དགའ་སྡོང་དགོན།
གནས་གང་དུ་དང་མཚན་ཇི་ལྟར་ཐོགས་ཚུལ། དགའ་སྡོང་དགོན་འདི་གཙང་གཞིས་ཁ་རྩེ་ས་ཁུལ་པ་སྣམ་རྫོང་པ་སྣམ་གྲོང་རྡལ་དང་འབྲེལ་ནས་ཡོད་ཅིང་། མཚན་ཐོགས་ཚུལ་ལ། ཇོ་ནང་ཏཱ་ར་ནཱ་ཐའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ལོ་རྒྱུས་ལས། སྔོན་སངས་རྒྱས་གསང་བས་རྒྱུད་དཔུང་བཟང་། གསང་བ་སྤྱི་རྒྱད། བསམ་གཏན་ཕྱི་མ། རྣམ་སྣང་མངོན་བྱང་། ཕྱག་རྡོར་དབང་བསྐུར་སོགས་བོད་ལ་བྱ་སྤྱོད་རྒྱུད་ཀྱི་བཤད་གྲྭ་དང་། དཀྱིལ་ཆོག་ཕྱག་ལེན་བཤད་པ་ལག་ལེན་དགོན་གནས་འདིར་རང་དགའ་ཟེར་ཞིང་། དགོན་གནས་དེ་ནས་བྱ་སྤྱོད་རྣལ་འབྱོར་དང་བཅས་པའི་རྒྱུད་མན་ངག་ཕྱོགས་སྒྲིག་ཕྱག་ལེན་དང་བཅས་དབུས་གཙང་ཁམས་གསུམ་ལ་སོ་སོར་ལྗོན་ཤིང་གི་ཡལ་ག་ལྟ་བུར་གྱེས་ཤིང་། ལྗོན་ཤིང་གི་རྩ་བའམ་སྡོང་པོ་ལྟ་བུའི་དགོན་གནས་དེ་ཡིན་པས་སྡོང་ཞེས་རྒྱུ་མཚན་བཏགས་མིང་དུ་དགའ་སྡོང་ཡང་ཟེར། ཡང་ན་རི་རྟ་སྒ་འདྲ་བའི་གདོང་གནས་ཡོད་པས་སྒ་གདོང་ཡང་ཟེར། ཞེས་གསུངས། གཞན་ལས་དགའ་གདོང་ཞེས་སྔ་ཕྱི་གཉིས་འདྲེས་མར་བྲིས་པའང་སྣང་། ཕྱིས་མཚན་སྒྲོག་དགོན་ནམ་དགའ་ལྡན་དར་རྒྱས་གླིང་ཞེས་འབོད་པར་འོག་ཏུ་འབྱུང་།
དུས་ནམ་བྱུང་བ་དང་སྔར་གྱི་འཕེལ་རིམ། བསྟན་པ་སྔ་དར་སྐབས་ནས་བྱུང་བའང་དེ་ལས། པ་སྣམ་དགའ་སྡོང་བསྟན་པ་སྔ་དར་གྱི་དགོན་གནས་ཁྱད་པར་ཅན་བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་གནས་གཞི་ཡིན་ཏེ། ཞེས་པ་ནས། ལོ་ཙཱ་བ་མཆོག་ཏུ་གྱུར་པ་པ་ཚབ་དེས་སློབ་དཔོན་སངས་རྒྱས་གསང་བའི་ལོ་ཙཱ་བྱས། ཆོས་ཟབ་མོ་དཔག་ཏུ་མེད་པ་བསྒྱུར་བའི་ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་པོ་ཞེས་པ་བཞུགས་པའི་མཐིལ་པ་སྣམ་རྫོང་རྩེ་དང་། ཆོས་འཆད་པའི་དགོན་པ་དགའ་སྡོང་དེ་ཡིན། ཞེས་གསུངས་པ་ལས་འདེབས་མཁན་གསལ་བར་མ་གསུངས་ཀྱང་། དགའ་ལྡན་ཆོས་འབྱུང་བཻཌཱུར་སེར་པོ་ལས། པ་སྣམ་དུ་པ་ཚབ་ལོ་ཙཱ་བ་ཤེས་རབ་འབྱུང་གནས་ཀྱིས་བཏབ་པ་དགའ་བ་གདོང་། ཞེས་མཚན་མི་འདྲ་བ་ལས་པ་ཚབ་འདི་པས་བཏབ་པར་བཤད། སངས་རྒྱས་གསང་བ་འདི་པ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་སྐུ་དུས་ཙམ་ལ་བྱུང་བའི་སློབ་དཔོན་ཡིན་པས་དགོན་པ་འདི་ཡང་དེའི་སྐབས་ལ་བྱུང་བའོ། །
ཕྱི་དར་སྐབས་རྒྱ་འདུལ་བ་འཛིན་པས་གདན་ས་མཛད་དེ་འདུལ་བའི་འཆད་ཉན་རྒྱ་ཆེར་སྤེལ་ཡོད་པའང་ཏཱ་ར་ནཱ་ཐས། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་དགུང་ལོ་སོ་ལྔ་ནས་བརྒྱད་ཅུ་རྩ་ལྔའི་བར་ལ་འཆད་ཉན་རྒྱ་ཆེན་པོ་ཁོ་ན་མཛད་པ་དགའ་སྡོང་འདི་ཡིན་ཞིང་། གྲྭ་པ་འདུལ་བའི་བཤད་ཉན་འཕེར་བ་སྟོང་ལྷག་བྱུང་སྟེ་བོད་ཡུལ་དུ་འདུལ་བའི་བཤད་གྲྭ་རྣམས་དང་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རྣམས་ཕལ་ཆེར་མཆེད་པའི་ས་ཡུལ་ཡང་དགའ་སྡོང་འདི་ཡིན་ཞིང་། ཞེས་གསུངས།
སྔོན་གྱི་མཁས་དབང་མང་པོ་ཞིག་གནས་འདི་ནས་བྱོན་ཡོད་པའང་དེ་ལས། དགེ་བཤེས་དོལ་པ་ཆེན་པོས་ཀྱང་དགའ་སྡོང་དུ་ཕེབས། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ལ་འདུལ་བ་མཐིལ་ཕྱིན་པ་བསླབས། མདོ་རྩ་ཐུགས་ནས་བཏོན། ཟུར་ཆད་པ་ཡང་མཛད། རྒྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་གྱིས་ཀྱང་དང་པོར་སོག་འདུལ་འཛིན་ཚུལ་ཁྲིམས་བླ་མ་བསྟེན། བར་དུ་དགའ་སྡོང་དུ་ཕེབས། རྒྱ་འདུལ་འཛིན་བསྟེན། མཐའ་མར་རྨ་ཚོ་བྱང་རྡོར་བསྟེན་ནོ། །སྟེང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དགུང་ལོ་བཅོ་ལྔ་ལ་པ་སྣམ་དགའ་སྡོང་དུ་རྒྱ་འདུལ་འཛིན་ལ་རབ་ཏུ་བྱུང་། བཅུ་དགུ་ལ་དགའ་སྡོང་དུ་རྒྱས་མཁན་པོ་མཛད་ནས་བསྙེན་རྫོགས་སྒྲུབ་པའི་སྐབས། ཞེས་དང་། གངས་ཅན་ཡོངས་ལ་གྲགས་པའི་མཁས་པ་ཆེན་པོ་དབྱར་ཉི་མ་བརྩོན་འགྲུས་ཀྱི་དགའ་སྡོང་གི་མཁན་པོ་མཛད་ནས་འཆད་ཉན་རྒྱ་ཆེན་པོའི་ཆོས་འཁོར་བསྐོར་བར་མཛད་པ་ཡང་དགའ་སྡོང་འདི་ཉིད་ཡིན་ནོ། །
དབྱར་ཉི་ལ་སྣར་ཐང་པ་རིགས་རལ་གྱིས་གསན་པ་རྒྱ་ཆེན་པོ་མཛད་པ་དང་། ཐུགས་གཉེར་ལ་ཤིན་ཏུ་བརྩོན་པའི་ཐོས་པ་མཛད་ས་ཡང་དགའ་སྡོང་ཡིན་ཞིང་། རིགས་རལ་ལ་འདིར་བསྙུན་མཛེ་ཡང་བྱུང་ངོ་། །ཁ་ཆེ་པཎྜི་ཏ་ཆེན་པོའི་མཁན་བུ་ཡིན་ལ་ཆོས་ཀྱང་རྫོགས་པར་གནང་ཞིང་། མཁན་བརྒྱུད་ཀྱི་གདན་ས་འཛིན་པ་པོ་ལྷོ་བྲག་པ་བྱང་ཆུབ་དཔལ་ཡིན་ལ་མཁན་བུ་བདེ་བ་དཔལ་བཟང་པོས་དགའ་སྡོང་དུ་དབྱར་ཉི་མ་བརྩོན་འགྲུས་ལ་ཕར་ཕྱིན་གསན་ཞིང་མདོ་ཆོག་ལེགས་པར་སྦྱངས། སྟན་གཅིག་པའི་བརྟུལ་ཞུགས་ལ་གནས་པའི་མཁན་བརྒྱུད་ཀྱི་གདན་ས་བཟུང་། མཁན་པོ་བདེ་བ་དཔལ་འདི་ལ་བྱ་འཆད་ཁ་བ། སེ་སྤྱིལ་ལས་རིམ་བརྒྱུད་སློབ་དཔོན་ཡོན་ཏན་དཔལ་དེས་མཁན་པོ་བདེ་བ་དཔལ་ལ་བློ་སྤྱོང་དོན་བདུན་མའི་བཀའ་བབས་སོ། །
གཏུམ་སྟོན་བློ་གྲོས་གྲགས་ཀྱི་ཐུགས་གཉེར་མཛད་ས་ཡང་དགའ་སྡོང་ཡིན། དགའ་སྡོང་དུ་རྒྱ་འདུལ་ལ་རྭ་ལོས་འབུམ་གྱིས་སྣ་དྲངས་འབུལ་བ་དང་། རྒྱ་སོགས་ཀྱི་ཆོས་འཁོར་བཙུགས་སོ། །མཁས་གྲུབ་མང་པོས་བྱིན་གྱིས་བརླབས་པའི་གནས་དགའ་སྡོང་གཙུག་ལག་ཁང་དུ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་མཁན་པོ་མཁྱེན་བརྩེའི་དབང་ཕྱུག་ཉ་དབོན་དུ་གྲགས་པས་སློབ་དཔོན་མཛད། གྲུབ་ཆེན་ཀུན་བློ་དགུང་ལོ་བརྒྱད་པ་ལ་རབ་ཏུ་བྱུང་། ཞེས་སོགས་འབྱུང་། དགོན་འདིར་གྲགས་ཆེ་བའི་རྟེན་དགའ་སྡོང་བྱམས་པ་ཞེས་པ་ཞིག་ཀྱང་ཡོད་འདུག །
ཕྱིས་ཀྱི་འགྱུར་བ་ཇི་ལྟར་སོང་བ། རྒྱ་འདུལ་འཛིན་གྱི་སློབ་བརྒྱུད་ནས་བར་སྐབས་ཤིག་ལ་ས་སྐྱ་དང་། དེ་ནས་གཙང་པའི་སྐབས་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་ཀར་ལུགས་ཀྱི་གྲྭ་ཚང་བཙུགས། དགའ་ལྡན་ཕོ་བྲང་སྐབས་དགེ་ལུགས་གསར་དུ་བཏབ་ཡོད་པ་ཡང་བཻ་སེར་ལས། རྒྱ་འདུལ་བ་འཛིན་པ་ཡན་བཀའ་གདམས་དང་། དེ་ནས་ས་ལུགས་སོགས་སྣ་ཚོགས་ཐོག་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་ཆོས་རྗེ་ཀརྨ་པར་ཕུལ་བ་ནས་དེའི་རིང་ལུགས་འཛིན་ཅིང་། ཞེས་འབྱུང་ལ། ཀརྨ་པ་འདི་དགུ་པ་དབང་ཕྱུག་རྡོ་རྗེ་སྟེ། གསེར་ཕྲེང་གི་རྗེ་དབང་ཕྱུག་རྡོ་རྗེའི་རྣམ་ཐར་སྐབས། དེ་ནས་ལྷ་ཕུ་བས་སྤྱན་དྲངས་ཤིང་སྡེ་པ་ཞིང་གིས་དགའ་སྡོང་དུ་ཀར་ལུགས་གྲྭ་ཚང་འཛུགས་པར་ཞུས་པ་ལ་མཁན་པོ་བསྐོ་བཞག་གནང་བའི་གྲྭ་རྒྱུན་རྣམས་ཞབས་དྲུང་དུ་འབྱོར། ཞེས་གསུངས། དེ་ཡང་ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་རེ་བ་ལྟར་ཁོང་གིས་རབ་བྱུང་བཅུ་པའི་མེ་གླང་སྤྱི་ལོ་༡༥༧༧ལོར་ཀར་ལུགས་གྲྭ་ཚང་བཙུགས་པ་དང་། དེ་ནས་སྤྱི་ལོ་༡༦༤༦བར་ལོ་ངོ་བདུན་ཅུ་ཙམ་ལ་ཀར་ལུགས་སུ་གནས་པ་ཡིན་འདུག །གྲྭ་ཚང་ཚུགས་རྗེས་ཁོང་ཐེངས་ཁ་ཤས་བྱོན་བཞུགས་གནང་བ་གསེར་ཕྲེང་ལས་གསལ།
རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་༡༦༤༢ལོར་གུ་ཤྲི་ཧན་གྱིས་གཙང་པ་བརླགས་པའི་སྐབས་འདི་པའི་སྡེ་དགོན་ཡང་དབང་དུ་བསྡུས་ཏེ་གོང་ས་ལྔ་པར་ཕུལ་ཡོད་པ་བཻ་སེར་གྱི་འདིའི་སྐོར་བཤད་སྐབས། ཆུ་རྟ་ལོར་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དཔུང་ཚོགས་ཡན་ལག་བཞིས་བོད་ཤིང་སྒོ་ཅན་གྱི་རྒྱལ་ཁམས་དབང་དུ་བསྡུས་ཏེ་རྗེ་བླ་མ་མཆོག་གི་མངའ་འབངས་སུ་ཕུལ། ཞེས་འབྱུང་།
དང་ཐོག་དབང་དུ་བསྡུས་པ་ལས་ཆོས་ལུགས་བསྒྱུར་མེད་ནའང་། ཕྱིས་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྤྱི་ལོ་༡༦༤༦ལོར་གྱེན་ལོག་བྱས་པའི་དབང་གིས་སྡེ་དགོན་གཉིས་ཀ་རྩ་མེད་དུ་བཏང་སྟེ་ཤུལ་དུ་སྔ་མའི་དགོན་གཞིས་དང་བྱ་བྲལ་གྲྭ་ཚང་གཉིས་བསྡོམས་ཏེ་དགོན་པ་བརྒྱབས་པར་གསལ་ཏེ། བཻ་སེར་གྱི་སྔ་མའི་འཕྲོས་སུ། དུས་བདེ་ཞོད་འཇགས་ཀྱི་སྐབས། སློབ་དཔོན་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་དང་། ས་པཎ་གྱིས། རྨོངས་པ་བདེ་བ་འདོད་བཞིན་དུ། །བྱ་བ་སྡུག་བསྔལ་འབའ་ཞིག་སྒྲུབ། །གདོན་གྱིས་བཏབ་པའི་སྐྱེ་བོ་འགའ། །སྡུག་བསྔལ་སྤང་ཕྱིར་ལྕེབ་པ་མཐོང་། །ཞེས་གསུངས་པ་ལྟར་བསྐྱར་ལངས་ཀྱི་ཞབས་འདྲེན་མངོན་མཚན་ཆེས་པར་བརྟེན་མཆོད་ཡོན་ནས་གྲྭ་རིགས་དགོན་དང་བཅས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་འདེབས་པར་མཛད་པའི་ཤུལ། བྱ་བྲལ་གྲྭ་ཚང་སངས་རྒྱས་ཀྱི་མཚན་འབུམ་སྒྲོག་པའི་མཚན་སྒྲོག་པར་གྲགས་པའི་གཞིས་དགོན་དང་སྦྲགས་ཇེ་རྒྱས་སུ་མེ་ཁྱི་ལོར་ཚུགས་པ་དགའ་ལྡན་དར་རྒྱས་གླིང་། ཞེས་གསུངས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2014
དཔྱད་མཆན་སྤེལ།