ཐ་མག་དང་ཁེར་རྐྱང་། ད་དུང་ཁྱེད།

སྒོ་རང་གྲོལ།

 

དོ་ནུབ་ང་ཁེར་མ་ཡིན། ད་ལྟ་ང་ཁེར་རྐྱང་ལ་མོས།

ཁྱེད་ཀྱི་བཅའ་དངོས་ཁ་ཤས་ད་དུང་ངའི་ཁྱིམ་དུ་འདུག འདི་དག་ལོ་ངོ་བཞིའི་ཡར་སྔོན་ཞིག་ལ་ཁྱེད་ཀྱིས་ངའི་ཁྱིམ་དུ་བསྐྱུར་ནས་སོང་བ་རེད། སྐབས་དེའི་ངའི་ཁྱིམ་ནི་ད་ལྟའི་ངའི་ཁྱིམ་འདི་མ་རེད། ཁྱེད་རང་ཁྱིམ་འདིར་ཐོན་མྱོང་མེད། ད་ལྟའི་ངའི་ཁྱིམ་འདི་ཁྱེད་ཀྱིས་ཅི་ལྟ་བུ་ཞིག་ཡིན་ཡང་མི་ཤེས། འོན་ཀྱང་། ཁྱེད་ཀྱིས་བཅའ་དངོས་འདི་དག་མཐོང་ན་དེ་ནི་ཁྱེད་ཀྱི་ཡིན་པ་ཤེས་ངེས་རེད། བཅའ་དངོས་འདི་དག་ལ་རྙིང་ཞད་ཅི་ཡང་མི་འདུག ཁྱེད་ཀྱིས་བསྐྱུར་ནས་འགྲོ་སྐབས་དང་ཨ་ན་མ་ན་རེད། འདི་དག་ལ་ཕལ་ཆེར་རྙིང་རྒྱུ་ཡང་མེད་པ་འདྲ།

ཐ་མག་ཀྱང་རྐང་གཅིག་ལས་ལྷག་མི་འདུག

ཁྱེད་ཀྱིས་ངས་ཐ་མག་འཐེན་གྱི་ཡོད་པ་ཤེས་མི་སྲིད། ངའི་ཡར་སྔོན་གྱི་ཁྱིམ་ནས་ངས་ཐ་མག་ཁམ་གང་ཡང་འཐེན་མྱོང་མེད། ད་སྐབས་ངས་ནག་ཉེས་ཤིག་བཟོས་པ་ནི། ཁྱེད་ཀྱིས་བསྐྱུར་ནས་སོང་བའི་བཅའ་དངོས་འདི་དག་ཐ་མག་གི་དྲི་མས་ཁེངས་སུ་བཅུག་པ་དེ་རེད།

ཁེར་རྐྱང་གི་ལོ་ཟླ་རིང་མོར། བདག་དང་ཆེས་ཐག་ཉེ་བ་ནི་ཁྱེད་ཀྱི་བཅའ་དངོས་འདི་དག་ལས་གཞན་ཐ་མག་གཅིག་པུ་རེད། ངས་ཁྱེད་ཀྱི་བཅའ་དངོས་དག་ལ་མིག་གིས་བཤེར་ཐེངས་རེར། ཐ་མག་རྐང་རེ་ལག་ཏུ་ཐོགས་ཡོད་ངེས་ལ། དང་ཐོག་ཁེར་རྐྱང་གི་སེམས་པ་སྨྲེང་དྲགས་པ་འདྲ་བས། ངས་ཐ་མག་ཤེད་ཀྱིས་བརྔུབས་པ་ཡིན་ལ་མཚམས་ཚིགས་ཅི་ཡང་མེད་པར་བརྔུབས་པ་ཡིན། ད་ལྟ་སྔོན་དང་ཅུང་མི་འདྲ།

ད་ལྟ་ངས་ཁྱེད་ཀྱི་བཅའ་དངོས་དག་ལ་བལྟ་ཐེངས་རེར། ཐ་མག་རྐང་རེ་སྒམ་ནས་ལེན་པ་གཏན་ཁེལ་ཡིན་ཡང་། ཞེ་ལྷོད་ལ་བབས་ནས་དལ་མོར་འཇིབ་ན་དེ་ནི་ལོངས་སྤྱོད་ཆུང་ངུ་ཞིག་ཏུ་གྱུར་འདུག་པ་འདྲ། བཅའ་དངོས་དེ་དག་ལ་ལྟ་བཞིན་ལྟ་བཞིན་ཕྱིར་དྲན་མང་པོ་ཞིག་ཀྱང་། ཐ་མག་རྔུབ་པ་དང་གཏོང་བའི་འགྲོས་ལྟར། སེམས་སུ་ག་ལེར་འབབ་ཏུ་བཅུག་ན་དེ་ནི་དངོས་གནས་སྐྱིད་པོ་ཞེ་དྲག་རེད།

དང་ཐོག་ཐ་མག་ཤེད་ཀྱིས་རྔུབ་ཐེངས་རེར། སེམས་ནི་ག་ཤེད་དུ་བཅུག་ནས་དུ་བས་འཚུབ་དུ་བཅུག་པ་བཞིན་དབུགས་ཀྱང་ཧལ་ཧལ་བྱེད། ད་ལྟ་དུ་བ་རྔུབ་པ་ཁོ་ནའི་སྟེང་ནས་ཀྱང་རང་གི་སེམས་ཁམས་དང་བསམ་བློའི་འགྱུར་བ་མང་ཙམ་རྟོགས་ཐུབ་པ་འདྲ།

ད་ལྟ་བསམ་ན། ཁྱེད་རང་དངོས་གནས་བདག་གི་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་མི་ཞིག་ཏུ་གྱུར་འདུག ཁྱེད་དང་ཁ་ཐག་རིང་དུ་འགྲོ་བ་ཡང་སླ་མོ་ཞིག་མིན་པར་དེ་ནི་བརྒྱུད་རིམ་རིང་པོ་ཞིག་རེད། ཁྱེད་དང་འཕྲད་པས། ངས་ཕྱིར་དྲན་འགངས་ཆེན་མང་པོ་ཞིག་བསགས་འདུག

ངས་རང་གི་བྱིས་བློ་ལྟ་བུའི་ནང་སེམས་སློག་ཐེངས་རེར་འདི་ལྟར་བསམ་གྱི་འདུག གལ་ཏེ་ང་རང་ཁྱེད་དང་གཏན་དུ་གྱེས་ན་ང་བུ་མོ་གཞན་ཞིག་དང་འཕྲད་པ་ལས་སླ་ཡང་། ང་ལ་བློ་ཐག་རྦད་ཆོད་ཟེར་བ་དེ་ལར་ནས་ཡོང་རྒྱུ་མི་འདུག་པས། ངས་ཡུན་རིང་དུ་ཐ་མག་དང་ནང་སེམས་བརྗེ་རེས་བྱས་པ་ལས་གཞན་སུ་གང་དང་འབྲེལ་བ་མ་བྱུང་ལ། འབྲེལ་བ་བྱུང་ཐབས་ཀྱང་མ་བྱས། དེ་བས་ཐ་མག་དང་ངེད་གཉིས་བར་ལ་ད་ལྟ་འབྲལ་དུ་མེད་པའི་འབྲེལ་བ་ཞིག་ཆགས་འདུག་པ་འདྲ།

སྤྱིར་ཐ་མག་གི་ངོ་བོ་ནི་བཤད་དཀའ་བ་ཞིག་འདུག དེ་ནི་སྐྱོན་གྱི་རང་བཞིན་ཞིག་རེད། ཆེས་ཚབས་ཆེ་བའི་སྐྲན་ངན་གྱི་རིགས་སྐྱེད་ཅིང་། གློ་བའི་བྱེད་ནུས་ཉམས་པར་འགྱུར་བ་དང་རིམས་འགོག་མ་ལག་ལ་གཏོར་བརླག་ཐེབས་པ་སོགས་སྐྱོན་མང་བ་ཕལ་ཆེར་བགྲང་གིས་མི་ལང་བའི་ཚད་ཙམ་བཤད་རྒྱུ་འདུག་ལ། དེ་དག་ཚང་མ་བདེན་པ་ཡང་ཡིན་པར་འདུག

ང་ལ་མཚོན་ན། ནང་སེམས་གཉོམ་པའི་སྐབས་སུ་དང་། བསམ་གཞིག་གི་རྒྱ་རུ་ཚུད་པའི་དུས་སུ་ཐ་མག་ལ་ནང་སེམས་ཁེན་པ་ཡིན་པས། རིམ་གྱིས་དེ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་སོང་ཤས་ཆེ། མི་མང་པོ་ཡང་ང་དང་འདྲ་བར་ཐ་མག་ལ་མོས་པར་གྱུར་བ་ཡིན་སྲིད་དམ།

ལ་ལས་ཁ་ལག་ཟོས་རྒྱབ་ཐ་མག་འཐེན་ན་དེས་བདེ་སྣང་ཞིག་ཁྱེར་ཡོང་ཟེར། ལ་ལས་ལས་ཀ་དཀའ་དུས་ཐ་མག་བསྟེན་ན་ངལ་གསོ་ཡག་པོ་ཐོབ་ཟེར། ཡང་འགའ་རེས་ཉིན་རེར་ཐེངས་ཁ་ཤས་མ་འཐེན་ན་འདུག་མི་ཐུབ་ཟེར་བ་དང་། ཉིན་རེར་སྒམ་གང་གིས་མི་འདང་གི་ཟེར་བ། སྣམ་ཕྱིང་དུ་འགྲོ་དུས་ཐ་མག་གིས་སྐྱག་དྲི་གནོན་ཐུབ་ཟེར་བ་སོགས་སྐྱོན་གྱི་རང་གཞིར་གྲུབ་པའི་ཐ་མག་ཀྱང་གཏོང་མི་ཐུབ་པའི་མི་བུ་ཅི་འདྲའི་མང་པོ་ཞིག་ཡོད་ལ། དེ་ཡང་བགྲང་གིས་མི་ལང་ངོ།།

 

༢༠༢༢ལོའི་ཟླ༡༡པའི་ཚེས༢༩ཉིན་ཏྲེ་ཧོར་ནས་བྲིས།


ཡིག་རིས་ཀྱི་ཁེར་རྐྱང་།

 

 

ཕ་ཡུལ་གྱི་རོང་ཕྱོགས་ཀྱི་ཨ་ནེ་ཞིག་གིས་རང་གི་བུ་ཕྲུག་སློབ་གྲྭར་བསྐྱལ། དགེ་རྒན་གྱིས་ཁྱེད་ཚང་གི་ཞི་ལུ་བོད་ཡིག་འཛིན་གྲྭའམ་རྒྱ་ཡིག་འཛིན་གྲྭ་གང་དུ་འཇོག ལོ་ཁ་ཤས་ནས་བོད་སྐད་ཡིག་བསླབ་བྱ་ཕལ་བའི་གྲས་སུ་འཕུད་རྒྱུ་རེད་ཅེས་པར། ཨ་ནེས་བོད་ཡིག་འཛིན་གྲྭར་ཞོག ཉིན་མ་བདུན་ལས་བོད་ཡིག་སློབ་རྒྱུ་མེད་ཀྱང་བོད་ཡིག་འཛིན་གྲྭར་འཇོག་རྒྱུ་ཡིན། ཆེན་པོ་མི་ཤེས་ཀྱང་། ཁ་ཏོན་ཉུང་ཉུང་རེ་ཤེས་པར་ཡང་དགོས་པ་ཡོད་ངེས་ཞེས་ཞུས།

སློབ་གྲྭའི་བོད་རིགས་དགེ་རྒན་དང་བོད་ཡིག་དགེ་རྒན་ཚོས་ནམ་རྒྱུན་བུ་ཕྲུག་གི་མདུན་ལམ་གྱི་ཕྱོགས་ནས་ལབ་གླེང་འདྲ་མིན་བྱེད། ཁོང་ཚོས་ད་ལྟ་བོད་ཡིག་སྦྱང་མ་སྦྱང་མི་འདུག ངོ་མ། གོ་མི་ཆོད་གི་ཟེར། ངས་གོ་ཆོད་མི་ཆོད་ཟེར་བ་དེ་ཁ་གསོ་ཙམ་ལ་ཟེར་བ་མིན་ཞུས་ཀྱང་། ཁོ་ཚོས་ཡག་སྣང་གིས་ང་དང་རྩོད་པ་བཀྱེ། ཡིད་སྐྱོ་པོ་ཆགས་ཀྱང་། ངས་ཁ་མཚར་གྱིས་ང་རང་ཡིད་ཆེས་བརྟན་པོ་འདུག ཁྱེད་ཚོས་རང་གི་བུ་ཕྲུག་བོད་ཡིག་འཛིན་གྲྭར་མི་མངག་ཁོ་ཐག་རེད་ཅེས་པར། མི་མངག་ཤག་ཤག་ཡིན། བོད་ཡིག་གཅིག་ཀྱང་སློབ་ཏུ་འཇུག་རྒྱུ་མིན་ཞེས་ག་ཞ་ལྟ་བུ་བྱེད།

བུད་མེད་དགེ་རྒན་ཞིག་གིས་ངས་ནི་རང་ཁ་སོས་ནས་སྒོར་མོ་མང་ཙམ་བསོག་ཐུབ་པ་དང་། ཁྱིམ་དུ་ན་ཚ་ཞིག་ཡོང་ན་སྨན་པར་སྟོན་བྱེད་སྒོར་མོ་ཡོད་ན་དེས་ཆོག བོད་སྐད་བོད་ཡིག་ཟེར་བའི་ས་མི་ཟིན་པ་དག་བཤད་ནས་ཅི་བྱ་ཟེར།

ད་ལྟ། གོང་གི་སྐད་ཆ་དང་ཆ་མཚུངས་པ་མང་པོ་ཞིག་མང་པོ་ཞིག་གི་སེམས་སུ་ཆེས་ཡིད་ལ་འབབ་པའི་སངས་རྒྱས་ཀྱི་གསུང་ལྟ་བུར་ཆགས་འདུག་པ་འདྲ།

གང་ལྟར། ངས་ཐབས་ལམ་ཅི་འདྲའི་སྒོ་ནས་ལབ་ཀྱང་། ཁོང་ཚོའི“ཨ་འབྱོག་རྣ་བ་མ་དགོས། ལྭ་བའི་ཕུ་རུང་ནང་དུ་ཡང་མི་འགྲོ”ཁོ་ཐག་རེད། མདོར་དེད་ན། ང་ནི“མིར་ཁ་ཏ་བྱེད་མཁན་དང་། རྟ་ཁ་ལོ་བཏུལ་མཁན”དེ་རེད་མི་འདུག

སློབ་གྲྭར་འཕྲིན་ཕྲན་གྱི་ལས་དོན་ཚོགས་པ་ཞིག་ཡོད། བརྡ་ཡིག་ཚང་མ་རྒྱ་ཡིག་གི་ལམ་ནས་སྐུར་ཅིང་དེའི་ལན་དུ་ཡང་རྒྱ་ཡིག་རྫོགས་མེད་སྐུར། ངས་ནམ་རྒྱུན་收到ཡི་ཚབ་ཏུ་“ལགས་སོ།།收到”ཞེས་རྒྱ་བོད་སྦྲགས་མའི་ཚུལ་ཏུ་བསྐུར་ཀྱང་། ལགས་སོ་ཞེས་པའི་ཡིག་འབྲུ་གཉིས་ནི་རྒྱ་སྲང་གི་བོད་པ་སློང་མོ་བ་ཞིག་གམ། ཡང་ན་情商དམའ་བའི་ང་རང་དང་ཤིན་ཏུ་མཚུངས།

ལགས་སོ་ལྟ་བུའི་ཡིག་འབྲུ་དེ་ཚོའི་ཐད་ནས། ཁ་ཉེ་ཐག་ཉེའི་མི་མང་པོ་ཞིག་གིས་རང་ལ་འདི་འདྲ་ཞིག་མི་ཟེར་བའི་ངེས་པ་མེད་དེ། དེ་ནི“ཡར་མཐོ་གང་མི་འཇོག་པར། མར་འདོམ་གང་འཐེན”ཞེས་པ་དེའོ།།

བག་ཆགས་རིགས་ཤིག་གམ། ཆགས་སྡང་གི་ངོ་བོ་གང་རུང་དེས། ང་རང་སྡུག་ལ་སྦྱར། ཡིན་ན་ཡང་། དེ་ལ་ལབ་རིན་གང་ཡང་མི་འདུག

གཙོ་བོ་ངས་ཡིག་འབྲུ་དེ་དག་ཅིའི་ཕྱིར་མངགས་དགོས་པ་རེད། དེ་ཚོས་ཆ་འཕྲིན་ཞིག་གམ། སྐད་སྐུར་གང་ཞིག་ཁྱེར་འགྲོའམ། ཅི་ཞིག་ཁུར་འོང་སྲིད་དམ། ངས་མ་མངག་ན་ཅི་ཞིག་ཆད་འགྲོ། གང་ལྟར། བསམ་བློ་ཐེངས་གཅིག་མི་གཏོང་བར་སྐད་ཆ་ཚིག་གཅིག་མི་བཤད་པར་འདུག་ཐུབ་པ་ཞིག་མ་རེད། ངས་ཚ་གཟེར་ན་གཟེར་སྲོན་སྲོན་བྱས་ཀྱང་། མཚམས་རེར་དེའི་སྐོར་ནས་སྐད་ཆ་ཁ་ཤས་ཐལ་འགྲོ།

“གཅིག་ལ་མི་འགྲིག་གཞན་གྱི་སྐྱོན། ཀུན་དང་མི་འགྲིག་རང་གི་སྐྱོན།” འདིའི་ཕྱོགས་ནས་ང་རང་མི་མང་པོ་ཞིག་ལ་འགྲིག་ཐབས་མེད་པས། ང་རང་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་འདྲ། མི་འགྲིག་ཟེར་ན་ཡང་། རྒྱག་རེས་གསོད་རེས་བྱེད་པ་དང་ཐག་ཤིན་ཏུ་རིང་། གཙོ་བོ་ནང་སེམས་སུ་ཆུ་འཁྱག་ཕོར་གང་བླུགས་པ་ལྟ་བུའི་སེམས་ཀྱི་བར་ཐག་ཞིག་གིས་ང་རང་མང་པོ་ཞིག་དང་ཁད་རིང་གིས་ཕྱེ་འགྲོ་བ་འདྲ། “ཆུ་ཆེན་འབྲི་ཆུ་རྫ་ཆུ་ཆེ། དྲིན་ཆེ་བ་རི་སྐེད་རྫིང་བུ་ཆེ”ཟེར་བ་ཞིག་ཀྱང་ཡོད།

ངའི་སེམས་ནང་ཞིག་ལ་འདི་འདྲ་ཞིག་འདོད། བོད་ཡིག་གི་ཡིག་འབྲུ་དེ་དག་རེ་རེ་ལ། གཟུགས་ཤིག་ཡོད་པར་མ་ཟད་ཁོ་ཚོས་གཟབ་མཆོར་ཡང་སྤྲས་ཤེས་ཀྱི་འདུག ཡང་། དེ་དག་ལ་གདངས་ཤིག་ཀྱང་ཡོད་པ་འདྲ་སྟེ། ཁོ་ཚོས་གཞས་ཀྱང་བླངས་ནས་འོང་། ཁོ་ཚོར་མིག་དང་རྣ་བའི་དབང་བོ་སོགས་ཀྱང་ཡོད་པ་འདྲ་སྟེ། འདས་མ་འོངས་གང་རུང་གི་ལོ་རྒྱུས་ཤིག་དེ་དག་གིས་བཙལ་ནས་ང་ལ་སྟོན་ཅིང་བཤད་ཡོང་བ་འདྲ། དེ་དག་ལ་རྣམ་ཤེས་ཀྱང་ལོས་ཡོད་འདོད་དེ། མཚམས་རེར་ངེད་ཅག་གི་རྣམ་ཤེས་ངོ་བོ་གཅིག་ཏུ་འདྲེས་ནས་དེ་དག་གིས་ང་མི་གཏོང་ཞིང་། བདག་གིས་ཀྱང་དེ་དག་གཏན་ནས་གཏོང་མི་ཐུབ།

གང་ལྟར། དུས་ཚོད་འདི་འདྲ་ཞིག་ལ། འདུ་ཤེས་གཏིང་ནས་ཉམས་པར་གྱུར་བ་ནི་འཇིགས་སུ་རུང་བ་ཞིག་རེད། དུས་ཚོད་གང་འདྲ་ཞིག་ཟེར་ན་ནི་འདི་འདྲ་ཞིག་སྟེ། འཛམ་གླིང་གི་སྒང་འདིར་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་རབས་ཤིག་ཤར་དུས་དང་། མི་རིགས་ཀྱི་དེ་ནི་རྒྱལ་ཁབ་ཀྱི་ཡིན་ཞེས་པའི་སྲིད་ཇུས་བཟང་པོའི་དུས་འདི་འདྲ་ཞིག་ཟེར་བ་ཡིན་ནོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2092