མཁན་ཞིག་ཡིན་པར་གདའ་སྟེ། མཚོ་མ་ཕམ་དང་གངས་ཏི་སེ་ལ་གནས་སྐོར་དུ་ཕེབས་པའི་ལམ་ཁ་ནས་ཀྱང་རྒྱུན་ལྡན་ལྟར་བཅོ་ལྔ་དང་གནམ་གང་ལ་གསོ་སྦྱོང་མཛད་ཀྱི་ཡོད་འདུག དེའང་འབེ་ལོས་མཛད་པའི་རྣམ་ཐར་ལས།

  “རྫུ་འཕྲུལ་ཕུག་ཏུ་ཞག་བཞུགས་མཛད། དེར་གནས་བཅུའི་སྐུ་ཐང་གི་མདུན་དུ་གསོ་སྦྱོང་བླང་སྟེ་སོ་སོ་ཐར་པའི་མདོ་གསུངས། རྗེ་ཡབ་སྲས་འདི་གཉིས་ཀྱིས་ཟླ་ཕྱེད་གསོ་སྦྱོང་ནི་ཆགས་མེད་དང་བར་བར་དུ་གསོ་སྦྱོོང་ཁོ་ན་གནང་བ་ཡིན་པས་འདི་ཙམ་ལས་བྲི་མ་དགོས་སོ།།”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༠༤པར་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

   ཞེས་པའི་ཚིག་དུམ་འདི་ནི་ཁོང་ལ་སྡོམ་པ་ཡོད་མེད་གླེང་བའི་སྐབས་འདིར་ཧ་ཅང་གལ་ཆེན་སུ་མཐོང་། ཕྱི་ནང་གི་ཆ་རྐྱེན་ཧ་ཅང་ཞེན་པའི་གནས་སྐོར་གྱི་ལམ་ཁ་ནས་ཀྱང་དེ་ལྟར་སྡོམ་པ་ལ་སྣང་ཆེན་མཛད་ནས་གསོ་སྦྱོང་མཛད་ཀྱི་ཡོད་པ་ལགས་ན། ནམ་རྒྱུན་མགོན་པར་བཞུགས་དུས་ནི་ལྟ་ཅི་སྨོས། དེ་འོག ཁོང་ཉིད་དགུང་ལོ་བཞི་བཅུའི་སྐབས་ཀྱི་ཕྱི་ལོ༡༦༤༣ལོ་དང་། རབ་བྱུང་བཅུ་གཅིག་པའི་ཆུ་ལུག་ལོའི་ཆོ་འཕྲུལ་ཟླ་བའི་ཚེ་བརྒྱད་ལ་རྒྱལ་ཚབ་སྐུ་ཕྲེང་ལྔ་པ་དང་དཔའ་བོ་གཙུག་ལག་རྒྱ་མཚོའི་སྤྲུལ་སྐུ། དྷི་ཚ་སྐུ་སྐྱེ་ཀརྨ་འཇིག་རྟེན་དབང་ཕྱུག་གསུམ་ལ་དགེ་སློོོང་གི་སྡོམ་པ་གནང་མྱོང་འདུག་སྟེ། འབེ་ལོས་མཛད་པའི་རྣམ་ཐར་ལས།   

  “ཆུ་ལུག་ཆོ་འཕྲུལ་གྱི་ཚེས་བརྒྱད་ལ་ཟངས་ཕུག་ཏུ་ཕེབས་ནས་རྒྱལ་ཚབ་ན་རིམ་ལྔ་པ་རྗེ་གྲགས་པ་མཆོག་དབྱངས་བསྙེན་པར་རྫོགས་པར་མཛད་དེ་རྒྱལ་ཚབ་ཏུ་མངའ་གསོལ། དཔའ་བོ་གཙུག་ལག་རྒྱ་མཚོའི་སྤྲུལ་པའི་སྐུ་རབ་དུ་བྱུང་ཞིང་། དྷི་ཚ་སྐུ་སྐྱེ་ཀརྨ་འཇིག་རྟེན་དབང་ཕྱུག་བསྙེན་པར་རྫོགས་པར་མཛད།”

   (《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༡༥པར་གསལ། སྐྱོ་བྲག་དམ་ཆོས་ཟླས་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

  རྣམ་ཐར་གྱི་ཚིག་དུམ་འདི་ལྟར་ན། ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་དར་མའི་ལོ་ཚོད་ཡོལ་ཞིང་དགུང་ལོ་བཞི་བཅུའི་དུས་སུ་ཡང་སྔར་བཞིན་དགེ་སློང་གི་སྡོམ་པ་རང་གིས་བསྲུང་ཞིང་གཞན་ལ་གནང་གི་ཡོད་པ་ཡིན་འདུག་པས། བཞི་བཅུའི་བར་ལ་ལྷ་ལྕམ་མེད་པ་ཧ་ཅང་གསལ་པོ་རེད་འདུག རབ་བྱུང་བཅུ་གཅིག་པའི་སྤྲེེལ་གྱི་ལོ་སྟེ་ཕྱི་ལོ༡༦༤༤ལོ་ལ་བཀའ་བརྒྱུད་པ་དང་ལྷག་པར་ཀམ་ཚང་ལ་གོ་ཆག་ཆེན་པོ་ཞིག་ཐེབས་པ་རེད། སོག་དམག་བོད་ལ་བཙན་འཛུལ་གྱི་དབང་གིས་བོད་རང་གི་རྒྱལ་པོ་གཙང་པ་སྡེ་སྲིད་བར་དམག་འཁྲུག་ཆེན་པོ་བརྒྱབས་ཤིང་། ཆོས་བརྒྱུད་ཁག་ཀྱང་ཤོག་ཁག་གཉིས་སུ་གྱེས། བཀའ་བརྒྱུད་པ་འདི་ཉིད་ནི་སྐབས་དེ་དུས་བོད་ཀྱི་ཕྱོགས་འཛིན་པ་ཡིན་པས་ན། སོག་དམག་དང་ལྔ་པ་རིན་པོ་ཆེ་སོགས་ཀྱི་མིག་ནང་གི་ཚེར་མ་ལ་གྱུར་ཏེ། སྒར་ཆེན་འཛམ་གླིང་རྒྱན་ཞེས་པའི་ཀརྨ་པ་སྐུ་ཕྲེང་བཞི་པའི་དུས་སུ་ཚུགས་ཤིང་བདུན་པ་དང་བརྒྱད་པའི་སྐབས་སུ་དར་བའི་རྩེར་སོན་པའི་ཆོས་ཚོགས་དེ་ཉིད་སོག་དམག་གིས་གཏོར་ནས་གྲྭ་པ་མང་ཤོས་བྲོས། འགའ་ཤས་བཟུང་འགའ་ཤས་བསད། དེ་བཞིན་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་མང་ཤོས་ཤིག་དགེ་ལུགས་ལ་ཁ་བསྒྱུར། ཏག་ཏག་ཀརྨ་པ་འདི་ཉིད་དུས་ངན་དེ་ཡི་རྡུལ་རླུང་གི་ཁྲོད་དུ་ཚུད་པས་ན། སྲོག་མགོ་ཐོན་པའི་ཆེད་དུ་ཕྱི་ལོ༡༦༤༥པ་དང་། རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོའི་ཆོ་འཕྲུལ་གྱི་ཟླ་བའི་ཚེས་བཅུ་གསུམ་ཉིན་རིམ་པ་བཞིན་འཇང་ས་ཐམ་རྒྱལ་པོའི་ཡུལ་ལ་བྲོས་བྱོལ་དུ་ཕེབས་པ་དང་། འཇང་ས་ཐམ་རྒྱལ་པོ་ནི་ཀརྨ་པ་སྐུ་ཕྲེང་བདུན་པའི་དུས་སུ་ཆོས་སྒོར་ཞུགས་ཤིང་། བརྒྱད་པ་དང་དགུ་པའིི་དུས་སུ་བསྟན་པའི་སྦྱིན་བདག་ཆེ་ཤོས་ཡིན། དེེ་བས་ན་བཅུ་པ་ཆོས་དབྱིངས་རྡོ་རྗོ་ཉིད་དེ་གར་བྲོས་བྱོལ་མཛད་པར་མངོན། སྐབས་དེར་ཁོང་ཉིད་རི་བུད་ཡིན་པའིི་དབང་གིས་སྐུ་ཡི་ན་བཟའིི་ཁ་དོག་བརྗེས་པ་དང་། དབུ་སྐྲ་འཇོག་པ་སོགས་སྐུ་ཆས་ཐ་མལ་ཞིག་མཛད་ཡོད་པར་སྣང་སྟེ། ཕྱིས་སུ་རིམ་འགྲོ་བ་ཀུན་ཏུ་བཟང་པོའི་རེ་བ་ལྟར་གསང་བའི་རྣམ་པ་དབུ་སྐྲ་དང་རྣ་རྒྱན་ཅན་གྱི་ཞལ་ཐང་ཞིག་ཁོང་ཉིད་ནས་ཕྱག་བྲིས་མཛད་པའི་རྣམ་ཐར་འདུག འཇང་ས་ཐམ་གྱི་ཡུལ་ལ་ཕེབས་མ་ཐུབ་པའི་སྔ་རོལ་ཞིག་ལ་ཁོང་གི་གཟིམས་ལམ་དུ། བུད་མེད་རོ་སྟོད་གཅེར་བུ་བུད་པ་ཞིག་གིས་རིག་མ་བསྟན་དགོས་ཞེས་སྨྲས་བྱུང་བ་རྨིས་ཚུལ་ཞིག་གསུངས་འདུག རྣམ་ཐར་དེ་ལ་མཇལ་སྐབས་དང་ཁོང་གི་སྐུ་ཐང་དབུ་སྐྲ་ཅན་མཇལ་སྐབས་སུ། སྐྱེ་བོ་རྣམ་ཐར་ལ་རྨོངས་པ་འགའ་ཤས་ཀྱིས་འཇང་ཡུལ་ལ་ཕེབས་པའི་ལམ་ཁ་ནས་སྡོམ་པ་ལ་སྐྱོན་ཤོར་བར་དོགས་པ་བྱེེེད་ཀྱིན་འདུག་པ་མཐོང་། འོན་ཀྱང་དེ་ནི་རྣམ་ཐར་ལ་རྨོངས་པའི་རྐྱེན་ཁོ་ནས་ལན་ཏེ། ཤིང་བྱ་ནས་བརྩིས་པའི་ས་བྱི་ལོར་འཇང་ས་ཐམ་རྒྱལ་པའི་ཡུལ་དུ་ཕེབས་གྲུབ་ཅིང་། བྱི་ལོའི་ལོ་མཇུག་ཙམ་ལ་འཇང་ནས་རྒྱལ་ཐང་ལ་ཆིབས་ཁ་བསྒྱུར་ཞིང་། གནས་དེ་དབྱར་གནས་མཛད་འདུག་སྟེ། འབེ་ལོས་མཛད་པའི་རྣམ་ཐར་ལས།

  “ བྱི་ལོའི་ལོ་སར་ལ་འཇང་རྒྱལ་པོ་ཀརྨ་འཆི་མེད་ལྷ་དབང་ཡབ་སྲས་བཙུན་མོར་བཅས་ཀྱི་ལོ་སར་མཆོད་འབུལ་དང་་་་་་་་་ དེ་ནས་རྒྱལ་པོས་ཡུན་དུ་བཞུགས་པར་གསོལ་བ་བཏབ་ཀྱང་རྗེེ་ཉིད་འདུ་འཛི་ལ་མི་དགྱེས་པས་རྒྱལ་ཐང་ཕྱོགས་ལ་ཆིབས་ཁ་བསྒྱུར་་་་་་་་ ཀེ་ཙེ་མགོའི་རྫོང་དུ་དབྱར་གནས་གནང་།”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༡༩དང་༣༢༢སུ་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

   ཞེས་གསུང་པའི་ཕྱིར་ན། དོགས་པ་དེ་དག་ཀྱང་ངང་གིས་ཟློག་པར་གྱུར་ཅིག

  གླང་ལོའི་ལོ་དཀྱིལ་གྱི་ཡས་མས་སུ་ཡིན་པར་སྣང་། ཞྭ་དམར་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོ་སྤྱན་འདྲེན་ཆེད། ཆོས་དབྱིངས་རྡོ་རྗེས་སྐྲུ་མའི་ཆས་གསོལ་ཞིང་ལག་ན་འཁར་པ་བཟུང་ནས་ཞབས་གཡོག་གཅིག་ཀྱང་མ་ཁྲིད་པར་སྨར་ཡུལ་ལ་ཆས། ལམ་ཁ་ནས་ཇག་ཚོ་ཞིག་ལ་འཕྲད་དེེ་རྟ་དང་ལྷམ་ལ་བ་སོགས་འཕྲོག་བཅོམ་ཤོར་ནས། ཁོང་རྐང་རྗེན་དུ་ཕེབས་པར་སྤྱིར་བོད་ཡུལ་གྱི་གྲང་ངར་རྒོད་པ་དང་། སྐབས་དེར་ཁ་བ་བབ་པ་དང་ཐུག་པས་ཁོང་གི་རྐང་པ་གཉིས་པོ་ཁ་བས་ཕྱིད་པའི་རྣམ་ཐར་ཞིབ་ཆ་དང་ལྡན་པ་ཡང་མཇལ་རྒྱུ་འདུག སྐབས་དེར་ཁོང་ཉིད་དགོངས་ལོ་༤༥ཙམ་ལ་ཕེབས་ཡོད།

  དེ་རྗེས་སུ་ལོ་བཞིན་དགེ་སློང་གི་སྡོམ་པ་མང་དུ་གནང་འདུག་སྟེ། ཕྱི་ལོ༡༦༥༢དང་། རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ལོ་ལ་ཞྭ་དམར་ཡེ་ཤེས་སྙིང་པོ་དང་རྩེ་ལྷ་སྒང་ནང་སོ་སྐུ་སྐྱེ། ཞྭ་སྒོམ་སྐུ་སྐྱེ་སོགས་ལ་དགེ་སློང་གི་སྡོམ་པ་གནང་ཞིང་། ལོ་དེར་དགོོངས་ལོ་༤༩ལ་ཕེབས། ཡང་དེ་རྗེས་ཀྱི་ཕྱི་ལོ༡༦༥༥དང་། རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་རྗེ་ཀརྨ་པ་ཉིད་མཁན་པོ་མཛད་དེ་སི་ཏུའི་ཡང་སྤྲུལ་ལ་དགེ་སློང་གི་སྡོམ་པ་གནང་། ལོ་དེར་དགོངས་ལོ་༥༢ཡིན། ཡང་དེ་རྗེས་ཀྱི་ཕྱི་ལོ་༡༦༥༦དང་། རབ་བྱུང་བཅུ་གཅིག་པའི་སྤྲེལ་ལོ་ལ་འཇའ་ཡུལ་གྱི་གྲྭ་པ་སྟོང་ཕྲག་གཅིག་ལ་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གནང་། ཕྱི་ལོ་༡༦༦༡དང་རབ་བྱུང་བཅུ་གཅིག་པའི་ལྕགས་གླང་གི་ལོ་ལ་ས་ཐམ་རྒྱལ་པོའི་སྲས་ཆུང་བར་རབ་བྱུང་གི་སྡོམ་པ་གནང་འདུག སྐབས་དེར་ཁོང་དགོངས་ལོ་༥༨ཡིན། དེ་དག་ཀྱང་རེ་རེ་བཞིན་དུ་འབེ་ལོས་མཛད་པའི་རྣམ་ཐར་ལས།

  “འབྲུག་ལོའི་ཐ་སྐར་ཅན་གྱི་ཚེས་གཅིག་ཉིན། སྤྲུལ་པའི་སྐུའི་གཙུག་ཕུད་བཞེས། མཚན་ལ་་་་་་་ཡེ་ཤེས་སྙིང་པོ་གསོལ། རྒྱལ་བ་ཉིད་ནས་མཁན་པོ། ཀུན་ཏུ་བཟང་པོ་ལས་སློབ། ཀརྨ་ཟབ་གསལ་གསང་སྟོན། གཡུང་རབ་འབྱམ་པ་དྲི་རྨེད་མཛད་དེ་ཆིག་རྫོགས་སུ་བསྙེན་པར་རྫོགས་པར་མཛད། ཕྱི་ཉིན་རྩེ་ལྷ་སྒང་ནང་སོ་སྐུ་སྐྱེ་དང་། ཞྭ་སྒོམ་སྐུ་སྐྱེ་སོགས་ལ་ཀྱང་རབ་བྱུང་དང་བསྙེན་རྫོགས་མཛད། ཚེས་བརྒྱད་ཉིན་སྤྲུལ་པའི་སྐུ་སོགས་བསྙེན་རྫོགས་གསར་བུ་རྣམས་བཅས་བཀྲ་ཤིས་གསོ་སྦྱོང་གནང་། ”ཞེས་དང་། ཡང་།

  “ཤིང་ལུག་གི་ལོ་སར་བཞེས་་་་་་་

  དེར་རྗེ་ཉིད་མཁན་པོ། ལས་སློབ་ཀུན་ཏུ་བཟང་པོ། གསང་སྟོན་ཞྭ་སྒོམ་སྐུ་སྐྱེ་ དུས་སྒོ་ནང་སོ་སྐུ་སྐྱེས་མཛད་དེ་གྲངས་ཚང་བའི་དབུས་སུ་སི་ཏུ་སྤྲུལ་པའི་སྐུ་རབ་བྱུང་བསྙེན་རྫོགས་མཛད།”ཅེས་དང་། ཡང་།

  “སྤྲེལ་ལོའི་ཚེས་བཅུའི་འཆམ་གཟིགས་གནང་་་་་་་་་་་་

ལོ་དེར་འཇང་ཞབས་ཀྱི་གྲྭ་པ་སྟོང་ཙམ་ལ་རབ་བྱུང་དང་བསྙེན་རྫོགས་གནང་།”

  “ལོ་སར་གནང་། ་་་་་་་་

  ས་ཐམ་རྒྱལ་པོའི་སྲས་ཆུང་བ་ཀརྨ་མི་ཕམ་བསྟན་པའི་ཉི་མ་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་མཛད།”

  (《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༢༨དང་༣༢༩་དང་༣༣༣དུ་གསལ། སྐྱོ་བྲགདམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

  ཅེས་པ་སོགས་ཀྱི་ལུང་འདི་དག་གིས་གསལ་པོ་གསལ་རྐྱང་བྱས་འདུག དེ་བཞིན་རྒྱལ་ཐང་ལ་བཞུགས་སྐབས་རི་བོ་པོ་ཊ་ལ་ནས་གྲྭ་པ་སུམ་སྟོང་ཙམ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་འདུག་སྟེ། ཞྭ་དམར་ཡེེ་ཤེས་སྙིང་པོས་མཛད་པའི་ཀརྨ་པ་བཅུ་པའི་རྣམ་ཐར་ཚིག་བཅད་མ་ལས།

“གྲུབ་པའི་བསྟི་གནས་རི་བོ་པོ་ཊ་ལར།། ཚངས་པར་སྤྱོད་པའི་དགེ་འདུན་སུམ་སྟོང་ཚོགས།། རབ་བྱུང་བསྙེེེན་རྫོགས་སྡོམ་པའི་ཚུལ་ཁྲིམས་ཀྱིས།། ཡང་དག་ལམ་བཟང་བསྩལ་བ་དེ་ལ་འདུད།།”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོ་༢༨༥ལས་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

  ཅེས་གསུང་པའི་ལུང་ཚིག་དུམ་བུ་འདི་ལ་བློ་རྩེ་ཆེའོ།།

  གཞན་ཡང་མཚམས་འདིར་ཅིས་ཀྱང་གླེང་དགོས་པ་ཞིག་ནི། གལ་ཏེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་དགོངས་ལོ་༤༨ཀྱི་ཡན་ཆོད་ལ་སྡོམ་པ་བྲལ་ནས་ལྷ་ལྕམ་ཡོད་པར་འདོད་ཚེ། བཅུ་པས་དགོངས་ལོ་༤༨ཀྱི་རྗེས་སུ་སྡོམ་པ་གནང་བའི་ཞྭ་དམར་ཡེ་ཤེས་སྙིང་པོ་དང་སི་ཏུའི་ཡང་སྤྲུལ། དཔའ་བོ་གཙུག་ལག་འཕྲིན་ལས་རྒྱ་མཚོ།  འཇའ་ས་ཐང་གི་སྲས་ཆུང་བ་བཅས་ཆ་ཚང་ལ་སྡོམ་པ་མེད་དགོས་པ་ཡིན། རྒྱུ་མཚན་དེ་དག་ལ་རྗེ་ཉིད་དགོངས་ལོ༤༨ཀྱི་རྗེས་ནས་གཟོད་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གནང་བའི་ཕྱིར་རོ།། དེ་ལྟར་བསམ་ན་ཀརྨ་པ་བཅུ་པའི་དུས་ཀྱི་སི་ཏུ་དང་ཞྭ་དམར་གཉིས་དེའི་ཐོག་ལ་དཔའ་བོ་རིན་པོ་ཆེ་བཅས་པའི་བླ་མ་རྣམས་གཅིག་ལའང་སྡོམ་པ་མེད་པའི་ཐལ་བ་ཟློག་མེད་དུ་འབབ་པ་ཡིན།  རྒྱུ་མཚན་གོང་ནས་ཞུས་པ་ལྟར་རྗེ་ཉིད་དགོངས་ལོ༤༨ཀྱི་རྗེས་ཏེ་༤༩ཐོག་ཞྭ་དམར་སྤྲུལ་སྐུ་ཡེ་ཤེས་སྙིང་པོོ་ལ་དགེ་སློང་གི་སྡོམ་པ་གནང་ཞིང་དེ་ནས་རིམ་བཞིན་གཞན་ལ་གནང་པའི་ཕྱིར། བསམ་བློ་ཞིབ་འདོོོན་བྱས་ན་ཆོས་དབྱིངས་རྡོ་རྗེ་ལ་སྡོམ་པ་མེད་པར་སྨྲ་བའི་སྐྱེ་བོ་དེ་ཚོས་སྐབས་དེ་དུས་ཀྱི་ཀམ་ཚང་ཡབ་སྲས་དྲུག་པོ་སྡོམ་མེད་ཀྱི་དཀོར་གཟན་དྲུག་ལ་སྒྲུབ་ཀྱིན་འདུག་པས། མི་དེ་དག་གི་ཀུན་སློང་ལ་འཇིགས་འོས་སོ།།

  གོང་གི་རྣམ་ཐར་དེ་དག་མཇལ་ནས་མཚམས་འདིར་ཐོན་དུས་མགོ་རུལ་བ་སྣ་ཡིས་མི་ཚོར་བའི་སོ་སྐྱེས་བཤད་ལ་དགའ་བ་འགའ་ཞིག་ལ་སེམས་ཁོང་རུས་པའི་གཏིང་ནས་མཐོང་ཆུང་ཤོར་བྱུང་།  ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཉིད་དགོངས་ལོ་༥༩གི་ཐོག་ནས་ཀྱང་གཞན་ལ་སྡོམ་པ་གནང་བའི་རྣམ་ཐར་མཐོང་རྗེས། ཁོང་ལ་ལྷ་ལྕམ་ཡོད་པར་བཤད་པ་ནིི་རིགས་པའི་རྒྱབ་ལྗོངས་མེད་པའི་རྫུན་གཏམ་འབའ་ཞིག་ཡིན་པ་སེམས་གཏིང་ནས་ཐག་ཆོད་བྱུང་བས། རྩོམ་ཐུང་འདི་མུ་མཐུད་བྲིས་དང་མ་བྲིས་མེད་པའི་སྣང་བ་ཞིག་ཤར་མོད། བཤད་ལ་དགའ་བའི་བོང་བུ་གཟིག་ལྤགས་ཅན་དག་གིས་རང་དོན་ཨ་ཙ་མའི་ཆེད་དུ། རྫུན་གྱི་འཁོར་ལོ་སྐོར་ནས་འུད་ཀྱི་བག་ལེབ་བཟོ་ཞིང་། “པ”ལ་ཞབས་ཀྱུ་བཏགས་ནས“པུ”ལ་བསྒྱུར་སྲིད་པས་ད་རུང་དོགས་གཞི་གཞན་ཞིག་སེལ་བར་བྱ།

  དེ་ནི་རྒྱལ་ཚབ་ནོར་བུ་བཟང་པོའི་དོན་དག་རེད། ནོར་བུ་བཟང་པོ་ཕྱི་ལོོ་༡༦༦༠ལོ་དང་། རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོའི་དབོ་ཟླའི་ཚེས་བཅུ་གཅིག་གི་ཉིན་རྒྱལ་ཐང་གི་དུད་ཁྱིམ་ཞིག་ལ་འཁྲུངས། སྟག་གི་ལོ་དང་རྒྱལ་ཚབ་ནོར་བཟང་ལོ་གསུམ་ཐོག་པོ་ཊ་ལར་གདན་དྲངས་ནས་ཁྲི་གསོལ་བྱས་། ལུག་གི་ལོ་དང་ཁོང་ཉིད་ལོ་བརྒྱད་ཐོག་ཀརྨ་པ་དང་སི་ཏུ་བཅས་ཀྱིས་དགེ་བསྙེན་གྱི་སྡོམ་པ་གནང་། ཕྱི་ལོ་༡༦༧༣ལོ་དང་རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོའི་ནག་ཟླའི་ཚེས་བཅུ་གཅིལ་ལ་ཀརྨ་པ་དང་ལྷན་དུ་ལྷ་སར་བྱོན། ལྷ་སར་སོག་དམག་གིས་བཟུང་ཡོད་ཅིང་ཀརྨ་པ་ནི་སྐབས་དེ་དུས་ཀྱི་ཉེས་ཆེན་རི་བུད་ཡིན་པས་ན་འོག་མིན་མཚུར་ཕུ་དགོན་སྔར་བཞིན་རང་ཕྱག་ཏུ་ཡོང་ཆེད་རྒྱལ་ཚབ་ནོར་བུ་བཟང་པོ་དགུང་ལོ་བཅུ་བཞི་ལ་སོན་པ་དེ་ཉིད་རྗེ་ཀརྨ་པའི་རིགས་སྲས་དང་། རྒྱལ་ཚབ་ཀྱི་མ་ཡུམ་དེ་ཉིད་ལྷ་ལྕམ་ཡིན་པར་ཆབ་སྲིད་ཀྱི་དབང་གིས་ཁས་བླངས་པར་ཡིན་འདུག དེ་ལྟར་ཁས་ལེན་དགོས་དོན་ནི་སྐབས་དེ་དུས་སུ་ཀརྨ་པར་འཇའ་དང་རྒྱ་ཡི་དམག་བོད་ལ་ཁྲིད་ཡོང་བའི་དོགས་གཞི་དང་། སྔར་སྒར་ཆེན་སོག་དམག་གིས་གཏོར་སྐབས་མགོ་འབུལ་མ་བྱས་ནས་རི་བུད་པའི་ནག་ཉེས་ཡོད་པས། ད་ཐེངས་འོག་མིན་མཚུར་ཕུ་ལ་བདག་པོ་བྱེད་ཐུབ་པའི་དགོས་ཆེད་ཀྱི་ཕྱིར་ན། མཚུར་ཕུའི་བསྟན་བདག་རྒྱལ་ཚབ་ནོར་བཟང་རྗེ་ཉིད་ཀྱི་སྲས་ཡིན་ཚུལ་དགའ་ལྡན་སྲིད་གཞུང་ལ་སྙན་ཞུ་ཕུལ་དགོས་བྱུང་བ་ལས། དོན་གྱི་ཆ་ནས་ཁོང་ལ་རིགས་སྲས་དང་ལྷ་ལྕམ་གང་ཡང་མེད་པ་རེད། འདིར་རྒྱལ་ཚབ་ནོར་བཟང་ཁོང་གི་སྲས་དང་རྒྱལ་ཚབ་ཀྱི་མ་དེ་ཁོང་གི་ལྷ་ལྕམ་མིན་པའི་སྒྲུབ་བྱེད་གསུམ་དྲངས་རྒྱུ་ཡིན་པས་སེམས་ས་ལ་ཕབ་ནས་གཟིགས་ཤིག

དང་པོ།

  གོང་ནས་ཞུས་པ་བཞིན་རྒྱལ་ཚབ་ནོར་བཟང་ལྕགས་བྱི་ལ་འཁྲུངས་ཤིང་སྐབས་དེར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དགོངས་ལོ་༥༧ཡིན། གལ་ཏེ་ནོར་བཟང་ཁོང་གི་སྲས་ཡིན་ན་དགོངས་ལོ༥༧དང་༥༦གང་རུང་ལ་སྡོམ་པ་ཤོར་བའམ་ཕུལ་དགོས་པས་ན། དགོངས་ལོ་༥༨་དང་༥༩སོགས་ལ་བུ་སློབ་རྣམས་པར་རབ་བྱུང་གི་སྡོམ་པ་གནང་དུ་མེད། འོན་ཀྱང་ཏག་ཏག་དགོངས་ལོ་༥༨ཀྱི་ཐོག་འཇང་ས་ཐམ་གྱི་སྲས་ཆུང་བར་རབ་བྱུང་གནང་མཛད་འདུག་སྟེ། དེའང་འབེ་ལོས་མཛད་པའི་རྣམ་ཐར་ལས།

“ལོ་སར་(ལྕགས་གླང།ཕྱི་ལོ་༡༦༦༡། )གནང་། རྒྱལ་ཚབ་པའི་མ་ཡུམ་ལ་གནས་བཅུའི་སྐུ་ཐང་ཕྱག་བྲིས་གནང་། ས་ཐམ་རྒྱལ་པོའི་སྲས་ཆུང་བ་ཀརྨ་མི་ཕམ་བསྟན་པའི་ཉི་མ་ཁྱིམ་ནས་ཁྱིམ་མེད་པར་རབ་བྱུང་མཛད། སེམས་ཀྱི་ངོ་སྤྲོད་ཞིབ་པར་གནང་ནས་་་་་་་།”

ཞེས་གསུང་པའི་ཕྱིར།

  གཉིས་པ།

  རྒྱལ་ཚབ་ནོར་བཟང་ལོ་ན་གསུམ་པར་ཕེབས་པའི་སྟག་གི་ལོ་ལ། ཀརྨ་པ་ཆོས་དབྱིངས་རྡོ་རྗེེ་དགོངས་ལོ་༥༩ལ་ཕེབས་ཤིང་། ལོ་དེར་ཁོང་ལུས་ཁམས་འཁྲུག་ནས་སྐུ་སྙུང་ལྕི་མོར་གྱུར་ཏེ་དགོངས་པ་རྫོགས་ལ་ཉེ་བའིི་ཚད་ལ་ཐོན། སྐབས་དེར་ཁོང་གིས་ཞལ་ཆེམས་ཤིག་ཕྱག་བྲིས་མཛད་མྱོང་ཡོད་འདུག་སྟེ། འབེ་ལོས་མཛད་པའི་རྣམ་ཐར་ལས།

  “ དེ་ནས་སྐབས་ཤིག་ནས་རྒྱལ་བ་ཉིད་དང་པོ་མགུལ་ཆམ་གྱི་རྣམ་པ་ལས་སྙུན་བབ་ལྕི། གསོལ་དྭངས་འགག་པ། སྐུ་ཉམ་ཆུང་བར་རྒྱ་བོད་སྨད་དཔྱད་གང་གིས་ཀྱང་མ་ཕན་པར་ཞིང་ཁམས་གཞན་དུ་དགོངས་པར་གྱུར་ཏེ་ཞལ་ཆེམས་ཕྱག་བྲིས་སུ་འགོད་པར་མཛད་པ། བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོ་འདིས་གདན་ས་ཆེན་པོ་མཚུར་ཕུ་ཁོ་ནའི་རྟེན་འབྱུང་ཙམ་མ་འཕྱུགས་ནའང་སྙིང་པོའི་བསྟན་པ་མིང་མེད་ཙམ་དུ་མི་འགྲོ་བའི་རྟེན་འབྱུང་ཡོད་པས་དེ་ལ་ཕན་ངེས་པས། ང་ཡི་རྒྱན་ཕྲེང་དང་གོས་དང་། རྟེན་གསུམ་ཐམས་ཅད་བྱིན་ལ་ང་ཡི་སྲས་ཡིན་པའི་ཟོལ་གྱིས། མ་ཡུམ་ལ་མཁའ་འགྲོ་སྐལ་བ་བཟང་མོ་གྱིས་ལ། འདི་ཡི་དོ་དམ་ཀུན་ཏུ་བཟང་པོ་དང་ཁྱེད་གཉིས་ཀྱིས་དགོས་ཞེས་སོགས་དང་། ས་ཐམ་རྒྱལ་པོར་དེ་མཚུངས་ཀྱི་བཀའ་ཤོག་གནང་བར། ”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༣༤ལས་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

  གོང་གི“ཟོལ”ཞེས་པའི་དོན་ནི“རྫུན”དང“གཡོ་སྒྱུ”“མ་ཡིན་ཡིན་ཚུལ”བྱེད་པ་སོགས་ལ་གོ དཔེར་ན་གཡོ་སྒྱུ་ཅན་ལ་ཟོལ་པོ་དང་རྫུན་ཚིག་ལ་ཟོལ་ཚིག་ཟེར་བ་བཞིན་ནོ།།

  དེ་ན་ཞལ་ཆེམས་ཀྱི་ནང་དོན་ནི། དགའ་ལྡན་སྲིད་གཞུང་གིས་གོང་ལེན་བྱས་པའི་གདན་ས་འོག་མིན་མཚུར་ཕུ་དེ་ཉིད་རྒྱལ་ཚབ་ཀྱི་ཕྱག་ཏུ་ཡོང་བའི་རྟེན་འབྲེལ་སྔར་ནས་ཡོད། དེའི་ཐོག་བསྟན་པ་རིན་པོ་ཆེ་འདི་མིང་སྟོང་ཙམ་ལ་མི་འགྱུར་བའི་རྟེན་འབྲེལ་ཞིག་ཀྱང་ཡོད་པས་ན། ངོས་ཀྱི་རྒྱན་དང་ཕྲེང་བ་གོས། རྟེན་གསུམ་ཐམས་ཅད་ཁོང་ལ་བྱིན། དེ་ནས་ངོས་ཀྱི་བུ་ཡིན་པར་རྫུན་ཏེ་རྒྱལ་ཚབ་ཀྱི་མ་ཡུམ་མཁའ་འགྲོ་མ་ཡིན་ཁུལ་གྱིས། གཡོ་སྒྱུའི་ལས་དེས་ཁོང་གི་འགྲོ་དོན་ལ་ཕན་པ་ཡོང་ངེས། ལྷ་སར་ཐོན་དུས་འཁྲབ་སྟོན་དེ་ལེགས་པར་འཁྲབ་ནས་གདན་ས་རང་ཕྱོགས་ལ་དབང་བ་ཞིག་དང་སངས་རྒྱས་ཀྱི་བསྟན་པའི་ནང་སྙིང་ཟིན་པ་ཞིག་དགོས་གསུང་པ་རེད།

  དེ་བས་ཀརྨ་པ་ཁོང་ཉིད་ཀྱིས་ཀྱང་དོན་ལ“ནོར་བཟང་ངོས་ཀྱི་བུ་མིན”གསུངས་འདུག

  གསུམ་པ།

  སྤྱིར་ན་གོང་དུ་དྲངས་པའི་ལུང་རིགས་གཉིས་ཀྱིས་སྒྲུབ་མི་ཐུབ་པ་ཞིག་མི་འདུག་མོད། དོགས་པ་འདི་ཡོངས་སུ་སེལ་ཆེད་ཡང་དུ་རྣམ་ཐར་རྩོམ་པ་པོས་གནད་དོན་འདིའི་ཐད་ལ་གསལ་བཤད་ལྟ་བུ་ཞིག་འདུག་པ་དེ་ཉིད་ཀྱང་འདི་གར་བཀོད་པར་བྱ།དེའང་འབེ་ལོས་མཛད་པའི་རྣམ་ཐར་གྱི་མཇུག་ཏུ།

  “ཤ་དང་ཆང་ལྗགས་ཐོག་ཏུ་མི་འཇོག། ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་ཆེད་མེད་དུ་གནང་།”ཞེས་དང་།

  ཡང་རྣམ་ཐར་དེ་ཉིད་ཀྱི་ཤོག་ངོ་ཐ་མའི་ངོས་སུ་རྒྱལ་ཚབ་ནོར་བཟང་གི་རྣམ་ཐར་མདོར་བསྡུས་ཤིག་ཡོད་པ་དེ་ལས།

  “དུས་དེར་གདན་ས་དམ་པ་མཚུར་ཕུའི་དཔལ་ཀརྨ་པ་ཆེན་པོའི་སེང་གེའི་ཁྲིར་བསྲུང་བའི་དགོས་པའི་དབང་གིས་རྗེ་ཉིད་ཀྱི་རིགས་སྲས་ཡིན་པ་ཞལ་བཞེས་གནང་།”

(《བཀའ་བརྒྱུད་གསེར་ཕྲེང་།》སྨད་ཆ། ཤོག་ངོས་༣༤༠ལས་གསལ། སྐྱོ་བྲག་དམ་ཆོས་ཟླ་བས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར། )

  ཞེས་གསུངས་ནས། རྒྱལ་ཚབ་ནོར་བཟང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྲས་མིན་ནའང་། དགོས་པའི་དབང་གིས་ཡིན་ཞེས་གསུངས་མྱོང་ཚུལ་སོགས་གསལ་བོར་བཤད་འདུག་པས། རང་དོན་གྱི་ཆེད་དུ་དགེ་སློང་ལ་ལྷམ་ལྕམ་ཡོད་ཚུལ་བཤད་ནས་དམྱལ་བར་འགྲོ་བའི་རྒྱུ་མ་བསྒྲུབས་ན་དགའ་ཨང་།

ལྷན་རྒྱས་ཁ་དགེའོ།།

ཕྱི་ལོ་༢༠༡༨ལོའི་ཟླ་བ་༩པའི་ཚེས་༡༠ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་ཀེ་ལ་གཙང་པོའི་འགྲམ་ངོགས། ཆབ་མདོ་འབྲོང་ཡག་དགོན་པའི་བླ་བྲང་ནས་སྦྱར་རོ།། 

དཔྱད་གཞི་ཡིག་ཆ།

ཞྭ་དམར་བདུན་པ་དཔལ་ལྡན་ཡེ་ཤེས་སྙིང་པོས་མཛད་པའི་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཚིག་བཅད་མ།

གསར་རྙེད་དཔེ་རྙིང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་རྒྱས་པ།

ཀམ་ཚང་སྡོམ་རྒྱུན་གསོལ་འདེབས།

(ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་དཔེ་རྙིང་གསར་རྙེད་ཀྱི་ཤིང་དཔར་མ།)

རྩོམ་ཁུངས་ངེད་དྲ་བ།

བོད་པའི་དྲྭ་ཚུགས་ཀྱི་མ་འོངས་ཆེད་དུ་སྐུ་ཉིད་ནས་ངེད་དྲ་བའི་བརྩམས་ཆོས་རྣམས་འཕྲིན་སྟེགས་སོགས་སུ་བཤུ་འགོད་མི་བྱེད་པའི་རེ་བ་སྙིང་ནས་ཞུ། དྲྭ་ཚུགས་དོ་དམ་པས།