གསུང་རབ་གླིང་གི་ཐོག་མའི་བྱུང་བ་དང་འཕེལ་རིམ།

གསུང་རབ་གླིང་ཞེས་མཚན་འདི་ཐོས་མ་ཐག་བཤད་གྲྭ་ཞིག་ལོས་ཡིན་སྙམ་པ་ལྟར་མདོ་སྔགས་ཀྱི་གསུང་རབ་ལ་ཆེད་སྦྱང་གནང་ཡུལ་གྱི་ཆོས་གྲྭ་ཞིག་སྟེ། ཟ་དམ་ཉིན་བྱེད་གླིང་དང་། གཡུང་འོག་མིན་གླིང་། གསུང་རབ་གླིང་ཞེས་གྲགས་ཆེ་བའི་མཚན་ཉིད་ཀྱི་གྲྭ་སའི་གྲས་སུ་བཞུགས། འདིའི་མཚན་ལ། རྣམ་ཐར་ཁག་ཏུ་གསུང་རབ་གླིང་ཞེས་པ་ལས་གཞན་མི་འབྱུང་ཡང་གཞན་གྱི་འབོད་ཚུལ་གྱི་དབང་དུ་བྱས་ན། བཀའ་དགོན་གསུང་རབ་གླིང་དང་། ཀརྨ་གསུང་རབ་གླིང་། གཙང་གི་གསུང་རབ་གླིང་སོགས་མཆིས། འདི་ཉིད་རྗེ་བཙུན་མི་བསྐྱོད་རྡོ་རྗེས་དགུང་གྲངས་ཞེ་བཞི་པ་རབ་བྱུང་དགུ་པའི་ལྕགས་ཁྱི་སྤྱི་ལོ་༡༥༥༠ལོར་དབུ་བཙུགས་ཤིང་། སྤྱི་ལོ་༡༥༥༢ལོར་བཤད་གྲྭ་དངོས་སུ་བཙུགས་ཏེ་ཁོང་གི་སློབ་མ་ཚ་བ་རབ་འབྱམས་པ་ཀརྨ་ཕྲིན་ལས་སློབ་དཔོན་དུ་བསྐོས་ཡོད་པར་ཁོང་གི་རྣམ་ཐར་ལས། ཁྱི་ལོའི་(༡༥༥༠)སྨོན་ལམ་མཛད། གསུང་རབ་གླིང་གི་གྲྭ་ཚང་བཙུགས། ཞེས་དང་། བྱི་ལོའི་(༡༥༥༢)ལོ་སར་ལ་ཞེས་པ་ནས། སྐབས་དེར་གསུང་རབ་གླིང་འཛུགས་རྒྱུ་གྲྭ་ཚང་བསྒྲིགས། ཚ་བ་རབ་འབྱམས་པ་ཀརྨ་ཕྲིན་ལས་ཆོས་འཆད་པར་བསྐོས། ཞེས་འབྱུང་ཞིང་།

དེ་ནས་རྗེ་དགུ་པ་ཐེངས་མང་ཕེབས་ཏེ་བདག་སྐྱོང་གནང་ཡོད་པ་དང་། མཐར་སྐུ་མྱ་ངན་ལས་འདའ་ས་ཡང་ཆོས་གྲྭ་དེར་ཡིན་པར་དབང་ཕྱུག་རྡོ་རྗེའི་རྣམ་ཐར་དུ། སྐུ་མདུན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབུལ་བསྙེན་དཔག་མེད་བགྱིས་ཤིང་། གསུང་རབ་གླིང་དགོན་དུ་ཡོས་(༡༥༦༧)ལོའི་ལོ་གསར་དང་སྨོན་ལམ་མཛད་དེ། ཞེས་དང་། གསུང་རབ་གླིང་དུ་ཕེབས་ནས་ལོ་མཇུག་སྐུ་རིམ་དང་ལྕགས་སྦྲུལ་(༡༥༨༡)ལོ་སར་གནང་། ཞེས་དང་། གསུང་རབ་གླིང་དུ་སྤྱན་དྲངས་ཏེ་གཞི་ལེན་གྱི་དཀར་དྲོ་ཞུས། ཞེས་དང་། གཞན་ཡང་གསུང་གླིང་སོགས་ཉེ་སྐོར་སྡེ་དགོན་མང་པོས་འབུལ་བསྙེན་ཅི་རིགས་པ་བསྒྲུབས། གསུང་རབ་གླིང་དུ་གན་དྷོ་ལའི་རྟེན་བཤམ་གནང་སྟེ་གཞི་བྱེས་དགེ་འདུན་རྣམས་ཀྱིས་སྨོན་ལམ་ཚུགས། ཚེས་བཅུ་བདུན་ལ་སྨོན་ལམ་གྲོལ་བའི་སེར་སྦྲེང་ཤིས་བརྗོད་མཛད་ཅིང་། གཞི་བྱེས་ཀྱི་འདུས་པ་ཐ་མ་ལྟ་བུའི་རབ་བྱུང་བསྙེན་རྫོགས་སྒྲུབ་དགོས་པ་ཆེས་མང་དུ་བྱུང་བས་བཀའ་དྲིན་བསྩལ། ཞེས་པ་ནས། དགུང་ལོ་ཞེ་བརྒྱད་པ་ཆུ་མོ་ཡོས་(༡༦༠༣)ལོ་ཟླ་བ་དང་པོའི་ཉེར་བརྒྱད་ཀྱི་ཐོ་རངས་ཁ་དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་བཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་རེ་ཞིག་གསང་ཁོག་ནས་སྐུ་གདུང་རིན་པོ་ཆེ་མཚུར་ཕུར་སྤྱན་འདྲེན་ཞུས། ཞེས་འབྱུང་།

རྗེ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་གསུང་རབ་གླིང་གི་མཁས་པའི་མདུན་ནས་གཞུང་ཆེན་པོ་བགྲོ་གླེང་གནང་ཡོད་པར་ཁོང་གི་རྣམ་ཐར་ལས། དཔལ་འཁོར་ཆོས་སྡེ་ནས་རྒྱང་འདུར་དང་། བྱ་གཤོང་། ཐུབ་བསྟན། བཀྲ་ཤིས་ལྷུན་པོ། གསེར་མདོག་ཅན། གྲྭ་ཚང་ཆེན་མོ། གསུང་རབ་གླིང་པ། འབྲས་ཡུལ་སྐྱེད་ཚལ་རྣམས་ཀྱི་དགེ་བཤེས་མཁས་པ་རྣམས་བསྡུས་པའི་དབུས་སུ་རྗེ་ཉིད་ཀྱིས་ཐོག་མར་འདུལ་བ་ལ་དམ་བཅའ་འཇོག་པར་མཛད་ནས་ཉིན་ཞག་འགའ་ཞིག་ལ་རིགས་ལུང་ཁོ་ནས་དུས་འདའ་བར་མཛད་པས་མཁས་པའི་གྲགས་པས་ཁྱབ། དེ་ཐམས་ཅད་ཀྱིས་ཐུན་མོང་མིན་པའི་དད་པ་ཐོབ། འདི་པས་ལྟ་བ་རྗེ་བརྒྱད་པས་བཞེད་པའི་ཐལ་འགྱུར་བཞེད་ནའང་ཐལ་རྐྱང་ཙམ་ནི་མི་བཞེད་དོ། །ཞེས་འབྱུང་། ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རང་རྣམ་ལས། དེ་དུས་འོག་མིན་གླིང་པའི་བཙུན་པ་དང་། །གསུང་རབ་གླིང་པའི་བཙུན་པ་འགའ་ཟུང་དང་། །རིགས་ལུང་གིས་ཀྱང་འབྲེལ་པ་ཅུང་ཟད་བཞག །ཞེས་འབྱུང་བ་འདི་ཟ་དམ་ནས་ཡིན་པ་འདྲ་བ་དང་། གསེར་ཕྲེང་དུ་ཁོང་གི་རྣམ་ཐར་ལས། འོག་མིན་གླིང་དང་། གསུང་རབ་གླིང་། ལེགས་བཤད་གླིང་། རྭ་བ་སྟོད་རྣམས་སུ་གྲྭ་སྐོར་མཛད་ནས་ཁམས་སུ་ཕེབས་ཞོར་དུ་འབྲི་ཁུང་དང་རི་བོ་ཆེའི་གནས་མཇལ་མཛད། ཅེས་དགོན་འདིར་གྲྭ་སྐོར་མཛད་པར་གསལ།

གསུང་རབ་གླིང་གནས་གང་དུ་ཡོད་པ།

དགོན་འདི་གནས་གང་དུ་ཡོད་པའི་སྐོར་ལ། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས། དོན་གྲུབ་ཚེ་བརྟན་རྡོ་རྗེས་སྔར་ཡབ་མེས་ཀྱི་དུས་སུ་མ་ལོན་པ་པ་སྣམ་ལྷུན་གྲུབ་རྩེའི་རྫོང་མངའ་འབངས་དང་བཅས་བདག་གིར་བཟུང་བར་བཤད། ཀརྨ་མི་བསྐྱོད་རྡོ་རྗེའི་གསུང་བཞིན་པ་སྣམ་གསུང་རབ་གླིང་གི་དགོན་པ་བཏབ་པ་སོགས་ཆོས་སྲིད་ཀྱི་བྱ་བ་ཏོག་ཙམ་མཛད་པར་བཤད། ཅེས་འབྱུང་ཞིང་། བཤད་ཅེས་པ་ཡང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། དོན་གྲུབ་ཚེ་བརྟན་རྡོ་རྗེས་(རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྲས་ཡིན།)སྔར་ཡབ་མེས་ཀྱི་དུས་སུ་མ་ལོན་པ་པ་སྣམ་ལྷུན་གྲུབ་རྩེའི་རྫོང་མངའ་འབངས་དང་བཅས་པ་རང་དབང་དུ་བྱས། རྗེ་དྲུང་མི་བསྐྱོད་རྡོ་རྗེའི་གསུང་བཞིན་གསུང་རབ་གླིང་གི་དགོན་པ་བཏབ། ཅེས་འབྱུང་བ་འདི་ཁུངས་སུ་བྱས་པ་འདྲ་ཞིང་། འདིའི་ནང་དུ་དགོན་འདི་པ་སྣམ་རྫོང་ཁོངས་སུ་བཏབ་པའི་གསལ་ཁ་མི་འབྱུང་ཡང་། པ་སྣམ་རྫོང་བླངས་པ་དང་དགོན་པ་བཏབ་པའི་འབྲེལ་ལས་པ་སྣམ་རྫོང་དུ་ཡིན་ཆགས་བྱས་ཡོད་པ་འདྲ།

རྗེ་བཙུན་དབང་ཕྱུག་རྡོ་རྗེའི་རྣམ་ཐར་དུ། ཤངས་རྣམ་གླིང་དུ་ཕེབས་ཏེ། སྐུ་མདུན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབུལ་བསྙེན་དཔག་མེད་བགྱིས་ཤིང་། གསུང་རབ་གླིང་དགོན་དུ་ཡོས་(༡༥༦༧)ལོའི་ལོ་གསར་དང་སྨོན་ལམ་མཛད། ཅེས་དང་། ཡང་དབེན་དཀར་པོ་བྲག་ཏུ་སྐུ་མཚམས་ལ་བཞུགས་པའི་ཁོག་ནས་སྒར་ཕྱི་ནང་དགེ་འདུན་སྡེ་རྣམས་དང་བཅས་པར་བཅའ་ཡིག་གནང་བ་སོགས་ཀྱི་ལེགས་ཁྱབ་མཛད། སླར་སྐུ་མཚམས་གྲོལ་ནས་གསུང་རབ་གླིང་དུ་ཕེབས། ཞེས་གསུངས་ཤིང་། དཀར་པོ་བྲག་འདི་རྣམ་གླིང་རྫོང་དང་ཉེ་བར་ཡོད། ཡང་རྗེ་དབང་ཕྱུག་རྡོ་རྗེའི་དྲུང་ཡིག་བློ་གྲོས་ནོར་ལྡན་གྱི་རྣམ་ཐར་དུ། གསུང་རབ་གླིང་པ། དཀར་པོ་བྲག །འགྲོ་དོན་གླིང་པ་རྣམས་ལ་ཕྱག་ཆེན་གནང་། ཞེས་དཀར་པོ་བྲག་གི་ཉེ་སྐོར་དུ་ཡོད་པ་ལྟ་བུར་འབྱུང་བ་བཅས་དང་། ལྷག་པར་འོག་གི་བྱུང་བ་དག་ལས་དགོན་འདི་རྣམ་གླིང་དུ་ཡོད་པ་འདི་ཡིན་ངེས།

རྣམ་གླིང་ནས་གང་དུ་ཡོད་པ་དང་འཕོ་འགྱུར་ཇི་ལྟར་སོང་བ། 

དགའ་ལྡན་ཆོས་འབྱུང་བཻ་ཌཱུར་སེར་པོ་ལས། ཤངས་ཀྱི་གྲྭ་ཚང་ཆེན་མོ་ནི། ཐོག་མར་ཆུམས་བདེ་ཆེན་གྱི་བླ་མ་ཀུན་དགའ་སྨོན་ལམ་པས་བཏབ། དེའི་རྗེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་མཁྱེན་རབ་གྲགས་བཟང་པས་དར་རྒྱས་སུ་མཛད་དེ། ས་དགེ་གཉིས་ཀ་འདུ་བ་བྱུང་། སླར་ས་ལུགས་ཉག་ཅིག་ཏུ་འགྱུར་ཞིང་། དེ་ཡང་ཁག་གཉིས་སུ་སོང་སྟེ་གཅིག་ཤངས་དང་། གཅིག་འཇད་དུ་ཡོད། བྱང་ཁའི་གྲྭ་ཚང་ཆེན་མོར་གྲགས་པའི་བར་སྐབས་ཀྱི་བླ་རབས་མ་དགོས། ཆུ་རྟ་ལུག་གཉིས་ཀྱི་ནང་ཙམ་ལ་ལྷ་ཕུ་བ་ཀུན་དགའ་བཟང་པོས་གྲྭ་ཚང་ཆེན་མོ་འདི་སྐྱོང་ཞིང་། གནས་སྐབས་ཉག་ཕྲ་བའི་དུས་གསུང་རབ་གླིང་པས་གླིང་པས་རི་ལ་སྤྱི་བོས་རྡུང་བའི་ངང་ཚུལ་ལྟར་བསྐྱར་ལངས་བྱ་སྤྱོད་མ་མཁས་པར་བརྟེན། གསུང་གླིང་པའི་ཀར་བཙུན་རྣམས་གྲྭ་ཚང་ཆེན་མོར་སྤོས། གསུང་གླིང་དགོན་པར་གྲྭ་ཚང་ཆེན་མོའི་གྲྭ་པས་སོན་ལྟ་བུར་བྱས་པའི་རྗེ་བླ་མ་(རྒྱལ་དབང་ལྔ་པ་ཆེན་པོ།)འདི་ཉིད་ཀྱིས་གསར་དུ་བསྐྲུན་གནང་བ་གཤམ་དུ་འཆད་དོ། །ཞེས་འབྱུང་།

གཤམ་དུ་འཆད་དོ་ཞེས་པ་ནི། བཻ་སེར་ལས། རྗེ་བླ་མ་ཆེན་པོ་(རྒྱལ་དབང་ལྔ་པ་ཆེན་པོ།)ཆུ་ཕོ་རྟའི་ལོ་(༡༦༤༢)གནམ་དང་སའི་བདག་པོར་ཕེབས་ནས་ལོ་ངོ་བཞི་པ་ཤིང་མོ་བྱའི་ལོར་(༡༦༤༥)ལེགས་པར་ཚུགས་པ་གཡས་རུ་ཤངས་དགའ་ལྡན་ཆོས་འཁོར། ཞེས་འབྱུང་བ་འདི་ཡིན་པ་གཞུང་གི་གོ་རིམ་དང་། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་ལས་ཀྱང་། དེ་ནས་ཡར་འོང་བས་ཆུང་བ་རིར་ཤངས་དགའ་ལྡན་ཆོས་འཁོར་ཞེས་པའི་དགེ་དགོན་ཆེན་པོ་རྣམ་གླིང་རྫོང་འོག་ཏུ་ཡོད་པ་དེར་གྲྭ་ལྔ་བརྒྱ་ཙམ། སྔར་ཀརྨ་གསུང་རབ་གླིང་ཞེས་པའོ། །ཞེས་འབྱུང་།

དེས་ན་གོང་གི་བཻ་སེར་གྱི་ལུང་དུམ་གཉིས་ཀྱི་ངོ་གདོང་གི་གོ་བ་ལྟར་བྱས་ན་གསུང་རབ་གླིང་གི་མ་དགོན་ཤངས་དགའ་ལྡན་ཆོས་འཁོར་གླིང་ཆགས་སའི་གནས་འདི་ཡིན་པ་དང་། དེ་ནས་བཀའ་དགེའི་བར་གྱི་དོན་རྐྱེན་སྐབས་དགོན་འདིས་གྱེན་ལོག་བྱས་པར་བརྟེན་(བསྐྱར་ལངས་ཞེས་པར་བལྟས་ན་ཐེངས་གཉིས་ལ་གྱེན་ལོག་བྱས་ཡོད་པ་འདྲ།)རྩ་གཏོར་བྱས། གྲྭ་པ་རྣམས་དེར་སྡོད་མ་ཚུགས་པར་ཤངས་ཀྱི་གྲྭ་ཚང་ཆེན་མོའམ་དགོན་པ་གོང་ཞེས་པར་སྤོས། མཐར་དེ་རུ་ཡང་གནས་མ་ཐུབ་ཅིང་། གྲྭ་ཚང་ཆེན་མོའི་གྲྭ་པ་སྔར་ཡོད་རྣམས་ཀྱི་རྨང་གཞི་བྱས་ནས་གསུང་རབ་གླིང་གི་གཞིས་དགོན་དུ་དགེ་ལྡན་གསར་དུ་བཏབ་སྟེ་མཚན་དགའ་ལྡན་ཆོས་འཁོར་གླིང་ཞེས་གསོལ་ཡོད་པར་གསལ།

དགོན་འདི་སྔོན་དུས་རབས་བཅུ་གསུམ་པའི་ནང་ཁམས་རི་བོ་ཆེའི་བླ་མ་ཉི་མ་ཞེས་པས་བཏབ་པ་དང་། ཡང་ཞྭ་དམར་སྐུ་ཕྲེང་གསུམ་པ་ཆོས་དཔལ་ཡེ་ཤེས་ཀྱིས་བཏབ་པའི་བཤད་ཚུལ་བྱུང་བས་གང་ལྟར་སྔོན་ནས་ཡོད་པའི་དགོན་རྙིང་ཞིག་ཏུ་གསུང་རབ་གླིང་གི་ཆོས་གྲྭ་གསར་དུ་བཙུགས་ཡོད་པ་ཡར་སྟོད་ཀརྨ་གཞུང་ལུགས་གླིང་སྔོན་རྭ་ལོས་བཏབ་པའི་དགོན་རྙིང་ཞིག་ཏུ་བཙུགས་པར་འབྱུང་བ་ལྟ་བུའོ། །ས་གནས་ད་ལྟའི་རྣམ་གླིང་རྫོང་ཐོག་གི་མི་རིགས་མཐུན་སྒྲིལ་ཐང་ཆེན་ཞེས་པའི་རྒྱབ་ཀྱི་རི་ངོས་སུ་ཡོད།

 

 ཁམས་སྲས་ཀྱིས་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2030