ལྷ་བཅས་འགྲོ་བའི་གཙུག་ན་བཞུགས་པ་ཡི།།
གསུང་མཆོག་མཚུངས་པར་མེད་པའི་ཟས་གཙང་སྲས།།
སྒོ་གསུམ་དང་བའི་མཁའ་ལ་ལྷང་ངེ་རུ།།
འདི་ནས་བྱང་ཆུབ་བར་དུ་རྟག་བཞུགས་མཛོད།།
རྒྱལ་ཀུན་མཁྱེན་པའི་དཀྱིལ་འཁོར་གཅིག་བསྡུས་པའི།།
དམར་སེར་དྷཱིཿ ་ཡིག་ངུར་སྨྲིག་རྣམ་རོལ་བ།།
གངས་རིའི་ལྗོངས་ཀྱི་མཁས་དང་གྲུབ་པའི་ཕུལ།།
འཇམ་དབྱངས་ས་སྐྱ་པ་དེས་ཤིས་པ་སྩོལ།།
ངེས་འབྱུང་བསླབ་ཁྲིམས་ཡོངས་འདུས་ལྗོན་པ་རུ།།
བྱང་ཆུབ་སེམས་གཉིས་ཡ་གལ་དུད་པའི་རྩེར།།
སྒོ་གསུམ་རྡོ་རྗེའི་འབྲས་བུ་སྨིན་པ་ཡི།།
ཡོངས་འཛིན་དམ་པའི་ཚོགས་ཀྱིས་དུས་ཀུན་སྐྱོངས།།
འདི་ན་མཁས་མཆོག་མང་པོས་མ་རྙེད་པའི།།
སྔོན་མེད་གསར་པའི་ལེགས་བཤད་མ་མཆིས་ཀྱང་།།
དམ་པའི་གསུང་ལ་ཡང་ཡང་ཐོས་པ་ཡི།།
ཆ་ཤས་ཙམ་ཞིག་བྲི་ལ་སྤྲོ་བ་བརྟས།།
དེ་ཡང་། ཆོས་ཀྱི་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོས། བསྟན་བཅོས་རྩོམ་པའི་དམ་པ་ཡི། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་སྣང་། ཞེས་གསུངས་པ་ལྟར། སྔོན་བྱོན་མཁས་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་སློབ་པར་འདོད་པའི་འདུན་པས། །དབྱངས་ཀྱི་རྒྱལ་མོའི་ཏམྦུ་རའི་རྒྱུད་ལས་འཕོས་པའི་འགྱུར་ཁུགས་སྙན་པའི་དཔལ་ལས་ཡང་དག་པར་དྲངས་པའི་ཚིག་རྒྱན་གྱི་ཕྲེང་བ་དག་གིས་མཆོད་པར་བརྗོད་པ་དང་རྩོམ་པ་དམ་བཅས་པས་ལམ་ཡངས་པོར་བྱས་ནས།
འདིར་གང་ཞིག་གླེང་བར་བྱ་བ་ནི། སྲིད་པ་གསུམ་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པ་མཐོ་ཞིང་། ལྷ་དང་བཅས་པའི་སྐྱེ་རྒུ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་གདུལ་བྱ་རིགས་ཅན་གསུམ་ལ་དགོངས་ནས་མ་རིག་པའི་ལིང་ཏོག་སྟུག་པོས་ཤེས་རབ་ཀྱི་མིག་བསྒྲིབས་པའི་སྐྱེ་བོ་དག་ལ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་གསུངས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་པའི་ཚད་ལ་དཔྱད་པ་འདི་ཉིད། དེ་ཡང་སྤྱིར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ནི། ངེས་པའི་དོན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རྟག་ཏུ་སྲུང་བར་བྱེད་པས་རྒྱུན་ཆད་མེད་པར་འབྱུང་བར་གསུངས་པ་ལ་སོགས་པས་ནམ་ཡང་ནུབ་པ་མེད་པའི་རང་བཞིན་དུ་བཞུགས་པ་དེ་ལྟ་ནའང་། གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོ་རུ་བསྟན་པ་རིན་པོ་ཆེ་ཇི་ཙམ་གནས་པའི་ཚད་ལ་རིང་ཐུང་སྣ་ཚོགས་སུ་གསུངས་པ་ལ་བརྟེན་ནས་འཆད་པར་འགྱུར་བའི་བརྗོད་བྱའི་སྙིང་པོ་ནི་ས་བཅད་རྣམ་པ་བཅུ་ཡི་སྒོ་ནས་གཏན་ལ་ཕབ་ནས་རང་ཉིད་ཀྱིས་དཔྱད་ཅིང་དཔྱད་པའི་མཐར་བསྟན་པ་རིན་པོ་ཆེ་གནས་པའི་ཚད་ལ་མཐར་གཅིག་ཏུ་ངེས་ཅན་མེད་ཅེས་འདུལ་བ་གཞུང་དམ་པའི་རྗེས་སུ་འབྲངས་ནས་ཞུ་བ་ཡིན།
འདི་ལ་དཔྱད་གཞི་ལུང་ཁུངས་སོ་སོར་དགོད་པ་དང་། སྒྲ་ཇི་བཞིན་པའི་ལུང་ངོས་བཟུང་བའོ། །
དང་པོ་ལ་བསྟན་པ་ལོ་སྟོང་ཕྲག་གཅིག་ཏུ་གནས་པ་དང་། སྟོང་དང་ཆིག་བརྒྱར་གནས་པ་དང་། སྟོང་དང་སུམ་བརྒྱར་གནས་པ་དང་། སྟོང་དང་ལྔ་བརྒྱར་གནས་པ་དང་། ཉིས་སྟོང་དུ་གནས་པ་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པ་དང་། བཞི་སྟོང་དུ་གནས་པ་དང་། ལྔ་སྟོང་དུ་གནས་པ་དང་། ཡར་འཕེལ་དྲུག་བརྒྱའི་བར་དུ་གནས་པ་དང་། ནན་ཏན་བྱེད་པ་ཡོད་མེད་ལ་རག་ལས་པ་གསུངས་པ་དང་བཅུ་ལས།
དང་པོ་ལོ་སྟོང་དུ་གནས་པ་ནི།
འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས། ཀུན་དགའ་བོ་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་མ་བྱུང་ན་ནི་ད་དུང་ངའི་བསྟན་པ་ལོ་སྟོང་ཚང་བར་ཉེས་པ་མེད་ཅིང་ཉམས་པ་མེད་པར་གནས་པར་འགྱུར་རོ། ། ཞེས་དང་། ཇི་ལྟར་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་བབ་པས་ལོ་སྟོང་ཚང་བར་གནས་པའི་ཡུན་ཐུང་ངུར་ལྷག་མ་ཙམ་དུ་བྱས་ན་ཇི་ལྟར་ཉེ་དུ་དང་གཉེན་གྱི་ཕྱིར་ཞེས་སྨྲ། ཞེས་དང་། གནས་བརྟན་ཉི་མའི་གུང་གིས་རི་སྤོས་ངད་ལྡང་གི་ཀླུ་རྣམས་ཀྱི་དྲིས་ལན་དུ་འདི་ལྟར་གསུང་པ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་ཅིག་གནས་པར་འགྱུར། གནས་བརྟན་གྱིས་སྨྲས་པ། ལོ་སྟོང་ངོ་། །ཞེས་དང་། མདོ་སྡེ་བསྐལ་པ་བཟང་པོ་ལས་ཀྱང་། མཆོག་ཏུ་དགའ་བའི་རྒྱལ་པོ་ང་སྐྱེས་པའི་ཡུལ་ནི་གྲོང་ཁྱེར་སེར་སྐྱ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གཽ་ཏ་མའོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་ཞེས་བྱའོ། །ཡུམ་ནི་སྒྱུ་འཕྲུལ་མ་ཞེས་བྱའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་དགའ་བོའོ། །ཤེས་རབ་ཅན་གྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་གྱི་མཆོག་ནི་པང་ན་སྐྱེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་པས་དམ་པའི་ཆོས་ལོ་ལྔ་བརྒྱ་དང་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་སྟོང་ཕྲག་གཅིག་ཏུ་གནས་པར་གསུངས་པ་དང་། གཞན་ཡང་མདོ་སྡེ་ལས་བརྒྱ་པར། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། དབང་པོ་དག་དེ་བཞིག་གཤེགས་པ་ནི་རིང་པོར་མི་ཐོགས་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཁྱེད་ཀྱིས་བསྟན་པ་སྲུང་བར་གྱིས་ཤིག །དབང་པོ་དག་ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཆ་བའི་ཚེ། འཇིག་རྟེན་ཆོས་མ་ཡིན་པ་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་དང་། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་པ་དབྱིག་གཉེན་གྱི་མཛད་པ་ལས་ཀྱང་། སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་འཕེལ་བ་དང་འགྲིབ་པའི་ཚུལ་བསྟན་པའི་ཕྱིར་གྱི་ཁྱད་པར་བརྗོད་པའོ། །དེ་ཡང་དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ཏེ། ལུས་དང་། ཤེས་རབ་དང་། རྩལ་ལ་སོགས་པ་འཕེལ་ཞིང་སྐྱེ་བའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མའི་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང་། ཤེས་རབ་དང་། རྩལ་ལ་སོགས་པ་ཤིན་ཏུ་ཉམས་ཤིང་བྲི་ནས་ཐ་མར་རྒ་ཤི་ལ་ཐུག་སྟེ་ཟད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འབྲས་བུ་ཐོབ་པ་དང་། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་ཛམྦུའི་གླིང་ན་གནས་སོ། །དེའི་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་སུ་བཞག་གོ། །འཕེལ་བ་ནི་ལོ་བརྒྱད་ཅུའི་བར་དུ་ཤཱཀྱ་ཐུབ་པ་མྱ་ངན་ལས་མ་འདས་ཏེ། དེའི་དུས་སུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་འཕགས་པ་ཕྱོགས་བཅུ་ནས་དགེ་བའི་རྩ་བ་སྨིན་ཏེ་ལྷག་མ་རྣམས་ཀྱང་ཤིན་ཏུ་ལྷག་པར་རྣམ་པར་གྲོལ། གཞན་ལྷ་དང་མི་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀས་བསྟན་ཅིང་མངོན་སུམ་དུ་ཡོངས་སུ་སྨིན་ཏེ། ཡོངས་སུ་བཀྲོལ་བས་ལྷག་པར་འབྲས་བུ་འཐོབ་བོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་ལོ་ལྔ་བརྒྱ་སྔ་མ་འདས་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དག་སངས་རྒྱས་ཀྱི་བསྟན་པ་རྣམས་ཤིན་ཏུ་འཛིན་ཅིང་ཛམྦུའི་གླིང་ན་ཁྱབ་པར་གྲངས་མང་དུ་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང་། ཡོངས་སུ་གྲོལ་བར་བྱས་ཏེ་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་དང་། དེ་བས་ན་ལྔ་བརྒྱ་སྔ་མ་ནི་དུས་བཟང་པོ་སྟེ། དུས་དེ་ལ་ལྟོས་ནས་ཁྱད་པར་སྨྲས་པ་ནི་ལྔ་བརྒྱ་ཕྱི་མ་ཞེས་བྱའོ། །དེ་ལྟ་མོད་ཀྱི་ལྔ་བརྒྱ་ཕྱི་མའི་དུས་དེ་ན་ཡང་ལོ་ལྔ་བརྒྱའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་འཕགས་པ་གྲངས་མང་དུ་ཛམྦུའི་གླིང་ན་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང་། ཡོངས་སུ་བཀྲོལ་ཏེ་འབྲས་བུ་ཐོབ་པར་བྱས་སོ། །དེ་ལྟར་འབྲས་བུ་ཐོབ་པ་ལ་སོགས་པར་གྱུར་ཀྱང་། ལྔ་བརྒྱ་སྔ་མ་དང་སྦྱར་ན་དེའི་དུས་ངན་པའི་ཕྱིར་ལྔ་བརྒྱ་ཕྱི་མ་ཞེས་སྨོས་ཏེ། ལྔ་བརྒྱ་ཕྱི་མའི་མགོ་ནས་སངས་རྒྱས་ཀྱི་ཆོས་ནས་ཛམྦུའི་གླིང་ན་མེད་པར་མ་གྱུར་གྱི་བར་དུ་ལྔ་བརྒྱ་ཕྱི་མ་ཞེས་བྱ་བའི་དུས་སུ་བསྡུའོ། །ལྔ་བརྒྱ་ཕྱི་མའི་དང་པོ་ཚུན་ཆད་དུས་ངན་པར་བཞག་མོད་ཀྱི། འོན་ཀྱང་ལོ་ལྔ་བརྒྱའི་བར་དུ་ནི་དུས་ངན་པའི་ནང་ནས་ཀྱང་འབྲས་བུ་ཐོབ་པ་ནི་ཤིན་ཏུ་མི་དཀའ་བའི་ཕྱིར། དུས་ངན་པའི་ཡང་ངན་པ་ཁྱད་པར་དུ་སྨོས་པའོ། །ལྔ་བརྒྱ་ཕྱི་མའི་ལོ་འདས་ཕྱིན་ཆད་ནས་ཆོས་མེད་ཀྱི་བར་དུ་དུས་ངན་པའི་ཡང་ངན་པར་བཞག་མོད་ཀྱི། དེའི་ཚེ་ན་ཡང་བརྩོན་འགྲུས་དང་ནན་ཏན་བྱས་ནས་འབྲས་བུ་མི་ཐོབ་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་འགའ་ཙམ་ཞིག་འཇིག་རྟེན་དུ་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་གསུང་པ་དང་།
སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་རང་འགྲེལ་ལས། ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པའོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ་ཞེས་རང་ཉིད་ཀྱི་བཞེད་པ་ལ་ལོ་སྟོང་དུ་གནས་པར་བཤད་པ་དང་། གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པའི་མདོ་འགྲེལ་དང་། བལ་པོ་ཞི་གནས་ལྷས་མཛད་པའི་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་སོགས་མདོ་བསྟན་བཅོས་མང་པོ་ལས་ལོ་སྟོང་དུ་གནས་པར་གསུངས་ཀྱང་འདིར་མཚོན་པར་ཙམ་བཀོད་པའོ།། དེས་ན་དེ་ལྟར་གསུངས་པ་དེ་རྣམས་ཀྱིས་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལོ་སྟོང་ཕྲག་གཅིག་ཏུ་གནས་པར་བསྟན་ནོ། །
གཉིས་པ་སྟོང་དང་ཆིག་བརྒྱར་གནས་པ་ནི།
མདོ་མྱ་ངན་ལས་འདས་པ་ལོ་ཆེན་གྱི་འགྱུར་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་བླ་མར་བྱེད་པར་འགྱུར་རོ། །ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ལ་དགའ་བ་དང་ལྡན་པར་གནས་པར་འགྱུར་ཞིང་ཤེས་པ་ལ་མཁས་པ་དང་། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཆིག་བརྒྱ་ན། དགེ་སློང་ཚུལ་ཁྲིམས་འཆལ་བ་རྣམས་འབྱུང་བར་འགྱུར་བ་ནི་འཁོར་དང་གཡོག་མང་བར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང་གཡོག་ཉུང་བར་འགྱུར་རོ་ཞེས་པའི་བར་གྱི་རྒྱ་ཆེར་བསྟན་པས། བསྟན་པ་ནམ་ཞིག་ནུབ་པའི་མཐའ་གསལ་བར་མ་བསྟན་ན་ཡང་། གནས་པའི་ཡུན་ནི་ལོ་སྟོང་ཕྲག་གཅིག་དང་ཆིག་བརྒྱར་གསལ་བར་བསྟན་ནོ། །
གསུམ་པ་སྟོང་དང་སུམ་བརྒྱར་གནས་པ་ནི།
ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས། ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི་ཆེ་ཐང་དུ་འཁྲུགས་ཏེ་ངའི་ཉེ་གནས་རྣམས་ལུས་ལ་ཆོས་གོས་གྱོན་ཀྱང་ཤིང་ཁ་ལ་འཕན་རྙིང་བཏགས་པ་དང་འདྲ་སྟེ་གཟི་བྱིན་མེད་ཅེས་སོགས་ཀྱིས་ནི་བསྟན་པ་ལོ་སྟོང་དང་སུམ་བརྒྱར་གནས་པར་གསལ་བར་བྱུང་། །
བཞི་བ་སྟོང་དང་ལྔ་བརྒྱར་གནས་པ་ནི།
སྙིང་རྗེ་པདྨ་དཀར་པོའི་བམ་པོ་བཅུ་པ་བྲག་ཟེ་རྒྱ་མཚོའི་རྡུལ་གྱིས་སྨོན་ལམ་ཆེན་པོ་ལྔ་བརྒྱ་ལས། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག ། ཡང་ལོ་ལྔ་བརྒྱར་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །ཅེས་དང་། མདོ་དེའི་བམ་པོ་བཅུ་གཅིག་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་བསྐལ་པ་ཆེན་པོ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར། སྐྱེ་དགུ་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ། ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་མཐའ་དག་བྱེད་པར་འགྱུར་རོ། །སྐྱེས་བུ་དམ་པ་ཁྱོད་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་ལྷག་པར་གནས་པར་འགྱུར་རོ་ཞེས་པས་བསྟན་པ་དམ་པའི་ཆོས་དང་དམ་པའི་ཆོས་ཀྱི་གཟུགས་བརྙན་དང་བཅས་པར་ལོ་ཕྱེད་ཉིས་སྟོང་གི་ཡུན་དུ་གནས་པར་གསུངས་པའི་ཕྱིར་རོ། །
ལྔ་པ་ཉིས་སྟོང་དུ་གནས་པ་ནི།
ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། «མཆན།ཆོས་ཀྱི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས་ཟླ་བའི་སྙིང་པོས་ཞུས་པ་ལས། མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དུ་གང་ཟག་གི་ཤེས་པའི་རྒྱུན་ལ་གནས་སོ། །དེ་ནས་ནི་ནུབ་བོ། །ལོ་སུམ་སྟོང་དུ་ནི་ཆོས་གནས་སོ། །ཞེས་མདོ་འདི་ཉིད་ལས་དམ་པའི་ཆོས་ལོ་སུམ་སྟོང་དུ་གནས་པ་གསུངས་ཞེས་གསུངས་མོད་ཀྱང་། ད་ལྟར་བོད་དུ་འགྱུར་བའི་བཀའ་འགྱུར་དཔེ་གསུམ་གྱི་ནང་དུ་མི་བཞུགས་པས་ཆོས་རྗེས་གཟིགས་པའི་མདོ་ཞིག་ཏུ་ཡོད་པ་མིན་ནམ་སྙམ་མོ། །» ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལ་ཉིས་སྟོང་དུ་གནས་པར་འགྱུར་རོ་ཞེས་དང་། ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པར་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འགྱུར། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་སྤྱོད་པ་མང་དུ་འགྱུར། རྒྱལ་པོ་དང་སེམས་ཅན་ཕལ་པ་དམ་པའི་ཆོས་ལ་དད་ཅིང་། སྤྱོད་པ་ཡང་ཕྱིར་ཞིང་ཉུང་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་སེམས་ཅན་འདྲེན་པ་དང་ཐར་བར་བྱེད་པའི་སློབ་དཔོན་མང་དུ་འབྱུང་། ཉན་ཐོས་ཀྱི་དགྲ་བཅོམ་པ་ནི་ཉུང་བར་འགྱུར་རོ། །རྒྱལ་པོ་དང་སེམས་ཅན་ཕལ་གྱིས་ཉན་པ་ཙམ་དུ་ཟད་ཀྱིས་ཉམས་སུ་ལེན་ཅིང་མི་སྤྱོད་པའོ། །བརྩོན་འགྲུས་ནི་མི་བྱེད། འབྲི་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་སུམ་བརྒྱ་ནི་དམ་པའི་ཆོས་སྤྱོད་པའི་ལྷ་ཀླུ་ལ་སོགས་པ་སེམས་ཅན་སྲུང་མ་རྣམས་མི་གནས་ཤིང་། སེམས་ཅན་ཆོས་ལ་མ་དད་པར་འགྱུར། སེམས་ཅན་ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་ གཞུང་བཞིན་མི་སྤྱོད། བརྩོན་འགྲུས་ཆུང་བས་གྲུབ་པ་ཡང་ཉུང་བར་འགྱུར། ཁ་དོག་བཞི་དང་བཞི་ལས་གྱུར་པ་ཡང་དྲི་དང་རོ་ལ་སོགས་པ་ཆུང་བར་འགྱུར། མི་ནད་ཕྱུགས་ནད་དང་མུ་གེ་ཡང་འབྱུང་བར་འགྱུར་རོ། །ལོ་ཉིས་བརྒྱ་ལ་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ་ཞེས་བྱ་བས་ནི་བསྟན་པ་ལོ་ཉིས་སྟོང་དུ་གནས་པར་བཤད་པ་ཡིན་ནོ། །
དྲུག་པ་ཉིས་སྟོང་ལྔ་བརྒྱར་གནས་པ་ནི།
སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འཕགས་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ་ལས། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དེ། དེའི་ཚེ་སྙིགས་མ་ལྔ་པོ་དག་ཤས་ཆེ་བའི་ཕྱིར་རོ། །དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི་མོས་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ལུང་ནོད་པ་དང་། འཆད་པ་དང་། ཉན་པ་དང་། སེམས་པ་ལ་སོགས་པ་ཉམས་པའོ་ཞེས་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་ཐུབ་པ་དགོངས་པའི་རྒྱན་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ཡུན་ཇི་སྲིང་དུ་གནས་པར་འགྱུར་ཞེ་ན། ལྔ་བརྒྱ་པ་ཐ་མ་ཇི་སྲིད་བར་རོ། །བརྒྱ་ཕྲག་ལྔ་རྣམས་འདུས་བ་ནི་ལྔ་བརྒྱ་པའོ། །ཐ་མ་ནི་ལྔ་བརྒྱ་པ་ལྔ་པ་སྟེ། ལྔ་བརྒྱ་པ་ལྔར་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་པས་ནི་ཁ་ཅིག་གིས་དེ་ལྟར་འདོད་པ་གསུངས་པས་ཉིས་སྟོང་ལྔ་བརྒྱར་གནས་པའི་ལུགས་སུ་གྲུབ། ལྷ་མོ་དྲི་མ་མེད་པའི་ཞུས་པས་མདོ་ལས་ཀྱང་། ང་ཏོངས་སུ་མྱ་ངན་ལས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་དར་བར་འགྱུར་ཞེས་པ་དང་། ཤེར་ཕྱིན་འབུམ་པ་དང་བརྒྱད་སྟོང་པ་སོགས་ལས་བྱང་ཕྱོགས་སུ་«མཆན། འདི་དག་གི་སྐབས་སུ་བྱང་ཕྱོགས་སུ་དམ་པའི་ཆོས་དར་ཞེས་པའི་བྱང་ཕྱོགས་ཀྱི་ངོས་འཛིན་ལ། མཆེ་བའི་སྡེས། བྱང་ཕྱོགས་སུ་དམ་ཆོས་དར་ཞེས་པའི་བྱང་ཕྱོགས་ངོས་འཛིན་མཛད་ཚུལ། བྱང་ཕྱོགས་ཀྱི་རྒྱུད་ཅེས་བྱ་བ་ཡང་བོད་ཡུལ་ཡན་ཆད། ཨུ་རྒྱན་ཡུལ་དང་ཁ་ཆེ་ཡུལ་མན་ཆད་ལ་བྱའོ། ། ཞེས་གསུངས། »དམ་པའི་ཆོས་དར་བར་འགྱུར་ཞེས་སོགས་རབ་ཏུ་མང་།
སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ་ལས། «མཆན། མཁས་པ་འགས་འདིའི་ཐད་དུ་ཀུན་གཟིགས་རོང་སྟོན་ཐམས་ཅད་མཁྱེན་པས་ལོ་ལྔ་སྟོང་དུ་གནས་པ་སློབ་དཔོན་འདིས་གསུངས་ཞེས་པ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་སློབ་དཔོན་འདིས་ལོ་ལྔ་བརྒྱར་གནས་པར་བཞེད་པར་གསུངས་པས་གང་རུང་ཞིག་ནོར་བ་ལྟ་བུ་དོགས་པ་མཛད་ཀྱང་། གཉིས་ཀར་ནོར་བ་མིན་ཏེ། འདོད་ཚུལ་གཉིས་ཀ་ཐུབ་པ་དགོངས་རྒྱན་ལས་གསལ་ཞིང་རང་ལུགས་འདིའོ་ཞེས་ངོས་བཟུང་ནི་མ་མཛད་དོ། །» བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ཡུན་ཇི་སྲིད་དུ་གནས་པར་འགྱུར་ཞེ་ན། ལྔ་བརྒྱ་པ་ཐ་མ་ཇི་སྲིད་པར་རོ། །བརྒྱ་ཕྲག་ལྔ་རྣམས་འདུས་པ་ནི་ལྔ་བརྒྱ་པའོ། །ཐ་མ་ནི་ལྔ་བརྒྱ་པ་ལྔ་པ་སྟེ། ལྔ་བརྒྱ་པ་ལྔར་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་པའི་གསུང་ལས་ཏེ་དམ་པའི་ཆོས་སྒྲུབ་པ་ཉམས་པའོ་ཞེས་ཁ་ཅིག་གོ། །ཞེས་སློབ་དཔོན་རང་གིས་བཞེད་མིན་མི་གསལ་ཡང་དེ་ལྟར་ཟླ་བའི་སྙིང་པོའི་མདོ་བཞིན་དུ་ལོ་ཉིས་སྟོང་དུ་གནས་པ་ཁས་ལེན་གྱི་ཡོད་པ་རབ་ཏུ་གསལ།
བདུན་པ་བཞི་སྟོང་དུ་གནས་པར་གསུངས་པ་ནི།
འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་དེའི་ཚེ། ཅི་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་འདིར་སྤྱོད་པར་འགྱུར་ལགས་སམ། རྒྱས་པར་བགྱིད་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་སའི་ཁུང་དུ་སོང་བར་འགྱུར་རོ། །ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ། དགེ་སྦྱོང་འཇིག་པར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམས་པའི་དུས་ལ་བབ་པ། ཚུལ་ཁྲིམས་འཆལ་པའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན། སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོབ་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་སྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཉུང་ཟད་ཅིག་འབྱུང་སྟེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེ་དག་གིས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་པོ་འཐོབ་བོ། །ཐོས་ནས་ཀྱང་འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། འཆད་པར་འགྱུར། རྒྱས་པར་བྱེད་པར་འགྱུར། བསྒོམ་པའི་སྦྱོར་བ་ལ་བརྩོན་པར་འགྱུར། ཐ་ན་གླེགས་བམ་དུ་བྲིས་ཤིང་འཆང་བར་འགྱུར་རོ། །ཞེས་ཏིང་ངེ་འཛིན་དེ་ཉིད་ལོ་བཞི་སྟོང་དུ་གནས་པར་གསུངས་སོ། །
བརྒྱད་པ་ལྔ་སྟོང་དུ་གནས་པ་ནི།
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡུམ་གསུམ་གནོད་འཇོམས་སམ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་ལས། «མཆན། ཁ་ཅིག་གིས་སློབ་དཔོན་དཔའ་བོས་མཛད་པ་དང་། འགའ་ཞིག་གིས་ཁ་ཆེ་མཆེ་བའི་སྡེས་མཛད་པ་དང་། ཕལ་ཆེར་གྱིས་དབྱིག་གཉེན་གྱིས་མཛད་པ་དང་། རེས་དབྱིག་གཉེན་ལས་ཕྱིས་བྱུང་བའི་མཁས་པས་གསུངས་པ་སོགས་མང་དུ་མཆིས།» ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི་བརྒྱ་ཕྲག་ལྔ་བསྡུས་པ་ལ་ལྔ་བརྒྱ་ཞེས་བྱའོ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ་ཞེས་གསུངས་སོ། །ལོ་ལྔ་སྟོང་ལ་ལོ་ལྔ་བརྒྱ་ལྔ་བརྒྱའི་དབང་དུ་བྱས་ལ་ཕྱེད་ཕྱེད་དུ་བཅད་ན་ལྔ་བརྒྱ་ཕྲག་བཅུར་འགྱུར་རོ། །དེ་ལ་ལེའུ་བཅུ་སྟེ་ཐོག་མར་ཁོང་དུ་ཆུད་པའི་ལེའུ་དང་། སྒྲུབ་པའི་ལེའུ་དང་། ལུང་གི་ལེའུ་སྟེ། ལེའུ་གསུམ་མོ། །དེ་ལ་ཁོང་དུ་ཆུད་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དགྲ་བཅོམ་པའི་ལེའུ་དང་། ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་དུ་ཞུགས་པའི་ལེའུའོ། །བསྒྲུབ་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུའོ། །ལུང་གི་ལེའུ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཆོས་མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དེ་ལེའུ་དགུ་དང་། རྟགས་ཙམ་འཇིགས་པའི་ལེའུ་དང་བཅུར་འགྱུར་རོ། །དེ་ལ་ལེའུ་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱ་ཐོགས་ཏེ། དེ་ལྟར་ལེའུ་བཅུ་པོ་དག་གིས་ལྔ་བརྒྱ་ཕྲག་བཅུ་ལ་ལོ་ལྔ་སྟོང་དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཐམས་ཅད་ཀྱི་དང་པོ་ལ་དགྲ་བཅོམ་པ། ལྔ་བརྒྱ་གཉིས་པ་ལ་ཕྱིར་མི་འོང་བ། ལྔ་བརྒྱ་གསུམ་པ་ལ་རྒྱུན་དུ་ཞུགས་པ། ལྔ་བརྒྱ་བཞི་པ་ལ་ལྷག་མཐོང་། ལྔ་པ་ལ་ཏིང་ངེ་འཛིན། དྲུག་པ་ལ་ཚུལ་ཁྲིམས། བདུན་པ་ལ་ཆོས་མངོན་པ། བརྒྱད་པ་ལ་མདོ་སྡེ། དགུ་པ་ལ་འདུལ་བ། ལྔ་བརྒྱ་བཅུ་པ་ལ་རྟགས་ཙམ་སྟེ། འདི་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ་ཞེས་དང་། སློབ་དཔོན་དཾཥྚྲཱ་སེ་ནས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ་ལས། «མཆན། འདི་ལ་དཀར་ཆག་འཕང་ཐང་མར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་ཅེས་འཁོད་འདུག །གཞན་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་དྷརྨ་ཤྲཱིས་མཛད་པ་གསུངས། » དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་སྟོང་གི་བར་དུ་དམ་པའི་ཆོས་གནས་པར་འགྱུར་ཏེ། ལོ་ལྔ་སྟོང་ལ་ལོ་ལྔ་བརྒྱ་ཕྲག་བཅུ་ཡོད་དེ། དེ་ལ་ལྔ་བརྒྱ་དང་པོ་ལ་དམ་པའི་ཆོས་སྤྱོད་སྤྱོད་པ་རྣམས་ཕལ་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གཉིས་པ་ལ་ཕལ་ཆེར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གསུམ་པ་ལ་ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཆོས་རྟོགས་ཤིང་འབྲས་བུ་ཐོབ་པ་མང་བའི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཞི་པ་ལ་ནི་ལྷག་མཐོང་གི་ཤས་ཆེ་ཞིང་ཤེས་རབ་རྣོ་བ་མང་ངོ་། །ལྔ་བརྒྱ་ལྔ་པ་ལ་ཞི་གནས་ཀྱི་ཤས་ཆེ་སྟེ། ཏིང་ངེ་འཛིན་བསྒོམ་པ་མང་ངོ་། །ལྔ་བརྒྱ་དྲུག་པ་ལ་ནི་ཚུལ་ཁྲིམས་དང་ལྡན་པ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཞི་གནས་དང་ལྷག་ མཐོང་བསྒོམ་ཞིང་ཚུལ་ཁྲིམས་དང་ལྡན་པ་མང་བས་སྒྲུབ་པ་དང་ལྡན་པའི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བདུན་པ་ལ་ཆོས་མངོན་པ་དར་བར་འགྱུར། ལྔ་བརྒྱ་བརྒྱད་པ་ལ་མདོ་སྡེ་དར་བར་འགྱུར། ལྔ་བརྒྱ་དགུ་པ་ལ་འདུལ་བ་དར་བར་འགྱུར་ཏེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་སྡེ་སྣོད་གསུམ་ལ་བརྟེན་ཅིང་། ལུང་ལ་སྤྱོད་པ་མང་བས་ལུང་གི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཅུ་པ་ལ་སྡེ་སྣོད་གསུམ་ཡང་བརྩན་པར་མི་བྱེད། ཆོས་སྤྱོད་པ་རྣམས་ཀྱང་གཞུང་ལས་འབྱུང་བ་བཞིན་དུ་ལེགས་པར་ཉམས་འོག་ཏུ་མི་ཆུད་དེ། མཚན་མ་ཙམ་ཞིག་སྤྱོད་པ་མང་བས། མཚན་མ་ཙམ་གྱི་ཚིགས་ཞེས་བྱ་སྟེ། དེ་ལ་ལྔ་བརྒྱ་ཕྲག་བཅུའི་ཐ་མ་འདི་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱའོ་ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའགྲེལ་གྲགས་པའི་ཕྲེང་བ་ལས། ལོ་ལྔ་སྟོང་ལ་ལྔ་བརྒྱ་ལྔ་བརྒྱ་ཐ་དད་དུ་བྱས་པའི་དབང་དུ་བྱས་ནས་ལྔ་བརྒྱ་ཕྲག་བཅུར་འགྱུར་བས་དུས་བཅུར་འགྱུར་ཏེ། རེ་ཞིག་དང་པོར་ནི་མངོན་པར་རྟོགས་པའི་དུས་ཡིན་ནོ། །དེ་ནས་བསྒྲུབ་པའི་དུས་སོ། །དེ་ནས་ལུང་གི་དུས་ཞེས་བྱ་བས་དུས་གསུམ་མོ། །དེ་ལ་མངོན་པར་རྟོགས་པའི་དུས་ཀྱང་གསུམ་དུ་འགྱུར་ཏེ། དགྲ་བཅོམ་པའི་དུས་དང་། ཕྱིར་མི་འོང་བའི་དུས་དང་། རྒྱུན་དུ་ཞུགས་པའི་དུས་སོ། །བསྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། ལྷག་མཐོང་གི་དུས་དང་། ཏིང་ངེ་འཛིན་གྱི་དུས་དང་། ཚུལ་ཁྲིམས་ཀྱི་དུས་སོ། །ལུང་གི་དུས་ཀྱང་གསུམ་དུ་འགྱུར་ཏེ། ཆོས་མངོན་པའི་སྡེ་སྣོད་ཀྱི་དུས་དང་། མདོ་སྡེའི་སྡེ་སྣོད་ཀྱི་དུས་དང་། འདུལ་བའི་སྡེ་སྣོད་ཀྱི་དུས་སོ། །དེ་ལྟར་དུས་དགུ་དང་། རྟགས་ཙམ་འཛིན་པའི་དུས་དང་བཅུར་འགྱུར་རོ། །དེ་ལ་དུས་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱར་འགྱུར་ཏེ། དེ་ལྟར་དུས་བཅུ་ལ་ལྔ་བརྒྱ་ཕྲག་བཅུ་ཡིན་པས་ལོ་ལྔ་སྟོང་དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཕྲག་དང་པོ་ལ་ནི་དགྲ་བཅོམ་པའོ། །གཉིས་པ་ལ་ནི་ཕྱིར་མི་འོང་བའོ། །གསུམ་པ་ལ་ནི་རྒྱུན་དུ་ཞུགས་པའོ། །བཞི་པ་ལ་ནི་ལྷག་མཐོང་ངོ་། །ལྔ་པ་ལ་ནི་ཏིང་ངེ་འཛིན་ནོ། །དྲུག་པ་ལ་ནི་ཚུལ་ཁྲིམས་སོ། །བདུན་པ་ལ་ནི་ཆོས་མངོན་པའོ། །བརྒྱད་པ་ལ་ནི་མདོ་སྡེའོ། །དགུ་པ་ལ་ནི་འདུལ་བའོ། །ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་མོ། །དེ་ལྟ་བུ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ་ཞེས་དང་། དཔལ་ལྡན་རྒྱལ་པོ་ཛ་གད་ཏ་ལར་གནས་པས་མཛད་པའི་བརྒྱད་སྟོང་པའི་འགྲེལ་པ་ལས། གང་ཞིག་འདིར་ལོ་སྟོང་ཕྲག་ལྔ་དམ་པའི་ཆོས་གནས་པའི་དུས་དེ་རྣམས་ལོ་སྟོང་ཕྲག་ལྔ་ནི་ལྔ་བརྒྱའི་དབང་གིས་ཕྱེད་དུ་གྱུར་པ་ལྔ་བརྒྱ་ཕྲག་བཅུར་འགྱུར་བ་ཡིན་ཏེ། དེ་ལ་དང་པོར་རེ་ཞིག་རྟོགས་པའི་དུས་དང་། སྒྲུབ་པའི་དུས་དང་། དེ་ནས་ལུང་གི་དུས་ཞེས་བྱ་བའི་དུས་གསུམ་མོ། །དེ་ལ་རྟོགས་པའི་དུས་ནི་རྣམ་པ་གསུམ་དུ་ཕྱེ་སྟེ། དགྲ་བཅོམ་པའི་དུས་དང་། ཕྱིར་མི་འོང་བའི་དུས་དང་། རྒྱུན་དུ་ཞུགས་པའི་དུས་ཞེས་བྱ་བའོ། །སྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་སྟེ། ལྷག་མཐོང་གི་དུས་དང་། ཞི་གནས་ཀྱི་དུས་དང་། ཚུལ་ཁྲིམས་ཀྱི་དུས་ཞེས་བྱ་བའོ། །ལུང་གི་དུས་ཀྱང་རྣམ་པ་གསུམ་དུ་ཕྱེ་སྟེ། ཆོས་མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དོ། །དུས་འདི་རྣམས་རྟགས་ཙམ་གྱི་དུས་དང་། ལྷན་ཅིག་བཅུར་འགྱུར་རོ། །དེ་ལ་དུས་རེ་རེའི་ལྔ་བརྒྱ་ཕྲག་ལྔ་དང་ལྔ་བརྒྱ་ཕྲག་ལྔ་ནི་དུས་སོ། །དེ་བཞིན་དུ་དུས་བཅུ་ལ་ལྔ་བརྒྱ་ཕྲག་བཅུ་ནི་ལོ་སྟོང་ཕྲག་ལྔར་འགྱུར་རོ། །དེ་ལ་ཐམས་ཅད་ཀྱི་དང་པོ་ལྔ་བརྒྱའི་ཕྲག་ལ་དགྲ་བཅོམ་པའོ། །གཉིས་པ་ལ་ཕྱིར་མི་འོང་བ་རྣམས་སོ། །གསུམ་པ་ལ་རྒྱུན་དུ་ཞུགས་པ་རྣམས་སོ། །བཞི་པ་ལ་ལྷག་མཐོང་ངོ་། །ལྔ་པ་ལ་ཏིང་ངེ་འཛིན་རྣམས་སོ། །དྲུག་པ་ལ་ཚུལ་ཁྲིམས་སོ། །བདུན་པ་ལ་ཆོས་མངོན་པའོ། །བརྒྱད་པ་ལ་མདོ་སྡེའོ། །དགུ་པ་ལ་འདུལ་བའོ། །ལྔ་བརྒྱ་པ་ཕྲག་བཅུ་པ་ལ་རྟགས་ཙམ་མོ། །དེ་ལ་ལྔ་བརྒྱ་པ་ཕྲག་ཕྱི་མ་དམ་པའི་ཆོས་ནུབ་པའི་དུས་སོ། །དུས་དེ་ལ་སྙིང་པོ་དགུ་པ་ནི་མཛེས་པའི་རབ་ཏུ་དབྱེ་བ་དགྲ་བཅོམ་པ་ཉིད་ནས་བརྩམས་ནས་འདུལ་བའི་སྡེ་སྣོད་ཀྱི་མཐར་ཐུག་པ་དགུ་བསྟན་ནས་སྔར་ཐོབ་པར་འགྱུར་བ་ཡིན་ཞེས་བྱ་བའོ། །ཕྱི་མའི་ལྔ་བརྒྱ་ཕྲག་ལ་སྙིང་པོ་དགུ་འཐོབ་པ་ཆོས་འདུལ་བ་བརྗོད་པ་ཡིན་ནོ། །དེ་ཡང་ཕྱི་མའི་ལྔ་བརྒྱའི་ཕྲག་རིམ་གྱིས་འདས་པའི་དགུ་ལ་འབྱུང་བར་འགྱུར་རོ། །ད་ལྟར་ནི་ལྔ་བརྒྱ་ཕྲག་བཞི་པ་ལ་འཇུག་པ་ཞེས་ཟེར་རོ། །ཕྱི་མ་དེ་ཡང་རྟགས་ཙམ་གྱི་དུས་ཞེས་གང་ཞིག་བརྗོད་པ་དེ་འཛམ་བུའི་གླིང་ལ་ཁྱབ་པར་བྱེད་པའི་རིགས་པའོ། །དེ་བཞིན་གཤེགས་པའི་དགོངས་པས་ཡུལ་འགའ་ཞིག་ཏུ་དམ་པའི་ཆོས་དར་བར་ཡང་འགྱུར་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པས་དགོངས་སོ་ཞེས་བྱ་བ་སྟེ། བརྒྱ་ཕྲག་ཏུ་དར་བ་དེ་འགའ་ཞིག་ཏུ་བསྐུམ་པར་འོས་པ་དམ་པའི་ཆོས་ནུབ་པའི་དུས་ཡིན་པའི་ཕྱིར་དེ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྒྱས་པར་འགྱུར་ལགས་སམ་ཞེས་ཤཱ་རིའི་བུས་འདྲི་བར་བྱེད་པའོ། ། ཞེས་གཞུང་འདིས་སྐབས་བབས་བསྟན་པ་གནས་མིན་གྱི་དཔྱད་གཞིའི་བསྟན་པ་དེ་འདུལ་བསྟན་ཙམ་ལ་དགོངས་ནས་གསུངས་འདུག་པས་འདི་ཅུང་ཟད་བཤད་ཚུལ་དམིགས་བསལ་བ་ཞིག་ཏུ་སེམས་སོ།། དེ་ལ་སོགས་པ་བསྟན་འགྱུར་དག་ལས་ལོ་ལྔ་སྟོང་དུ་གནས་པ་མང་དུ་གསུངས་པ་དང་། བོད་ཀྱི་སྐྱེས་ཆེན་དག་གིས་ཀྱང་དེ་བཞིན་གསུངས་པ་སོགས་མང་མོད་ཡིག་གེ་མང་བས་མ་བྲིས་སོ། །
དགུ་པ་ཚེ་ལོ་ཡར་འཕེལ་དྲུག་བརྒྱ་པའི་བར་དུ་གནས་པ་ནི།
འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས། མ་འོངས་པ་ན་མཚོན་གྱི་བསྐལ་པ་བྱུང་བ་འདས་ནས་མི་རྣམས་དགེ་བ་བཅུ་དང་ལྡན་པས་ཚེ་སླར་འཕེལ་ཏེ། ལོ་བརྒྱད་ཅུ་ཐུབ་པ་ན་སྟོན་པའི་ཉན་ཐོས་དེ་དག་ཡང་ཕྱིར་ལ་འཛམ་བུའི་གླིང་དུ་བྱོན་ནས་དམ་པའི་ཆོས་ཡང་དག་པར་སྟོན་པར་བྱེད་ཅིང་རབ་ཏུ་འབྱིན་པར་བྱེད་དོ། །ཇི་སྲིད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དྲུག་བརྒྱ་པར་གྱུར་པ་དེ་སྲིད་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་གྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན་ཉན་ཐོས་དེ་དག་གིས་གང་སའི་སྟེང་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་དག་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གཅིག་བྱས་ཏེ་ཀུན་ནས་བསྐོར་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ། ཕྱག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ཡང་ནུབ་ནས་འོག་གི་གསེར་གྱི་ས་གཞི་གང་ཡིན་པ་དེ་ལ་གནས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །ཞེས་སྐྱེ་རྒུ་རྣམས་ཀྱི་ཚེ་ལོ་ཡར་འཕེལ་གྱི་བར་དུ་གནས་པ་གསུངས་སོ། །
བཅུ་བ་ནན་ཏན་བྱེད་པ་ཡོད་མེད་ལ་རག་ལས་པ་གསུངས་པ་ནི།
འདུལ་བ་གཞུང་དམ་པ་ལས། བཙུན་པ་ཇི་ཙམ་གྱིས་ན་དམ་པའི་ཆོས་མ་མཆིས་པར་གྱུར་པ་ཞེས་བགྱི། ཨུ་པཱ་ལི་གང་གི་ཚེ་ནན་ཏན་བྱེད་པ་རྣམས་ནི་ནན་ཏན་མི་བྱེད་ཅིང་ལས་ཀྱང་མི་བྱེད་དེ་ནན་ཏན་བྱེད་པས་ནན་ཏན་མི་བྱེད་ལ་ལས་ཀྱང་མི་བྱེད་པའི་ཚེ། དམ་པའི་ཆོས་མེད་པར་གྱུར་པ་ཞེས་བྱའོ། ། ཞེས་སྟོན་པའི་ཉན་ཐོས་རྣམས་ཀྱིས་བརྩོན་འགྲུས་སམ་ནན་ཏན་བྱེད་མིན་ལ་རག་ལས་པར་གསུངས་སོ། །
གཉིས་པ་སྒྲ་ཇི་བཞིན་པའི་ལུང་ངོས་གཟུང་བ་ནི།
འདི་དག་གི་ཐད་དུ་རྒྱ་བོད་ཀྱི་མཁས་པ་གོང་མ་དག་གིས་དགོངས་ཚུལ་སྣ་ཚོགས་པ་གསུངས་མོད་ཀྱང་ཁོ་བོའི་རྟོག་པ་ལ་ནི་སྟོན་པའི་ཉན་ཐོས་དག་གིས་བརྩོན་འགྲུས་སམ་ནན་ཏན་ཐུབ་མིན་ལ་རག་ལས་པ་ཡིན་ནམ་སྙམ་སྟེ་མཐར་གཅིག་ཏུ་ལུང་འདི་ཁོ་ན་ངེས་དོན་ཡིན་ཞེས་ཞུ་མི་སྤོབས་མོད། བརྩོས་འགྲུས་དང་ནན་ཏན་མཛད་ན་ཚེ་ལོ་ཡར་འཕེལ་དྲུག་བརྒྱའི་བར་དུ་བསྟན་པ་གནས་ཞེས་གསུངས་པ་ལ་གནས་ལུགས་སུ་མཐོང་ཞིང་། དེའི་རྗེས་སུ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འབྱུང་གསུངས་པ་ལ་བསམ་ན་ཡང་སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པ་མ་ཡིན་ནམ་སྙམ། མདོར་ན་ལོ་ཉིས་སྟོང་ལྔ་བརྒྱར་ལས་མི་གནས་པ་གསུངས་པའི་ལུང་དག་ནི་ལྷ་མོ་དྲི་མ་མེད་པའི་ཞུས་པའི་མདོ་ལས་ང་ཡོངས་སུ་མྱ་ངན་ལས་འདས་ནས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་པ་སོགས་ཀྱིས་གནོད་དེ། དེ་ལྟར་དར་བ་ནི་ལོ་རྒྱུས་ཀྱི་དཔང་པོར་ཐུབ་ཅིང་དངོས་ཡོད་ཀྱི་མྱོང་བས་གྲུབ་པས་སོ། །དེ་བཞིན་དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙས་པ་ནས་ད་ལྟའི་བར་དུ་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལན་འདས་ནས་ལོ་བཞི་སྟོང་གཅིག་བརྒྱ་ལྔ་བཅུ་ང་བདུན་དུ་སོང་ཟིན་ན་ཡང་ད་དུང་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གྲུ་བཞི་ལམ་མེར་ཡོད་པ་འདིས་བཞི་སྟོང་ཡན་ཆད་ཙམ་དུ་གནས་པ་འདོད་པའི་ལུགས་དག་ལ་དངོས་སུ་གནོད་པས་འདི་དག་ལ་དེ་ཙམ་གྱིས་དོགས་པ་དོགས་སློང་མི་དགོས་མོད། ལོ་ལྔ་སྟོང་ལས་མི་གནས་པའི་ལུགས་དང་། ནན་གཏན་མཛད་ན་ལྔ་སྟོང་ལས་ལྷག་པར་གནས་པའི་ལུགས་དག་ལ་ཅུང་ཟད་དཔྱད་དུ་ཡོད་ཅིང་། སྔོན་གྱི་མཁས་གྲུབ་གོང་མ་ཕལ་ཆེ་བས་ཡོངས་གྲགས་སུ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཡུམ་གསུམ་གནོད་འཇོམས་སུ། ཁོང་དུ་ཆུད་པའི་དུས་དང་། སྒྲུབ་པའི་དུས་དང་། ལུང་གི་དུས་དང་། རྟགས་ཙམ་གྱི་དུས་ཏེ་དུས་བཞིའམ་ལེའུ་བཅུ་ཡིས་སྒོ་ནས་བསྟན་པའི་གནས་ཚད་ལོ་ལྔ་སྟོང་ཙམ་དུ་གནས་པ་གསུངས་པ་ལ་ཚད་ཤིང་དུ་མཛད་ནས་ད་ལྟར་བསྟན་པ་གནས་པའི་ལྷག་མ་ཇི་ཙམ་ལུས་ཡོད་པ་ལ་ཐུགས་ཁུར་མཛད་པ་མང་མོད། དེ་ལྟར་འབྲས་སྒྲུབ་སོགས་ཀྱི་ལེའུ་བཅུ་མཛད་དགོས་པའི་ཁུངས་ནི་སྟོན་པའི་བཀའ་དག་ལས་གསལ་ཁ་མ་མཐོང་བ་ཙམ་དུ་མ་ཟད། དགྲ་བཅོམ་གྱི་འབྲས་བུ་འགྲིབ་པའི་དུས་ལྔ་བརྒྱ་པ་གསུམ་པའི་དུས་ཡིན་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་«མཆན། ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པར་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འགྱུར། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་སྤྱོད་པ་མང་དུ་འགྱུར། རྒྱལ་པོ་དང་སེམས་ཅན་ཕལ་པ་དམ་པའི་ཆོས་ལ་དད་ཅིང་། སྤྱོད་པ་ཡང་ཕྱིར་ཞིང་ཉུང་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་སེམས་ཅན་འདྲེན་པ་དང་ཐར་བར་བྱེད་པའི་སློབ་དཔོན་མང་དུ་འབྱུང་། ཉན་ཐོས་ཀྱི་དགྲ་བཅོམ་པ་ནི་ཉུང་བར་འགྱུར་རོ། །»གསལ་བས་དེ་ལྟར་འབྲས་སྒྲུབ་ཀྱི་བསྟན་པའི་གནས་ཚད་ལ་སྦྱར་བ་འདི་ཡང་ཁུངས་བཅོལ་སའི་ཚད་ཐུབ་ཀྱི་བཀའ་དང་དྲི་མ་མེད་པའི་རིགས་པ་ཅི་ཞིག་ཡོད་ཨང་སྙམ་སྟེ་ཁོ་བོ་ནི་ཐེ་ཚོམ་དུ་ལུས། གལ་ཏེ་བསྟན་པའི་གནས་ཚད་ལོ་ལྔ་སྟོང་ལས་མེད་ཚེ་ད་ནི་བསྟན་པ་གནས་པའི་ལོ་ཡི་ལྷག་མ་བརྒྱད་བརྒྱ་བཞི་བཅུ་ཞེ་གསུམ་ལས་མེད་ཅིང་། དེ་ཡང་རྟགས་ཙམ་འཛིན་པ་བརྩིས་པའི་ཚད་ཡིན་པ་ལས་བསྟན་པ་དངོས་ཀྱི་གནས་ཚད་ནི་བཞི་སྟོང་ལྔ་བརྒྱ་ལས་མེད། དེ་ལྟར་ན་སུམ་བརྒྱ་བཞི་བཅུ་ཞེ་གསུམ་ལས་ལྷག་མེད་པས་ཅི་འདྲའི་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ ། འདི་ཉིད་ངེས་དོན་དང་བདེན་ཁ་ཆེ་ན་ད་ནི་བསྟན་པ་གནས་པའི་ཆེད་དུ་བསྟན་འཛིན་གྱི་སྐྱེས་བུ་དག་གིས་འོ་བརྒྱལ་ཆེ་ཆེ་ཇི་ལྟར་མཛད་ཀྱང་གྲུབ་འབྲས་མི་ཐོན་པའི་ཚད་དུ་ལྷུང་བ་སྟེ། སུམ་བརྒྱ་བཞི་བཅུ་ཞེ་གསུམ་ལ་ནི་གནས་པ་གང་ཞིག དེ་ལས་ལྷག་པ་ནི་མི་གནས་པས་སོ། ། དེ་ལྟར་ན་རྒྱུ་འབྲས་མཐའ་དག་གོ་རིམ་ངེས་ཅན་དུ་སོང་བས་རྒྱུ་ལ་བརྩོན་པར་བྱེད་མིན་གྱིས་འབྲས་བུ་འགྲུབ་དང་མི་འགྲུབ་ཀྱི་ཁྱད་པར་འཇོག་མི་ཐུབ་པ་མ་ཡིན་ནམ། དེས་ན་ལུགས་འདི་དག་ལ་སྒྲུབ་བྱེད་ལུང་གི་ཆོས་བཀའ་མདོ་རྒྱུད་གང་ཡང་མ་མཐོང་པ་ཙམ་དུ་མ་ཟད་རིགས་པས་ཀྱང་གནོད་པ་མིན་ནམ་སྙམ་པས་ཁོ་བོ་ནི་འདུལ་བ་གཞུང་དམ་པའི་རྗེས་སུ་འབྲངས་དགོས་པ་མིན་ནམ་སྙམ་མོ་ཞེས་རེ་ཞིག་མཇུག་བསྡུ་བའོ། །
སླར་སྨྲས་པ།
ལུང་རྟོགས་བསྟན་པའི་དམ་ཆོས་གནས་ཚད་ལ།།
ལུང་རིགས་དྲི་མ་མེད་པས་དཔྱད་བྱས་ནས།།
ལུང་ལས་ངེས་དོན་མཐར་ཐུག་འདི་ཡིན་ཞེས།།
ལུང་རིགས་སྨྲ་བའི་མདུན་སར་བདག་གིས་སྨྲས།
འོན་ཀྱང་འགལ་འབྲེལ་གཅོད་པའི་དཔྱོད་ཤེས་དང་།།
གཞུང་དོན་ཟབ་མོ་རྟོགས་པའི་བློས་དབེན་ན།།
དཔྱད་པ་འདི་ཡང་གོ་བ་དཀའ་བས་ན།།
ད་དུང་ཚོགས་གསག་ལས་ལ་འབད་པ་རིགས།།
རྣམ་དཀར་འདིས་མཚོན་དུས་གསུམ་དགེ་བའི་ཚོགས།།
མ་རིག་དབང་གིས་འཁོར་བའི་སྐྱེ་འགྲོ་ཀུན།།
བྱང་ཆེན་རྒྱལ་སར་འཇུག་པའི་བྱེད་རྒྱུ་དང་།།
བསྟན་པ་རིན་ཆེན་ཡུན་དུ་གནས་བྱེད་ཤོག།
ཅེས་པ་འདིའང་རྫོང་སར་ཁམས་བྱེ་ལྔ་རིག་ཐུབ་བསྟན་སློབ་གླིང་གི་འདུལ་བ་འཛིན་གྲྭའི་སློབ་མའི་གྲལ་མཐར་འཛིན་པ་ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲྭ་རིགས་སུ་གཏོགས་པ་ཤཱཀྱའི་དགེ་སློང་མགོན་རྡོ་རྒྱལ་པོས་ནུབ་གླིང་བདེ་ཆེན་མཁའ་སྤྱོད་གླིང་གི་རང་ཤག་ཐོས་བསམ་སྒོམ་པའི་ཁང་བུ་ནས་བྲིས་པ་འདིས་ཀྱང་རྒྱལ་བསྟན་ཡུན་གནས་སུ་ཤོག །དགེའོ། །དགེའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2160
དཔྱད་མཆན་སྤེལ།