“ཁྱོད་ལ་་་་་་་་་་ཅི་འདྲའི་་་་་་་སུན་པ་ལ།  ངོ་ཚ་་་་་་མེད་པ་ལ་་་་་་་་ཨང་” ཞེས་ཁོས་རང་ཉིད་ཀྱི་གྲིབ་གཟུགས་ལ་དེ་ལྟར་གཤེ་གཤེ་བཏང་།   གྲིབ་གཟུགས་ནི་རི་མགོའི་དར་ཅོག་རླུང་དུ་གཡུགས་པ་བཞིན་ཁོའི་རྡོག་སྣེ་ན་གར་གྱི་སྟངས་སྟབས་སྣ་ཚོགས་བྱེད་བཞིན་མཆིས།   ཁོའི་སེམས་ལ་“དེ་ནི་ཆང་འཐུང་ཞིག་ར་བཟི་བའི་གར་སྟབས་དང་ཀུན་ནས་མཚུངས་སྙམ།”

ཁོ་རང་གྲིབ་གཟུགས་ལ་སུན་པ་ཁོ་ན་ཙམ་ཡིན་ན་མི་སྐྱོན་མོད།  འོན་ཀྱང་གྲིབ་གཟུགས་དེས་ཁོ་ལ་བརྙས་བཅོས་མང་དུ་བྱས་ཡོང་།  ཁོའི་འཆི་ལ་ཉེ་བའི་དུད་འགྲོ་ཞིག་གི་མིག་ཟུང་ལྟ་བུའི་མཐོང་ལམ་ནས་ནག་ཡོར་ཡོར་ངང་མངོན་ཏེ་ཡལ་རྒྱུ་མི་འདུག་ལ་ཇེ་ཆེར་གྱུར་ནས་མཐོང་ལམ་ཡུན་གྱིས་སྒྲིབ་ཡོང་།  ཁོ་ནི་དབང་བོའི་རྒྱུན་ཆད་ལ་ཉེ་བའི་མི་ཞིག་དང་འདྲ་བར་འཁྱར་འཁྱོར་གྱི་གོམ་པ་འགའ་ཨུ་ཚུགས་ཀྱིས་སྤོས་ན་ཡང་།   ལུས་པོ་འདི་རྡོ་ཕ་བོང་ཞིག་དང་འདྲ་བར་སྒུལ་མི་ཚུགས་པར་གྱུར།    ཁོའི་མཐོང་ལམ་ཡོད་ཚད་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་རིམ་གྱིས་གྲིབ་གཟུགས་དེས་ཡོངས་སུ་ཟིན་ཏེ་ནག་ཐོམ་མེར་བུད་སོང་།

མིག་གི་ཞེང་ལ་མི་ཤོང་བའི་སྟོང་སང་སང་གི་མུན་ནག་འདིའི་འཇིངས་སུ་ཁོ་ནི་བདག་མེད་དུ་རྒྱུ་བའི་རྣམ་ཤེས་བཞིན་རྒྱུ།   དེ་དུས་འཁྱགས་སིབ་སིབ་ཀྱི་གྲང་ངར་ཞིག་གིས་ཕྱིའི་ལྭ་བ་བརྟོལ་ནས་ནང་སེམས་སུ་ཕོག

“ཧྲག་་་་ཧྲག་་་་་ཧྲག”

ཁོས་དབང་མེད་དུ་ཡ་སོ་མ་སོར་རྡེབ་པའི་གྲང་འདར་ཞིག་རྒྱག་དགོས་བྱུང་།  དེ་ནི་ངོ་མ་བཟོད་བསྲན་དཀའ་བའི་གྲང་ངར་ཞིག་རེད།    ཁོས་ཅི་ལྟར་བསམ་བློ་བཏང་ཡང་མིག་གི་ཞེང་ལ་མི་ཤོང་བའི་མུན་ནག་གི་ཡུལ་ལྗོངས་ཆེན་པོ་འདི་ནི་འཇིག་རྟེན་མི་ཡུལ་རེད་ཅེས་ན་ཡིད་ཆེས་བྱེད་དཀའ་བ་ཞིག་རེད།     ཁོས་མུན་ནག་ཁོ་ན་གོས་སུ་གྱོན་པའི་དམུས་ལོང་གི་འཚོ་བ་མྱོང་དགོས་བྱུང་།  ཁོ་རང་ཉིད་ཀྱི་གྲིབ་གཟུགས་ལ་སུན་པོ་སྐྱེས་ཤིང་གྲིབ་མ་འདི་མིག་གི་ཞེང་ལ་ཤོང་དཀའ་བའི་མུན་ནག་ཡུག་གཅིག་ཏུ་གྱུར་བར་འཇིགས་སྣང་ཡང་དུས་གཅིག་ཏུ་བྱུང་།   མུན་ནག་གི་དབྱིངས་སུ་ཤུར་ཤུར་ལྡང་བའི་ལྷགས་རླུང་ནི་གཅན་གཟན་གྱི་མཆེ་སྡེར་བཞིན་ཤིན་ཏུ་གཙིགས།   ཁོས་མཐའ་དང་དབུས།  ཡང་ན་ཁ་དང་གཏིང་མི་རྙེད་པའི་མུག་ནག་གི་ཁྲོད་དུ་འཇིག་རྟེན་དཀར་ངོགས་ཀྱི་དགེ་མཚན་མང་པོ་ཞིག་རྟོགས་སོང་།   ཁོས་ཡང་ནས་ཡང་དུ་མིག་གི་ཞེང་ལ་མི་ཤོང་བའི་མུན་ནག་གི་ཡུལ་ལྗོངས་ཆེན་པོ་འདི་དང་བྲལ་བའི་གསོལ་བ་རྩེ་གཅིག་ཏུ་བཏབ།

མིག་གི་ཞེང་ལ་མི་ཤོང་བའི་མུན་ནག་གི་ཁྲོད་དུ་རྒྱ་ཁབ་ཀྱི་རྩེ་མོ་ལྟ་བུའི་འོད་ཐིག་ཅིག་གློ་བུར་ཏུ་ལྷུང་།ཁོས་འོད་ཐིག་སྙེག་སྟེ་སོང་སོང་མཐར།  འོད་ཐིག་དེ་ནི་རང་ཉིད་ཀྱི་བེམ་པོ་ཡིན་པ་ཤེས།

“ཨ       མ་གཞི   ”

ཁོ་ནི་ཧང་སངས་པར་གྱུར་ཏེ་གཞི་ནས་རང་ཉིད་འཇིག་རྟེན་མི་ཡུལ་དང་གྱེས་པར་དོགས་སྣང་སྐྱེས།   ཁོས་རང་ཉིད་ལ་རྐང་རྗེས་ཡོད་མེད་ལ་བརྟག་པར་བསམ་ནས་རང་ཉིད་ཀྱི་བེམ་པོ་ལས་འཕྲོས་པའི་འོད་ཀྱི་ཐིག་པ་ཞིག་གི་སྟེང་ལ་རྡོག་པས་བརྫས་ནའང་རྐང་རྗེས་མཐོང་ལམ་དུ་མངོན་པར་མ་གྱུར།  ཞིག་ནས་རང་ཉིད་ནི་རྣམ་ཤེས་ཤིག་ཡིན་པ་རྟོགས་ལ་མིག་གི་ཞེང་ལ་མི་ཤོང་བའི་མུན་ནག་འདི་ནི་འཕྲེང་ལམ་གང་ཞིག་ཡིན་མིན་ལའང་དོགས་སྣང་སྐྱེས།     ཙོག་པུར་བསྡད་དེ་མུན་ནག་གི་ཁྲོད་འཇིགས་སྣང་གི་ངུ་ཅོར་ཆེན་པོ་བརྒྱབ།

ཁོས་རང་ཉིད་ཀྱི་བེམ་པོ་མཐོང་བ་ན་འཇིག་རྟེན་འདི་ལ་ཞེན་ཆགས་ཀྱི་གཙང་བོ་ཆེན་པོ་སྔོ་ལྡེམ་མེར་འཁྱིལ།“འཇིག་རྟེན་འདིར་གྱེས་ཕྱག་འབུལ་སྐབས་རང་ཉིད་ལ་སྐྱེལ་མ་ཞུ་མཁན་ཞིག་ཀྱང་མེད་པ་བསམ་ན་དེ་ནི་ངོ་མ་ཞེན་སྣང་གི་སྐྱོ་གར་ཆེན་པོ་ཞིག་རེད་ཨང་། འདི་ལས་ལྷག་པའི་སྐྱོ་གར་ཞིག་གང་དུ་ཡོད་ཨང་”སྙམ།

གློ་བུར་ཏུ་ཐག་རིང་ནས་བྱ་རྒོད་མང་པོ་ཞིག་འཕུར་ཡོང་ནས་ཁོའི་བེམ་པོའི་སྟེང་གི་བར་སྣང་དུ་ལྡིང་སྐོར་རྒྱག   བེམ་པོ་བྱ་རྒོད་དེ་དག་གི་གྲིབ་མའི་འོག་ཏུ་མནན།

རྒོད་ཐང་དཀར་ཞིག་བེམ་པོའི་མཁྲིས་སུ་བབས་བྱུང་།   དེ་དང་བསྟུན་ནས་བྱ་རྒོད་མང་པོ་ཞིག་གཅིག་རྗེས་གཅིག་དེད་ཀྱིས་རང་ཉིད་ཀྱི་བེམ་པོའི་འདབས་སུ་བབས་ཏེ་ཤ་ཚིལ་དག་གཡས་འཐེན་གཡོན་འཐེན་བྱེད།   རང་ཉིད་ཀྱི་བེམ་པོ་ནི་བྱ་ཚོགས་དེའི་ཁྲོད་ན་ཅི་འདྲའི་ཉམ་ཆུང་བ་ལ།  ཁོར་ཕངས་སེམས་དང་ཞེན་ཆགས་ཆེན་པོ་ཞིག་སྐྱེས་ཏེ་བྱ་ཚོགས་དཀྲོག་པར་འདོད་ཀྱང་ངག་མི་འཁྲོལ་པར་གྱུར།  ལག་པ་མདུན་ཕྱོགས་སུ་ཅི་ལྟར་སྲིང་ན་ཡང་མདུན་ཕྱོགས་ཀྱི་བགྲོད་ལམ་ཆབ་རོམ་དུ་གྱུར།   བྱ་རྒོད་དག་འཕུར་བའི་ཤུལ་དུ་རང་ཉིད་ཀྱི་སྐྲ་དང་སེན་མོ་ཙམ་ལས་ཅི་ཡང་ལྷག་མི་འདུག    སེམས་ཀྱི་ཞེན་ཆགས་ཀྱི་ཐག་པ་རང་ཤུགས་སུ་ཆད་སོང་།

སྔར་གྱི་རྒོད་ཐང་དཀར་དེ་ཁོའི་མདུན་ཕྱོགས་སུ་བབས་ཏེ་ཁོའི་ཕྱོགས་སུ་བལྟས་ནས་འདུག     རྒོད་ཐང་དཀར་དེའི་གཤོག་པའི་སྟེང་ལ་ཉི་ཐིག་ཅིག་ཕོག    རྒོད་ཐང་དཀར་དེ་མུན་ནག་གི་ཡོ་དོང་དེའི་ཕ་མཐའ་སྙེག་ནས་འཕུར་ཏེ་ཇེ་ཆུང་ཇེ་ཆུང་དུ་གྱུར།   སྐྱ་ལོང་ལོང་དུ་མངོན་པའི་ཉི་ཟླ་ལ་སྐོར་བ་ཞིག་བརྒྱབ་རྗེས་རིམ་གྱིས་མི་མངོན་པར་གྱུར།

ཉི་ཟླའི་སྟེང་གི་རྗན་རྗིན་དང་ནག་ནོག་གི་གྲིབ་མ་དག་རིམ་གྱིས་ཡལ་ནས་ཉི་འོད་ཇེ་གསལ་དུ་གྱུར།བྱ་བྱེའུ་དང་འབ་འབུའི་སྐད་སྒྲ།  ཆུ་བཞུར་བའི་སྒྲ།    རླུང་གཡུགས་པའི་སྒྲ།   འབྲུག་གྲག་པའི་སྒྲ།   མེ་འབར་བའི་སྒྲ།   གཅན་གཟན་གྱི་ངར་སྐྲད།   དུད་འགྲོའི་ངུར་སྐད།  འབའ་སྐད།   འཚེར་སྐད་སོགས་ཁོའི་རྣ་ལམ་དུ་གྲག་བྱུང་།   ཁོས་ཉན་གྱིན་ཉན་གྱིན་སྒྲ་དེ་དག་གི་བརྗོད་དོན་རྟོགས་པར་གྱུར།   རྩྭ་དང་རྩྭི་ཤིང་གི་གླེང་མོལ།མེ་ཏོག་གི་དྲི་བསུང་དང་རླུང་བུའི་གླེང་མོལ་དག་ཀྱང་ཐོས།  གཞན་རྡོ་དང་བྲག་སོགས་ཀྱི་སྐད་ཀྱང་གོ་ཐུབ་པར་གྱུར།

ཁོ་འཁྱམ་གྱིན་འཁྱམ་གྱིན་གཙང་བོ་ཞིག་གི་འགྲམ་གྱི་མེ་ཏོག་གི་ཚལ་དུ་བསླེབས།  རྩྭ་རྩྭི་ཤིང་གི་སྐད་སྒྲ་འུར་འུར་གྲག་པའི་ཁྲོད་རི་སྐྱེས་མེ་ཏོག་ཅིག་གིས་ཁོ་ལ“མི་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན།  ང་ཚོ་མེ་ཏོག་གི་རིགས་གང་འདོད་དུ་བཏོག  ངའི་དགའ་མ་ཡང་ཁོ་ཚོས་བཏོག་ནས་མེ་ཏོག་བུམ་པར་བཙུགས་ཏེ་ངན་གསོད་བྱས་སོང་”སྐད།

གཙང་བོ་ཞིག་གི་འགྲམ་དུ་བསླེབས་དལ་གྱིས་རྒྱུ་བའི་གཙང་བོ་དེས་ཀྱང་ཁོ་ལ“མི་རྣམས་ཀྱིས་འགོ་ཁུངས་གངས་ལ་ཐུག་ཡོད་པའི་ང་ཚོའི་རིགས་རྒྱུད་ཁ་ཁར་བཅད་ཅིང་སོ་སོར་བཀར།   དུམ་བུར་གཏུབ་སོང་”ཟེར།

གཙང་བོ་དེའི་འགྲམ་གྱི་སྡོང་རྒན་སྐམ་པོ་དེས་“སྔོན་གྱི་དུས་སུ་ང་ཚོ་ཡང་སའི་གོ་ལ་འདིར་རང་ཚུགས་ཐུབ་པར་གནས་པའི་ལྗོན་ཤིང་གི་རིགས་ཡིན།   དེ་དུས་སུ་སའི་གོ་ལ་འདིར་མི་ཞེས་པ་ཞིག་གྲུབ་མེད་ལ་གཙོ་ཆེར་ང་ཚོ་ལྗོན་ཤིང་གིས་བཟུང་ཡོད།   ང་ཚོའི་ཡར་སྔོན་དུ་ཐོག་མར་རིགས་ཆེན་པོ་བཞིས་འཇིག་རྟེན་འདི་བདག་ཏུ་བཟུང་ཡོད།  དེ་ནི་ས་རིགས་དང་ཆུ་རིགས།   མེ་རིགས་རླུང་རིགས་བཅས་ཡིན།  རིམ་གྱིས་དེ་དག་ནང་ཕན་ཚུན་མ་འཆམ་པར་འཁྲུག་པ་བྱུང་ནས་རླུང་གི་རིགས་ཀྱིས་འཇིག་རྟེན་འདི་དབང་དུ་བསྡུས།  དེ་རྗེས་སུ་ཆུ་དང་ས།ལྗོན་ཤིང་།  མེ།   ཉ།  གཏུམ་འབྲུག  ཆབ་རོམ།  གཅན་གཟན།   མིའི་རིགས་བཅས་ཀྱིས་རིམ་པ་བཞིན་འཇིག་རྟེན་ལ་དབང་བསྒྱུར་བ་རེད།        ད་ནས་མི་རིང་བར་ང་ཚོ་ལྗོན་ཤིང་གི་རིགས་དང་མིའི་རིགས་གཙོ་བྱས་ནས་རིགས་མང་པོ་ཞིག་གི་རྒྱུད་ཆད་ནས་གོ་ལ་འདི་ས་ཆུ་མེ་རླུང་གི་གཡུལ་ས་ཞིག་ཏུ་འགྱུར་ངེས།

ངོ་མ་བཤད་ན་མིའི་རིགས་ནི་གོ་ལ་འདིའི་སྟེང་དུ་གྲུབ་ནས་འཚོ་བའི་ལོ་རྒྱུས་ནི་རིགས་གཞན་དག་དང་བསྡུར་ན་ཤིན་ཏུ་ཐུང་།   དེ་ནི་རྒྱུད་ཆད་ཟིན་པའི་གཏུམ་འབྲུག་འཚོ་གནས་བྱས་པའི་ལོ་རྒྱུས་དང་བསྡུར་ན།བསྡུར་ཚད་ནི་ཚེ་ལོ་བརྒྱ་བའི་མི་ཞིག་གི་ཚེ་ཚད་ལས་མིའི་རིགས་ཀྱི་ལོ་རྒྱུས་ནི་ཉིན་ཁ་ཤས་དང་འདྲ།  ཡིན་པའང་མིའི་རིགས་ཀྱིས་སའི་གོ་ལར་བཞག་པའི་ནག་ཉེས་ནི་རབ་ཏུ་ལྕི།  ཁོ་ཚོས་ལྗང་མདོག་གི་གོ་ལ་འདི་འདོད་ཧམ་དང་སྒེར་སེམས་ཆེ་བའི་མུན་ནག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་བྱུང”ཞེས་ཟེར།

ཁོ་རང་གཙང་བོ་དེའི་འགྲམ་དུ་འགྲེང་འདུག   འགྱོད་གདུང་དང་གདུང་སེམས་མཉམ་བསྐྱེད་ཀྱིས་གཙང་བོ་ལ་དགོངས་དག་ཞུས།   ལྗོན་ཤིང་དང་རི་དྭགས་རིགས་ལ་དགོངས་དག་ཞུས།    ཁ་བ་དང་རླུང་ལ་དགོངས་དག་ཞུས།

ཁོའི་མིག་ཀོང་བརླན་གྱིས་ཟིན་ཡོང་ནས་མཆུ་མ་རྡོག་གཅིག་མཁུར་འགོ་བརྒྱུད་ནས་ས་རུ་འཛག   ས་རུ་འཛག་པའི་མཆུ་མ་དེ་ལས་ཝུ་བ་འཕྱུར་བྱུང་།  མཚམས་མཚམས་སུ་དེ་ནི་ཆང་ཕོར་ཁའི་ཝུ་བ་དང་འདྲ་ལ་ལན་རེར་མཁའ་ན་རྒྱུ་བའི་སྤྲིན་པ་མགོ་འཁོར་ཞིག་དང་འདྲ།   ཝུ་བ་སྤྲིན་པ་ལ་འདྲེས་ཤིང་དེ་ནི་སྐྱ་རེངས་སུ་གྱུར་ཏེ་མིག་གི་ཞེང་ལ་མི་ཤོང་བའི་མུན་ནག་གི་ཡུལ་ལྗོངས་ཆེན་པོ་འདི་འོད་ཀྱིས་ཇེ་གསལ་ནས་ཇེ་གསལ་དུ་བཏང་།  ཆང་དྲི་དང་སྐྱུར་དྲི་ཁ་བོ་ཞིག་ཀྱང་རིམ་གྱིས་མཆེད་ཡོང་།

ཁོའི་མཐོང་ལམ་དུ་ཐོག་མར་ཡར་འགྲོ་མར་བྱེད་པའི་མི་ཚོགས་ཀྱི་རྡོག་མགོ་དག་མངོན་བྱུང་།   ཁོའི་མགོ་གཟེར་ཏེ་ཡར་འགྱོག་མ་ཐུབ།  ཡག་བཙོག་དང་རིན་ཐང་མི་འདྲ་བའི་ལྷམ་དེ་དག་མིག་མདུན་ནས་རྒྱུ་བ་ལ་བལྟས་ནས་མི་འགུལ་བར་འདུག   ཁོའི་གཡས་གཡོན་དུ་ཝུ་ཆང་གི་དམ་བུ་གང་ས་གང་དུ་གཡུགས་འདུག དེ་ནི་གཡུལ་སར་གཡས་འགྱེལ་གཡོན་འགྱེལ་དུ་ཤི་བའི་ཕམ་ཁ་བྱུང་བའི་དམག་དཔུང་ཞིག་དང་འདྲ།   ཁོའི་སེམས་སུ་འགྱོད་གདུང་ཞིག་ངང་གིས་སྐྱེས་བྱུང་།

ཁོས་དྲན་པ་ཕྱོགས་གཅིག་ཏུ་བསྡུས་ཚེ་ད་གཟོད་མདང་དགོང་གི་དོན་དག་རྣམས་ཡིད་ལ་དྲན་བྱུང་།   ཆང་གི་དམ་བུ་འདི་དག་མདང་དགོང་གྲལ་བསྒྲིགས་པའི་རུ་དཔུང་ཞིག་དང་འདྲ་ལ།  རང་ཉིད་ནི་དེ་དག་མདུན་གྱི་དམག་དཔོན་ཆེན་པོ་ཞིག་དང་འདྲ་བར་སྐད་གསེང་མཐོན་པོས་ཆང་ཁང་དེ་རུ་སྐད་ཅོར་སྣ་ཚོགས་བརྒྱབ་པ་དྲན་བྱུང་།  ཡིན་ན་ཡང་སྲང་ལམ་འདིར་ཅི་ལྟར་སླེབས་པ་ཅི་བྱས་ཀྱང་ཡིད་ལ་འཁོར་མ་ཐུབ།

སྲང་ལམ་དེ་རུ་ཡར་མར་བགྲོད་པའི་ལམ་འགྲོ་བ་ཧ་ཅང་མང་།

“སྲང་ལམ་དེ་ན་མི་ཞིག་ཉལ་འདུག”

“ཆང་འཐུང་ཞིག་རེད ”

“ ཁོ་ནི་ད་ལོར་སློབ་ཆེན་མཐར་ཕྱིན་པའི་སློབ་མ་ཞིག་རེད། ”

“ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མ་འཇོག་ཟེར་མ་ཡིན་ནམ།   སློབ་མ་འདི་ཚོས་སློབ་གྲྭར་སོང་ནས་དོན་ངོ་མར་ཅི་ཞིག་སྦྱངས་པ་རེད…”

“འོ་ལེ།   ཕེས………”

“………”

ཁོས་ལམ་འགྲམ་གྱི་སྐད་སྒྲ་དེ་དག་ཐོས།    དེ་རྗེས“ཁྱེད་ཚོ་ཡོད་པས་རང་བྱུང་ཁམས་ལ་གོད་ཆག་བྱུང་བ་རེད”ཅེས་ཟེར་བར་འདོད་ཀྱང་ཁོའི་མགོ་བོ་ནི་སའི་གོ་ལའི་འཐེན་ཤུགས་ཀྱིས་ཤུགས་ཀྱིས་འཐེན་ཡོད་པའི་རྡོ་ཕ་བོང་ཞིག་དང་འདྲ་བར་ཡར་འགྱོག་ཐབས་བྲལ།   ཁོ་རང་མི་ཚོགས་འདི་ལ་སུན་སྣང་ཆེན་པོ་ཞིག་སྐྱེས།ཁོས“འཇིག་རྟེན་དང་མི།   ཤོག་དཀར་དང་ནག་ཐིགས།”ཞེས་ཁྲེལ་དགོད་བྱེད་བཞིན་སྙན་ངག་འདི་ངག་ནས་ཟློ་ཙམ་བྱས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2098