འདིར་སྔར་བྱུང་གི་ལོ་རྒྱུས་ལ་རྒྱུས་ལོན་དང་དཔྱད་ཞིབ་བྱ་རྒྱུ་ནི་རང་རེའི་ལོ་རྒྱུས་ཀྱི་སྟོངས་ཆ་བསྐོང་བ་དང་། མི་རབས་རྗེས་མར་ངོ་སྤྲོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པར་ཤེས་གསལ་ལྟར་ལ། དུས་རབས་བཅུ་བདུན་པར་བོད་བརྒྱུད་ནང་བསྟན་པའི་གྲུབ་མཐའ་ཁག་གིས་ཆབ་སྲིད་ཀྱི་དར་ཆ་བསྒྲེངས་ཏེ་ཕན་ཚུན་བར་དབང་བསྒྱུར་བྱས་པའི་ཤུགས་རྐྱེན་གྱིས་སོག་དམག་གིས་དགོན་སྡེ་མང་པོ་གཏོར་བཅོམ་དང་གྲུབ་མཐའ་བཙན་བསྒྱུར་བྱས་པའི་ནང་ཚན་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་སྡེ་རེ་རྒྱབ་ཉི་ཕུག་སྟེང་ཆེན་གྱི་སྐོར་ཅུང་ཟད་གླེང་བར་བྱ་སྟེ།

      དེའང་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་རོལ་པའི་རྡོ་རྗེ་མཆོག་ཆུ་སྟག་སྤྱི་ལོ(༡༣༦༢)ལོ་ཟླ་བ་དང་པོའི་ཚེས་བཅུ་བཞི་ཉིན་རྒྱ་ཡུལ་ནས་ཕྱག་བཏེགས། རིམ་གྱིས་མཚོ་སྔོན་དང་། ཁམས་ཁུལ་གྱི་འདན་ཡུལ། ཀརྨའི་དགོན། སྒོམ་སྡེ་སོགས་བརྒྱུད་དེ། རེ་ཤོད་དུ་ཕྱག་ཕེབས་ནས་རེ་རྒྱབ་ཏུ་ཉི་ཕུག་སྟེང་ཆེན་དགོན་པ་ཕྱག་བཏབ་སྟེ། གཙུག་ལག་ཁང་རྟེན་དང་བརྟེན་པར་བཞེངས་ཤིང་། དགེ་འདུན་ཉིས་སྟོང་ཙམ་འཚོགས་པར་གྱུར་ཏེ། རྒྱལ་དབང་མཆོག་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་ཅིང་། འདིའི་སྐོར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ནི། རྒྱལ་དབང་ཉིད་ཀྱི་ཞལ་སློབ་མཚུར་ཕུ་པ་ཀུན་སྤངས་ཀུན་དགའ་བློ་གྲོས་ཀྱི་གསུང་། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པལས། དེ་ནས་སྒོམ་སྡེ་སོགས་ཀར་ཤོད་ལ་སོགས་པའི་ལམ་དུ་ཡོད་པའི་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་བཙུད་ཅིང་། རེ་རྒྱབ་ཉི་ཕུག་སྟེང་ཆེན་གྱི་དབེན་གནས་བཏབ། གཙུག་ལག་ཁང་བཞེངས། རབ་ཏུ་བྱུང་བ་ཉིས་སྟོང་ཙམ། རས་པ་རྐྱང་པ་སུམ་བརྒྱ་དང་། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་འདུས་པ་ལ་ཆོས་དང་གདམས་པ་དུ་མས་ཚིམ་པར་མཛད།  ཅེས་བཀོད་ཡོད་པས། དེའི་སྐབས་རེ་རྒྱབ་དགོན་པར་རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་དགེ་འདུན་གྱི་སྡེ་ཉིས་སྟོང་ཙམ་འདུས་པར་མ་ཟད། གཏུམ་མོའི་བདེ་དྲོད་ལ་རང་བྱན་ཚུད་པའི་རས་དཀར་ན་བཟའ་ཅན་སུམ་བརྒྱ་དང་། དད་ལྡན་གྱི་སེར་སྐྱ་ཕོ་མོ་མང་པོར་འདུས་པར་གསལ་བ་དང་། ཀརྨ་དཀོན་གཞོན་གྱི་གསུང་། ཆོས་རྗེ་རོལ་པའི་རྡོ་རྗེའི་རྣམ་པར་ཐར་པ་མཐོང་བ་དོན་ལྡན་མཁས་པ་དགའ་བྱེདལས། རོང་པོ། ཁྱུང་པོ། དཀར་ཤོད། ནགས་ཤོད། བརྒྱ་ཤོད། སོག་སྟོད་སྨད། ཀོང་པོ་ཚུན་གྱི་བན་སྐྱ་དཔག་མེད་འཚོགས་པ་རྣམས་ལ་གང་ལ་གང་འོས་ཀྱི་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ཅིང་། རེ་རྒྱབ་ཏུ་ཉི་ཕུག་སྟེང་ཆེན་ཞེས་པའི་དགོན་པ་བཏབ། ལྷ་ཁང་བཞེངས། དགེ་འདུན་མང་པོས་མ་ཎིའི་བུམ་སྒྲུབ་བཙུགས། དགེ་འདུན་པ་ཉིས་སྟོང་རེ་ཙམ་འཚོགས་པ་བྱུང་ངོ་། ཞེས་གསུངས་པས། རེ་རྒྱབ་ཏུ་ཉི་ཕུག་སྟེང་ཆེན་དགོན་པ་གསར་བཞེངས་མཛད་པ་དང་། གནས་དེར་འདུས་པའི་དད་ལྡན་སེར་སྐྱ་རྣམས་ཡུལ་རིས་ས་ཆ་གང་ཡིན་སོགས་འཁོད་པའོ། །ཞྭ་དམར་མཁའ་སྤྱོད་དབང་པོའི་གསུང་། མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ཡོན་ཏན་མི་ཟད་པ་གསལ་བའི་མེ་ལོང་ལས། དེ་ནས་ཡང་རིམ་གྱིས་བྱོན་ཏེ། སྔོན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། སེམས་རིག་པའི་ཁྱེའུ་ཆུང་གར་མཁན་འདི། །ཏར་ཀ་རྔུལ་ཆུའི་ཀླུང་འགྲམ་དུ། །དབེན་པ་སྣ་ཚོགས་བྱས་པའི་ཚེ། །གཡེང་བ་ཆུ་བོའི་གཉེར་མ་འདྲ། །ལར་ཐམས་ཅད་འདུས་པའི་གནས་ཤིག་ཡོད། །ཅེས་ལུང་བསྟན་དང་རྗེས་སུ་མཐུན་པར། རེ་ཤོད་ཉི་ཕུག་སྟེང་ཆེན་གྱི་དབེན་གནས་ཆེན་པོར་བཞུགས་ཤིང་། གཙུག་ལག་ཁང་ཆེན་པོ་བཞེངས་པ་ལ་སོགས་པ་བསྟན་པའི་བྱ་བ་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དོ། ཞེས་གསུངས་ཤིང་། རྣམ་ཐར་རྩོམ་པ་པོ་མཁས་དབང་རྣམ་གསུམ་གྱིས་མགྲིན་གཅིག་ཏུ་ཧོར་ཡུལ་ནས་ཕྱིར་བོད་དུ་ཕྱག་ཕེབས་སྐབས་རེ་རྒྱབ་ཉི་ཕུག་སྟེང་ཆེན་ཕྱག་བཏབ་པ་དང་། མཁའ་སྤྱོད་དབང་པོའི་ཀུན་མཁྱེན་རང་བྱུང་རྡོ་རྗེས་ལུང་བསྟན་པ་བཞིན་གནས་དེར་དགོན་པ་བཏབ་པར་བཤད། ཁོང་རྣམས་ནི་རྒྱལ་དབང་མཆོག་གི་ཞལ་སློབ་གཙོ་གྲས་ཡིན་པས་ཡིག་ཚང་གསུམ་པོ་ཁུངས་བཙན་ཤོས་ཡིན་པས་སོ། །

      གཞན་ཡང་ཆོས་བྱུང་མཁས་པའི་དགའ་སྟོནལས། སྔོན་དྲུང་གོང་མས། ལར་ཐམས་ཅད་འདུ་བའི་གནས་གཅིག་ཡོད། །ཅེས་ལུང་བསྟན་པའི་རི་ཤོད་ཉིང་ཕུག་སྟེང་ཆེན་དུ་བྱོན་ནས་གཙུག་ལག་ཁང་ཆེན་པོ་བཞེངས། ཞེས་དང་། ལྷོ་རོང་ཆོས་འབྱུང་སོགས་འབྲེལཡོད་ཀྱི་ཡིག་ཚང་རྣམས་ལས་ཧོར་ཡུལ་ནས་ཕྱིར་བོད་དུ་ཕེབས་རྗེས་ཆོས་སྡེ་འདི་ཕྱག་བཏབ་པ་ཙམ་ལས་ལོ་ཚིགས་མི་གསལ། རེད་དེ་ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱི་གསུང་། ཆོས་ཀྱི་རྗེ་མཁའ་སྤྱོད་དབང་པོའི་དུས་གསུམ་གྱི་རྣམ་པར་ཐར་པ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཕྲེང་བལས། དགུང་ལོ་བཅོ་ལྔ་པ་ཤིང་ཕོ་འབྲུག་གི་ལོ་ལ། བླ་མ་དང་དགེ་འདུན་གྱི་ཞབས་ཏོག་ཁོ་ན་ལ་དགོངས་ནས། བྱང་རིས་ཀྱི་སྙིང་དྲུང་དང་འདམ་ནས་བཟུང་སྟེ། སོག་དང་ནག་ཤོད་དང་རེ་ཞིག་ཀྱི་བར་དུ་བྱོན་པ་ལ། སྐྱ་སེར་ཕྱོགས་རིས་མེད་པས་དད་གུས་ཀྱིས་རྟ་ཕྱུགས་དང་དངོས་པོ་སྣ་ཚོགས་ཕུལ་བའི་ཚེ། རེ་རྒྱབ་ཏུ་ཆོས་རྗེ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེ་ལ་སངས་རྒྱས་དངོས་ཀྱི་ངེས་པ་རྙེད་ཅིང་། ཞེས་གསུངས་པ་ལྟར་ཤིང་འབྲུག་ལོར་ཞྭ་དམར་མཁའ་སྤྱོད་དབང་པོ་མཆོག་རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་ཆོས་རྗེ་རོལ་པའི་རྡོ་རྗེའི་དྲུང་དུ་མཇལ་བར་ཕེབས་པར་སྨོས་པས། ལོ་ཚིགས་དེར་གུང་སྒྲིག་ན། རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ(༡༣༦༤)ལོར་རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་པ་ཕྱག་བཏབ་པ་ཡིན་ནམ་སྙམ། དེ་ནས་བཟུང་སྟེ་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀམ་ཚང་གི་བཤད་སྒྲུབ་ཀྱི་མཛད་ཕྲིན་སྤེལ་བའི་ཆོས་སྡེ་ཁྱད་པར་བ་ཞིག་ཏུ་གྱུར།

ཀརྨ་པས་ཕྱག་བཏབ་པའི་ཉི་ཕུག་སྟེང་ཆེན་དགོན་པའི་ཆགས་ཤུལ།

     ཤིང་འབྲུག་སྤྱི་ལོ(༡༣༦༤)ལོར་རྒྱལ་དབང་མཆོག་རེ་ཤོད་དུ་ཕྱག་ཕེབས་ནས། རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་པ་རྨང་བཏིང་ནས། ས་བྱ་སྤྱི་ལོ(༡༣༦༩)ལོར་བར་སློབ་ཚོགས་འདུས་པ་རྣམས་ལ་བཀའ་ཆོས་ཅི་རིགས་སྩལ་ཞིང་བཞུགས་པར་མཛད་དེ་ཉི་ཕུག་སྟེང་ཆེན་དགོན་པ་རྟེན་དང་བརྟེན་པར་བཞེངས་གྲུབ་ནས། བྱང་ཕྱོགས་སྨུག་རི་གཞུང་དུ་མཛད་ཕྲིན་བསྐྱངས་ནས། ལྕགས་ཁྱི་སྤྱི་ལོ(༡༣༧༠)ལོར་སླར་དབྱར་དགུན་གཉིས་ཀར་ཉི་ཕུག་སྟེང་ཆེན་དུ་བཞུགས་པར་མངོན་ལ། ཀརྨ་དཀོན་གཞོན་གྱི་གསུང་། ཆོས་རྗེ་རོལ་པའི་རྡོ་རྗེའི་རྣམ་པར་ཐར་པ་མཐོང་བ་དོན་ལྡན་མཁས་པ་དགའ་བྱེདལས། དེ་ནས་ཚུར་བྱོན། རེ་རྒྱབ་ཏུ་ཕྱག་ཕེབས་ཏེ། དགུན་བཞུགས་དང་དབྱར་བཞུགས་གཉིས་ཀ་མཛད་དེ། ཟླ་བ་བརྒྱད་པ་ཙམ་ལ་ཤག་ལ་བྱོན། ཞེས་གསལ་བ་དང་། ལྕགས་ཕག་སྤྱི་ལོ(༡༣༧༡)ལོའི་ཟླ་བ་བརྒྱད་པར་ཤག་ཏུ་ཕེབས་ནས་འབྲི་གུང་སི་ཏུ་ཡེ་ཤེས་རྒྱལ་མཚན་པ་དང་མཇལ་འཕྲད་གནང་ནས་སླར་རེ་རྒྱབ་ཏུ་ཞབས་སོར་འཁོད་པར། ཆོས་རྗེ་རོལ་པའི་རྡོ་རྗེའི་མགུར་འབུམལས། ན་མོ་གུ་རུ་བྷྱཿ ཀྭ་ཡེ་བློ་གྲོས་ལྡན་པ་དག །འདི་ནི་ཡོངས་སུ་སྤྱོད་པའི་བློ། །གཅིག་ཏུ་བག་ཡོད་ལྡན་པ་ཡིས། །ཡང་དག་པར་ནི་བསམ་པར་བྱ། །འཇིག་རྟེན་པ་རྣམས་དགའ་བའི་དཔལ། །ཆ་ཡིས་ཚོགས་ཀུན་ཡོངས་རྫོགས་པའི། །དབང་ཕྱུག་ལྡན་གང་གང་གིས་མཐུ། །ཆ་ཡིས་ཆད་པར་སྣང་མ་གྱུར། །ཤིན་ཏུ་བཟོད་པར་དཀའ་བའི་སྟོབས། །གང་གིས་བརྟན་པ་ཉམས་བྱས་པས། །འཁོར་ཡུག་བཅས་པའི་ཕྱོགས་ཀྱིས་ཁོངས། །གང་དུ་འང་དགའ་དང་ལྡན་མ་གྱུར། །གནག་དཀའ་འབར་བའི་འོད་ཟེར་གྱི། །དམར་བ་དང་བཅས་མི་སྡུག་པ། །ཁྲག་གིས་གོས་བཞིན་རྣམ་པར་སྣང་། །མུན་ཆེན་གདུག་པའི་མཐུ་ཡིས་དེར། །ཤིན་ཏུ་གཟི་བྱིན་བཅོམ་པའི་ལུས། །འདི་ནི་རིང་ཞིག་ལོན་ནས་མཐོང་། །སླར་ཡང་ཤིན་ཏུ་རྣམ་འགྱུར་ཅན། །རྣམ་པར་གཡོ་ཞིང་འབར་བ་འདི། །གང་ལས་ཅུང་ཟད་གྲོལ་བ་བཞིན། །ཟླ་བའི་ཆ་བཞིན་ཟླ་བ་ནི། །ཤིན་ཏུ་ཕྲ་ཤིང་དོགས་པས་གཡེངས། །མི་མཐུན་ཕྱོགས་འབར་བརྟན་པའི་གཟི། །གཟི་བརྗིད་ལྡན་པ་གཞན་གནས་ཀྱང་། །རིམ་གྱིས་འཕེལ་བ་ཐོབ་པར་འགྱུར། །རྣམ་འགྱུར་ལས་ཀྱང་རྣམ་འགྱུར་ཅན། །ཆ་ཤས་ཀྱིས་ཀྱང་ཆ་ཤས་ལ། །གདུང་བ་དང་བཅས་གང་དུ་འདི། །སྣང་བ་ཐོབ་པ་མཆོག་གིས་ལུས། །དགེ་མཚན་ལས་ནི་སྣང་བར་འགྱུར། །འདི་ནི་དུས་ཀྱིས་མངོན་སུམ་འགྱུར། །ཨྀཐི། ཞེས་པ་འདི་ཕག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ལ། རེ་ཤོད་ཆུ་བར་གྱི་དོ་ལ་གསུངས་པའོ། ཞེས་གསལ་བས་སོ། 

      ཆུ་བྱི་སྤྱི་ལོ(༡༣༧༢)ལོར་མིང་གོང་མས་ལུང་དང་དངོས་པོའི་གནང་སྦྱིན་བཀའ་ཡིག་བཅས་གོ་ཤྲི་བྷི་མ་ལ་སོགས་པས་བསྣམས་བྱུང་བར་མངོན་ལ། ཀརྨ་དཀོན་གཞོན་གྱི་གསུང་། ཆོས་རྗེ་རོལ་པའི་རྡོ་རྗེའི་རྣམ་པར་ཐར་པ་མཐོང་བ་དོན་ལྡན་མཁས་པ་དགའ་བྱེདལས། དེ་ནས་ཡང་རེ་རྒྱབ་ཏུ་བྱོན་ཏེ་བཞུགས་པའི་དུས། གོང་མའི་ལུང་། གནང་སྦྱིན། ཞལ་ལུང་དང་བཅས་པ་གདན་དྲངས་ནས་བྷི་མ་ལ་གུ་ཤྲཱིའི་སོགས་མི་དཔོན་མང་པོའི་གདན་འདྲེན་བྱུང་བ་རྣམས་དབུས་གཙང་ལ་བཏང་། དྲུང་ནས་ཉི་ཕུག་སྟེང་ཆེན་དུ་བཞུགས ཞེས་གསལ་བ་དང་། ལོ་ཚིགས་ནི། མིག་དམར་ཚེ་རིང་གི་བརྩམས་པའི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་ཀྲུང་དབྱངས་སྲིད་གཞུང་རིམ་བྱུང་དབར་གྱི་འབྲེལ་བའི་ལོ་རྒྱུས བོད་མི་རིགས་དཔེ་སྐྲུན་ཁང་ནས་པར་བ་ལས་དྲངས། དེ་ནས་གསེར་གཡུ། རྟ་རྣ་སོགས་ནས། དར་མདོའི་བར་ཕེབས་ནས། རིམ་གྱིས་སླར་རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་ཕེབས་ནས་བཞུགས་པར་རྣམ་ཐར་ཁག་ལས་སྨོས་ཀྱང་། དུས་ཚོད་ཅི་ཙམ་བཞུགས་པར་མི་གསལ། དེ་ནས་ཀོང་པོ་དང་། ཙཱ་རི། སྤོ་བོ་ནས་མདོ་ཁམས་ཀྱི་ས་ཆ་ཅི་རིགས་སུ་ཕེབས་ནས། སླར་རེ་རྒྱབ་ཉི་ཕུག་སྟེང་ཆེན་ཕེབས་ནས་ཟབ་ཆོས་ཀྱིས་གདུལ་བྱ་རྣམས་སྨིན་མཛད་དེ་ཡུན་རིང་བཞུགས་པར་མངོན་ལ། ཀརྨ་དཀོན་གཞོན་གྱི་གསུང་། ཆོས་རྗེ་རོལ་པའི་རྡོ་རྗེའི་རྣམ་པར་ཐར་པ་མཐོང་བ་དོན་ལྡན་མཁས་པ་དགའ་བྱེདལས། དེ་ནས་ནགས་ཤོད་དུ་དགེ་འདུན་སྟོང་ཕྲག་ཁ་ཡར་འཚོགས་པ་ལ། ནཱ་རོ་ཆོས་དྲུག་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། དེར་བྱུང་བའི་འབུལ་རྟ་རྣམས་དུས་མཆོད་པ་ཆོས་དཔལ་ལ་བསྐུར་ནས། དབུས་གཙང་གི་དགོན་སྡེ་རྣམས་སུ་ཇ་བསྐོལ་ལ་བཏང་ངོ་། ཞེས་དང་། མཚུར་ཕུ་པ་ཀུན་སྤངས་ཀུན་དགའ་བློ་གྲོས་ཀྱི་གསུང་། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པལས། ཁྱད་པར་ནགས་ཤོད་དུ་དགུན་བཞུགས་མཛད། རབ་ཏུ་བྱུང་བ་སྟོང་ཕྲག་དུ་མ་དང་རས་པ་ཡང་ཚན་ཆེ་བར་བྱུང་བ་རྣམས་ལ་ནཱ་རོའི་ཆོས་དྲུག་སོགས་དམ་པའི་ཆོས་ཀྱིས་ཚིམ་པར་མཛད་དོ། ཞེས་གསུངས་ཤིང་། རྣམ་ཐར་དང་ལོ་རྒྱུས་གཞན་ལས་དེ་མཚུངས་གསལ་བས་སོ། 

     རྒྱལ་དབང་ཀརྨ་པ་དེ་བཞིན་གཤེགས་པའང་ཕེབས་བཞུགས་མཛད་པར་མངོན་ལ། ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱི་གསུང་། ཆོས་རྗེ་འཇིག་རྟེན་དབང་པོའི་སྐྱེས་རབས་དགེ་ལེགས་ཡོངས་སུ་སྨིན་པའི་སྙེ་མལས། དགུང་ལོ་བཅུ་གཉིས་པ་ལ། ཀརྨ་ནས་རིམ་གྱིས་སྒོམ་སྡེ་དང་སོག་གི་ས་ཆ་སོགས་བྱང་ལམ་ནས་ཕེབས་པའི་ལམ་དེ་ཐམས་ཅད་དུ། དགེ་བའི་དམ་བཅའ་དང་། དགེ་བསྙེན་གྱི་ཁྲིམས་ནོད་པ་སོགས་གཞན་ཕན་ཉི་མ་རེ་རེ་ལའང་བསམ་གྱིས་མི་ཁྱབ་པ་མཛད། ཅེས་གསུངས་པས། ཤིང་ཕག་སྤྱི་ལོ(༡༣༩༥)ལོ་དགུང་ལོ་བཅུ་གཉིས་པར་ཁམས་ནས་ཡར་ཕེབས་སྐབས་སྒོམ་སྡེ་ནང་ཆེན་གྱི་མངའ་ཁོངས་ལྕིའི་བསམ་ཡམ་བརྒྱུད། སོག་གི་ས་ཆར་ཕེབས་ལམ་གཏོད་པར་གསལ་བས། སྐབས་དེར་རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་བྱོན་ཡོད་པར་སེམས།

      དེ་ནས་རྒྱ་ནག་ཏུ་ཕེབས་སྐབས་ཀྱང་བྱོན་བཞུགས་མཛད་པར། ལྷོ་རོང་ཆོས་འབྱུང་ལས། དགུང་ལོ་ཉེར་གཅིག་ཤིང་མོ་བྱའི་ལོ་ལ་དབུས་ནས་བཏེགས་ཏེ་བྱང་ངོས་སུ་བརྒྱུད་ནས་སྟོན་སོག་ཏུ་ཕེབས། དགུན་བཞུགས་ནག་ཤོད་དུ་མཛད། དེ་ནས་སོས་ཆེན་མོ་ལ་ལམ་སྒོམ་སྡེ་ནས་བརྒྱུད་དེ་གདན་ས་ཆེན་པོ་ཀརྨར་ཕྱག་ཕེབས། ཞེས་དང་། ཀམ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བལས། དགུང་ལོ་ཉེར་གཉིས་ཤིང་མོ་བྱའི་ལོ་ལ་དབུས་ནས་བཏེག་སྟེ། བྱང་ངོས་སུ་བརྒྱུད་ནས་སྟོན་སོག་ཏུ་ཕེབས། དགུན་བཞུགས་ནགས་ཤོད་དུ་མཛད། ཅེས་སྨོས་པས། ཀརྨ་པ་དེ་བཞིན་གཤེགས་པ་མིང་གོང་མས་གདན་འདྲེན་རིམ་པར་བྱུང་བས། ཤིང་བྱ་སྤྱི་ལོ(༡༤༠༥)ལོའི་ཟླ་བ་བཞི་པར་མཚུར་ཕུ་ནས་ཕེབས་ཐོན་གནང་སྟེ། བྱང་ལམ་བརྒྱུད་དེ་སྟོན་ཁར་སོག་ཏུ་ཕེབས་ཤིང་། རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་དགུན་བཞུགས་གནང་བར་མཛད་དེ། འདིར་ནགས་ཤོད་ཅེས་སྨོས་པ་ནི་ཡིག་ནོར་ཡིན་པར་སེམས་ཤིང་། ལོ་རྒྱུས་རྩོམ་པ་པོ་ས་གནས་ས་ཐོག་ཏུ་དངོས་སུ་ཕེབས་མ་གྲུབ་པས་ནོར་འཛོལ་བྱུང་བར་སེམས། དགུན་བཞུགས་གནང་ས་རེ་ཤོད་ས་ཆ་རེ་རྒྱབ་ཉི་ཕུག་སྟེང་ཆེན་ཡིན་པར་ངེས་ཤིང་། དེར་ཆོས་རྗེ་རོལ་པའི་རྡོ་རྗེའི་ཕྱག་བཏབ་པའི་ཆོས་གྲྭ་ཡོད་པས་སོ། 

     མེ་ཁྱི་སྤྱི་ལོ(༡༤༠༦)ལོའི་དཔྱིད་ཀ་རེ་རྒྱབ་ནས་བཏེགས། རིམ་གྱིས་སྒོམ་སྡེ་སོགས་བརྒྱུད་དེ་གདན་ས་ཀརྨ་སོགས་ནས་རྒྱ་ཡུལ་དུ་ཕེབས་ཤིང་། རྒྱ་ཡུལ་ནས་རིམ་གྱིས་བོད་དུ་ཕྱིར་ཕེབས་སྐབས་ཀྱང་བྱོན་པརལྷོ་རོང་ཆོས་འབྱུང་ལས། ལྕགས་མོ་ཡོས་ལ་དགུན་དང་པོ་ཙམ་ལ་གདན་ས་ཆེན་པོ་ནས་བཏེགས་ཏེ་བྱང་ལམ་དུ་མཛད་དེ། སོག་དང་། རེ་རྒྱབ་ཏུ་སོས་ཀའི་བར་བཞུགས་ནས་དབྱར་བྱང་ལམ་དུ་གཏེགས། ཞེས་སྨོས་པས། ལྕགས་ཡོས་སྤྱི་ལོ(༡༤༡༡)ལོའི་དགུན་ཟླ་དང་པོར་གདན་ས་ཀརྨ་ནས་བཏེགས། བྱང་ལམ་བརྒྱུད་དེ་སོག་དང་རེ་རྒྱབ་ཏུ་སོས་ཀའི་བར་བཞུགས་པར་དེ་མཚུངས་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་གསལ་བས་སོ། 

    ཀརྨ་པ་མཐོང་བ་དོན་ལྡན་མཆོག་དང་། ཞྭ་དམར་ཆོས་དཔལ་ཡེ་ཤེས་ཡབ་སྲས་ཞལ་རྒྱས་རེ་རྒྱབ་ཉི་ཕུག་སྟེང་དུ་ཕེབས་ཤིང་མཛད་ཕྲིན་བསྐྱངས་པརལྷོ་རོང་ཆོས་འབྱུང་ལས། སླར་ཡང་དགུང་ལོ་བཅོ་བརྒྱད་ལ་ཆུ་མོ་གླང་གི་ལོ་ལ་བྲག་གསུམ་ལ་བརྒྱུད་དེ་བྱོན། རིམ་པ་བཞིན་དུ་རྔོད། བརྒྱད་ཤོད། ནག་ཤོད། རེ་དཀར་སོག་གསུམ་གྱི་སར་བྱོན་ནས་གདུལ་བྱ་རྣམས་དོན་ཡོད་པར་བྱས། ཤིང་ཕོ་སྟག་གི་ལོ་གསར་སོག་ཏུ་བྱས་ནས། ཞེས་བཀོད་ཡོད་པས། ཆུ་གླང་སྤྱི་ལོ(༡༤༣༣)ལོར་རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམ་གཉིས་ཀོང་པོ་བཏེགས་ཏེ། རིམ་གྱིས་བསྟན་འགྲོར་སྨིན་པའི་མཛད་རིམ་སྤེལ་ཞིང་། སོག་པ་མདོར་ཕེབས་གྲུབ་ནས། ཤིང་སྟག་སྤྱི་ལོ(༡༤༣༤)ལོའི་ལོ་སར་གནང་སྟེ། སྒོམ་སྡེ་ལྕི་སྟོད་བར་འགྲོན་དོན་བསྐྱངས་ཤིང་ཡར་ཆིབས་བསྒྱུར་གནང་སྟེ། ཡར་ལམ་སོག་ནས་བྱང་ལམ་བརྒྱུད་དེ་གདན་ས་མཚུར་ཕུར་ཕེབས། དེའི་སྐབས་གཙོ་བོ་རེ་རྒྱབ་ཉིན་ཕུག་སྟེང་ཆེན་དུ་ཕེབས་བཞུགས་གནང་བར་མངོན་ཏེ། ཧོར་སྟོན་སངས་རྒྱས་རྒྱལ་མཚན་གྱིསཆོས་ཀྱི་རྗེ་རིན་པོ་ཆེ་མཐོང་བ་དོན་ལྡན་གྱི་རྣམ་ཐར་ཐོས་གྲོལ་བདེ་བའི་དགའ་སྟོནལས། དེ་ནས་རིམ་གྱི་བརྒྱད་ཤོད་དཀར་ཤོད་རེ་ཤོད་རྣམས་སུ་བན་བོན་སོགས་འདུས་པ་དཔག་ཏུ་མེད་པ་རྣམས་ཀྱི་རྒྱུད་ལ་ཚོགས་གཉིས་རྒྱ་ཆེར་སྤེལ་ནས། རེ་རྒྱབ་ཏུ་བཞུགས་པའི་ཚེ་དཔལ་རྟ་མགྲིན་གཟིགས་སོ། ཞེས་བཀོད་པས། རྒྱལ་མཆོག་དོན་ལྡན་ཞབས་ཀྱིས་བན་བོན་སེར་སྐྱ་རིས་མེད་པའི་སྐྱེ་འགྲོ་ཐམས་ཅད་དམ་པའི་ཆོས་ཀྱིས་སྨིན་པར་མཛད་ཅིང་། རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་བཞུགས་ཚེ་ཡི་དམ་ལྷ་ཡི་ཞལ་གཟིགས་པར་གསལ་བས་སོ། 

    དཔལ་རྒྱལ་དབང་ཀརྨ་པ་ཆོས་གྲགས་མཚོ་མཆོག་དགུང་ལོ་བརྒྱད་སྐབས་རེ་རྒྱབ་ཏུ་ཕེབས་པར། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིསརང་བྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པལས། རེ་རྒྱབ་དགོན་དུ་དགུ་གཏོར་གྱི་དུས་སུ། དཔལ་ཡེ་ཤེས་ཀྱི་མགོན་པོ་བྱིན་རླབས་ཀྱི་དཔལ་འབར་བ་སྣང་བ། དེར་གསོལ་དཔོན་ཚེའི་དུས་བྱེད་པའི་ཚེ། ཞལ་ནས་སྙིང་རྗེ། སྣང་སྲིད་ཐམས་ཅད་བདེ་བའི་རང་བཞིན་ཏེ། །བདེ་སྡུག་ཐམས་ཅད་སེམས་ཀྱི་རོལ་པ་ཡིན། །དེ་ལ་སྐྱེས་འགགས་བྱ་བ་ག་ལ་ཡོད། །མ་བཅོས་ངང་དུ་རང་སར་གནས་པར་གྱིས། །ཞེས་པའི་ངོ་སྤྲོད་མཛད་དོ། ཞེས་གསལ་བས། ལྕགས་སྦྲུལ་སྤྱི་ལོ(༡༤༦༡)ལོར་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་རེ་རྒྱབ་ཉི་ཕུག་སྟེང་དུ་བཞུགས་སྐབས་གསོལ་དཔོན་རིན་ཆེན་རྡོ་རྗེ་གྲོངས་པར་གསལ་འདེབས་གསུངས་པ་དང་། སོ་པ་ཞེས་པ་ཞིག་གི་ངོར་དྭགས་པོའི་ཆོས་བཞིའི་འགྲེལ་པ་ཉུང་བསྡུས་སྩལ་བར་མཛད་ཅིང་། དེར་བཞུགས་པའི་ཚེ་གཏེར་སྟོན་རཏྣ་གླིང་པས་ཚེ་རིལ་དང་། རྟ་མགྲིན་གྱི་ཤོག་སེར་ལས་ལུང་བསྟན་གྱི་ཡི་གེ་ལོ་དེའི་ཟླ་བ་དགུ་པའི་ཡར་ཚེས་ཉིན་སྐུ་མདུན་དུ་ཕུལ་བ་གསལ་བས་སོ།   

    ཞྭ་དམར་བཞི་པ་ཆོས་གྲགས་ཡེ་ཤེས་ལྕགས་སྟག་སྤྱི་ལོ(༡༤༧༠)ལོར་རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་ཕེབས་མཛད་པར། རྗེ་ཉིད་ཀྱིརྟོགས་པ་བརྗོད་བརྗོད་པ་ཚིགས་སུ་བཅད་པ་ཨུཏྤ་ལའི་ཕྲེང་བལས། རེ་རྒྱབ་ཆོས་རྗེའི་གཟིམས་ཁང་མལ་ཕྱིན་པས། །ཡིད་ལ་ལོ་རྒྱུས་འགའ་ཞིག་སྣང་མོད་ཀྱང་། །གཞན་ལ་བསྒྲགས་པར་རུང་བ་མ་ཡིན་ནོ། ཞེས་གསལ་བས་སོ། 

   རྒྱལ་དབང་མི་བསྐྱོད་རྡོ་རྗེ་མཆོག །ཆུ་རྟ་སྤྱི་ལོ(༡༥༢༢)ལོར་ཁམས་ཁུལ་ནས་ཡར་ཆིབས་བསྐྱོད་གནང་སྐབས། རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་དུ་ཕེབས་ཤིང་ཡེ་ཤེས་མགོན་པོས་ཞལ་གཟིགས་པར་རྣམ་ཐར་དུ་འཁོད་པས་སོ། 

    ཞྭ་དམར་དཀོན་མཆོག་ཡན་ལག་ལྕགས་སྤྲེལ་སྤྱི་ལོ(༡༥༦༠)ལོར་རྒྱལ་དབང་དགུ་པ་གདན་འདྲེན་སླད་མདོ་ཁམས་སུ་ཆིབས་བསྒྱུར་གནང་སྐབས་ཙནྡན་དགོན་དང་། སོག་རོང་སོགས་བརྒྱུད་ནས་ཕེབས་པར་སྨོས་པ་དང་། ཤིང་གླང་སྤྱི་ལོ(༡༥༦༥)ལོར་རྒྱལ་དབང་དབང་ཕྱུག་རྡོ་རྗེ་དང་ལྷན་དུ་རྒྱ་སྟོན་ཁོགས་དང་། སོག་ཟམ་བཀྲ་ཤིས་ལྷུན་གྲུབ་རབ་བརྟན་གླིང་སོགས་བརྒྱུད་དེ་ཕེབས་པརཀམ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད་འཁོད་ཀྱང་། རེ་རྒྱབ་ཏུ་ཕེབས་པར་མི་གསལ་ཡང་། འོན་ཏེ་ཡར་མར་ལམ་བུ་དེ་བརྒྱུད་ནས་ཕེབས་པར་གཞིག་ན་རེ་རྒྱབ་ཉི་ཕུག་སྟེང་ཆེན་དུ་ཕེབས་ཡོད་པར་སེམས།

    ཞྭ་དམར་ཆོས་ཀྱི་དབང་ཕྱུག་ལྕགས་ཁྱི་སྤྱི་ལོ(༡༦༡༠)ལོར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སྤྱན་འདྲེན་སླད་ཆིབས་བསྒྱུར་གནང་སྐབས་བྱང་ལམ་ནས་ཙནྡན་དགོན་སོགས་གོང་སྨོས་ཀྱི་ལམ་བུར་བརྒྱུད་དེ་ཕེབས་ཤིང་། མེ་སྦྲུལ་སྤྱི་ལོ(༡༦༡༧)ལོར་ཡར་དབུས་སུ་ཆིབས་བསྐྱོད་གནང་སྐབས་རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་དུ་ཕེབས་ཤིང་། རྒྱལ་དབང་ཆོས་གྲགས་རྒྱ་མཚོས་བཞེངས་པའི་རྟེན་གཏོར་ལ་སྙན་དར་སོགས་མཆོད་སྤྲིན་དུ་མ་ཕུལ་བར་མཛད་ཅིང་། སྐབས་དེར་རྡོ་ལ་ཞབས་རྗེས་ཞིག་བྱོན་པརཀམ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཕྲེང་བའི་ཞྭ་དམར་དྲུག་པའི་རྣམ་ཐར་ལས་གསལ་བའོ། 

     རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་མཆོག །ཤིང་སྟག་སྤྱི་ལོ(༡༦༡༤)ལོའི་ཟླ་བ་བཅུ་གཉིས་པའི་ནང་གདན་ས་མཚུར་ཕུ་སོགས་དབུས་སུ་ཆིབས་བསྒྱུར་གནང་སྐབས་རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་དུ་ཕེབས་ཤིང་། སྤོ་བོ་སྟོད་སྨད་དང་། ལྷོ་ལུང་ཆེན་བཅོ་བརྒྱད་ཀྱི་ལྷ་སྡེ་མི་སྡེ་མངའ་འབངས་དང་བཅས་པའི་སྐྱེ་བོ་འབུམ་ཕྲག་ཏུ་ལོངས་པ་རྣམས་ཀྱིས་དངོས་འབྱོར་གྱི་མཆོད་སྤྲིན་ཕུལ། ཞལ་མཇལ་ཕྱག་སྨོན་བཅས་འབྲེལ་ཚད་དོན་ལྡན་མཛད། ཤིང་ཡོས་སྤྱི་ལོ(༡༦༡༥)ལོའི་ལོ་སར་དགའ་སྟོན་གནང་སྐབས། དགེ་འདུན་ཡང་རི་བ་རྣམས་ཀྱིས་བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། བཀའ་བརྒྱུད་བྲོ་མོ་ཆེ། ཤྭ་མོ་ཡར་ཤོག་གི་གསུང་མགུར་སོགས་ཕུལ་ཏེ་ཐུགས་དགྱེས་པར་བསྐྱེད། དེར་དབུས་གཙང་ནས་ཞབས་དྲུང་དཔའ་བོ་དང་། རྗེ་དབོན་ཨ་སྐྱབས། སྡེ་སྲིད་གཙང་སྐུར་སོགས་ཀྱིས་ཇ་འདྲེན་དང་ཕེབས་བསུ་བ་རྣམས་འབྱོར་ཞིང་། སྡེ་པ་རྒྱ་སྟོན་པ་ལ་གུ་ཤྲིའི་ལས་ཀའི་བསྐོ་འཇའ་གནང་བ་སོགས་མཛད། འདི་ནས་བཟུང་རྒྱལ་དབང་མཆོག་གིསཡིག་དྲུག་དུང་ཕྱུར་ལྗགས་བཟླས་མཛད་པའི་དབུ་འཛུགས་གནང་སྟེ། ལྷག་པའི་ལྷ་སྤྱན་རས་གཟིགས་ཁོ་ན་མཛད་དེ་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བསམ་གྱིས་མི་ཁྱབ་མཛད། ཅེསཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་བདུད་རྩིའི་བུམ་བཟང་དང་། ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོལས་གསལ་བའོ། 

     དེ་ལྟར་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ(༡༣༦༤)ལོ་ནས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ(༡༦༤༢)ལོའི་བར་བགྲང་བྱ་ཉིས་བརྒྱ་དང་བདུན་ཅུ་དོན་བརྒྱད་རིང་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་། ཞྭ་དམར་སོགས་རྒྱལ་དབང་ཡབ་སྲས་རྣམས་ཀྱིས་ཐུགས་བརྩེའི་བདག་རྐྱེན་འོག་རྒྱལ་བསྟན་སྤྱི་དང་། དཔལ་མཉམ་མེད་འགྲོ་མགོན་བརྒྱུད་པའི་བསྟན་པ་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་སྲི་ཞུ་བླ་ན་མེད་པའི་ལེགས་སྐྱེས་འབུལ་སའི་ཆོས་སྡེ་རེ་རྒྱབ་ཉི་ཕུག་སྟེང་ཆེན་མཇུག་སྡུད་པའོ 

དམངས་གཙོ་བཅོས་བསྒྱུར་གོང་གི་རོང་པོ་རབ་བརྟན་དགོན་པའི་ཆགས་ཤུལ།

      དེ་ནས་ཆབ་སྲིད་ཀྱི་ཡོ་ལང་ཁྲོད་སོག་པོ་གུ་ཤྲི་ཁང་གི་དམག་དཔུང་གིས་བཀའ་བརྒྱུད་པའི་དགོན་པ་རྩ་གཏོར་བཏང་ནས་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་བརདགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོལས། རི་ཤོད་དགོན་དུ་སྔར་གྱི་གྲྭ་རྙིང་འཕོས་ཤུལ་དུ་ས་སྤྲེལ་ལོར་ཚུགས་པ་དགའ༷་ལྡན༷་རབ༷་བརྟན༷། སློབ་དཔོན་ལྕང་ཅན་འཕྲིན་ལས་རྒྱ་མཚོ། སྔགས་པ་བློ་བཟང་ཆོས་འཕེལ། སྟོད་ལུང་པ་བློ་བཟང་བསྟན་འཛིན། ད་ལྟ་སེ་ར་སྨད་སྐལ་བཟང་རྒྱ་མཚོ། གསང་འདུས། ནག་པོ་སྐོར་གསུམ་སོགས་གོང་མཚུངས། གྲྭ་རྒྱུན་འབྲས་སྤུངས་བློ་གསལ་གླིང་། གྲྭ་པ་བརྒྱད་ཅུ་སྐོར། ཞེས་སྨོས་པས། བོད་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་སྤྱི་ལོ(༡༦༤༡)ལོའམ། ཆུ་རྟ་སྤྱི་ལོ(༡༦༤༢)ལོར་གུ་ཤྲི་ཧན་གྱིས་དམག་དཔུང་གིས་དབུས་གཙང་དུ་དཔུང་འཇུག་བྱེད་སྐབས་བཀའ་བརྒྱུད་ཀྱི་ཆོས་གྲྭ་རེ་རྒྱབ་ཉི་ཕུག་སྟེང་ཆེན་རྩ་གཏོར་བཏང་ཞིང་། ས་སྤྲེལ་སྤྱི་ལོ(༡༦༦༨)ལོར་སྔར་གྱི་དགོན་ཤུལ་དེར་དགའ་ལྡན་རབ་བརྟན་དགོན་པ་བསྐྱུར་འཛུགས་གནང་སྟེ་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་བར་མཛད་ཅིང་། དེ་ནས་བཟུང་སྟེ་དེང་གི་བར་བོད་ལྗོངས་ནག་ཆུ་གྲོང་ཁྱེར། སོག་རྫོང་། རོང་པོའི་ཡུལ་ཚོར་གནས་པའི་རོང་པོ་རབ་བརྟན་དགོན་པ་ནི། རྒྱལ་དབང་ཀརྨ་པ་རོལ་པའི་རྡོ་རྗེའི་ཕྱག་བཏབ་པའི་རེ་རྒྱབ་ཉི་ཕུག་སྟེང་ཆེན་དགོན་པ་ཡིན་པར་ལོ་རྒྱུས་ཀྱི་ཡིག་ཚང་དང་། དམངས་ཁྲོད་ཀྱི་ངག་རྒྱུན་ལས་བྱུང་བས་དངོས་ར་འཕྲོད་པའོ། 

2022.6.8.ཉིན་ཐུབ་བསྟན་འོད་ཟེར་གྱིས་ལྷ་སར་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2011