(སྐྱབས་རྗེ་བླ་མ་༧སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་རང་རྣམ་ཚིགས་བཅད་མ་རྩོམ་འཕྲོ་ཅན་བཞུགས་སོ།།)
དགེ་བཅུ་དཔལ་གྱིས་འབྱོར་ཞིང་ལེགས་པའི་ཡུལ། །མདོ་ཁམས་ས་ཡི་ཐིག་ལེ་ཟལ་མོ་སྒང་། །བྲོ་མཆོག་གཏེར་གྱི་རྒྱ་མཚོ་འཁྱིལ་བའི་ས་(ད་ལྟའི་ནང་ཆེན་རྫོང་སྤྲེལ་ཚྭ་ཤོག་ཁ་སྤྲེལ་ཚྭ་གྲོང་དུ།)། །ཨ་དང་དྷཱིཿཡིས་མཚན་བཀྲའི་གཞི་ཁྱིམ་ལ། །ཕ་མིང་ཚེ་དབང་ལྷ་རྒྱལ་སྐྱ་བསུའི་གདུང་། །མ་ནི་ཚེ་འཛོམས་ངོམ་གཞུང་ཨ་ནུའི་བརྒྱུད། །དེ་གཉིས་བདེ་སྟོང་ཟུང་འཇུག་བུ་རུ་ཆགས། །མངལ་ལ་ཡོད་ཚེ་ཡིག་དྲུག་རང་སྐད་འབྱིན། །ས་མོ་ལུག་(༡༩༡༩)ལོའི་དཔྱིད་ཟླ་གཉིས་ཀྱི་ཚེས། །གསུམ་གྱི་ཉི་ཤར་སྐར་མ་རྒྱལ་ལ་སྐྱེས། །ཇ་དགོན་སྤྲུལ་སྐུ་ཀར་ལྷུན་སྐུ་སྐྱེའི་མདུན། །ཐར་འདོན་མིང་ལ་ཕུར་པ་ཚེ་རིང་གནང་། །ལོ་ངོ་ལྔ་(ཆུ་ཕག་༡༩༢༣)སྟེང་ཀརྨ་ཆགས་མེད་(མཁས་གྲུབ་ཀརྨ་ཆགས་མེད་སྐུ་ཕྲེང་དྲུག་པ།)ཀྱིས། །སྐྲ་བཅད་བདག་པོ་ཁོང་ཡིན་གསུངས་ཞེས་པ། །ཨ་མྱེར་ན་བཟའ་གནང་བ་རྟེན་སྐལ་ཡོད། །ཕུ་བོ་ཐ་ཆུང་མ་ཁོག་ཡོད་པའི་ཚེ། །ཕ་ཤི་རུས་པ་བསྲེག་ཆོག་བྱས་པའི་ཚེ། །མིག་ལྕེ་སྙིང་གསུམ་མ་ཚིག་ཡོད་སྐད་དང་། །ཕག་ལོར་(ཆུ་ཕག་༡༩༢༣)སྐྱབས་གནས་སྤྲུལ་སྐུ་(འཕྲུལ་ཞིག་སྐྱབས་གནས་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་ཆུ་ཕག་༡༩༢༣ནས་ས་གླང་༡༩༤༩ལོ་བར་དུ་བཞུགས།)བལྟམས་པའི་ཚེ། །ཆུ་ཟོམ་གང་དེ་འོ་མར་གྱུར་པ་དང་། །དེ་ནས་བཟུང་སྟེ་ལོ་ངོ་གསུམ་བར་དུ། །བཙན་མཁར་སྟེང་དུ་གནས་བཅས་སྲུང་མའི་རྟགས། །སྔ་མར་བྱ་རོག་གཉིས་བྱུང་ཁང་པར་འཁོར། །རང་ལོ་དྲུག་(ཤིང་བྱི་༡༩༢༤)ཐོག་མ་ཡིས་ཡི་གེ་བསླབས། །དེ་སྐབས་བག་ཆགས་གཏོ་བཅའ་རྔ་རྡུང་གི། །ལད་མོ་བྱེད་ཅིང་ས་རྡོ་ཤིང་སོགས་ཀྱི། །གཏོར་མ་བཅའ་དང་མདོས་བཟློག་བཅའ་ཚུལ་གྱིས། །ཨ་ཉོག་བཅོ་ལྔ་ཉི་ཤུ་མཉམ་འདུས་ནས། །བླ་གྲྭ་འཚོགས་བཞིན་དུས་གསུམ་སངས་རྒྱས་དང་། །ཚིག་བདུན་གསོལ་འདེབས་འདོན་དང་རྔ་རོལ་སོགས། །ཆ་ལེ་ཆོ་ལེའི་འུར་སྒྲ་སིལ་ཆོལ་སྒྲོག །དུང་དཀར་སྨྱུག་སྦུག་སྨྱུག་གི་གླིང་བུ་འབུད། །ང་རང་བླ་མ་ཡིན་ཟེར་དབང་བསྐུར་ཚུལ། །སྐུ་དང་གླེགས་བམ་ཅི་རྙེད་གཞན་མགོར་བཞག །བྱིས་པའི་དུས་ནས་བླ་སེར་ཡིན་པར་རློམས། །ཇ་དགོན་བླ་སྤྲུལ་རྣམས་ཀྱིས་གཅེས་པར་མཛད། །ཟླ་སྤྲུལ་(ཟླ་སྤྲུལ་སྐུ་ཕྲེང་དྲུག་པ་ངེས་དོན་ཆོས་ཀྱི་རྒྱལ་མཚན་ས་འབྲུག་༡༨༦༨ ནས་ ༡༩༣༡ བར་དུ་བཞུགས།)མཆོག་གླིང་(འདི་མཆོག་གླིང་གཉིས་པ་པདྨ་འགྱུར་མེད་ཡིན་པ་འདྲ།)གཉིས་ཀྱིས་སྐྱབས་སྡོམ་གནང་། །ཀརྨ་ཆོས་ཀྱི་འོད་ཟེར་བསྟན་འཕེལ་བཏགས། །ཆགས་སྤྲུལ་དྲུག་པས་པདྨ་འགྲོ་འདུལ་བཏགས། །ལོ་ངོ་བདུན་(ཤིང་གླང་༡༩༢༥)ཐོག་འཁྲུལ་ཞིག་སྐྱབས་གནས་ཀྱི། །ནུ་བོ་ཆུང་བར་མཚན་དང་ན་བཟའ་གསོལ། །དེ་མཚམས་འཁྲུལ་ཞིག་དགོན་པར་ཁྲི་འདོན་སྐབས། །ང་རང་མཉམ་པོར་ལོ་ངོ་བཅུ་གསུམ་(ལྕགས་ལུག་༡༩༣༡)བར། །འཁྲུལ་ཞིག་དགོན་པས་བདག་པོ་མཛད་ནས་བཞག །སྐྱབས་གནས་མཉམ་པོར་ཀློག་བསླབས་ས་སྤྲུལ་(ས་སྤྲུལ་སྐུ་ཕྲེང་དྲུག་པ་རིག་འཛིན་ཆོས་རྒྱལ་བསྟན་པའི་ཉི་མ་མེ་བྱི་༡༨༧༦ནས་ལྕགས་འབྲུག་༡༩༤༠བར་དུ་བཞུགས།)ནས། །རྗེས་བཟུང་འབྲུག་ལུགས་དབང་ལུང་རྫོགས་པར་གནང་། །རྙིང་ཆོས་མཁོ་གལ་ཆེ་རིགས་གཏེར་མཛོད་ནང་། །ཕལ་ཆེར་དབང་ལུང་ཟླ་བ་བདུན་རིང་གནང་། །འབྲུག་ཆེན་མདུན་དུ་སྐྲ་ཕུད་ཕུལ་བའི་སྐབས། །སངས་རྒྱས་བསྟན་འཛིན་རྒྱ་མཚོ་མིང་གནང་ཞིང་། །བསྟན་འགྲོར་ཕན་ཐོགས་ཡོང་བའི་ལུང་བཟུང་སྐད། །ནང་ཆེན་རྒྱལ་རྒན་མདུན་ནས་(ཐོབ་ཐང་མཚོན་པའི་ཕྱིར་དུ་ཞྭ་ལ་ཏོག་དང་རྟ་ལ་དོམ་དོམ་གནང་བ།)ཏོག་སྡོམ་གནང་། །བར་སྐབས་དེ་ནས་ཇ་དགོན་དཔལ་འབར་(གདན་ས་ཇ་པ་དགོན་གྱི་འཇང་གྲྭ་བླ་དགུའི་ནང་གསེས་དཔལ་འབར་སྐུ་ཕྲེང་བདུན་པ། འཁྲུངས་འདས་ལོ་ཚིགས་མི་གསལ།)གྱིས། །འཁྲུལ་ཞིག་སྐྱབས་མགོན་མདུན་དུ་སྒྲོལ་མའི་སྐུ། །ལི་མ་གྲུ་གང་ཙམ་ཞིག་གཙོར་བྱས་ཤིང་། །གསུང་རྟེན་རྟ་དྲེལ་ལ་སོགས་ཚན་པ་ནི། །བཅུ་གསུམ་གྲངས་ལྡན་བཞག་ནས་ཇ་དགོན་གྱི། །ཆོས་འཕེལ་སྐུ་སྐྱེའི་སྤྲུལ་སྐུ་ཡིན་གསུངས་པ། །སི་ཏུ་མཆོག་གླིང་གཉིས་ཀྱི་བརྟག་ཡིག་ཕུལ། །ཡར་ཞུ་མར་གནང་གྲངས་མང་མཛད་མཐར་གནང་། །(ལྕགས་ལུག་༡༩༣༡)ཇ་པ་དགོན་དུ་ཁྲིར་བཀོད་མངའ་གསོལ་མཛད། །ཡུལ་སྡེ་ཀུན་གྱིས་དཔལ་འབར་རང་འདོད་ཀྱིས། །ཨ་དྷཱིཿདཔོན་གྱི་བུ་ནི་ཡིན་པ་ལ། །ཆོས་འཕེལ་སྐུ་སྐྱེ་མ་རེད་ནོར་སོང་བཤད། །འགའ་རེས་ཡང་དབེན་མཁན་སྤྲུལ་ཡིན་པས་ཟེར། །འགའ་རེས་(ཀརྨ་དགོན་གྱི་)མཁན་ཆུང་རེད་ཟེར་སྣ་ཚོགས་གླེང་། །མཆོག་གླིང་གཉིས་པས་(གཏེར་ཆེན་མཆོག་གྱུར་གླིང་པ་སྐུ་ཕྲེང་གཉིས་པ་པདྨ་འགྱུར་མེད་ལྕགས་རྟ་༡༩༣༠ནས་ཆུ་གླང་༡༩༧༣བར་དུ་བཞུགས།)གྲོ་ལོད་ལས་ལྷ་ཡིན། །གསུངས་ལྟར་དཔལ་འབར་སྤྲུལ་སྐུས་གྲོ་ལོད་དབང་། །ལུང་ཁྲིད་ཡོངས་རྫོགས་གནང་ཞིང་ཆོས་སྒོར་བཙུད། །(ཆུ་བྱ་༡༩༣༣)རང་ལོ་བཅོ་ལྔར་ཕྱག་ཆེན་སྔོན་འགྲོ་བཞག །དེ་མཚམས་ཡོངས་དགེའི་གྲོ་ལོད་བསྙེན་པ་བཞག །སྒྲོལ་དཀར་ཚེ་བསྙེན་གསང་ཐིག་ཕུར་པ་བསྙེན། །པཀྵིའི་བླ་སྒྲུབ་ཞི་ཁྲོའི་བསྙེན་སྒྲུབ་བྱས། །སྨན་ལྷ་འོད་དཔག་མི་འཁྲུགས་བསྙེན་པ་བཞག །ཕག་བདེ་རྒྱལ་གསུམ་ཞི་ཁྲོ་ཀུན་རིག་དབང་། །མ་མགོན་འཁོར་ལྔ་མགོན་ཆེན་སྡེ་ལྔའི་དབང་། །གཅིག་ཤེས་ཀུན་གྲོལ་དབང་ལུང་ཞི་དྲག་ཕྲེང་། །ཆོས་སྐྱོང་གློག་ཕྲེང་ཆ་ཚང་ལ་སོགས་པའི། །གསར་རྙིང་དབང་ལུང་དོ་གལ་ཆེ་རིགས་གནང་། །ལོ་ངོ་ཉི་ཤུ་(ས་སྟག་༡༩༣༨)སོན་དུ་ཁྱུང་སྤྲུལ་(འབྱོ་ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་ཕྱི་ལོ་༡༨༨༦ནས་༡༩༤༨བར་དུ་བཞུགས། )བསྟེན། །དགོངས་འདུས་དབང་ཆེན་བཀའ་བརྒྱད་དབང་མོ་ཆེ། །ནམ་མཁའ་ཀློང་ཡངས་སྒྲུབ་པ་དང་འབྲེལ་གནང་། །སྙིང་ཐིག་ཡ་བཞི་ཡང་ཏི་དབང་ལུང་ཁྲིད། །ཟླ་བ་གསུམ་རིང་དབང་ལུང་ཟབ་ཁྲིད་ཞུས། །རིན་འབྱུང་བརྒྱ་རྩ་ས་སྤྲུལ་མདུན་ནས་ཐོབ། །ཕུར་བླའི་(ཙོང་མདའ་དགོན་ཕུར་བླ་དྲུག་པ་ངག་དབང་རྣམ་རྒྱལ་ཡིན་ཞིང་འཁྲུངས་འདས་ལོ་ཚིགས་མ་མཇལ།)མདུན་ནས་ས་ཕུར་དབང་ལུང་ཐོབ། །ཉེར་གསུམ་ནས་བཟུང་ལོ་གསུམ་སྒྲུབ་ཁང་དུ། །བསྙེན་སྒྲུབ་ལས་གསུམ་ཆོས་དྲུག་སྦྱངས་བརྩོན་བྱས། །ཆོས་དབྱིངས་རབ་འབྱམས་(གདན་ས་ཇ་པ་དགོན་གྱི་འཇང་གྲྭ་བླ་དགུའི་ནང་གསེས་འཇང་གྲྭ་སངས་རྒྱས་དཔལ་བཟང་སྐུ་ཕྲེང་དགུ་པ་འཁྲུངས་ལོ་མི་གསལ། ལྕགས་བྱི་༡༩༦༠ལོར་གཤེགས།)ས་བཅུ་བླ་མར་བསྟེན། །ཉེ་ལྔའི་སྨད་ལ་གནས་སྐོར་ཙཱ་རི་དང་། །བོད་ཡུལ་སྟོད་གནས་ཕལ་ཆེར་ལེགས་པར་བསྐོར། །ཡང་གཅིག་གནས་སྐོར་གངས་རི་སྟོད་གནས་བསྐོར། །མགར་གྱི་གྲུབ་ཐོབ་འཆི་མེད་རྡོ་རྗེ་(ནང་ཆེན་མགར་དགོན་གྱི་བླ་མ་མགར་ཆེན་ཕྲིན་ལས་ཡོངས་ཁྱབ་ཀྱི་སློབ་མ་དང་རྩོད་མེད་ཀྱི་གྲུབ་ཐོབ་ཅིག་ཡིན་ཞིང་འཁྲུངས་འདས་ལོ་ཚིགས་མ་མཇལ།)མཇལ། །འབྲི་ལུགས་ཡང་ཟབ་དབང་ལུང་ཚང་མ་ཞུས། །ཕྱག་ཆེན་ལྔ་ལྡན་ཆོས་དྲུག་ལེགས་པར་ཐོབ། །མ་ཎི་དུང་སྒྲུབ་ཆོས་ར་མང་པོ་བཙུགས། །རང་ལོ་བཅུ་བཞིའི་(ཆུ་སྤྲེལ་༡༩༣༢)དུས་སུ་ཀརྨ་པ། །རིག་པའི་རྡོ་རྗེ་(རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་རྒྱལ་མཆོག་རིག་པའི་རྡོ་རྗེ་ཤིང་བྱི་༡༩༢༤ནས་ལྕགས་བྱ་༡༩༨༡བར་དུ་བཞུགས།)ནང་ཆེན་སྒར་ནས་མཇལ། །སྐྲ་བཅད་ཀརྨ་བསྟན་པའི་རྒྱལ་མཚན་གནང་།(སྐབས་དེར་རྒྱལ་མཆོག་རིག་པའི་རྡོ་རྗེ་དགུང་གྲངས་དགུ་དང་བླ་མ་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་བཅུ་བཞིར་ཕེབས།) །ཉི་ཤུ་ལོན་(ས་སྟག་༡༩༣༨)སྐབས་ཀརྨ་དགོན་དུ་སོང་། །ཀརྨ་པ་དང་སི་ཏུ་ཡབ་སྲས་མཇལ། །སི་ཏུའི་(ཀན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ་མེ་ཁྱི་༡༨༨༦ནས་ཆུ་འབྲུག་༡༩༥༢བར་དུ་བཞུགས། )མདུན་ནས་རབ་བྱུང་སྡོམ་པ་ཞུས། །ཀརྨ་བསྟན་པ་དར་རྒྱས་མིང་དུ་གནང་། །འཇམ་མགོན་ཡང་སྲིད་(ཀོང་སྤྲུལ་སྐུ་ཕྲེང་གཉིས་པ་འཇམ་མགོན་རྡོ་རྗེ་འཆང་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་༡༩༠༤ནས་༡༩༥༣བར་དུ་བཞུགས། )མདུན་ནས་དགེ་སློང་བསྒྲུབས། །འཇམ་མགོན་སྔ་ཕྱི་ལན་བདུན་མཇལ་ཞིང་བསྟེན། །དབང་ཁྲིད་གདམས་པས་སློབ་མའི་བརྒྱུད་པ་གནང་། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཆང་དབང་ཡིན། །རྒྱལ་བ་(སྐུ་ཕྲེང་བཅུ་བཞི་པ།)བསྟན་འཛིན་རྒྱ་མཚོའི་མདུན་ས་ནས། །སྤྱན་རས་གཟིགས་དང་འཇིགས་བྱེད་དཔའ་བོ་གཅིག །དུས་ཀྱི་འཁོར་ལོ་བདེ་མཆོག་དབང་ཆེན་ཐོབ། །ཕུར་ལྕོག་བྱམས་པའི་མདུན་ནས་རྟ་མགྲིན་དབང་། །ཚེ་ལྷ་རྣམ་གསུམ་གསང་བ་འདུས་པ་སོགས། །བཀའ་ཆོས་དབང་ལུང་ཟླ་བ་ཕྱེད་དུ་ཐོབ། །ངོར་གྱི་མཁན་ཆེན་ངག་དབང་ཡོན་ཏན་(ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དྲུག་ཅུ་རེ་དགུ་པ།)མཇལ། །སྣར་ཐང་བརྒྱ་རྩ་དགྱེས་རྡོར་འབྱུང་འདུལ་སོགས། །གུར་མགོན་གདོང་བཞི་གཙོ་འཁོར་ཆོས་སྐྱོང་གི། །དབང་ལུང་ཟབ་ཁྲིད་བཀའ་གཏད་རྫོགས་པར་ཐོབ། །རྒྱ་ནག་པདྨེ་ཁ་རུ་ཟླ་བ་བཞི། །རྡོར་སེམས་དུས་འཁོར་སྒྲོལ་མ་སེང་གདོང་མ། །བཛྲ་གུ་རུ་ལ་སོགས་དུང་སྒྲུབ་འཚོགས། །སྒྲོལ་མའི་གཡུལ་མདོས་སྲི་ཟློག་ཙཀྲ་འབུམ། །བསྟན་པའི་སྤྱི་རིམ་ཚུལ་དུ་རྒྱ་ཆེན་བསྒྲུབས། །དེ་ཚེ་རང་གིས་འགན་ཁུར་མཆོད་དཔོན་བྱས། །དེ་ནས་(ལྕགས་སྟག་སྤྱི་ལོ་༡༩༥༠བོད་ཟླ་དྲུག་པའི་ནང་)བཀྲ་ཤིས་ཟུར་མང་རྣམ་རྒྱལ་རྩེར། །ཁྲ་གཡེར་མ་ཡི་གཙུག་ལག་ཁང་ཆེན་ནང་། །ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས། །ཟབ་ཆོས་རིན་ཆེན་གཏེར་གྱི་མཛོད་ཆེན་མོའི། །དབང་ཁྲིད་རྫོགས་པར་གནང་སྐབས་རྗེས་བཟུང་ཞིང་། །ཁྲི་ཟུར་གར་བསྟན་གཉིས་བར་རང་བཞག་ནས། །མ་འོངས་པ་ལ་དབང་ལུང་འཆད་པའི་དུས། །ཆད་ལྷག་འོང་བས་དབང་བརྡར་མ་འགྲོ་གསུངས། །འབྲལ་མེད་ཐུགས་རྗེས་བརྩེ་བས་ལེགས་བསྐྱངས་ནས། །རང་ལོ་སོ་བདུན་(ཤིང་ལུག་༡༩༥༥)དུས་སུ་ལྷ་སར་སོང་། །མཆོག་གླིང་ལྷན་དུ་ཞི་ཁྲོ་ལྷ་ཁང་དུ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་སྒྲུབ་ཆེན་བཙུགས། །དེ་ནས་སྟོད་ལུང་མཚུར་ཕུར་ཀརྨ་པ། །རིག་པའི་རྡོ་རྗེས་སྤྲུལ་སྐུ་ཟེར་བ་དེས། །བསྟན་འགྲོའི་དོན་ཆེན་ལེགས་པར་བསྒྲུབ་དགོས་པའི། །ཞལ་གདམས་གཟིགས་སྐྱོང་བཀའ་དྲིན་བདག་རྐྱེན་གནང་། །ཡར་ལ་དམ་བཅའ་རང་ནུས་གང་ཡོད་ཀྱིས། །བསྟན་དགོན་དོན་ལ་སྒོ་གསུམ་མཁོ་སྤྱོད་བཅས། །གཞན་ཕན་མ་གཏོགས་རང་དོན་མི་གཉེར་བའི། །སྙིང་ནས་ཁས་བླངས་འདི་ཕྱིར་མི་འབྲལ་ཞེས། །བཀའ་བསྒོ་བྱིན་རླབས་བདེན་ཚིག་ཡང་ཡང་གསུངས། །དེ་ནས་བཟུང་སྟེ་བསྟན་འགྲོར་ཕན་ཐབས་བརྩོན། །བྱ་སྤྱོད་ཆོས་དང་བསྟུན་པའི་བསམ་བཟང་བསྐྱེད། །དཀོར་རྫས་གང་རྙེད་རྟེན་བཞེངས་དོན་ལ་བཏང་། །སྐབས་ཤིག་རྨིས་ལྟས་མཐོང་སྣང་གུ་རུ་གཙོ་འཁོར་དང་། །མཚན་བརྒྱད་གིང་ཆེན་བཅུ་དྲུག་དཀར་སེར་དམར། །ལྗང་གུ་གཉིས་གཉིས་མདོག་དང་རྒྱན་ཆ་ལུགས། །སྣ་ཚོགས་གར་བསྒྱུར་པཎ་གྲུབ་བརྒྱད་གཡས་དང་། །མཁའ་འགྲོ་གཡོན་གྲལ་མཐོང་སྣང་མི་འདྲ་བའི། །བཀོད་པ་ཁྱད་མཚར་གར་སྟབས་ངོ་མཚར་བའི། །ལྟས་བཟང་དེ་དང་ཆ་འདྲའི་ཚེས་བཅུ་ནི། །བཙུགས་ན་ལེགས་མིན་བླ་གྲྭར་གྲོས་མོལ་བྱས། །ཀུན་གྱིས་དགའ་བའི་ངག་གིས་ཡི་རངས་མཛད། །ཀརྨ་དགོན་ནས་ཚེས་བཅུའི་ཡོ་བྱད་གཡར། །རྟེན་འབྲེལ་ཚེས་བཅུའི་དངོས་གཞི་སྟ་གོན་འཆམས། །གཅིག་དགུ་ང་གཉིས་(ཆུ་འབྲུག་༡༩༥༢)ནས་བཟུང་ཚེས་བཅུ་བཙུགས། །ལོ་རེ་བཞིན་དུ་དར་རྒྱས་ཚད་ལས་འདས། །དིལ་ཡག་དགོན་ནས་དབུ་ཆེན་འཆམ་དཔོན་བསུས། །ཕྱག་ལེན་ཟླ་གསུམ་རིང་བསླབས་རང་རྐང་ཐུབ། །ང་ལྔ་(ཤིང་ལུག་༡༩༥༥)ལོ་ལ་འཇམ་མགོན་ཡང་སྲིད་ཀྱིས། །ཚེས་བཅུའི་འཆམ་འབག་འཆམ་གུར་ཡོ་བྱད་དང་། །འདུ་ཁང་སྐུ་གསུང་ཐུགས་རྟེན་དགོན་བཅས་ལ། །རབ་གནས་བྱིན་རླབས་གར་འཆམ་དངོས་གཞི་བཤམས། །འཇམ་མགོན་བླ་མས་འཆམ་ཕེབས་ངོ་མཚར་གྱི། །ལྟས་བཟང་གཟེངས་བསྟོད་ལེགས་གནང་དགེ་ལེགས་འཕེལ། །མ་འོངས་བསྟན་པ་རྒྱས་པའི་ཞལ་བཞེས་མཛད། །དེ་ནས་བཟུང་སྟེ་ཚེས་བཅུ་དར་རྒྱས་དང་། །བསྟན་འགྲོར་ཆོས་ཀྱི་སྒྲུབ་པ་སྒྲུབ་ཕྲན་བཙུགས། །མ་ཎི་དུང་སྒྲུབ་སྡིག་སྤངས་དགེ་སྒྲུབ་ཀྱི། །འདི་ཕྱི་དགེ་བའི་བསླབ་བྱ་ཅི་ཤེས་བཤད། །འབྲེལ་ཚད་ཐམས་ཅད་བློ་སྣ་ཆོས་ལ་བསྒྱུར། །རི་རྒྱ་ཀླུང་བཤེར་འཇིགས་ཚོགས་སྲོག་བསྐྱབས་ཤིང་། །དུག་གསུམ་རང་གཟུགས་མཚོན་ཆ་གྲངས་མང་བཅག །སྙི་དུང་མདེ་འུ་དུག་རྫས་འབོར་ཆེན་དང་། །གནོད་པའི་རྫས་ངན་སར་སྦས་གཏོར་བཤིག་བྱས། །བསམ་སྦྱོར་རྣམ་པར་དག་པས་མཚམས་སྦྱར་ནས། །སྐྱེ་བོ་ཕོ་མོར་ཕན་ཐབས་རྒྱ་ཆེན་བྱས། །ཕྱོགས་རིས་མ་བྱས་བླ་མ་མང་པོའི་མདུན། །དབང་ལུང་ཁྲིད་ཀྱི་བརྒྱུད་པ་ཅི་ཟིན་བྱས། །ས་དགེ་ཀར་འབྲུག་འབྲི་རྙིང་ལ་སོགས་ཀྱི། །སྐྱེས་ཆེན་མང་བསྟེན་ཆོས་སྒོ་སྣ་ཚོགས་ཀྱི། །ཆིངས་དང་ཕྱག་ལེན་བཅའ་འདོན་ལག་ལེན་བྱས། །མདོས་བཟློག་བསྐང་གསུམ་གཏོ་གླུད་ཆེ་ཕྲའི་རིགས། །རང་འདོད་ཚུལ་འཆོས་མེད་པར་ལག་ཏུ་བླངས། །འགྲོ་དོན་རྒྱ་ཆེན་བརྗོད་མི་ལངས་པ་གྲུབ། །ནང་ཆེན་ཆིང་ཧུའུ་རྒྱལ་སར་མཆོག་གླིང་དང་། །(ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དྲུག་ཅུ་རེ་དགུ་པ།)མཁར་སར་མཁན་ཆེན་ཡོན་ཏན་རྒྱ་མཚོའི་ལྷན། །མ་མོ་མངོན་རྫོགས་རྒྱལ་པོའི་མདོས་ཆེན་གྱི། །མ་མོ་རོལ་པ་མངོན་རྫོགས་རྒྱལ་པོའི་མདོས། །སྐུ་མདོས་གསུང་མདོས་ཐུགས་དང་ཡོན་ཏན་མདོས། །ཕྲིན་ལས་མདོས་དང་མཆོད་བསྐངས་ལས་བཞིའི་མདོས། །སྨན་གཏོར་རཀྟ་ཟོར་མདོས་ལ་སོགས་པའི། །མདོས་ཆེན་བཅའ་འདོན་ལག་ལེན་ཚད་ལྡན་མཛད། །དེ་རྣམས་སྐབས་སུ་རང་གིས་ལས་རྡོར་བྱས། །དེ་བཞིན་སྒྲོལ་མའི་གཡུལ་བཟློག་མདོས་སྐུ་གླུད། །སྡེ་བརྒྱད་ཁེངས་མདོས་སྲིད་པ་སྤྱི་ཡི་མདོས། །མ་མོའི་ཁྲག་མདོས་གླིང་བཞི་སྤྱི་ཡི་མདོས། །དཀར་པོ་དྲུག་མདོས་བརྟན་མ་བཅུ་གཉིས་མདོས། །གྲི་ཁ་མཚོན་བསྒྱུར་གཤིན་རྗེའི་ཚང་བཟློག་དང་། །རྒྱལ་མདོས་བཙན་མདོས་ནད་རིམས་བཟློག་པའི་མདོས། །སྡོང་པོ་བརྒྱན་མདོས་མཚོ་སྨན་གུར་གྱི་མདོས། །ཀོང་རྩེའི་མདོས་དང་ནག་པོ་མགོ་བོ་གསུམ། །སྤར་ཁའི་གཏོ་བརྒྱད་གཤེད་གཏོ་བྱད་གདོན་མདོས། །ཁ་འབར་མདོས་དང་ཟབ་མདོས་བརྒྱ་བཞི་དང་། །ཆགས་མེད་གཏོ་འབུམ་མི་ཕམ་གཏོ་ཡི་འབུམ། །ས་སྐྱའི་སྡེ་བརྒྱད་སྤྱི་དང་སྒེར་གྱི་མདོས། །ཕུར་པའི་དབལ་མདོས་གདུགས་དཀར་མདོས་ཆེན་རིགས། །རྙིང་མ་ས་སྐྱ་དགེ་ལུགས་སོ་སོ་ཡི། །ལུགས་བཞིན་བཅའ་འདོན་རྣམས་ལ་ལག་ལེན་བྱས། །གཏོར་མ་ཤིང་རིས་ནམ་མཁའ་སྣ་ཚོགས་ཀྱི། །དཀྲི་ལུགས་ཕྱག་ལེན་ཐམས་ཅད་མ་ནོར་བར། །བཟློག་པ་མདོས་གཏོ་ཚང་མ་བསླབས་ཤིང་སྦྱང་། །བསྟན་འགྲོར་ཕན་སེམས་ལྷག་བསམ་དག་པ་ཡིས། །རང་འདོད་ཚོད་དཔག་མ་བྱས་དབང་ལུང་དང་། །ཕྱག་ཁྲིད་གཞུང་མཐུན་བརྒྱུད་པ་ཡོད་ངེས་ཀྱི། །ཐིག་དང་རྡུལ་ཚོན་གཏོར་བཅའ་ལ་སོགས་པ། །བསྟན་དོན་ཁོ་ནས་ཀུན་རྫོབ་བདེན་པ་ཡིས། །གཡོ་སྒྱུ་མེད་པར་འགྲོ་ལ་ཕན་ཐབས་ཀྱིས། །རོ་ཕུད་གཤེད་འདུར་གཏོ་ཚོགས་བསང་གསོལ་བྱས། །གྲོང་ཆོག་སྔགས་ནག་ལྟ་བུའི་བཅའ་འདོན་བྱས། །བླ་མ་ཡིན་སྟབས་མཚན་ལྡན་བླ་མ་བསྟེན། །དབང་ལུང་ཁྲིད་དང་ལུང་སོགས་རིས་མེད་ཀྱི། །བཀའ་དྲིན་ཅན་གྱི་བླ་དགེ་སློབ་དཔོན་ལ། །དད་དང་འདོད་པ་ཚིམ་པའི་བཀའ་ཆོས་ཞུས། །དབང་ལུང་ཁྲིད་ཐོབ་ཙམ་དུ་མ་བཞག་པར། །སེར་སྐྱ་མཆོག་དམན་ཆོས་ལ་མོས་ཡོད་ཀྱི། །རེ་བསྐངས་དབང་ཁྲིད་རང་གི་ཤེས་རྣམས་བཏོན། །མི་ངོ་རྒྱུ་དོན་དམ་ཆོས་བཙོངས་པ་མེད། །དམན་པའི་ས་བཟུང་ཀུན་ལ་མཐུན་པར་བྱས། །དགོན་སྡེ་རྒྱ་བོད་ས་ཆ་གར་སོང་ཡང་། །ཆོས་མཐུན་བྱ་སྤྱོད་བསམ་བཟང་ཁོ་ན་ཡིས། །མི་ཚེ་ཕལ་ཆེར་གྲོང་ནག་སྡེ་ཡུལ་ལ། །ཟད་ཀྱང་ལྷག་བསམ་རྣམ་དཀར་བཟང་པོ་བསྐྱེད། །ཕྱི་ནང་སྣོད་བཅུད་དུས་རྒུད་གསོ་བའི་ཆེད། །གཏེར་གྱི་བུམ་པ་བཅའ་སྒྲུབ་ཚད་ལྡན་རྣམས། །རྨ་རྒྱལ་སྤོམ་རིའི་མགུལ་དུ་གཅིག་སྦས་ཤིང་། །རྡོ་ཡི་ཉི་ཟླ་ལར་སྦས་མཚོ་སྔོན་པོའི། །མཚོ་སྙིང་མ་ཧཱ་དཱེ་ཝར་གཏེར་བུམ་སྦས། །སྒ་སྟོད་ཇོ་བོའི་རི་ལ་གཏེར་བུམ་བཞག །ཟལ་མོ་སྒང་དུ་(ད་ལྟའི་མདོ་ཁམས་མཆོད་རྟེན་ཡོད་སའི་ཉེ་ཟུར་གྱི་གྲོང་པ་ལྷ་ཚལ་དགོན་ཞེས་པ་དེར་མགར་གྲུབ་ཆེན་འཆི་མེད་རྡོ་རྗེ་དང་བླ་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱག་བཏབ་པའི་བཙུན་དགོན་བཀྲ་ཤིས་ལྷ་ཚལ་གཡང་འཁྱིལ་གླིང་དུ།)སྒྲོལ་མའི་གཡུལ་བཟློག་དང་། །བཛྲ་དུང་སྒྲུབ་འཆི་མེད་རྡོ་རྗེ་འཆང་། །ངོར་པའི་མཁན་ཆེན་ཟུང་གིས་དབང་ལུང་དང་། །བསྟན་པའི་སྤྱི་རིམ་ཁྱད་པར་སྡེ་དགེ་ཡི། །སྤར་ཁང་ཆེན་མོ་ཡུན་གནས་ཆེད་དོན་ལ། །སྒྲོལ་སྙིང་དུང་ཆེན་དུས་ཀྱི་འཁོར་ལོའི་སྔགས། །དུང་དང་བཛྲ་གུ་རུ་དུང་ཆེན་བཅས། །སྐྱ་སེར་ཁྲོམ་མང་སྟོང་ཕྲག་ལྷག་ཙམ་གྱིས། །དགེ་རྩ་རྒྱ་ཆེན་དགེ་སྒྲུབ་སྡིག་སྤངས་ཀྱིས། །བདུན་ཕྲག་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་སྐབས་རང་གི་མཐོང་སྣང་འཆར་ཆ་ལ། །གུ་རུ་པདྨ་བྱ་ཁྱུང་ཆིབས་པ་མཇལ། །ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་དང་། །བར་སྣང་འཇའ་ཐིག་མང་པོ་འཁྲིག་པའི་ནང་། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གྲངས་མེད་པ། །ས་ཕྱོགས་གང་བ་ལན་འགའ་གསལ་པོར་མཐོང་། །གྲུབ་ཐོབ་མཁན་ཆེན་སངས་རྒྱས་དངོས་ཡིན་སྙམ། །བཟོད་མེད་ཉམས་འུར་མཆོང་འཁྲབ་གར་བསྒྱུར་ཅིང་། །སྐྱ་སེར་མང་པོ་ཐར་ལམ་བཀོད་སྣང་ཤར། །ཟུར་ཙམ་མ་གཏོགས་ཆུང་དུས་སྣང་མཐོང་རིགས། །གང་ཡང་མ་དྲན་འཁྲུལ་པས་ཅི་ཞིག་ཕན། །ན་བུན་རྫོང་རྩར་ཀུན་འདུས་གླིང་པ་(ཡོངས་གྲགས་སུ་ར་ཁྲོ་གཏེར་སྟོན་ཞུ་བ་མེ་བྱ་༡༨༩༧ནས་ས་ཁྱི་༡༩༥༨བར་དུ་བཞུགས།)གཙོས། །སྐྱེས་ཆེན་བླ་སྤྲུལ་རྟོགས་ལྡན་དགེ་ཚུལ་སློང་། །སྔགས་འཆང་བཙུན་པ་བཙུན་མ་བན་སེར་མོ། །སུམ་བརྒྱ་ཡར་ལྷག་སྐྱེ་བོ་ཕོ་མོའི་གྲངས། །སྟོང་ཕྲག་ཁ་ཤས་རྣམས་ཀྱིས་བདུན་ཕྲག་གཉིས། །ཉིན་གྲངས་དེ་ལྷག་རིང་ལ་རྩེ་གཅིག་ཏུ། །ཟབ་ཆོས་དཀོན་མཆོག་སྤྱི་འདུས་གཞུང་བསྲང་གིས། །བཛྲ་གུ་རུའི་དུང་སྒྲུབ་དང་འབྲེལ་ཞིང་། །དགྲ་དུར་ཕུང་གསུམ་མནན་ཅིང་གཞི་བདག་རྣམས། །རྟེན་ལ་བཀོད་ཅིང་གཏེར་གྱི་བུམ་པ་སྦས། །གནས་ཆེན་བྱིན་འབེབས་ལྷ་སྲིན་དམ་བསྒྲགས་མཛད། །འགྲོ་མང་སེར་སྐྱ་ཀུན་ལ་དགེ་བསྐུལ་གྱིས། །མེ་སྦོར་མཚོན་ཆ་མང་ཙམ་བཅག་བཀྲུགས་བྱས། །དགེ་སྒྲུབ་སྡིག་སྤངས་བླངས་དོར་གོ་བརྡ་སྤྲད། །བསྟན་འགྲོའི་དོན་ཆེད་དཀའ་ངལ་ཆེད་དུ་བསད། །གཡོ་སྒྱུ་ཕྱོགས་ལྷུང་མེད་པའི་འགྲོ་ཕན་བརྩམས། །གདན་ཐོག་གཅིག་མའི་མ་གཅིག་ཞི་བསྙེན་དང་། །ཁྲོས་མའི་བསྙེན་པ་གཅོད་ཀྱི་ཚོགས་བརྒྱ་དང་། །ཆུ་མིག་བརྒྱ་རྩ་རི་འགྲིམ་བརྒྱ་རྩར་སོང་། །བླ་མའི་བཀའ་ལྟར་དབུས་གཙང་ལྷོ་བྲག་ཁོག །ལྷོ་ལམ་བརྒྱུད་དེ་སྤྲང་ནས་ཁྱིམ་ཚང་རེར། །སྐྱབས་འགྲོ་སེམས་བསྐྱེད་ལུས་སྦྱིན་བསྔོ་སྨོན་བཅས། །ཚར་རེ་བཏོན་ན་གཉེན་ཁྲོད་གོ་ཆོད་གསུངས། །དེ་ལྟར་འདོན་སྒོམ་སྦྲག་པའི་ཚུལ་བྱས་ནས། །ཟླ་བ་བདུན་ལ་གནས་སྐོར་མཇལ་ཕྱག་བྱས། །དེ་སྐབས་སེམས་ལ་དངོས་འཛིན་ཆོས་ཐམས་ཅད། །བདེན་གྲུབ་མེད་པའི་ངེས་ཤེས་ནང་ནས་རྙེད། །འོན་ཀྱང་འབྱུང་ལུས་མ་འཇིག་འཁོར་བར་གནས། །བླ་མའི་མིང་ཐོགས་འཁོར་དཀར་བཟུང་ལ་དབང་། །བླ་མའི་བཀའ་བཞིན་བསྟན་འགྲོར་སྨན་པའི་ཐབས། །མི་ཆོས་དང་དུ་མ་བླངས་རང་བླངས་ཀྱིས། །རིས་མེད་བླ་སྤྲུལ་དགེ་བཤེས་མང་ཙམ་བསྟེན། །དམ་ཆོས་གདམས་ངག་ཅི་ཐོབ་གང་ཐོབ་བྱས། །ཕྱིས་འབྱུང་བསྟན་དགོན་བླ་གྲྭར་བཞག་པ་བསམ། །དཀའ་སྤྱད་བརྩོན་འགྲུས་བྱས་ནས་སྡེ་གྲོང་ཉུལ། །མཐོན་པོ་ངོ་བསྲུངས་ཉམས་ཆུང་མཐའ་ནས་བསྐྱངས། །ཉེ་རིང་ཆགས་སྡང་མེད་པར་ཀུན་མཐུན་གྱིས། །བྱ་སྤྱོད་ཆོས་མཐུན་དཀོར་ནོར་གྲོང་ཆོག་བྱས། །དངོས་རྫས་ཕལ་ཆེར་ཚོགས་བསགས་ཆེད་དུ་བཏང་། །རྒྱ་བོད་ཁྱད་མེད་བཀའ་རྩི་ཁྲིམས་སྲུང་གིས། །མི་དགེ་སྡིག་ལ་བག་ཟོན་འཛེམ་གང་ཐུབ། །བྱས་ཤིང་ཉམས་ཐག་གསོན་པོ་ཐམས་ཅད་ལ། །མོ་གཏོ་རིམ་གྲོ་སྔགས་ནག་ཕ་ཇོ་ལྟར། །འདུར་བཅས་རོ་ཕུད་འདྲེ་བརྡུངས་གཤེད་འཁྱམ་བཀར། །དེ་ཡང་བསམ་དཀར་སྡུག་ལ་བྱང་སེམས་བསྐྱེད། །རེས་འགའ་བླ་མ་བྱས་ཤིང་དབང་ཆོས་བཤད། །རྒྱུ་མེད་རྣམས་ཀྱིས་ཅི་ཟེར་དེར་ཐོག་བཞག །རྒྱུ་ནོར་བྱུང་ཚད་གཉེར་པའི་ཕྱག་ཏུ་བཞག །ལན་རེར་ཏང་གི་སྲིད་ཇུས་མི་ལ་བསྒྲགས། །རང་ཆེ་མ་བྱས་བདེན་གཏམ་དྲང་པོར་བཤད། །སུ་ལ་ཡིན་ཀྱང་མི་འཁོན་མི་མཛའ་བར། །དཀའ་ངལ་བྱུང་ཡང་བཟོད་བསྲན་སྨྲ་བ་བཅད། །བླ་མར་གསོལ་བཏབ་བཏང་སྙོམས་མཉམ་པར་བཞག །འདོན་བཟླས་སྒོམ་སྒྲུབ་ཆོས་ལ་ཡིད་ཆེས་པས། །གཞི་བྱེས་གང་ཡིན་བློ་གཏད་བླ་མར་བྱས། །སྔ་ལངས་ཉལ་ཕྱིས་འདོན་སྒོམ་དག་ལ་འབད། །རྒྱ་མིར་འགྲོགས་ཀྱང་རང་ཚུགས་ཆོས་མ་བསྒྱུར། །བྱེད་ལས་སྤྱོད་པ་གཞན་ཕན་ཁོ་ན་ཡིས། །སུ་དང་འགྲོགས་ཀྱང་ཀུན་ལ་མཐུན་པར་བྱས། །སྙན་པའི་དར་ཆེན་དགུང་ལ་ཕྱར་བ་མེད། །གྲགས་པའི་དུང་ཆེན་ཕྱོགས་མཐར་སྒྲོག་མ་མྱོང་། །དེ་མཚུངས་འཇིག་རྟེན་ཆོས་བརྒྱད་བློ་བྱུང་སྐབས། །བླ་མར་གསོལ་འདེབས་འཆི་བ་མི་རྟག་བསམ། །ངན་སོང་གསུམ་གྱི་སྡུག་བསྔལ་སེམས་ལ་གཟན། །འཇིག་རྟེན་སྣང་ཀུན་ཡད་མ་ཡུད་ལ་ཟད། །བདེ་དགའ་སྐྱིད་པའི་སྣང་ཚུལ་འཁྲུལ་པར་ཤེས། །དམ་ཆོས་གཤའ་མ་ཉམས་ཆུང་དམན་ས་འཛིན། །མ་ལྟོགས་མ་འཁྱགས་ཟས་གོས་དམན་ཀྱང་བཟང་། །ཅི་བྱུང་གང་རྙེད་སེམས་ནང་འདྲ་ཞིང་མཉམ། །མཐའ་མིའི་འཁྲུལ་གྱི་འཁོར་ལོས་སྐྱེ་འགྲོ་བསླུ། །རང་སེམས་འཁྲུལ་པས་འཁོར་བར་ཡུན་རིང་འཁྱམས། །སྣང་བའི་རོལ་རྩེད་མདང་གི་རྨི་ལམ་འདྲ། །དེ་བཞིན་དེང་སང་སེར་སྐྱ་ཕོ་མོ་ཀུན། །སྒྱུ་མའི་སྐྱེས་བུས་སྒྱུ་མའི་འཁྲུལ་ལ་ཡེངས། །སྣང་སེམས་སྒྱུ་མས་བསླུ་བ་མི་མཐོང་ངམ། །སྲིད་པ་ཆགས་ནས་ད་ལྟ་ཕན་ཆོད་ལ། །བསོད་ནམས་ཁ་རྗེ་དབང་རླུང་དར་བའི་སྐབས། །མི་རྣམས་ཆོག་ཤེས་འཕགས་པའི་ནོར་གྱིས་ཕྱུག །དངོས་རྫས་ཅི་བྱུང་དྭངས་མས་དཀོན་མཆོག་མཆོད། །དགེ་ལ་མོས་རྣམས་ཕུན་ཚོགས་དཔལ་ལ་སྤྱོད། །དགའ་བདེ་སྐྱིད་པའི་མི་ཚེ་ཆོས་ལ་བསྐྱལ། །ངོ་ཚ་ཁྲེལ་ཡོད་ཡ་རབས་དུས་སྐབས་བཟང་། །རྒྱལ་བའི་བསྟན་པ་མཐའ་གྲུ་ཀུན་ལ་དར། །དཔལ་འབྱོར་དངོས་རྫས་འབྱོར་དྲུག་ཆ་མི་སྙོམ། །སྔོན་བསགས་ལས་འཕྲོ་བཟང་ངན་ལས་ལས་གྲུབ། །རྒྱུ་དང་འབྲས་བུ་མ་ནོར་དཔྱད་པས་གསལ། །མཐའ་མིའི་གནོད་དོགས་ཀུན་གྱིས་བཟློགས་ཤིང་བསྒྱུར། །ང་བདུན་(མེ་བྱ་༡༩༥༧)ལོ་ལ་མཁས་བརྒྱ་འགྲན་གླེང་དང་། །མེ་ཏོག་མཉམ་བཞད་ཆེ་གླེང་ཆེ་རྩོད་ཅེས། །འགུལ་བསྐྱོད་ཆེན་པོས་མཚོ་སྔོན་ཞིང་ཆེན་དུ། །བླ་མ་མི་དཔོན་འཐུས་མི་མང་ཙམ་བསྡུས། །དེ་སྐབས་ནང་ཆེན་རྫོང་ཡོངས་འཐུས་མི་ལ། །བྱམས་མེ་ལྷ་མཆོག་ང་རང་གཉིས་པོ་སོང་། །མི་བགོ་མི་རྩོད་གྲལ་རིམ་མི་འབྱེད་ཅེས། །རྩ་ཚིག་སློབ་སྦྱོངས་བྱས་མཐར་མཉམ་ལས་ཀྱི། །རེས་རོགས་ཚོ་ཆུང་དགོས་ཟེར་བཀོད་ཁྱབ་བསྒྲགས། །དེ་མཚམས་ཚུར་ཡོང་དེ་སྐད་ཁྱབ་བསྒྲགས་བྱས། །ཡུན་རིང་མ་འགོར་མཚོ་སྔོན་ཞིང་ཆེན་གྱི། །གཙོ་ཁྲིད་རྒྱ་མི་སུན་ཙོ་ཕན་དང་ནི། །བཀྲ་ཤིས་དབང་ཕྱུག་ལ་སོགས་གཡས་ཕྱོགས་པ། །ཡིན་ཞེས་ཁྱབ་ཤོག་བཀའ་ཡིག་བཀྲམ་པའི་མཐར། །རྒྱལ་ཁབ་ནང་གི་མི་དྲག་ཁ་ཤས་ལ། །བསམ་པ་འབྱོར་ལྡན་གྲལ་རིམ་ཡིན་ཟེར་ནས། །འཐབ་ཅིང་རྩོད་པའི་མགོ་བཟུང་འབྱོར་མེད་རྣམས། །ཡར་ལངས་ཐོབ་ཅེས་འབྱོར་མེད་སྤྲང་པོའི་རིགས། །ཁྲམ་པ་ངན་པའི་རིགས་རྣམས་བཟང་ཞེས་བསྟོད། །བླ་མ་དཔོན་པོ་ཕྱུག་བདག་འབྱོར་ལྡན་ཀུན། །མི་ངན་རིགས་བཞི་སྤྱི་ཚོགས་བཀག་རྡོ་ཞེས། །རྡུང་རྡེག་མནར་གཅོད་ཚར་གཅོད་དྲག་པོ་བྱས། །དེ་སྐབས་ང་རང་བར་གནས་པ་ཡིན་སྟབས། །ཀརྨ་དགོན་དུ་སྐྱབས་མགོན་སི་ཏུ་དང་། །དབོན་སྤྲུལ་མཁན་སློབ་སྐུ་འཁོར་ཉུང་བསྡུས་པ། །རྒྱལ་བའི་དབང་པོའི་མདུན་དུ་འབྱོན་པའི་སྐབས། །རང་སོང་ནང་ཆེན་སྒར་ནས་རིམ་བཞིན་དུ། །བོད་པའི་ས་ནས་འབྱོན་ཐབས་གདན་ཞུས་བྱས། །དཔལ་སྤུངས་དགོན་ནས་དགོན་པ་ཕལ་ཆེར་བཅོམ། །དངོས་རྫས་རྩིས་བཞེས་རྟ་ནོར་ཅི་ཡོད་རྣམས། །དམག་ཆས་བསྐྱེལ་འདྲེན་དགོས་ཞེས་ཚང་མ་ཤོར། །སི་ཏུ་སྤྲུལ་སྐུ་(བྱམས་མགོན་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་དོན་ཡོད་ཆུ་སྦྲུལ་༡༩༥༣ལ་འཁྲུངས་ཤིང་ད་ལྟ་ཞལ་བཞུགས་བཞིན་པའོ། །)དགུང་གྲངས་ལྔ་(མེ་བྱ་༡༩༥༧)ཡིན་པ། །གོང་མའི་ཕྱག་མཛོད་བླ་མ་ཅོ་ག་གཙོས། །དཔོན་གཡོག་དྲུག་དང་དབོན་སྤྲུལ་དེར་མཚུངས་ཡོད། །གདན་ཞུ་བྱས་པས་འབྱོན་ནི་མི་ཕོད་པའི། །གནས་ཚུལ་རྒྱུ་མཚན་ཞིབ་ཕྲ་གསུངས་རྒྱུ་འདུག །རྒྱལ་བའི་དབང་པོ་རིག་པའི་རྡོ་རྗེ་ཡིས། །ད་ལྟའི་སི་ཏུ་སྤྲུལ་སྐུ་ངོས་འཛིན་སྐབས། །འགྲོ་དོན་ཕྲིན་ལས་པདྨ་དབང་མཆོག་ལས། །བཟང་ཞེས་གསུངས་ཀྱང་པདྨ་དབང་མཆོག་ལས། །བཟང་ཐབས་མེད་ཅེས་གཅེས་སྐྱོང་མཛད་པ་དང་། །ཀརྨ་པ་ཡི་མདུན་དུ་ཞོག་ཐབས་དགོས། །གསུང་བཞིན་ང་ཡིས་འདི་ནས་བོད་སྡེའི་བར། །ཞོག་ཐབས་ངས་བྱེད་ཞུས་ཤིང་ནང་ཆེན་རྫོང་། །རྒྱ་མིར་ཆོག་མཆན་ཞུས་ཤིང་ཡར་མར་སོང་། །ཀརྨ་དགོན་ནས་ཇ་པ་དགོན་ལ་ཕེབས། །མདོ་སྨད་ཤོག་གི་སྡེ་དགོན་ཐམས་ཅད་ཀྱིས། །སྔར་ལུགས་ཇི་བཞིན་ཕེབས་བསུ་དངོས་རྫས་ཀྱིས། །འབྱོར་ཚོགས་རྟ་དྲེལ་ནོར་ཁལ་ལ་སོགས་པའི། །བཀུར་སྟི་བཟང་པོས་ནང་ཆེན་རྒྱལ་སར་ཕེབས། །ཡོན་མཆོད་གཉིས་ཀས་སྔར་སྲོལ་བཟང་པོ་ཡིས། །ཕེབས་བསུ་བཀུར་སྟི་དངོས་རྫས་འབུལ་ཆེན་བཅས། །ཨ་འབུམ་བརྒྱུད་ནས་སྟོང་ནག་བླ་ཆེན་དགོན། །ཕེབས་ཤིང་(ས་ཁྱི་༡༩༥༨ལོའི་)བོད་ཀྱི་ལོ་གསར་དགའ་སྟོན་མཛད། །ནང་ཆེན་སྟོད་ཕྱོགས་དགོན་སྡེ་ཚང་མས་མཇལ། །དགའ་བསུའི་དངོས་རྫས་གྱ་ནོམ་འབུལ་ཆེན་འདུས། །དེ་ནས་རིམ་པར་བོད་སྡེའི་ས་མཚམས་བར། །ལྷད་མེད་སྐུ་དགྲ་ཉེར་འཚེ་མེད་པ་ཡིས། །བསྐྱེལ་མ་བྱས་ཤིང་བོན་པོའི་དགོན་པ་ཞིག །བྱ་ཆེན་དགོན་བར་དེ་རུ་བཞུགས་སྒར་བརྒྱབ། །དེ་ནས་བླ་མ་ཅོ་ག་དབོན་སྤྲུལ་གྱིས། །སྟོད་ལ་བྱོན་དང་ཟ་གོན་མཉམ་པོར་བྱེད། །གསུངས་ཀྱང་རྒྱལ་དབང་ཡིད་བཞིན་ནོར་བུ་ཡིས། །བསྟན་འགྲོ་དོན་ལ་ལེགས་པར་ལྟ་དགོས་པའི། །ཞལ་གསུངས་ཇི་བཞིན་བདེན་དྲང་ཡིན་པས་ན། །རྒྱ་མིས་སྡུག་པོ་བྱེད་པ་མ་རེད་བསམ། །བསྟན་དགོན་བསམ་ནས་མར་ལ་ཕྱིན་ནས་བཟུང་། །ཞག་དྲུག་མཚམས་ནས་ཤར་མདར་ཤོག་ཟེར་སོང་། །མི་དམངས་འཐུས་མི་ཚོགས་ཆེན་འགྲོ་དགོས་ཞེས། །སྐྱེ་མདོར་སྤྱི་ཟླ་གསུམ་པའི་སྨད་ལ་སོང་། །(མེ་བྱ་༡༩༥༧)སྤྱི་ཟླ་དགུ་པའི་ཚེས་བཞིར་འཚོགས་ཁང་ནས། །ལོག་སྤྱོད་ཕྱོགས་ཁག་རྩ་མེད་གཏོང་ཉིན་ཟེར། །ང་ཡིས་གཙོར་བྱས་བླ་དཔོན་ཕལ་ཆེར་བཟུང་། །(འདི་བོད་ཟླ་ཡིན་པ་འདྲ།)བཅུ་པའི་ཚེས་གཉིས་ཁྲིམས་ཐག་ཚེ་བཙོན་ཟེར། །ཉིན་གྲངས་ཉེར་བཞིར་ས་རྡོའི་ངལ་ལས་བྱས། །དེ་མཚམས་(ལམ་བར་དུ་ཉིན་མཚན་དྲུག་གི་རིང་ལ་དེད་ནས་)ཟི་ལིང་བཙོན་ཁང་རྭ་བར་བཅུག །དགུན་ཁ་རས་ཀྱི་གུ་རུ་ནང་དུ་བཞག །(ལོ་དེའི་དགུན་ཡོལ་ནས་ཟི་ལིང་གྱོ་ཕག་བཟོ་གྲྭ་砖瓦厂ཟེར་བའི་བཙོན་ཁང་དུ་བཅུག །)ཁ་ཟས་སྔོ་ཚོད་འབའ་ཤ་སྲན་ཚལ་དང་། །རྟ་ཤ་དྲེལ་ཤ་ཉ་ཕག་རི་བོང་ཤ། །མགོ་སུག་གློ་བ་ར་ལུགས་འབྲས་བུ་དང་། །ཕག་གི་མོ་མཚན་གཡག་གི་ཆུ་སྡོམ་སོགས། །སྡིག་སྲིན་བྱ་ཤ་སྒོ་ང་ཆུ་འབུའི་ཤ། །མི་གཙང་བཟའ་བཅའ་ཡས་སྟགས་ནང་བཞིན་ཟོས། །གོས་ལྷམ་ཞྭ་མོ་མཐའ་མིའི་གྱོན་པས་གཡོག །དུད་འགྲོ་བཞིན་དུ་དབང་མེད་ལས་ཀྱིས་མནར། །དགེ་བ་མ་ཎི་རྡོག་གཅིག་འདོན་དབང་མེད། །འཐབ་རྩོད་འཇིགས་སྐྲག་སྡུག་བསྔལ་དམྱལ་གནས་མཚུངས། །མི་དགེ་སྡིག་པའི་ལས་སྤྱོད་དུད་འགྲོར་མཚུངས། །དགེ་མེད་སྡིག་བསགས་ཤན་པ་ལས་ཀྱང་ཐུ། །ཡ་རབས་གོང་མའི་སྟེང་ནས་རྡོག་པས་གནོན། །མ་རབས་ཁྲམ་པ་ཁྲམ་མོ་མགོ་འཕང་མཐོ། །སྡུག་བསྔལ་ནད་མུག་འཐབ་ཅིང་རྩོད་པ་ཡིས། །བཙོན་པ་མང་ཕྱོགས་འཆི་བའི་ལམ་དུ་སོང་། །ཧོར་གྱིས་སྣ་ཁྲིད་མཐའ་དམག་མ་རུངས་པས། །གངས་ལྗོངས་ཆོས་སྲིད་དམག་གིས་མངའ་དབང་བསྒྱུར། །མདོ་སྔགས་ཐུབ་བསྟན་སྒྲོན་མེ་འཚུབ་མས་བསད། །གངས་ཅན་མུན་པས་བསྒྲིབས་ཤིང་ས་མཐར་བསྐྲད། །སྐྱེས་ཆེན་ཕལ་ཆེན་ཞིང་དང་གནས་ལ་ཕེབས། །མཚོན་ནད་མུ་གེས་མི་རྣམས་སྒུམ་དུ་བཅུག །འཐབ་ཅིང་རྩོད་པས་ངན་སོང་ས་སྟེང་མངོན། །སྡུག་བསྔལ་མནར་གཅོད་ལས་ངན་འབྲས་བུ་སྨིན། །ལས་དབང་འཁྲུལ་པས་མགོ་འཁོར་བཙོན་དུ་ཚུད། །ལྷ་དང་བླ་མར་འབྲལ་མེད་གསོལ་བ་བཏབ། །ལུས་ལྷ་ངག་སྔགས་ཏིང་འཛིན་གཡེལ་མ་བོར། །རྩེ་གཅིག་ཨོ་རྒྱན་བླ་མ་ཀརྨ་པ། །སྙིང་དང་སྤྱི་གཙུག་འབྲལ་བ་མེད་བཞིན་དུ། །སྐྱབས་འགྲོ་བརྒྱ་དང་ཀར་མཁྱེན་སྟོང་མ་ཎི། །ཁྲི་གཅིག་བཛྲ་གུ་རུ་སྟོང་བསྙེན་སྔགས། །རང་ཉིད་བླ་མ་དཀོན་མཆོག་ཐུགས་རྗེས་བསྐྱབས། །ཕོ་ནད་ལྟ་བུ་མ་ཞུ་སྐྱུག་ཅིང་རྡོལ། །དེ་ལ་ཁག་བཞག་ནད་བརྫུ་བྱས་ནས་ཉལ། །མོ་ཙེ་ཏུང་ནི་བཀའ་དྲིན་ཅན་དུ་མཐོང་། །སྔོན་ཡང་ཆོས་ཀུན་མི་རྟག་ཐོས་ན་ཡང་། །རྟག་འཛིན་ཕྱི་ཆེས་དོན་ལ་མགོ་བོ་འཁོར། །སྐྱེས་པའི་མི་དང་བསགས་པའི་རྒྱུ་ནོར་ཟས། །བརྩེགས་པའི་མཁར་དང་ས་ཞིང་གནས་གཞི་སོགས། །རང་དབང་བདག་ཏུ་མ་ཐོབ་གཞན་དབང་གྱུར། །མི་ཤི་རྒྱུ་ཟད་ངན་སོང་གསུམ་པོར་མཚུངས། །བྲོས་འཁྱམ་འཐོར་ཞིག་ནད་མཚོན་མུ་གེས་མནར། །དཔོན་ལས་གཡོག་པོ་ཁས་དྲག་དབང་ཐང་བཙན། །ལས་དག་འགའ་ཞིག་གནས་དང་ཞིང་ལ་བསྒྲོད། །ལས་ངན་སྤྱད་པའི་དབང་གིས་སྡུག་བསྔལ་འཁོར། །རྒྱལ་བས་མི་རྟག་གསུངས་པ་མིག་གིས་མཐོང་། །བླ་མ་མཚན་ལྡན་མང་ཕྱོགས་ཁྱི་ལྟར་འཁྱམས། །སློབ་མ་དམ་ཉམས་ལྟ་ལོག་སེང་ལྟར་འགྱིངས། །བསགས་ནོར་རང་ལ་མ་དབང་རང་གི་གཤེད། །འདུས་པ་ཐམས་ཅད་བྱིས་ཕྲུག་ཁྲས་གཏོར་འདྲ། །མི་ལུས་གཙང་མ་རྟ་ཁལ་དུད་འགྲོར་མཚུངས། །ཀུན་རྫོབ་བདེན་པའི་ཆོས་ཀུན་བཙན་གྱིས་བསྣུབས། །དགེ་བར་སྤྱོད་རྣམས་མི་དགེའི་བཙོན་རར་བཙུད། །ཆགས་སྡང་འགྲན་རྒོལ་ཆོས་མིན་སྤྱོད་ལ་བརྩོན། །སྡིག་ཟས་ཤ་ཁྲག་ཚ་སྒོག་གཡེར་མ་སོགས། །མ་རུང་བཟའ་བཅའ་འབུ་དང་དུག་ལ་སྤྱད། །མཐའ་མིའི་ཆས་གོས་སྒོ་གསུམ་ལོག་ལམ་དུ། །མི་འདོད་ཐོག་ཏུ་བབས་ཤིང་དུད་འགྲོ་ལྟར། །མི་ཡི་ཚད་ལས་བརྒལ་བའི་བཀོལ་ཞིང་སྤྱོད། །དེ་ན་སྔོན་ལས་རྒྱུ་འབྲས་རང་སྟེང་སྨིན། །ལས་འབྲས་བསླུ་མེད་ཡིན་པའི་ངོས་ཟིན་རྙེད། །མོ་ཙེ་ཏུང་གིས་རྒྱུ་འབྲས་ཆེད་བསད་ཀྱིས། །གཡོ་རྒྱུས་བཟང་ངན་གོ་ལྡོག་མ་བྱས་ན། །དགེ་སྡིག་འབྲས་བུ་མངོན་སུམ་མཐོང་མ་ཐུབ། །རིག་གནས་གསར་བརྗེའི་འགུལ་བསྐྱོད་ཁ་ཚ་ཞིང་། །དམྱལ་གནས་ས་སྟེང་འཕོས་འདྲ་འཐབ་ཤིང་བརྩད། །རྒྱུ་འབྲས་རང་ལ་འཁོར་དགོས་མཐོང་མྱོང་བྱུང་། །དེ་ཕྱིར་རྣམ་དག་ལྷ་ཆོས་མ་གཏོགས་པ། །རྟག་འཛིན་བསགས་སྲུང་བདག་གཅེས་འཁྲུལ་སྣང་གིས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོར་ཤེས། །བསླུ་མེད་དཀོན་མཆོག་བླ་མ་ཐུགས་རྗེ་ཅན། །འགྲོ་ཀུན་སྡུག་བསྔལ་ཐབས་ཀྱིས་རང་སྟེང་བླངས། །སྡུག་བསྔལ་རྒྱུ་བཅས་སྟོང་ཉིད་སེམས་ཀྱིས་སྦྱངས། །ཁྲིམས་ཁང་དབེན་གནས་རང་བྱུང་ལྷུན་གྱིས་གྲུབ། །ཕྱི་མི་ནང་ལ་མི་ཚུད་འབྲེལ་ཐག་ཆོད། །ནང་མི་ཕྱི་ལ་མི་ཐར་མལ་ས་ནོན། །ཞིམ་དགུ་མངར་གསུམ་ཡོད་ཡོན་ཞེན་འཁྲི་མེད། །དཔོན་མེད་གཡོག་མེད་ངོ་སྲུང་མི་དགོས་བདེ། །ཚོགས་དྲུག་ཡུལ་གྱི་འདོད་ཡོན་རེ་དོགས་རྣམས། །བཟང་ལ་ཞེན་ཡང་ཕན་མེད་སྤྱོད་དབང་བྲལ། །མི་འདོད་ངན་ངོན་བཙན་གྱིས་རང་ཐོག་བབས། །རོ་སྙོམ་མ་བསྒོམས་རྣམ་རྟོག་ཤུགས་ཀྱིས་བཅད། །གཉན་ས་བརྒྱ་རྩ་འགྲིམ་ལས་བོག་འདོན་མཆོག །དམ་ཉམས་ལྟ་ལོག་རྒྱ་མི་སྡིག་ཅན་གྱིས། །ཆོས་བྱེད་རྣམས་ལ་རྡེག་རྡུང་མནར་གཅོད་ཀྱིས། །འཁོར་བ་སྡུག་བསྔལ་རང་བཞིན་ཡིན་ངོ་ཤེས། །སྔོན་ལས་ངན་བསགས་རང་ཐོག་མྱོང་བ་འདིས། །སྒྲིབ་སྦྱང་ཡིན་པར་ཤེས་ཤིང་དག་སྣང་གིས། །འདུག་གནས་བཙོན་ཁང་དབེན་གསུམ་འདུ་ཤེས་ཀྱིས། །འདུ་འཛི་རྣམ་གཡེང་སྐྱོན་སྤངས་སྣང་ཡུལ་ཀུན། །རང་སྣང་བཀོད་པ་ཟངས་མདོག་དཔལ་གྱི་རི། །དབྱེར་མེད་རང་བྱུང་དག་པའི་གཞལ་ཡས་ཁང་། །རིག་རྩལ་བླ་མ་དྲག་པོ་ཧེ་རུ་ཀ། །སྤྱི་བོར་རྒྱལ་དབང་རིག་པའི་རྡོ་རྗེ་དང་། །མགྲིན་པར་པདྨ་དོན་ཡོད་གྲུབ་པ་མཆོག །ཐུགས་ཀར་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་རྣམས། །སྒོ་གསུམ་བླ་མའི་ངོ་བོར་ལེགས་པར་བསྒོམས། །ཡིད་གཉིས་ཐེ་ཚོམ་ཡིན་མིན་རེ་དོགས་ཀྱི། །ཞེན་འཆིང་རྣམ་རྟོག་ངོ་ཤེས་དེ་ཀར་བཞག །ཆགས་མེད་ཞེན་བྲལ་རོ་སྙོམ་ལམ་ཁྱེར་གྱིས། །མ་བཅོས་མ་སླད་གཉུག་མའི་རང་ཞལ་ལ། །ཡེངས་མེད་དྲན་པའི་རྒྱང་སོ་མ་གཡེལ་བར། །སྣང་སྲིད་བླ་མའི་རོལ་པར་ངོ་མཚར་ཆེ། །རྒྱུ་དང་འབྲས་བུ་མ་ནོར་ངེས་ཤེས་རྙེད། །རྣམ་དཀར་ཆོས་ཀྱི་བག་ཆགས་མ་བོར་བར། །འཁོར་བ་བདེན་མེད་སྡུག་བསྔལ་མངོན་སུམ་མཐོང་། །བསླུ་མེད་རིན་ཆེན་རྣམ་གསུམ་ཐུགས་རྗེ་ཅན། །བདག་དང་བདག་འདྲའི་ལས་ངན་སྦྱང་བའི་ཕྱིར། །སྒོ་གསུམ་མནར་ཀྱང་གཏོང་ལེན་དམིགས་པ་ཡིས། །སྡུག་བསྔལ་བདེ་བར་བསྒྱུར་བའི་བྱང་ཆུབ་སེམས། །དྲིན་ཅན་བླ་མས་ཕ་ཕོག་བདུད་རྩིའི་ཚིག །བླ་མའི་ཐུགས་དང་རང་སེམས་འབྲལ་བ་མེད། །ལུས་ལྷ་ངག་སྔགས་བཟླས་བརྗོད་འབད་ཅིང་འབུང་། །ལྐུག་པ་ལྟར་དུ་རྒྱ་མི་མཉམ་དུ་འབྲེལ། །ལུས་ནི་ནད་པ་སེམས་ནི་བླ་མར་ཤེས། །དགྲ་གཉེན་ཆགས་སྡང་རྨོངས་སེམས་རང་སར་གྲོལ། །གཏད་མེད་གུ་ཡངས་བླ་མའི་གཅེས་ཕྲུག་བདག །གར་སོང་གར་བསྡད་རང་དབང་ཡོད་པ་སྐྱིད། །སྐྱབས་གཅིག་འགྲན་མེད་གྲུབ་རིག་ཁྱུ་མཆོག་(ལྕགས་རྟ་༡༩༣༠ནས་མེ་ཕག་༢༠༠༧བར་དུ་བཞུགས།)དང་། །མཁན་པོ་མུན་སེལ་(རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་མུན་སེལ་རིན་པོ་ཆེ། མེ་འབྲུག་༡༩༡༦ལོ་ནས་ཆུ་བྱ་༡༩༩༣ལོ་བར་དུ་བཞུགས།)ལྷན་དུ་ལོ་དྲུག་ཏུ(དུས་ཡུན་དེའི་ནང་ནས། ཀཿཐོག་གི་མཁན་པོ་ངག་ཆུང་གི་ཐུགས་སྲས། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་པོ་མུན་སེལ་མདུན་ནས། སྤྱོད་འཇུག་ལེའུ་བཞི། སྨྱོ་ཤུལ་ལུང་རྟོགས་ཀྱི་གསུང་རྒྱུན་ལྟར་བཤད་ཁྲིད་དང་། རྫོགས་ཆེན་སྙིང་ཐིག་གི་ཁྲེགས་ཆོད་ཞལ་གདམས་སྙན་བརྒྱུད་བཀའ་རྒྱ་ཅན་གྱི་ཁྲིད་མཁན་པོ་ངག་ཆུང་གི་གསུང་རྒྱུན་ལྟར་རྒྱས་བསྡུས་ཚར་བཞི། སྨོན་ལམ་དགོངས་གཅིག་རྒྱ་མཚོ་དང་འབྲེལ་བའི་ཐོད་བརྒལ་གྱི་ཁྲིད་དང་བར་དོའི་ཁྲིད། སྐོང་བཤགས་རྡོ་རྗེའི་ཐོལ་གླུ་དང་འབྲེལ་བའི་ཐེག་རིམ་དགུའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག །འཇིགས་གླིང་གི་གསུང་གཞི་ལམ་འབྲས་བུའི་སྨོན་ལམ་དང་། མི་ཕམ་གསུང་འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་བཅས་སོ་སོའི་བཤད་ཁྲིད་གཙོས་པའི་བཀའ་ཆོས་སྣེ་མང་ཐུགས་ཐོག་ཁོ་ན་ལས་ཐོབ་པར་སྐྱབས་མགོན་ཨ་ལྡེའུ་རིན་པོ་ཆེས་གསུངས།)། །སྐུ་དང་ཞལ་རས་མཇལ་ཞིག་གསུང་བདུད་རྩིས། །ཆོས་ཐེག་རིམ་དགུ་ཡང་སྙིང་ངོམ་མེད་ཞུས། །འདུལ་མདོ་མངོན་པའི་ཟབ་དོན་སྒྲོ་འདོགས་བཅད། །ཨ་ཏི་རྫོགས་པ་ཆེན་པོའི་སྙིང་ཐིག་ཆེའི། །ཡེ་ཤེས་བླ་མའི་ཟབ་ཁྲིད་རྫོགས་པར་ཐོབ། །སྤྲོས་མེད་ཉམས་ལེན་ཕྱག་རྫོགས་ཟུང་འབྲེལ་ནས། །རང་སེམས་གཉུག་མའི་གཤིས་ལ་རྩལ་སྦྱངས་བྱས། །གཅིག་ཤེས་ཀུན་རིག་བླ་མའི་ཞལ་རས་མཇལ། །མ་བསྒོམས་སངས་རྒྱས་བླ་མ་བཀའ་དྲིན་ཅན། །འབྲལ་མེད་ངང་དུ་བརྗོད་མེད་ངེས་ཤེས་རྙེད། །ཐ་སྙད་ཚིག་དོན་མ་བསླབས་ཕལ་ཆེར་ཤེས། །བླ་མ་སངས་རྒྱས་ཡིན་པའི་ཕུ་ཐག་ཆོད། །བླ་མ་ལས་ལྷག་སངས་རྒྱས་གཞན་ཞིག་མེད། །རྩ་གསུམ་དཀོན་མཆོག་ཀུན་འདུས་བླ་མ་ལ། །རྣམས་ཀུན་འདུ་འབྲལ་མེད་པས་སྐྱབས་སུ་བསྟེན། །སྐྱིད་སྡུག་ལེགས་ཉེས་གང་བྱུང་རང་གི་ལས། དཀར་ནག་རང་སྟེང་ཐོག་ཏུ་བབས་པར་མཐོང་། བསླུ་མེད་ལས་ལ་ཡིད་ཆེས་བླ་མའི་དྲིན། །གང་ཤར་རང་གྲོལ་འཛིན་མེད་བདེ་བ་ཆེ། །འཁོར་འདས་ཆོས་ཀུན་རིག་པའི་རྒྱན་དུ་ཤར། །སྐབས་འགར་འཁྲུལ་པའི་སྣང་ཤར་རང་དགོན་གྱི། །རྒྱབ་རི་ཇ་པ་བྲག་དཀར་རྒྱབ་ངོས་ནས། །རྒྱལ་དར་སྔོ་དཀར་དམར་བའི་དར་ཆ་གསུམ། །དང་པོ་རྩེ་མངོན་རིམ་བཞིན་མཁའ་དབྱིངས་གང་། །མཁའ་ནས་ལྕགས་བྱ་འཕུར་བ་དགོན་པར་བབས། །དེའི་ནང་རང་བསྡད་དབྱིངས་སུ་ལྡིང་ཞིང་འཕུར། །ལྷོ་ཕྱོགས་ནུབ་ནས་ཤར་གྱིས་རང་གནས་སུ། །ཚེགས་མེད་བདེ་སྤྲོའི་སྣང་བ་འགའ་ཙམ་བྱུང་། །ལན་གཅིག་བདུད་བཞི་བཅོམ་ཞིང་དགྲ་གསུམ་བསད། །ལྷ་རྒྱལ་དགེ་ལེགས་ཤིས་པའི་རོལ་མོ་བསྒྲགས། །དར་ཕྱར་དུང་བུས་ཉི་ཟླའི་དཀྱིལ་འཁོར་གསལ། །རྒྱལ་མཚན་རྩེ་ནས་མེ་འབར་མུན་པ་སངས། །ཞེས་པའི་རྨི་ལམ་ངང་ནས་སྒྲ་གསལ་ཐོས། །བུད་མེད་རབ་མཛེས་གཅིག་གིས་ཁྱོད་འདུག་སའི། །ར་སྐོར་གཉིས་ཞིག་སྐུ་རྒྱལ་བཙན་གསོལ་ཁྲི། །མྱུར་དུ་ཐོན་དང་ལམ་ཆེན་བསྒྲོད་ལ་ཉེ། །རྨི་ལྟས་གསལ་རྨིས་གྲུབ་རིག་ཁྱུ་མཆོག་ལ། །བཙན་གསོལ་ཉུང་བསྡུས་ཞུ་བསྐུལ་བྱས་མ་ཐག །ཤོ་ལོ་ཀ་གཅིག་གནང་བ་(ཧྲཱིཿ པདྨ་བཀའ་ཉན་མཐུ་ལྡན་དྲེགས་པའི་རྗེ། །ཕྱྭ་རྒྱལ་མེ་ཏྲི་ཡུམ་བློན་འཁོར་དང་བཅས། །འདིར་གཤེགས་ཕྱི་ནང་གསང་བའི་མཆོད་པས་བསྐངས། །གཡལ་དམ་མ་བསྙེལ་འདོད་དོན་ཡིད་བཞིན་སྒྲུབས། །སྐབས་དེ་མཛད་པའི་བཙན་གསོལ་དེ་འདི་ཡིན་པར་རང་དགོན་གྱི་གྲྭ་རྒན་པ་ཚོས་གསུངས།)ཐུབ་པའི་རྗེས། །ཟླ་གསུམ་མ་འགོར་མཚམས་སུ་(ས་ལུག་༡༩༧༩ལོ།)རང་ཡུལ་ནས། །རང་གི་ཚ་བོ་ཀརྨ་ཐབས་མཁས་དང་། །ཙི་བུ་(支部书记རུ་ཆེན་ཏང་གི་འགོ་ཁྲིད།)བློ་གསལ་གཉིས་པོས་ཤོག་ཁ་དང་། །ནང་ཆེན་རྫོང་གི་ལག་ཁྱེར་ཡིག་བྲིས་ཁྱེར། །རང་ཡུལ་འགྲོ་བའི་བསུ་བར་ཕྱིན་མ་ཐག །དེ་མ་ཐག་ཏུ་ལས་བྱེད་པ་ཞིག་གིས། །བཙོན་ཁང་ནང་ནས་ཕྱི་རོལ་ཀྲི་གོང་(职工ལས་བཟོ།)དུ། །འགྲོ་ཞེས་བརྡ་སྦྱར་རང་ནས་དེ་རིང་འདིར། །འདུག་ཅིང་སང་ཉིན་འགྲོ་ཞེས་བརྗོད་པའི་ཚེ། །ལས་བྱེད་དེ་ཡིས་ཧ་བགད་གཅིག་བྱས་ནས། །ཁྱོད་ནི་གཟའ་རོ་འདི་ནི་ཁྲིམས་ཁང་རེད། །གུ་ཡངས་བཏང་བར་དགའ་ཚོར་མེད་པ་མཚར། །མི་ཆོག་འགྲོ་ཞེས་ཅ་ཁ་ཁྱེར་རོགས་བྱས། །ཀློང་ཤོད་དགོན་གྱི་ར་ཟ་སྤྲུལ་སྐུ་དང་། །འབུམ་ཆུ་དགོན་གྱི་ནམ་མཁའ་རྒྱལ་མཚན་(ད་ལྟ་ཞལ་བཞུགས་པའི་སྤུག་བླ་སྐུ་ཕྲེང་བཅུ་བཞི་པ་ནམ་མཁའ་རྒྱལ་མཚན་འདི།)དང་། །མཉམ་པོར་ཀྲི་གོང་ཏོས་(职工队ལས་བཟོ་རུ་ཁག།)ལ་བཞག་ནས་སུ། །ཞག་གསུམ་མཚམས་ནས་ཟི་ལིང་གྲོང་ཁྱེར་དུ། །ཨ་ལྡེ་མཆོག་སྤྲུལ་མདུན་དུ་ངལ་གསོ་བྱས། །རིམ་བཞིན་ཡུའུ་ཧྲུའུ་ཀྲུས་(玉树州ཡུལ་ཤུལ་ཁུལ།)ཐོག་བདེ་བར་ཕྱིན། །ཕ་ཡུལ་མི་དང་ངོ་ཐུག་བསྟན་སྤྲུལ་(ཟུར་མང་བསྟན་སྤྲུལ་སྐུ་ཕྲེང་བཅུ་གཅིག་པ་སྐྱབས་རྗེ་བསྟན་འཛིན་དགེ་ལེགས་འོད་ཟེར་ཤིང་སྤྲེལ་༡༩༤༤ནས་ལྕགས་ལུག་༡༩༩༡བར་དུ་བཞུགས།)རྗེས། །བོད་བཟོའི་གོས་སེར་ཚ་རུའི་ན་བཟའ་དང་། །བོད་ལྷམ་སྐ་རགས་ལྷམ་དང་ལྷམ་སྒྲོག་བཅས། །གནང་སྦྱིན་མཛད་པས་དེ་མ་ཐག་ཏུ་ནི། །གོས་ངན་རྒྱ་ཆས་ཕྱིར་དོར་ན་བཟའ་གྱོན། །ཁ་ཟས་ཤ་མར་རྩམ་ཐུད་འོ་ཞོ་ཕུད། །རོ་བཅུད་ནུས་ལྡན་ཕུན་སུམ་ཚོགས་པར་རོལ། །འདོད་དགུའི་འབྱོར་ཚོགས་ཅི་འདོད་ཆར་བཞིན་བབས། །མང་ཚོགས་ཀུན་གྱིས་མཚན་རིང་ཁྲུས་དང་དབང་། །མཇལ་ཕྱག་དད་འདུན་དགའ་བསུ་ཇ་འདྲེན་གྱིས། །ཉིན་མཚན་བདུན་རིང་སྤྲོ་དགའ་ཁོ་ནར་གཡེངས། །འཇིག་རྟེན་ཆོས་རྣམས་སྒྱུ་མའི་འཕྲུལ་བཞིན་རིག །ཆགས་མེད་ཞེན་མེད་དམ་ཆོས་བརྩོན་པས་བསྒྲུབས། །གཞན་ལ་ཕན་བསམ་བཟང་པོས་ཆོས་བཤད་བྱས། །ད་ཕན་ཇེ་བཟང་རང་དབང་ཡིན་པར་བཤད། །རེ་མེད་དོགས་མེད་གཅོད་པའི་སྤྱོད་པ་བཞིན། །གང་སོང་གང་དུ་བསྡད་ཀྱང་ཆོས་ཁོ་ནར། །འབད་བརྩོན་ཆེན་པོས་ཕ་ཡུལ་ནང་ཆེན་དུ། །ཤར་མདར་(ད་ལྟའི་ནང་ཆེན་རྫོང་མཁར་གྱི་ས་ཆ།)སླེབས་པས་ཡུལ་མི་བོད་རིགས་ཀྱིས། །དགའ་བསུས་གདན་འདྲེན་དབང་ཁྲུས་ཞུ་མཁན་གྱིས། །ཉིན་མཚན་གསུམ་རིང་ཤི་གསོན་ངོ་འཕྲད་བཞིན། །ཆེ་ཆུང་རྒན་དར་གཞོན་པོ་ངོ་ཤེས་དང་། །མི་ཤེས་ཆ་མེད་རྒྱུས་མེད་ཁྲོམ་མང་པོས། །སྐྱབས་ཞུ་དབང་ཞུ་དགེ་སྒྲུབ་སྡིག་སྤང་གི། །ཁས་ལེན་ཞུ་མི་མང་པོས་འུར་ཟིང་གིས། །རྒྱ་མིར་སྐྲག་ཀྱང་འཛེམ་དོགས་མེད་པ་ཡིས། །སྤྱི་ཚོགས་རྙིང་པ་ཇི་བཞིན་གྲོང་གྲོང་བཞིན། །རིམ་པར་(འཁྲུངས་ཡུལ་)སྤྲེལ་ཚྭ་ཁ་ལ་སླེབས་པའི་དུས། །གྲོང་སྡེ་ཡུལ་མི་ཕལ་ཆེར་ངོ་མི་ཤེས། །ཆ་ལུགས་རྣམ་འགྱུར་མི་མིན་འདྲེ་དང་མཚུངས། །ཆོས་ཀྱི་མིང་ཙམ་མི་གྲག་བདུད་ཡུལ་འདྲ། །བྱ་སྤྱོད་ཚང་མ་ངན་དགུ་དུག་བཅུ་ཡིས། །འཐབ་ཅིང་རྩོད་པས་ལྷ་མིན་ཡུལ་དང་མཚུངས། །གནོད་འཚེའི་བསམ་སྦྱོར་དུད་འགྲོའི་གྲོང་ཁྱེར་ལྟར། །གཅིག་ལ་གཅིག་དོགས་དགེ་བ་ལྐོག་ནས་བྱེད། །ཆོས་བྱེད་དགྲར་ལྟ་ཁྲམ་པར་བཀུར་བསྟིས་བསྟོད། །བླ་མ་མི་དཔོན་ཕྱུག་བདག་ཆམ་ལ་ཕབ། །དགེ་བ་བཅུ་བསྣུབས་མི་དགེ་དར་སྤེལ་བྱས། །འཐབ་རྩོད་སྡུག་བསྔལ་བདེ་སྐྱིད་ཡིན་ཞེས་བཤད། །བོད་ཡུལ་མཐའ་དབུས་མུན་པའི་གླིང་དུ་བསྒྱུར། །གནམ་ས་གོ་ལྡོག་བདེ་སྐྱིད་ཆུ་ལ་བོར། །ལོ་གྲངས་ཉེར་གཉིས་(༡༩༥༧ནས་༡༩༧༩བར།)བར་དུ་གསར་བརྗེ་བྱས། །དེ་ཡིས་ཤུགས་རྐྱེན་ཐེབས་པས་མི་ཀུན་གྱིས། །བླ་མ་མཇལ་དང་ཆོས་ལ་དད་མ་ཆོག །ཆུང་བས་དམ་པའི་ཆོས་ཀྱི་སྒྲ་མ་ཐོས། །ཉེ་འབྲེལ་ཡོན་བདག་རྒས་རབས་ཡོད་ཚད་ཀྱིས། །སྙིང་ནས་གུས་དད་དགའ་སྤྲོ་ཚད་མེད་ཀྱིས། །དགའ་བསུའི་ཟས་བྱིན་གོས་བསྐོན་བཙོན་ལས་ཐར། །ཕར་ཤི་ཚུར་གསོན་འཕྲད་འདྲའི་དགའ་ཞིང་དད། །སྔོན་ཐོན་རྗེས་ལུས་རྒན་གཞོན་ཚང་མ་ཡིས། །དབང་ཞུ་སྐྱིད་སྡུག་གཏམ་བཤད་ཡུས་འཕོ་སྔོན་ཆོད་ལྟར། །བླ་མར་བཀུར་ཞིང་བློ་གཏད་ངན་ལས་བཤགས། །ལྐོག་ནས་ཆོས་ལ་དད་ཅིང་རྩ་གསུམ་མཆོད། །རང་དགོན་ཤུལ་ལུས་གྲྭ་རྒན་བཅུ་བདུན་ཡོད། །དེ་དག་ཀུན་གྱིས་སྐུ་རྟེན་ཡིག་རིགས་དང་། །མཆོད་ཆས་ཐང་སྐུ་ཞྭ་ཆོས་གཟན་ཤམས་སོགས། །སྲོག་ལ་བརྡོས་ནས་ཉར་སྐུང་སྦས་པའི་རིགས། །གང་ཡོད་ཐམས་ཅད་བདག་གི་ལག་ཏུ་བཞག །དེ་མ་ཐག་ནས་ལུས་ལ་གཟན་ཤམས་གྱོན། །སྐུ་བཤམ་རྟེན་བཀྲམ་མཆོད་པ་ཇི་རྙེད་ཕུལ། །ཚེས་བཅུ་ཉེར་ལྔར་ཚོགས་འཁོར་དུས་རྒྱུན་པར། །འདོན་ཆའི་དཔེ་ཆ་ཅི་རྙེད་སྒྲུབ་མཆོད་ལྟར། །ཆ་རྐྱེན་ལྟར་དུ་དཔོན་སློབ་དུ་འཛོམས་ཀྱིས། །འདོན་བཟླས་འཛེམ་བག་མེད་པར་ལེགས་པར་བཏོན། །འབྱོར་ལྡན་འབྱོར་མེད་སྔོན་ཐོན་རྗེས་ལུས་དབྱེར་མ་ཕྱེས། །སུ་དང་གང་གིས་ཅི་ཟེར་ཁར་ཉན་ནས། །དབང་དང་བཀའ་བསྒོ་ཁྲུས་དང་གཡང་སྐྱོབས་བཅས། །ཞི་ཁྲོ་བྱང་ཆོག་རྐྱེན་བཟློག་སྐུ་རིམ་བསྒྲུབས། །གཡེར་པར་ཟླ་བ་བཞི་ལྔར་མལ་གསོ་བྱས། །ཚེ་རྡོར་མཐུ་སྟོབས་གཉིས་ཀྱིས་མཆོད་ཅ་ཁ། །ཚད་བཟུང་འགྲན་མེད་གསེར་སྐུ་ལི་མ་དང་། །གསེར་དངུལ་བཀྲ་མའི་མཆོད་ཆ་དཔེ་ཆའི་རིགས། །གྱོན་ཆས་དགོས་མཁོའི་ཡོ་བྱད་བླ་མ་ལ། །ཅི་དགོས་ཐམས་ཅད་རང་བྱུང་རང་གྲུབ་ལྟར། །འཚོ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཛོམས། །ཡུལ་མི་ཀུན་གྱིས་དགའ་ཞེན་དད་ཅིང་གུས། །འབུལ་བ་ཞབས་ཏོག་བསྙེན་བཀུར་བཟང་སྟབས་ཀྱིས། །མཚམས་པ་ལྟར་དུ་བསྙེན་སྒྲུབ་འདོན་བཟླས་ཀྱིས། །རང་ཚུགས་མ་ཤོར་བསྟན་འགྲོའི་དོན་ཆེན་ཆེད། །རང་དོན་ཞི་བདེ་སྐྱིད་ལ་མ་རེ་བར། །ཉམས་ཆུང་ཀུན་མཐུན་འགྲོ་ཕན་ཆོས་ཁོ་ནར། །བསམ་པ་སེམས་བསྐྱེད་ལྡན་པས་སྔར་སྲོལ་ལྟར། །རྒྱལ་བསྟན་ཕྱོགས་རིས་མེད་པར་ཉམས་གསོ་ཞིང་། །བོད་རིགས་ཐམས་ཅད་རང་དབང་ལྡན་ནས་ཀྱང་། །ཆོས་སྲིད་མི་ནུབ་དར་རྒྱས་འབྱུང་ཐབས་ལ། །དཀོན་མཆོག་དཔང་བཙུགས་རང་སྲོག་བློས་བཏང་ནས། །དགེ་སྒྲུབ་སྡིག་སྤང་གསར་བརྗེའི་སྲིད་ཇུས་དང་། །ཆོས་སྲིད་ཟུང་དུ་སྦྲེལ་ཏེ་དྲང་བདེན་གྱིས། །དུས་ཚོད་གནས་ཚུལ་དང་དཔག་དུས་མི་ལ། །ཆོས་བཤད་ཅི་ཤེས་སྦ་གསང་མེད་པར་ལབ། །ཆོས་མིན་སྤང་བྱ་ཆོས་ལ་སྙིང་རུས་བྱས། །ལས་བྱེད་མི་ངན་འགའ་རེས་བཀག་འགོག་གིས། །ལྐོག་ལབ་འཆལ་གཏམ་སྣ་ཚོགས་བསྒྲགས་ན་ཡང་། །ལན་མ་སྨྲས་ཤིང་བཏང་སྙོམ་ངང་དུ་བཞག །བློ་གཏད་བླ་མ་དཀོན་མཆོག་གསུམ་ལ་བྱས། །འགྲོ་བའི་དོན་དུ་སྙིང་རྗེས་ཕན་སེམས་བསྐྱེད། །རང་དོན་མ་བསམ་དྲང་གཏམ་བདེན་དྲང་གིས། །ཆོས་ཀྱི་བྱ་སྤྱོད་འགྲོ་ཕན་ཕྱོགས་མེད་བསྒྲུབས། །རིས་མེད་བསྟན་ལ་བྱས་རྗེས་གང་ཐོན་གྱིས། །བསྟན་དགོན་སླར་གསོ་དབང་ལུང་ཁྱབ་སྤེལ་བྱས། །བརྒྱུད་ལྡན་བླ་མ་ལེགས་བསྟེན་གཞན་དོན་བརྩམས། །ཆོས་ལ་བརྩོན་འགྲུས་འཁོར་བར་ཞེན་ལོག་བསྒོམས། །དངོས་རྫས་འབྱོར་ཚད་བསྟན་དགོན་དོན་མ་གཏོགས། །བདག་འཛིན་རང་དོན་མེད་ཅིང་ཚོགས་རྫོགས་ཕྱིར། །ཆོས་ཀྱི་རྩ་བ་ཅི་ཐོན་བྱས་ནས་སུ། །ཆོས་བརྒྱད་དབང་དུ་མ་སོང་ཐབས་བཀོད་བྱས། །ཚེ་འདིར་ཆེ་ཐབས་དྲག་པོའི་བློ་སྤངས་ཤིང་། །ཀུན་མཐུན་ཆོས་ལམ་དམན་པའི་ས་བཟུང་ནས། །ང་རྒྱལ་ཕྲག་དོག་གཞན་གནོད་མ་བྱས་པར། །རྣམ་དག་ཆོས་ཀྱིས་འགྲོ་བའི་རེ་བ་བསྐངས། །འོན་ཀྱང་རྒྱ་བོད་མགོ་འཛིན་ཐམས་ཅད་ཀྱིས། །སྤྱི་ཚོགས་རྙིང་པའི་ལུགས་བཞིན་འཐུས་མིར་བསྐོས། །མཚོ་སྔོན་ཞིང་དང་སྐྱེར་མདོ་ནང་ཆེན་རྫོང་། །བསྟན་དགོན་སླར་གསོའི་ཆེད་དུ་འཐུས་ཚབ་ཏུ། །ལན་འགའ་སོང་ཤིང་རང་སྲོག་ལྟོས་མེད་ཀྱིས། །ཆོས་ལུགས་ཡང་དར་དགོས་པའི་གནས་ལུགས་ཞུས། །སྔོན་ཐོན་རྣམས་དང་ཡིན་མིན་རྒོལ་ལན་སྤྲད། །དཀོན་མཆོག་བླ་མའི་ཐུགས་རྗེས་རྒྱལ་ཁ་ཐོབ། །མི་མང་རེ་འདོད་ལྟར་དུ་ཆོས་ལུགས་ཐད། །ཆོག་དང་མི་ཆོག་གཏམ་བརྗོད་སྣ་ཚོགས་གླེང་། །ཁ་སྲ་ཁོང་ལྷོད་རང་དབང་ཅུང་ཟད་ཐོབ། །རང་ནུས་གང་ཡོད་ཤུགས་ཕྱུངས་དབང་ཆོས་བཤད། །སྒྲུབ་པ་སྒྲུབ་ཕྲན་ཆོས་ཀྱི་འགུལ་བསྐྱོད་བྱས། །མཐའ་དབུས་ཀུན་ཏུ་ཆོས་ཀྱི་སྒོ་མོ་ཕྱེས། །འགྲོ་ལ་བདེ་སྐྱིད་རང་དབང་ཇེ་ཆེར་སོང་། །རིམ་བཞིན་དགོན་སྡེ་བླ་སྤྲུལ་ཉམས་རྒུད་ཀྱིས། །ཞིག་འཐོར་ཉམས་པ་ཐམས་ཅད་ཡར་ལ་བཞེངས། །ཡུལ་གྲོང་ཀུན་ལ་ཆོས་ཀྱི་དར་སྲོལ་བཙུགས། །(ལྕགས་སྤྲེལ་༡༩༨༠)བརྒྱད་ཅུ་ལོ་ལ་དགོན་པ་སླར་གསོ་ཆོག །བཀའ་ཡི་ཆོག་མཆན་ཐོབ་པ་ནས་བཟུང་སྟེ། །ཇ་དགོན་རྗེས་ཤུལ་མེད་སྟེང་བརྩིགས་རྨངས་འཕངས། །རྒྱ་ཁྱོན་ཆེ་ཆུང་ཚད་གཞི་མ་ཆུང་བར། །བླ་མར་གསོལ་བཏབ་ཆོས་སྐྱོང་ལས་ལ་བསྐུལ། །མི་མང་ཚོགས་པར་བསྐུལ་སློང་ཡང་དག་བྱས། །བྱ་རྫོང་སྤྲུལ་སྐུ་སྐལ་བཟང་རིན་ཆེན་(གནས་མདོ་བླ་རྒན་སྐུ་ཕྲེང་ལྔ་པ་སྐལ་བཟང་རིན་ཆེན་༡༩༤༣ནས་ཆུ་འབྲུག་༢༠༡༢བར་དུ་བཞུགས།)ལ། །ལྷ་ཁང་བཞེངས་པའི་ལས་དཔོན་མཛད་རོགས་ཞུས། །སྤྲེལ་ཚྭ་ཀུང་ཧྲེའི་(白扎公社ཡུལ་ཚོའམ་ཤོག་ཁ།)དྭ་ཏོས་(大队རུ་ཆེན།)བཅུ་པོ་དང་། །ཤར་མདའ་དྭ་ཏོས་(大队རུ་ཆེན།)རྫོང་འོག་མི་དམང་གིས། །སྟོབས་ཤུགས་གང་ཡོད་ཕུད་ནས་ཤིང་བསྐྱེལ་འདྲེན། །ཆི་ཁྲེ་(汽车རླངས་འཁོར།)ཤིང་རྟ་ཐོ་ལ་(拖拉车འདྲུད་འཁོར།)རྟ་ཁལ་མི། །རོགས་ལྡན་རྒྱ་ཆེ་གཏིང་ཟབ་གྲངས་མང་གིས། །ལས་ཀར་འགན་བླངས་ཤིང་བཟོ་ས་རྡོའི་ལས། །སྣེ་མང་གཅིག་བསྡུད་བྱས་ལས་བཟང་པོ་ཡིས། །ལོ་གཅིག་མ་འགོར་འོག་ཁང་ལེགས་པར་བཞེངས། །སྲ་བརྟན་མཛེས་ལེགས་ཆེ་ཞིང་བརྗིད་ཆགས་ཐོན། །མུ་མཐུད་བར་ཁང་སྟེང་ཁང་རྣམས་རིམ་བཞིན། །ལོ་རེ་བཞིན་དུ་རྟེན་གཞི་གཙུག་ལག་ཁང་། །ངོ་མཚར་ཅན་ཞིག་ལས་སྨོན་སྟོབས་ཀྱིས་བཞེངས། །བན་ཆེན་སྤྲུལ་སྐུ་འཆི་མེད་(ཤིང་ཡོས་སྤྱི་ལོ་༡༩༣༩ནས་ས་འབྲུག་༡༩༨༨བར་བཞུགས།)རིན་པོ་ཆེས་(ཆུ་ཕག་༡༩༨༣ལོར།)། །རྒྱ་ཆེན་བཀའ་ཡི་མཛོད་ཀྱི་ལྗགས་ལུང་གནང་། །བདག་གིས་དེའི་ནང་བཞུགས་པའི་དབང་རྣམས་བསྐུར། །དབང་ལུང་ཆོས་ཀྱི་སྒོ་མོ་དང་པོ་ཕྱེས། །བླ་སྤྲུལ་གྲྭ་ཚང་བཙུན་ཆུང་བཙུན་མ་སོགས། །དགེ་འདུན་སེར་མོ་བཞི་བརྒྱ་ཡར་ལྷག་ཙམ། །སྐྱེ་བོ་ཕོ་མོ་ཆོས་དད་མང་ཚོགས་བཅས། །བརྒྱ་ཕྲག་བདུན་བརྒྱད་རྣམས་ལ་ཇ་ཐུག་གི། །འཚོ་བར་རོགས་བྱས་ཆུ་མེ་ཐབ་མེ་ཤིང་། །ཉེ་རིང་ཕྱོགས་ལྷུང་མེད་པར་ལྷག་བསམ་གྱིས། །ཆོས་ལ་འབྲེལ་ཚད་དོན་ལྡན་ཕྱི་བཞག་བྱས། །གེགས་མེད་བདེ་ལེགས་ལམ་འགྲོ་མཐའ་རུ་ཕྱིན། །དེ་ཡི་ཕྱི་ལོར་(ཤིང་བྱི་སྤྱི་ལོ་༡༩༨༤ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྣ་སེལ་དབུ་འཛུགས་མཛད་ནས་)ལྷ་སྟེང་འཇའ་སྤྲུལ་གྱིས། །རིན་ཆེན་གཏེར་གྱི་མཛོད་ཆེན་དབང་ཁྲིད་གནང་། །བཀའ་དྲིན་མཚུངས་མེད་མཁྱེན་བརྩེའི་འོད་ཟེར་ནས། །བདག་ལ་རྗེས་ནས་དབང་ལུང་སྤེལ་དགོས་གསུངས། །བླ་མའི་བཀའ་འགལ་འདི་ཕྱིར་ཉམས་དོགས་པས། །རང་དགོན་བླ་གྲྭར་ཕྱི་བཞག་གཙོར་བྱས་ཏེ། །སྙིགས་དུས་འགྲོ་རྣམས་ཀླ་ཀློའི་དབང་བསྒྱུར་འོག །དམ་པའི་ཆོས་ལ་ཐོས་བསམ་བྱེད་མཁན་ཉུང་། །དེ་ལས་དབང་ལུང་འཆད་སྤེལ་ཤིན་ཏུ་དཀོན། །འབྲེལ་ཚད་དོན་ལྡན་གུ་རུ་པདྨས་གསུངས། །གང་འབྲེལ་ཐམས་ཅད་ཐར་ཐོབ་རྒྱུར་ངེས་པས། །བདག་ལ་དབང་བསྐུར་ཆོས་བཤད་འོས་མེད་ཅིང་། །ཆོས་དྲེད་དཀོར་སྲིད་མི་ནག་མགོ་བསྐོར་མཁན། །ཡིན་ཀྱང་ལྷག་བསམ་དཀར་པོའི་བསམ་སྦྱོར་དང་། །བརྒྱུད་ལྡན་མཚན་ལྡན་བླ་མ་མང་བསྟེན་ཅིང་། །གསར་རྙིང་རིས་མེད་གདམས་ཟབ་དབང་ལུང་ཁྲིད། །མང་ཐོས་རྣམས་ཀྱིས་དུས་མཐའི་སྐྱེ་འགྲོ་ལ། །ཆོས་སྦྱིན་བྱས་ན་མདོ་སྔགས་རྒྱལ་བའི་བསྟན། །ཡར་དར་མི་ནུབ་ཆོས་ཀྱི་རྒྱལ་མཚན་མཆོག །ཡུན་གནས་ཆེད་དུ་དཀའ་བ་དང་དུ་བླངས། །དངོས་རྫས་ཅི་རྙེད་ཆོས་ཀྱི་ཕྱོགས་ལ་བཏང་། །བླ་མ་སྤྲུལ་སྐུ་མཁན་པོ་དགེ་བའི་བཤེས། །དགེ་སློང་དགེ་ཚུལ་སྔགས་པ་བཙུན་པ་དང་། །བཙུན་མ་ལ་སོགས་སེར་མོ་བརྒྱད་བརྒྱའི་ཡན། །སྐྱེ་བོ་ཕོ་མོ་འཐུས་པའི་ཆིག་སྟོང་དང་། །རྒྱུན་པར་སུམ་བརྒྱ་ཡར་ལྷག་མང་འདུས་སྐབས། །གཅིག་ཁྲི་ཉིས་སྟོང་དྲུག་བརྒྱ་ལས་མ་ཉུང་། །འབྲེལ་ཚད་དོན་ལྡན་ཟླ་བ་བཞི་ལྷག་ཙམ། །རིང་ལ་ཆུ་མེ་ཇ་ཐུག་བཞེས་པ་དྲངས། །ལེགས་ལམ་དགེ་ཞིང་དུས་སྐབས་དེ་ཡི་ཚེ། །སྐྱབས་གཅིག་སི་ཏུ་པདྨ་དོན་ཡོད་གྲུབ། །རྒྱ་གར་འཕགས་པའི་ས་ནས་བོད་འདིར་ཕེབས། །ཇ་དགོན་བདེ་ཆེན་ཉི་གླིང་ཆོས་གྲྭར་བྱོན། །དགེ་སློང་དགེ་ཚུལ་ལྔ་བརྒྱ་ལྷག་ཙམ་བསྒྲུབས། །བྱང་ཆུབ་སེམས་སྡོམ་སྨིན་བྱེད་དབང་གདམས་ངག །ལེགས་པར་གནང་ཞིང་བདག་ལ་བསྔགས་བརྗོད་མཛད། །བསྟན་པ་གསོ་དང་ཆོས་དབང་འཆད་སྤེལ་གྱིས། །བསྟན་དང་འགྲོ་བའི་དོན་ཆེན་ཁུར་ལེན་དགོས། །ཁྱད་པར་དྭགས་བརྒྱུད་བསྟན་ལ་ལྷག་བསམ་བརྩོན། །བསམ་ཚད་འགྲུབ་ཅིང་བསྟན་པར་ཕན་ཐོགས་འབྱུང་། །ལོ་གཉིས་མཚམས་ནས་སླར་ཡང་ཕེབས་ཡོང་གསུངས། །མདོ་ཁམས་ཀར་དགོན་ཡོངས་ལ་རེ་བ་བསྐངས། །ཁྱེད་ཀྱིས་དབང་ལུང་འགྲོ་དོན་འབྱུང་ངོ་ཞེས། །བཀའ་དྲིན་ཆེན་པོས་རྗེས་བཟུང་ལེགས་སྐྱེས་གནང་། །ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱིས། །དངོས་སློབ་ལྷ་སྟེང་འཇའ་སྤྲུལ་()རིན་པོ་ཆེས། །ཟབ་མོ་གཏེར་གྱི་མཛོད་ཀྱི་དབང་ཁྲིད་སྩལ། །འཆི་མེད་སྤྲུལ་སྐུས་ལུང་གནང་ང་རང་གིས། །དབང་ལུང་དགོས་མཁོ་ཆེ་རིགས་མང་པོ་ཕུལ། །རྒྱ་བོད་ཀུན་གྱིས་བདེ་འཇགས་སྲུང་སྐྱོབས་བྱས། །གེགས་དང་ཉེར་འཚེ་མ་བྱུང་མཐའ་རྒྱས་སོ། །དེ་རྒྱབ་གནས་མདོ་ཁ་སྤྲུལ་(ད་ལྟ་ཞལ་བཞུགས་པའི་གནས་མདོ་ཁ་སྤྲུལ་སྐུ་ཕྲེང་ལྔ་པ་འདི་ཡིན།)རིན་པོ་ཆེའི། །མདུན་ནས་(༡༩༨༧ས་སྦྲུལ་ལོར་)གདམས་ངག་མཛོད་ཀྱི་གཞུང་ཆེན་གྱིས། །དབང་ལུང་ཁྲིད་རྒྱུན་མ་ལུས་ཆ་ཚང་གནང་། །དུལ་མོ་ཆོས་རྗེ་སྤྲུལ་སྐུ་མགོན་པོ་(འདམ་དཀར་དུལ་མོ་ཆོས་རྗེ་སྐུ་ཕྲེང་བཅོ་བརྒྱད་པ་ཀརྨ་བཤད་སྒྲུབ་ཕྲིན་ལས་བསྟན་འཛིན་ཤིང་བྱ་༡༩༤༥ལ་འཁྲུངས་ཤིང་ད་ལྟ་ཞལ་བཞུགས་པ་འདི་ཡིན།)ཡིས། །(ལྕགས་རྟ་༡༩༩༠ལོ་ཡིན་པར་ཡུལ་ཤུལ་དགོན་སྡེའི་ལོ་རྒྱུས་ལས་བྱུང་ཡང་འཕྱི་སྐྱོན་ཡོད་པ་འདྲ་སྟེ། ལོ་འདིར་སྐྱབས་མགོན་ཨ་ལྡེ་རིན་པོ་ཆེས་རྙིང་མ་བཀའ་མའི་དབང་ལུང་བསྩལ་གནང་མཛད་པ་ཡིན་པས། གདམས་ངག་མཛོད་གནང་བའི་ཕྱི་ལོ་བཀའ་བརྒྱུད་སྔགས་མཛོད་ཆེན་མོ་གནང་གྲུབ་པའི་ཕྱིར་རོ། །དེས་ན་མེ་ཡོས་༡༩༨༨ལ་ཡིན་པར་སྣང་ངོ་།)སྔགས་ཀྱི་མཛོད་ཆེན་དབང་ལུང་ཁྲིད་རྒྱུན་གནང་། །དགེ་བའི་གཤེས་གཉེན་དགེ་ལེགས་རྒྱལ་མཚན་(བྱ་བྲལ་དགེ་ལེགས་རྒྱལ་མཚན། ཡོངས་གྲགས་སུ་དགེ་རྒྱམ་ཞུ་བ་འདི་ཡིན།)ནས། །ཤེས་བྱ་ཀུན་ཏུ་ཁྱབ་པའི་འབྲུ་ལུང་གནང་། །རང་གི་གནམ་ཆོས་དབང་དང་གནས་ལུགས་ཀྱི། །དབང་དང་ཆགས་མེད་བཀའ་འབུམ་སྐོར་གྱི་ལུང་། །རང་གི་ཐོབ་ཚད་དཔེ་རྒྱུན་རྙེད་ཚད་ཕུལ། །ནང་ཆེན་ཨ་ལྡེ་གྲུབ་རིགས་ཁྱུ་མཆོག་(ལྕགས་རྟ་༡༩༣༠ནས་མེ་ཕག་༢༠༠༧བར་དུ་བཞུགས།)གིས། །(གྲུབ་མཆོག་རིན་པོ་ཆེ་དགུང་གྲངས་རེ་གཅིག་ལ་ཕེབས་པ་ལྕགས་རྟ་༡༩༩༠ལོར་)རྙིང་མ་བཀའ་མའི་དབང་གནང་ཁ་སྤྲུལ་གྱིས། །ལུང་གནང་(གནས་མདོ་ཁ་བ་སྤྲུལ་སྐུས་)རྒྱལ་བའི་བཀའ་འགྱུར་ཆེན་མོ་ཡིས། །འབྲུ་ལུང་གནང་སོགས་ལོ་ལྟར་དབང་ལུང་གིས། །བསྟན་འགྲོའི་དོན་ལ་འཆད་སྤེལ་བཞག་པ་བྱས། །ཕྱོགས་མེད་རིས་མེད་ཀུན་ལ་དག་སྣང་སྦྱངས། །འབྲེལ་ཚད་ཀུན་ལ་ཆོས་ཀྱི་འབྲེལ་འཇོག་བཞག །དངོས་རྫས་དཀོར་རྣམས་ཆོས་ཀྱི་དོན་ལ་བཏང་། །དོན་གཉིས་འགྲུབ་དང་ཚོགས་གཉིས་རྫོགས་ཕྱིར་དུ། །བདག་འཛིན་མེད་པར་བསྟན་དོན་ཁོ་ནར་བརྩོན། །ནང་ཆེན་སྟོད་སྨད་བར་གསུམ་ཕལ་ཆེ་བར། །སྡེ་དགོན་གྲོང་ཚོ་བཞིན་དུ་སྤྱི་རིམ་བཅས། །འབྱོར་མེད་བཟང་ཞེས་བསྟན་འགྲོའི་བདེ་སྐྱིད་ཀུན། །ཐེའུ་རང་རྒྱལ་འགོང་བསེ་རག་ཁོག་ཞུགས་ཀྱིས། །བྱ་སྤྱོད་སྨྲ་བརྗོད་ངན་དགུས་བོད་ཁམས་ཕུང་། །མི་རྣམས་བསམ་ཤེས་ལོག་པའི་དབང་བསྒྱུར་བས། །སངས་རྒྱས་བསྟན་བཤིག་འགྲོ་ལ་གནོད་འཚེ་བརྩམས། །དེའི་རྐྱེན་ཆོས་ལ་མི་མོས་སྡིག་པ་བསགས། །མི་རྣམས་ཕལ་ཆེར་དུད་འགྲོ་ལས་ཀྱང་ཞན། །ཆས་གོས་ལོག་ཅིང་བསམ་སྤྱོད་ཐམས་ཅད་འགྱུར། །ཟས་ངན་ཁ་དུད་སྣ་དུད་དུག་ཆུ་སྤྱོད། །སྐྱབས་འགྲོ་མ་ཎིའི་ཙམ་ཡང་འདོན་མི་ཉུང་། །ཆུང་གསུམ་ཀུན་གྱིས་སེར་གོས་ཅན་མ་མཐོང་། །རྔ་དུང་རོལ་མོ་ཆོས་ཀྱི་སྒྲ་མ་ཐོས། །སྔོན་ཆོད་ཆོས་དར་ཕྱིན་ཆད་མཐའ་འཁོབ་ཡུལ། །སྙིང་ནས་བླ་མ་མཆོག་གསུམ་ལ་གསོལ་བཏབ། །ཁ་མིན་དོན་གྱིས་སྙིང་རྗེས་མ་བཟོད་ནས། །ཁ་ནས་ཆོས་བཤད་དོན་ལ་སངས་རྒྱས་ཀྱི། །བསྟན་ཉམས་སླར་གསོ་ཨེ་ཐུབ་རེ་བཞག་གིས། །དུས་སྙིགས་སྐྱབས་གཅིག་གུ་རུ་པདྨ་ཡི། །ཟབ་མོའི་ཆོས་ཀྱི་འདོན་སྒོམ་གང་ཤེས་ལ། །འཆད་སྤེལ་ཉམས་ལེན་ཅི་ཐོན་བརྩོན་པས་བསྒྲུབས། །མི་ལ་སྡིག་སྤང་དགེ་སྒྲུབ་གོ་བ་བསྐོན། །དུད་སྣ་ཆང་རག་སྡིག་ལ་དགག་པ་བརྒྱབ། །བཟང་པོའི་བྱ་བས་མཐུན་སྒྲིལ་བསམ་པ་བཟང་། །སྔར་ལུགས་ཆོས་ལ་བློ་གཏད་བསྟན་པའི་རྩ། །(ཆུ་ཁྱི་༡༩༨༢ལོར་)དགེ་འདུན་སྡེ་འཕེལ་སྡོམ་གསུམ་བཙུན་པའི་ཆེད། །བླ་མ་གྲུབ་ཐོབ་ཀརྨ་ནོར་བུའི་(གངས་ཅན་མི་ལ་གཉིས་པར་གྲགས་པ་གྲུབ་པའི་དབང་ཕྱུག་ཀརྨ་ནོར་བུའམ་ཀརྨ་གཞན་ཕན་ཆོས་ཀྱི་རྒྱ་མཚོ་མེ་རྟ་༡༩༠༦ནས་ཤིང་བྱི་༡༩༨༤བར་དུ་བཞུགས།)མདུན། །གྲྭ་བཙུན་བདུན་ཅུ་(རང་དགོན་གྱི་གྲྭ་པ་བདུན་ཅུ་དོན་བརྒྱད་ཡོད་པར་གསུངས།)ལྷག་ཙམ་མགོ་ཁྲིད་བྱས། །སྡོམ་གསུམ་ཆོས་ཞུས་དགེ་འདུན་བསྟན་རྩ་བཙུགས། །རིས་མེད་ཆོས་ལ་བཀུར་སྟི་དག་སྣང་བྱས། །ཆོས་ལ་མོས་པའི་སྦྱིན་བདག་གྲོགས་སུ་བཀུག །གང་ས་གང་ལ་གཙུག་ལག་ཞིག་པ་གསོས། །ཁྲོམ་ལ་བསྙེན་སྔགས་འུར་སྒྲོག་སྒྲ་དབྱངས་བསླབས། །དམ་རྫས་སྐྱེ་བདུན་བདུད་རྩི་ཆོས་སྨན་གཙོས། །དམ་སེལ་མེད་པའི་དམ་རྫས་རྟེན་འདུས་སོགས། །མི་དང་དུད་འགྲོའི་ཁ་རུ་འགྲོ་བའི་ཐབས། །རིལ་བུ་སྟེར་དང་བུམ་ཆུ་སྦྱར་ནས་བྱིན། །སྲུང་འཁོར་རིགས་དང་བཏགས་གྲོལ་ཐོས་གྲོལ་བཀླགས། །མཆོག་དམན་བར་སོགས་ཆོས་ལ་དད་རྣམས་ཀྱི། །རེ་བ་ཅི་ཡོད་དབང་ལུང་ཁྲིད་ཀྱིས་བསྐངས། །རྒྱལ་བའི་དབང་དང་མཁྱེན་བརྩེའི་འོད་ཟེར་གྱིས། །བཀའ་བཞིན་བསྟན་དང་འགྲོ་ལ་གང་ཕན་པའི། །མཐོང་གྲོལ་ཐོས་གྲོལ་རེག་གྲོལ་མྱོང་གྲོལ་གྱིས། །དཀའ་ངལ་ཁྱད་བསད་ཆོས་དོན་ཁོ་ན་ཡིས། །སྒོ་གསུམ་ཆོས་བསྟུན་ཆོས་མིན་ཉུང་བའི་ཐབས། །གཡོ་སྒྱུ་ང་རྒྱལ་ཕྲག་དོག་མེད་པའི་སྒོས། །དངོས་རྫས་ཅི་རྙེད་བསྟན་འགྲོའི་ཆེད་དུ་བཏང་། །རང་བདེ་སྐྱིད་ཉལ་ཉིན་གཅིག་འདུག་མ་ཕོད། །འཆི་བ་ནམ་འོང་སྙིང་ལ་འཆང་ནས་སུ། །ཅི་བྱུང་གང་དྲག་གཞན་ཕན་བསམ་བཟང་གིས། །དམན་པའི་ས་བཟུང་མ་ལྟོགས་མ་འཁྱག་ཙམ། །ཆོག་ཏུ་ཤེས་ནས་ནོར་བདུན་ཅི་འབྱོར་བསགས། །བླ་མ་དགེ་སློང་རྒན་ལ་གུས་བཀུར་ཞུས། །དམན་པ་ཉམས་ཆུང་ནད་ཅན་ཁྱད་མ་བསད། །ཆོས་དད་བསམ་དཀར་མི་རྣམས་གྲོགས་སུ་བསྟེན། །གསར་བརྗེ་ལྟ་ལོག་ཐབས་ཀྱིས་དགེ་ལ་བཙུད། །རྒྱལ་ཁབ་རྩ་ཁྲིམས་ཆོག་དང་མི་ཆོག་སོགས། །ཅི་ལྟར་བཤད་ཀྱང་ཆོས་བྱེད་མ་གཡེལ་ནས། །འདོན་བཟླས་ཟག་བཅས་བསོད་ནམས་ཚོགས་རྫོགས་ཕྱིར། །གཞན་ལ་བསྐུལ་སློང་རང་རྒྱུད་སྨིན་པའི་ཐབས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །མི་འབྲལ་ཐུགས་ཡིད་འདྲེས་པའི་མོས་གུས་བསྐྱེད། །ཁྲིམས་ཁང་ནང་ནས་གློ་ཚད་ནད་ཀྱིས་བཟུང་། །དུས་རྒྱུན་སྨན་བརྟེན་བཅོས་ཀ་མང་བྱས་ཀྱང་། །མ་ཕན་སྐབས་གཅིག་བླ་མ་ནོར་ལྷ་ནས། །ཨ་རིའི་ས་ཆར་སྨན་བཅོས་བྱེད་སར་ཁྲིད། །མཐུན་རྐྱེན་དངོས་རྫས་འབྱོར་ཚོགས་འགྲོ་སོང་རྣམས། །བཀའ་དྲིན་ཅན་གྱིས་གནང་ཞིང་མཁའ་ལ་འཕུར། །རྒྱ་ནག་ཕྱི་རྒྱལ་རྒྱ་གར་བལ་བོད་སོགས། །ཡུལ་ལ་བལྟས་ཤིང་གནས་མཇལ་སྐོར་བ་བྱས། །དཔལ་ལྡན་བླ་མའི་ཐུགས་བྱིན་ཡིན་ངོ་ཤེས། །སྒྱུ་མ་མཁན་གྱི་མིག་འཕྲུལ་ཇི་བཞིན་དུ། །སྲིད་པའི་གནས་ཚུལ་ཡ་མཚན་ཆེ་མཐོང་ཡང་། །ཆོས་ཀུན་མི་རྟག་སྙིང་པོ་མེད་པར་ཤེས། །ཆགས་གནས་འཇིག་སྟོང་སྣ་ཚོགས་མཐོང་སྣང་ཀུན། །རང་སྣང་མ་རིག་འཁྲུལ་པའི་ཆོ་འཕྲུལ་ལ། །ཆགས་མེད་ཞེན་མེད་རེ་དོགས་དགག་སྒྲུབ་བྲལ། །ལས་འབྲས་བསླུ་མེད་མངོན་སུམ་མིག་གིས་མཐོང་། །གླིང་གི་མཆོག་གྱུར་འཛམ་གླིང་ཡིན་ན་ཡང་། །བོད་འདིར་དོན་ལ་རྡོ་རྗེ་གདན་ལས་ལྷག །དེ་ལས་མདོ་ཁམས་སྨད་ཀྱི་ས་ཕྱོགས་ཀུན། །སྔོན་བྱོན་སྐྱེས་ཆེན་དམ་པའི་ཐུགས་རྗེ་དང་། །གུ་རུ་པད་འབྱུང་བཀའ་དྲིན་བྱིན་མཐུ་དྲན། །རྣམ་ཀུན་གསོལ་འདེབས་དད་འདུན་མ་གཡེལ་ན། །འབྲེལ་ཚད་དོན་ལྡན་གསང་སྔགས་ཐུགས་རྗེ་མྱུར། །བཀའ་གཏེར་ཟུང་འཇུག་གདམས་པས་འཁོར་མཐའ་བརྒལ། །
༧སྐྱབས་རྗེ་བླ་མ་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་རྒྱ་མཚོ་མཆོག་གི་རང་རྣམ་ཚིགས་སུ་བཅད་པ་རྩོམ་འཕྲོ་ཅན་དུ་བཞུགས་པ་འདི་ཉིད་ཉེ་བའི་ཆར་ལག་སོན་བྱུང་བ་ལ་རྩིས་འཕྲུལ་དུ་ནང་འཇུག་དང་ཞུ་དག་བྱས་པ་དང་འབྲེལ། བླ་མ་རིན་པོ་ཆེ་མཆོག་གིས་བསྟེན་མྱོང་བའི་བླ་མ་རྣམས་དང་། དེ་བཞིན་རྣམ་ཐར་འདིར་གསལ་བའི་བླ་མ་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས། རྣམ་ཐར་འདིར་གསལ་བའི་ལོ་ཚིགས་ཁག་སྤྱི་ལོ་དང་རབ་ལོ་སྦྱར་བ་བཅས་ཀྱི་མཆན་འགའ་གསལ་བྱེད་ཀྱི་ཚུལ་དུ་བཀོད་ཡོད་ཅིང་། བླ་མ་རིན་པོ་ཆེའི་གསུང་དང་མི་ནོར་བར་བྱ་བའི་ཕྱིར་དུ་མཆན་རྟགས་()འདིའི་ནང་དུ་བཙུད་ཡོད། རྗེ་ཉིད་ཀྱི་བསྟེན་མྱོང་བའི་བླ་མ་རྣམས་ཀྱི་རྣམ་བསྡུས་རེ་འགོད་དགོས་སྣང་ནའང་འདིར་བཀོད་ན་ཅུང་ཉོབ་སྐྱོན་ཡོང་ཤས་ཆེ་བར་བསམ་སྟེ་མ་བཀོད་དོ། །སྤྱི་ལོ་༢༠༢༣ལོའི་ཟླ་བ་༡པོའི་ཚེས་༤ཉིན་ཡིག་བཏགས་དང་ཞུ་དག་མཆན་འདེབས་བཅས་ཀྱི་སུག་ལས་བགྱིས་པ་པོ་རྗེ་བླ་མ་རིན་པོ་ཆེའི་སློབ་གྲལ་དུ་གཏོགས་ཙམ་གྱི་གུས་ཡུལ་ཤུལ་བ་ཀར་ཚེའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2109
དཔྱད་མཆན་སྤེལ།