གཅིག སེམས་རིག་སྤྱི་རྣམ་དང་རྩོམ་པ་པོ།

ཉེ་བའི་ལོ་འདི་དག་གི་ཆར་སྐུ་ཞབས་འགྱན་སངས་ལགས་ཀྱིས་ཤེས་རབ་ཀྱི་མངལ་དུ་སྦྲུམ་པའི་བརྩམས་ཆོས་༼གངས་ལྗོངས་ཐུབ་བསྟན་གྱི་གནས་འགྱུར༽་གྱི་འགོ་གླེང་གཞི་དང་མཇུག་སྡུད་ཀྱི་ཚིག་བར་རྒྱུ་མ་ཕུ་འདེད་ཀྱི་དཔེ་ལྟར་ཚིག་རིས་དང་ཞབས་མཆན་གང་བཀོད་པ་ཐམས་ཅད་བདག་བློའི་གསོས་སྨན་དུ་བརྣག་ནས་བཀླགས་པའི་དབུ་མཁྱད་བྲིས་པ་མ་ཟད།གནའ་བོའི་རྒྱ་བོད་རིག་གཞུང་སྲོག་ཤིང་དུ་བཟུང་ཞིང་དེང་རབས་རྩོམ་ལུས་ལུགས་སུ་བཀྲལ་བའི་བརྩམས་ཆོས་ཀྱིས་བདག་གི་བསམ་གཞིགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ་དང་།དེང་རབས་དཔྱད་པ་དཔྱད་ལུགས་ཀྱི་ཕྱག་ལེན་སྣ་ཚོགས་ཤིག་བདག་བློའི་ཡུལ་དུ་གཟུགས་ཅན་རི་མོ་བཞིན་མངོན་སུམ་ལ་སྣང་རྒྱུ་བྱུང་།རྩོམ་ལུས་དེང་རབས་རང་བཞིན་ཅན་དང་ཚིག་སྦྱོར་སྤུད་སྟངས་ལ་སྲོལ་རྒྱུན་རིག་གནས་ཀྱི་རྣ་རྒྱན་གསོལ་བའི་ཁྱད་ཆོས་འདི་སྐུ་ཞབས་འགྱན་སངས་ཁོ་རང་ལ་ཡོད་པའི་ཁྱད་ཆོས་ཁོ་ན་ཤིག་རེད་ཅེས་གླེང་ན་ཐལ་བ་མི་ཆེ་སྙམ།དེ་ལྟ་བུའི་ཡོན་ཏན་ཕུན་ཚོགས་ཀྱི་སྦྱོར་བ་བརྟེན་ནས་བདག་ཉིད་ཀྱང་སྐུ་ཞབས་འགྱན་སངས་ལགས་ཀྱི་བརྩམས་ཆོས་༼གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར༽་ཉིད་ནས་སྐུ་ཞབས་ཁོང་གི་ཀློག་པ་པོ་ཆུང་ཆུང་ཞིག་ཏུ་གྱུར་བར་ཁོ་བོས་འདོད་ཀྱི་ཡོད།སྐུ་ཞབས་ཁོང་གི་གནའ་བོའི་རྒྱ་བོད་གཞུང་ལུགས་ཀྱི་གཟིགས་རྒྱ་ཆེ་སྟོབས་དང་དེང་རབས་འགྲེལ་ལུགས་གཉིས་ཟུང་འབྲེལ་བྱས་པའི་བརྩམས་ཆོས་ནི་གངས་ལྗོངས་རིག་གནས་ཉིང་བཅུད་ཀྱིས་གསོས་པའི་རྩམ་དྲི་འཐུལ་ལེ་དང་མར་དྲི་འཐུལ་ལེ་ཡི་བག་ཆགས་ཤིག་བདག་གི་སེམས་པའི་གཏིང་རུམ་དུ་ཟུག་ཡོད།འོན་ཏེ་འདི་ནི་ཁོ་བོས་འདོད་ཚུལ་གྱི་རྣམ་འགྱུར་ལས་འགྱན་སངས་ལགས་ཀྱི་ཐུགས་ཀྱི་བསམ་པ་གོ་བའི་ཆོས་ཉིད་དུ་མི་རུང་བ་ཞེ་མཐུན་གྱི་ཀློག་པ་པོ་དག་ལ་དྲན་བསྐུལ་གྱི་ཚུལ་དུ་ཞུས་པ་ཡིན།དེ་ལྟར་བདག་གིས་སྐུ་ཞབས་འགྱན་སངས་ལགས་ཀྱི་བརྩམས་ཆོས་༼གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར༽་ལས་གཞན་ད་དུང་སྐུ་ཞབས་ཁོང་གི་བརྩམས་ཆོས་༼ སྨྲ་བའི་གོ་མཚོན༽་ཞེས་པ་སྤྱི་ལོ་༢༠༢༡ལོའི་སྟོན་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ཉི་ཤུའི་བར་ཉིན་གྲངས་ལྔའི་རིང་འགོ་མདུན་བསུ་ངག་གི་ལྷ་རེག་ནས་མཇུག་སྡུད་སྭསྟིའི་རོལ་དབྱངས་ཞེས་པའི་བར་ཞིབ་མཇལ་བྱས་པ་ཡིན།སྐུ་ཞབས་འགྱན་སངས་ལགས་ཀྱི་བརྩམས་ཆོས་དག་གི་ཚིག་སྦྱོར་གྱི་ཤོམ་ར།ལུང་རིགས་ཀྱི་སྤྲོ་སྟངས།དཔེ་དོན་གྱི་འགོད་ལུགས།ཤུགས་འབྱུང་གི་གཏན་ཚིགས་སོགས་ནི་དངོས་ཡོད་དང་ཉེ་བ།དེང་རབས་དང་འབྲེལ་བ།ཕ་སྐད་པདྨོའི་མདངས་དང་མ་ཉམས་པའི་གངས་རིའི་གཟི་ཉམས་ལྡན་པའི་སྟག་ཤར་ཞིག་དང་མཚུངས་པར་འགྲོ།ཉེ་བའི་ཆར་སྐུ་ཞབས་ཁོང་གིས་འུ་ཅག་ཐུབ་བསྟན་རིག་གནས་ཀྱི་སེམས་དོན་རིག་པའི་ཡིད་དང་ཀུན་གཞི།སེམས་དང་སེམས་བྱུང་།ཁམས་བདེར་སྙིང་སོགས་ཁོང་ཚོ་ཅོག་གི་སྡེ་ན་གླེང་མཁན་དང་ཁུངས་སྐྱེལ་ངེས་ཆོད་དང་རང་རྐྱ་འཕེར་བའི་དཔྱད་སྟོབས་ཤིག་དགོས་པར་མཐོང་ནས་ཁོང་གིས་ཁོམ་གླགས་ཅི་ཡོད་ཆུད་གཟན་དུ་མ་བཅུག་པར་དེ་ལ་ཐིགས་བསགས་རྒྱ་མཚོའི་གཞུང་འཛིགས་ཀྱི་ངལ་བ་མང་དུ་བསྟེན་ནས་སྔོན་ཆད་༼དགག་སྒྲུབ་སྙིང་སྟོབས༽་སུ་དཔྱད་རྩོམ་གྱི་ཚུལ་དུ་བྲིས་པའི་༼བོད་ཀྱི་སེམས་ཁམས་རིག་པ་དང་དེའི་གོང་ཐང་གཅོད་ཕྱོགས་མཛུབ་མོ་རི་སྟོན༽་ཞེས་པའི་བརྩམས་ཆོས་དེ་ལ་སྣོན་འཕྲི་སྤོར་གཅོག་གི་བྱེད་པ་ཕངས་མེད་དུ་བརྩམས་ཏེ་གངས་ལྗོངས་རིག་གནས་ཀྱི་བསམ་བློའི་སྲོག་ཤིང་བྱས་ཤིང་གཞན་ནུབ་ཕྱོགས་སེམས་དོན་རིག་པའི་ལེགས་དགུས་ཟུར་བརྒྱན་ཁུལ་བྱས་པའི་སྦྱོར་བ་ཉམས་སུ་བླང་ནས་༼སེམས་རིག་སྤྱི་རྣམ༽་ཞེས་པ་དཀའ་བ་མཐར་འདེད་ཞེ་སྐྱེད་ཆེན་པོས་མཐུ་ལ་བརྟེན་ནས་གྲུབ་པར་མཛད་པ་མ་ཟད་ཀློག་པ་པོ་དག་གི་སྤྱན་སྔར་ཐོབ་པའི་བགོ་སྐལ་བསྩལ་ཡོད།ཁོ་བོས་ཀྱང་སྐུ་ཞབས་ཁོང་གི་བརྩམས་ཆོས་གསར་བའི་འགྲེམ་བརྡ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤེལ་མ་ཐག་ཉོ་འདོད་ཀྱི་ཀུན་སློང་ངམ་ངམ་ཤུགས་ཤུགས་ཀྱིས་སྐྱེ་ཡོང་བ་ལས་བརྩམས་ཀྱི་ཆོས་བརྗོད་བྱ་ལེགས་མིན་ལ་ཐེ་ཚོམ་ཡེ་ནས་ཟ་མྱོང་མེད།ཡིན་ན་ཡང་ནད་ཡམས་ཀྱི་རྐྱེན་གྱིས་ཀློག་པའི་གོ་སྐབས་ཉེ་ལམ་མ་གཏོགས་ཐོབ་པ་མ་བྱུང་བ་དང་།ལག་ཏུ་ཐོབ་པ་ནས་གཞན་ཞིག་བཀླགས་བཞིན་པ་རེ་ཞིག་བཞག་ནས་༼སེམས་རིག་སྤྱི་རྣམ ༽་ཀློག་པའི་དབུ་མཁྱུད་བྲིས་པ་ཡིན་ནོ།།

གཉིས། སེམས་རིག་སྤྱི་རྣམ་དང་ཤར་ནུབ་སེམས་དོན་རིག་པ།

ད་ནི་སེམས་རིག་སྤྱི་རྣམ་གྱི་ཆེད་དུ་བརྗོད་པའི་ཚོམས་ནི་ཅུང་ཙམ་གླེང་པར་བྱ་བ་ལས་རྒྱས་པར་བརྩམས་ཆོས་རང་ཉིད་དུ་གཟིགས་རྒྱུ་ཁོ་བོས་ཡང་ཡང་བསྐུལ་བ་ཡིན།རྒྱུ་མཚན་ནི་ཁོ་བོས་སྐུ་ཞབས་འགྱན་སངས་ལགས་ཀྱི་བརྩམས་ཆོས་ཀྱི་ནང་བཅུད་ཅུང་ཙམ་ངོ་སྤྲོད་བྱེད་པ་ལས་མཐའ་དཔྱད་རིག་པའི་ལམ་ནས་དགག་བཞག་གི་སྤྲོ་བ་རིང་དུ་སྤངས་པ་ཡིན།ཐོག་མར་ཁོང་གིས་སེམས་དོན་རིག་པའི་གླེང་གཞི་ནི་གནའ་བོའི་རྒྱ་གར་གྱི་སེམས་དོན་རིག་པ་སྨྲ་བ་རྒྱན་དྲུག་མཆོག་གཉིས་ཀྱི་གཙོས་རྒྱ་གར་གྱི་མཁས་པ་གསེར་རིའི་འཕྲེང་བར་བརྒྱུས་པ་དག་གིས་སེམས་དོན་རིག་པའི་ཡིད་དང་ཀུན་གཞི།བདག་དང་བདག་མེད།སེམས་དང་སེམས་བྱུང་གི་འདོད་པ་བསྟན་པ་དག་བཀའ་བསྟན་གྱི་གཞུང་ལས་གསུངས་པ་མང་དུ་བཀོད་ཡོད་པ་དང་།སེམས་དོན་རིག་པའི་རྣམ་གཞག་དེ་དག་གི་འགྲེལ་བ་ལ་གངས་ཅན་མཁས་པ་རྣམས་ཀྱི་དགོངས་བཞེད་ཇི་སྙེད་མཆིས་པ་དེ་སྙེད་སྐུ་ཞབས་འགྱན་སངས་ལགས་ཀྱིས་དེབ་འདིར་འཁོད་ཡོད་པ་དང་།གྲུབ་མཐའ་རིས་མེད་ཀྱི་མཁས་པའི་བཞེད་དགོངས་སྣ་ཚོགས་དེ་ཉིད་སྐབས་དང་སྐབས་སུ་ཀློག་པ་པོ་དག་ལ་མིག་རྒྱ་ཡངས་པར་བྱེད་པའི་ཕྱིར་འཁོད་ཡོད།སྐུ་ཞབས་འགྱན་སངས་ཁོང་ལྟ་བུ་ཡིས་གངས་ལྗོངས་ཐུབ་བསྟན་རིག་གནས་ཀྱི་ཉིང་བཅུད་ལ་ཤི་འཐམ་རོ་འཐམ་བྱེད་པའི་རྣམ་འགྱུར་འདིས་ང་ཚོ་ངུར་སྨྲིག་རབ་བྱུང་བའི་སྡེ་ལ་ཡང་དྲན་བསྐུལ་ཆོས་དུང་གཡས་འཁྱིལ་གྱི་སྒྲ་དབྱངས་ལྷག་མ་ཤིག་བསྒྲགས་བཞིན་པ་མ་ཡིན་ནམ།སྐུ་ཞབས་འགྱན་སངས་ཁོང་གིས་གངས་ལྗོངས་ཐུབ་བསྟན་རིག་གནས་ཀྱི་མཐའ་མའི་བཞེད་དོན་དེ་ཉིད་རྗེ་བདག་ཉིད་ཆེན་པོའི་ལུགས་སུ་བཀྲལ་ཡོད་ཅེས་བརྩམས་ཆོས་རང་ཉིད་དུ་མངོན་པར་སྣང་།དེ་བཞིན་གངས་ལྗོངས་ཐུབ་བསྟན་སེམས་དོན་རིག་པའི་ནུབ་ཕྱོགས་སེམས་དོན་རིག་པ་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པར་རེ་སྙེག་ཆེན་པོ་བཞེས་ཡོད་པ་དང་།འཛམ་གླིང་སེམས་དོན་རིག་པའི་གདན་ཐོབ་ཀྱི་གྲལ་ལ་འུ་ཅག་གངས་ལྗོངས་ཐུབ་བསྟན་རིག་གནས་ཀྱི་སེམས་དོན་རིག་པ་དེ་ཉིད་འཁོད་པར་རེ་བ་ཆེ་བ་དང་རེ་བ་དེ་ཉིད་སྐལ་མཉམ་བོད་ཀྱི་སྤྱི་ཚོགས་སློབ་མའི་སྡེ་ལའང་མངོན་གྱུར་བྱེད་པར་འགན་འཁྲི་ཡོད་པ་ལྷག་བསམ་གྱི་དར་ལྕོག་རླུང་གིས་འདེད་པ་ལས་བྱུང་གི་ཡོད་པ་དེབ་འདི་ཀློག་པའི་བརྒྱུད་རིམ་ཁྲོད་བདག་གི་ཁ་ནང་དང་མིག་ནང་སེམས་ནང་དུ་འཚང་ཡོང་གི་འདུག་པར་འདོད།དེ་ནས་ཁོང་གིས་ནུབ་ཕྱོགས་སེམས་དོན་རིག་པ་དེ་ཉིད་གནའ་བོའི་གྷི་རིག་གི་སེམས་དོན་རིག་པ་སྨྲ་བའི་མཁན་པོ་རྣམས་དང་དུས་རབས་བཅོ་བརྒྱད་པ་དང་བཅུ་དགུ་ཉི་ཤུའི་བར་བྱུང་བའི་ནུབ་ཕྱོགས་སེམས་དོན་རིག་པ་སྨྲ་བའི་མཁན་པོ་རྣམས་ཀྱིས་ནུབ་ཕྱོགས་སེམས་དོན་པའི་བཞེད་ཚུལ་དང་།བདག་ཏུ་འཛིན་པའི་འདུ་ཤེས་ཀྱི་བཞེད་ཚུལ་རྣམས་བཀོད་ནས་ཤར་ནུབ་སེམས་དོན་རིག་པའི་འདྲ་བ་དང་འབྲེལ་བ།འགལ་བ་དང་མི་མཐུན་པ་རྣམས་ཀྱི་གླེང་སློང་སྣ་ཚོགས་བྱས་ཡོད།་ད་དུང་གངས་ཅན་ཐུབ་བསྟན་རིག་གནས་ཀྱི་སེམས་དོན་རིག་པའི་ངོས་ནས་བདག་ཏུ་འཛིན་པ་ནི་སྤངས་བྱར་ལྟ་བ་དང་།དེ་ནི་འཇིག་རྟེན་ལས་འདས་པའི་རིག་པ་ཞིག་ཏུ་ངོས་འཛིན་བྱེད་པ་དང་།ནུབ་ཕྱོགས་མི་ཚུལ་སེམས་དོན་རིག་པའི་ངོས་ནས་བདག་ཏུ་འཛིན་པ་ནི་མཐུན་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་དགོས་པ་སྟེ།བདག་ཏུ་འཛིན་པའི་ལྟ་བ་ནི་མིའི་རང་གཤིས་དང་བསྟིམས་ནས་བདག་ལྟ་རང་གཤིས་ཅན་དུ་བསྒྱུར་དགོས་པར་འདོད་པའི་སྤྲོས་པ་མཐའ་ཡས་པ་དང་།ནུབ་ཕྱོགས་སེམས་དོན་རིག་པས་སྡུག་བསྔལ་ནི་སེམས་ཀྱི་གཤིས་སུ་གདོད་ནས་གྲུབ་པའི་ཆོས་ཉིད་འཁྲུལ་མེད་དུ་འདོད་པ།འཁོར་བའི་སྡུག་བསྔལ་རྩ་བ་ནས་སྤོང་བའི་གོ་སྐབས་ནམ་ཡང་ཡོད་མི་སྲིད་པར་འདོད།ཡང་ནུབ་ཕྱོགས་སེམས་དོན་རིག་པས་སྡུག་བསྔལ་ནི་བསལ་བྱ་ཡིན་ཡང་།དེ་བསལ་བའི་ཐབས་ལམ་གཅིག་པུ་ནི་བཟོད་སྒོམ་ཡིན་པར་འདོད།དེ་ལྟ་བུའི་་ཤར་ནུབ་ཀྱི་སེམས་དོན་རིག་པ་གཤིབ་བསྡུར་གྱི་རིག་པ་གཟུར་གནས་དགྱེས་པའི་མཆོད་སྤྲིན་ལན་མང་དུ་འཕུལ་ཡོད་དོ།།

གསུམ་པ། སེམས་རིག་སྤྱི་རྣམ་དང་མྱོང་བ་མདོར་དྲིལ།

གངས་ཅན་སེམས་དོན་རིག་པ་དང་ནུབ་ཕྱོགས་སེམས་དོན་རིག་པ་གཉིས་བརྒྱ་ལོ་ཉི་ཤུ་བའི་སྨད་ཀྱི་སྐབས་ནས་བློས་ཐུབ་ཀྱི་གྲོགས་པོར་ཆགས་པ་དང་།དེ་དུས་སྐབས་ནས་བཟུང་ཕན་ཚུན་གྱི་ལྟ་གྲུབ་དང་།རིགས་དབྱེ་སོགས་ཀྱི་སྐོར་ནས་དཔྱད་བསྡུར་རབས་དང་རིམ་པ།གོས་དང་མཐུན་པ་མང་པོ་བྱས་དང་བྱེད་བཞིན་ད་ལྟའི་དུས་རབས་འདིའི་ཁུག་སོ་ན་གངས་ཅན་སེམས་དོན་རིག་པ་ནུབ་ཕྱོགས་སེམས་དོན་རིག་པ་དང་མཉམ་འགྲོ་མཉམ་འདུག་བྱས་ནས་ཡོད་པ་ཟུར་བལྟས་ལེབ་མཐོང་དུ་ངེས།དེ་ནི་བདག་གིས་ཟེར་སྒྲོས་དང་འུད་ཤོབ་ལ་འཇུས་ནས་ཨུ་ཚུགས་གླང་རྒན་ལ་ཞོན་པ་ག་ལ་ཡིན་ཏེ།བླ་མ་དོན་གྱི་བདག་པོས་སེམས་དང་ཚེ་སྲོག་གི་བགྲོ་གླེང་གི་ཟམ་ཆེན་ཤར་ནུབ་སེམས་དོན་རིག་པ་གཉིས་ཀྱི་བར་ལ་འཕངས་ནས་མཛའ་ཤིང་འདྲིས་ནས་ལོ་ཟླའི་འཁོར་བསྐྱོད་རིམ་པར་བགྲོད་ཀྱིན་པ་མ་ཟད།མ་འོངས་པའི་ཞི་བདེ་དུས་རབས་ཤིག་ཡོང་མིན་གྱི་འགག་རྩའང་ཤར་ནུབ་སེམས་དོན་རིག་པ་གནས་པའི་དགོས་པ་ཁྱད་པར་ཞིག་ཏུ་ངོས་འཛིན་ཐོབ་ཀྱི་ཡོད།སྤྱིར་བཏང་ས་ཁམས་གྲུབ་སྟངས་མི་འདྲ་བ་དང་གནམ་གཤིས་ཀྱི་དྲོད་གྲང་མི་འདྲ་བ།རིག་གནས་དང་གོམས་གཤིས་ཀྱི་ལྟ་བ་མི་འདྲ་བའི་ལྟོས་བཅས་ཀྱི་ལེགས་དམན་གྱི་འཆར་སྣང་བྱུང་བ་ཆོས་ཉིད་དུ་གྲུབ་པས་དེ་ནི་ཡ་མཚར་བའི་གནས་ནི་ག་ལ་ཡིན།འདི་ལ་➊‘‘སྡུར་བ་མེད་ན་གནོད་པ་མེད’’་ཅེས་པའི་དཔེ་ལས་མ་འདས།སེམས་དང་ཚེ་སྲོག་གི་བགྲོ་གླེང་གི་བྱིན་རླབས་ལ་བརྟེན་ནས་དེང་སང་ནུབ་ཕྱོགས་དངོས་ཁམས་རིག་པའི་ཚན་རིག་མཁན་པོ་གྲགས་པ་རེ་འགས་དངོས་ཁམས་རིག་པའི་ཞིབ་འཇུག་ཐབས་ལམ་གངས་ཅན་ཐུབ་བསྟན་རིག་གནས་སྨྲ་བའི་བདག་ཉིད་ཆེན་མོ་རྗེ་ཙོང་ཁ་པའི་དགོངས་པ་དང་།མཐར་ཐུག་གི་ཞིབ་འཇུག་གྲུབ་དོན་གྱི་འབབ་ས་དེ་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཞིབ་འཇུག་གི་ཐབས་ལམ་བེད་སྤྱད་བཞིན་ཡོད་ཅེས་ཉེ་ལམ་ཁོ་བོས་ཀརྨ་ཐུབ་བསྟན་ལགས་ཀྱིས་བསྒྱུར་བའི་༼ བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ ༽་ཞེས་པའི་དེབ་ལས་དངོས་སུ་མཐོང་ལ།དེབ་དེ་ནི་ནུབ་ཕྱོགས་དངོས་ཁམས་རིག་པ་སྨྲ་བ་ཤིག་གིས་བརྩམས་པ་ཡིན།འུ་ཅག་གིས་ཀྱང་གཞན་ཟེར་སྐྱབས་སུ་འཛིན་པའི་འཛིན་པ་དེ་ཡོངས་སུ་དོར་ནས་དངོས་ཡོད་ལག་ལེན་ཁྲོད་ནས་བཀའ་བསྟན་གསེར་རིའི་འཕྲེང་བར་མཇལ་ནས་གསུང་གི་ཉིང་ཁུ་ལེན་པ་ནི་གནད་ཀྱི་དོན་པོ་ཡིན་པ་ལས།མི་བལྟ་མི་མཇལ་བར་བྱུང་རྒྱལ་གྱི་གཏམ་ཚོགས་སྤེལ་བ་ནི་གོ་ཁའི་རྒན་མོའི་ཉོག་གཏམ་ལས་མ་འདས།དེའི་ཕྱིར་གངས་ཐུབ་བསྟན་རིག་གནས་ཀྱི་ཉིང་བཅུད་བཀའ་བསྟན་གྱི་མཚོན་པའི་རིག་པའི་གཞུང་མོ་དག་ལ་ངུར་སྨྲིག་རབ་བྱུང་བའི་སྡེ་རུ་གཏོགས་པ་ཐམས་ཅད་དང་ཞིབ་འཇུག་ལ་སྤྲོ་བའི་སྤྱི་ཚོགས་སློབ་མའི་ཚོགས་སུ་ཡིན་ཡང་འཇུག་པ་ཡངས་པོར་བྱ་དགོས་པ་ནི་འུ་ཅག་གངས་ཅན་རིག་གནས་གཏེར་མཛོད་འདི་ཡི་བདག་པོ་ངོ་མ་ཡིན་པ་དང་།འདི་ཡི་གནས་འགྱུར་འུ་ཅག་ལ་འབྲེལ་བ་བླ་མེེད་ཡོད་པས་ཡིན།རིག་གཞུང་གི་ཞེན་པ་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་དཔེ་རུ་མ་སོང་བའི་སྒོ་ནས་གངས་ཅན་ཐུབ་བསྟན་རིག་གནས་ཀྱིས་མཚོན་རིག་པའི་གཞུང་ལུགས་དག་དུས་རབས་ཀྱི་མདུན་དུ་ཇི་ལྟར་གསོན་དགོས་པ་ལ་ང་ཚོས་བསམ་གཞིགས་གཏིང་ཟབ་བྱེད་དགོས་པ་ནི་ཡོལ་དུ་མེད་པའི་དྲི་བ་ཅིག་ཡིན།མཐར་བཀླགས་བྱང་དཀར་པོ་འདི་ཡི་ཕྱི་ནང་ཀུན་རྩོམ་པ་པོའི་དགོངས་པ་དང་རིང་དུ་གྱེས་པ་ཅི་རིགས་མཆིས་པ་ཀློག་པ་པོ་ཁོ་བོས་དཔྱོད་ཤེས་ཚད་ཅན་དུ་ངོས་འཛིན་ཡོད་པར་བྱའོ།།

                                                                                   ༢༠༢༢ ·༡༢·༢༡ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2119