ལྷ་ས་དྲན་པ།
བྱ་ཞིག་ཡིན་ན་བསམས་བྱུང་།།
བྱེའུ་ཞིག་ཡིན་ན་བསམས་བྱུང་།།
ཉི་མ་ལྷ་སའི་ཕྱོགས་ལ།།
འཕུར་རྒྱུ་བྱུང་ན་བསམས་བྱུང་།།
—— གཞས་ཚིག
ད་ནངས་ཞོགས་ཀར་ང་རྒྱུས་ཡོད་ཀྱི་དྲིལ་སྒྲ་ཞིག་གིས་གཉིད་ལས་བསླངས། དེ་དུས་ནམ་རྒྱུན་ལྟར་ཆུ་ཚོད་བརྒྱད་པར་སླེབས་འདུག ཉི་འོད་མལ་ཁང་གི་སྒེའུ་ཁུང་ལས་བཞུར་འོངས་ནས་བདག་གི་སྔས་མལ་ལ་ཕོགས་འདུག འགྲེ་ལོག་ཅིག་གི་རྗེས་ནས་ང་ཡར་ལ་ལངས། ནངས་ཇ་འཐུང་བཞིན་པའི་སྒང་ལ་སྔོན་ཆད་ཁྱིམ་མི་གང་བོ་ཞོགས་ཇ་ལ་རོལ་ཏེ། གྱང་མཁར་གྲུ་བཞིའི་རྩ་རུ་ཉི་མར་ལྡེ་ཞོར“808”སྒྲ་སྒམ་ལས་མཆེད་པའི་སྨན་བླ་སྐྱབས་ཀྱིས་ཚིག་བརྩམས་ཤིང་། བདུད་བྷེའམ་གངས་ལྗོངས་ཁུ་བྱུག་གིས་བླངས་པའི《ལྷ་ས་དྲན་གླུ》ཞེས་པའི་གཞས་དེ་དང་རྒྱང་རིང་གི་ཉི་མ་ལྷ་ས་ཤེས་མེད་ཚོར་མེད་ངང་དྲན་འོངས། གཞས་དེ་ངས་ཁ་པར་གྱི་དྲ་ངོས་སུ་བྲེལ་རྟབ་ཀྱིས་བཙལ་ནས་རྙེད་ཅིང་། རྙེད་ནས་གཞས་དེའི་ཀློང་དུ་འཐིམས་པར་བརྩམས།
གཞས་དེ་དེ་ལྟར་མཉན་ཚར་ནའང་། རྒྱང་རིང་གི་ཉི་མ་ལྷ་ས་ནི་དྲན་ནས་ཚར་བ་མི་འདུག སྤྱིར་ན་ང་རང་ཆེས་འགྲོ་འདོད་པའི་ས་ཆ་ནི་ལྷ་ས་ཡིན། རྒྱུ་མཚན་ནི་ལྷ་སར་མེས་པོའི་བློ་གྲོས་དང་བླ་སྲོག་གིས་བཞེངས་གྲུབ་གནངས་བའི་པོ་ཏ་ལ་དང་བར་སྐོར་གླིང་དུ་འཚང་ཀ་ཤིག་ཤིག་གི་སྙིང་ཉེ་བའི་མདོ་དབུས་ཁམས་གསུམ་གྱི་མིང་སྲིང་ཡོད་པས་ཡིན། ལྷ་སར་པོ་ཏ་ལའི་རྒྱ་ཕིབས་དང་ཇོ་ཁང་གི་གསེར་ཏོག་ལ་ཆགས་པའི་རྣམ་ཤེས་དང་སུ་ཞིག་གི་ཞེན་ཆགས་ཀྱི་མིག་ཆུ་ཡོད་པས་ཡིན།
དེ་རིང་ཉི་མ་ལྡེ་ཞོར་ཞེ་ལྷོད་ལྷོད་ངང་འོ་ཇ་འཐུངས་དུས་ངས་རྒྱང་རིང་གི་ཉི་མ་ལྷ་ས་དྲན་བྱུང་། ལྷ་ས་དྲན་དུས་སྔོན་པོར་ནག་པོ་དང་སྐྱ་བོ་འདྲེས་པའི་ལྷ་སའི་ནམ་མཁའ་དང་ལྷ་སའི་ཉི་འོད་མག་མོག་དེ་དྲན་བྱུང་། ལྷ་ས་དྲན་དུས་མི་ཕོའི་ཀི་སྒྲ་དང་རྟ་ཕོའི་རྨིག་སྒྲ་འཇགས་ཤུལ་གྱི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་དང་ཁྲག་གིས་སྦངས་པའི་ངོ་གདོང་དྲན་འོངས། མཚམས་སྤྲིན་མེ་རུ་འབར་རྗེས་ཁ་བ་ནག་པོའི་རྔམས་ཁ་ན་ཕྱི་ནང་ཧ་ཅང་འཁྱག་པའི་ལྷ་ས་དང་ལྷ་སའི་མི་ཚོགས་དྲན་འོངས།
དེ་ལྟར་དྲན་དྲན་པའི་མཐའ་མར་ཁུ་སིམ་མེར་བསམ་གཞིག་གི་ཞགས་པ་རྒྱང་རིང་གི་ཉི་མ་ལྷ་སར་བསྲིངས་དུས། རྒྱང་ལ་བཞུད་པའི་འབྲོང་རྒོད་ཀྱི་ངར་སྐད་གཉོམ་པོ་རྣ་བར་ལྷུང་ཞིང་ཁྭ་ཏའི་ཨག་སྐད་ཀྱི་ཁྲོད་དུ་གདོང་ལ་ཐལ་མདོག་ཆགས་པའི་ལྷ་སའི་མི་ཚོགས་མིག་ལམ་དུ་འགུལ་སོང་། སྨྲེང་སེམས་ཀྱི་ཀློང་དུ་གཡོ་བའི་རྒས་འཁོགས་ཀྱི་མ་ཎིའི་གདངས་དབྱངས་ཐན་ཐུན་དང་མེ་འཁོར་གྱི་དུང་བརྡས་དཀྲོགས་པའི་ལྷ་སའི་རྨི་ལམ་ཆག་རོ་དེ་སེམས་ཚོར་གྱི་གཏིང་དུ་བཞད་ཅིང་རྒས་རྙིང་ནས་རུལ།
༢༠༢༢ ༤ ༡༨ ཨག་གཞུང་ནས་གྲུབ།
པོ་ཏ་ལ།
ཨ་ཕའི་རྨི་ལམ་དུ་འཁོར་ཞིང་རྩེན་པ་ནི་བྱ་གླག་དང་པོ་ཏ་ལ། པོ་ཏ་ལའི་བྲང་གཞུང་དུ་འཕྱུར་ཞིང་འཕྱོ་བ་ནི་རེ་སྨོན་དང་གསོལ་འདེབས་ལགས། པོ་ཏ་ལ། བོད་བཙན་པོའི་མངའ་ཐང་དང་དབྱངས་གསལ་སོ་བཞིའི་གཟི་བརྗིད་ཁྱེད་ཀྱི་འདབས་རོལ་དུ་ལང་ལོང་གཡོ་ཞིང་། ཨ་ཕའི་ཐོབ་ཤོར་གྱི་ཕྱི་མིག་དང་འཁྲེང་ཞེན་ཀྱི་སེམས་པ་ཁྱེད་ཀྱི་སྒེའུ་ཁུང་དུ་ཚ་བས་འཁྱིལ། ཁྱེད་ཉིད་གངས་ལྗོངས་པའི་མཆོད་སྟེགས་སུ་འོད་ཀྱིས་འགྱིངས་ཤིང་རེ་སྨོན་ཁྲི་ཕྲག་གི་གཏིང་རིམ་ན་བརྗིད།
པོ་ཏ་ལ། ཁྱེད་རང་ན་ཟུག་གི་ཕྱི་མིག་དམར་པོའི་ཀློང་དུ་སེམས་ངལ་དང་སྡུག་ཡུས་ཀྱིས་གཟིར་ནའང་། འུ་ཚོས་རེ་ལྟོས་འབུམ་ཕྲག་གི་རྨི་ལམ་རུམ་ནས་རེ་སྒུག་གི་མིག་ཟུང་ཁྱེད་ཕྱོགས་ལ་བགྲད་ཡོད། ང་ཚོ་ནི་གནས་མལ་མེད་པའི་བྱ་ཁྱུ་ཇི་བཞིན་གྲང་འཁྱག་གིས་རུས་རྐང་འཇོམས་ལ་རན། ང་ཚོ་ནི་ཕ་གཞིས་བོར་ཁེར་རྐྱང་ལགས་པས། ལོ་ཟླ་སྐྱོ་སྡུག་དང་དྲན་གདུང་གིས་བསྐྱལ་ཞིང་། སྙན་ངག་མིག་ཆུས་འབྲི་དགོས་བྱུང་།
པོ་ཏ་ལ། སང་ཉིན་ཁྱེད་ཀྱི་ནམ་མཁར་ཉི་ཟླ་ཡི་འཛུམ་རྒྱ་རྣམ་པར་གྲོལ་ཞིང་མཚན་ལྗོངས་ཀྱི་རྒྱུ་སྐར་སྔར་ལས་མོད་པར་སྨོན། སང་ཉིན་གྱི་ཁ་བས་ཁྱེད་ཀྱི་སེམས་པར་སིམས་པའི་སྐྱོ་ངལ་དང་ས་རྡུལ། དྲན་གདུང་དང་སྡུག་ཡུས་ལྷག་མེད་དུ་དག་ཅིང་། གནམ་ས་གཡོ་བར་བྱེད་པའི་སེང་གེའི་གཡུ་རལ་ཧི་མ་ལ་ཡའི་ཕྲག་གོང་དུ་བསིག་པའི་སྨོན་ལམ་འདེབས།
པོ་ཏ་ལ། ཁྱེད་ཉིད་དུས་གཏན་དུ་གངས་ལྗོངས་པའི་ཡིད་ཀྱི་སྐྱེད་ཚལ་དུ་ཐེར་ཟུག་གིས་བཞུགས་རོགས། ཁྱེད་ཡོད་པས། མེས་པོའི་གསེར་མདོག་གི་ཁ་ཆེམས་ང་ཚོའི་རུས་གསེང་ནས་འབུས་ཤིང་། དཔའ་བོའི་གཡུལ་འཁྲུག་གི་གཏམ་རྒྱུད་སྨུག་པོ་ང་ཚོའི་སེམས་ཁོང་ནས་འཕག པོ་ཏ་ལ། མཐའ་མི་མངོན་པའི་རྩྭ་ཐང་ལྗང་ཁུ་ཁྱེད་ཀྱི་ལག་མཐིལ་ལགས་པས། དེ་རུ་ཁ་ངོར་དམར་མདངས་ཆགས་པའི་བྱིས་པ་ཚོའི་རྒྱང་བསྐྱོད་ཀྱི་རྨི་ལམ་རིང་མོ་ཡོད། དེ་ནི་བྱ་གླག་གི་གཤོག་རྩལ་ངོམ་སའི་རང་དབང་གི་འཇིག་རྟེན་ཡིན་པར་སྨོན། དེ་རུ་རྟ་རྒོད་ཀྱི་རྨིག་རྗེས་དཔར་ཞིང་འབྲོང་གཡག་གི་ངར་སྐད་བསྒྲག་པར་ཤོག
༢༠༢༡.༡༢.༡༥ཡི་མཚན་གུང་ལ་མལ་ས་ནས།
ཨ་མ་ཚེ་རིང་ལོ་བརྒྱ།
གཅིག
ངའི་ཨ་མ་ནི་འབྲོག་མོ་རྣལ་མ་ཞིག་ཡིན། སྦྲ་རྒན་དུ་བ་ཅན་གྱི་ནང་དུ་ལྟེ་ཁྲག་གཏོར་ཞིང་ནོར་ལུག་གི་རྨིག་རྗེས་ཁྲོད་ལང་ཚོ་འཚར་བའི་འབྲོག་མོ་རྣལ་མ་ཞིག་ཡིན་པས། ངའི་ཨ་མ་ལའང་འབྲོག་མོ་གཞན་དང་འདྲ་བར་ལྷད་མེད་ཀྱི་གཤིས་བཟང་དང་བྱམས་བརྩེ་ཡི་འཛུམ་དཀར་ཡོད། གཡོ་ཟོལ་གྱིས་མ་བསླད་པའི་མིག་མདངས་དང་རྫ་ཆབ་ཀྱི་བཞུར་སྒྲ་བཞིན་དྭངས་ཤ་འཚེར་བའི་བཞོ་དབྱངས་མངའ། ལོ་ན་ཆུང་དུས་ནས་ཀྱང་ཙག་དང་བསེར་བུ་གངས་དང་ཆར་ཆུའི་ཀློང་ནས་ཕྱུགས་རྗེས་སུ་འབྲངས་གྲངས་མང་།
གཉིས།
ལང་ཚོའི་ཁོ་ལག་རྫོགས་རྗེས་གཞིས་ཁྱིས་གསར་བ་ཞིག་གི་ཆེད་དུ། མ་འོངས་པའི་འཚོ་གནས་ཀྱི་སླད་དུ་ཨ་མ་དང་ཨ་ཕས་ནམ་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ལ་བརྩལ་ཏེ་བརྩེ་དྲོད་འཁྱིལ་བའི་སྦྲ་ནག་བཟོས། དབྱར་ཁར་ཉི་འོད་ཀྱི་ཚ་ཟེར་དང་དྲག་ཆར་གྱི་རྔམས་ཁ། དགུན་ཁར་མཚོ་བོད་མཐོ་སྒང་གི་ཙག་དང་རླུང་གངས་དང་བུ་ཡུག་གི་ཁྲོད་ནས་སྐྱས་བཏེག་ཅིང་། སྒོ་ཕྱུགས་འཚོ་སྐྱོང་བྱས། ངེད་མིང་སྲིང་ཚོ་རེ་རེ་བཞིན་ཁ་འཇམ་པོས་བསྙོར་ཞིང་ལག་དྲོད་མོས་བསྐྱངས།
གསུམ།
བུ་ཕྲུག་དག་ལག་ཆགས་ཏེ་རེ་རེ་བཞིན་སློབ་ལོ་ལོན་དུས་ཡོད་ཚད་སློབ་གྲྭར་བསྐྱལ་ཏེ་ཁྱིམ་ཚང་གཅིག་གི་སྒོ་ཕྱི་ནང་གཉིས་ཀྱི་ལས་ཀ་ཡོད་ཚད་ཨ་མ་དང་ཨ་ཕའི་ཕྲག་ཏུ་བླངས། ཁྱིམ་ཚང་འདིའི་ཕྱིར་དུ་ཉིན་གཅིག་གི་དུས་ཚོད་ནང་ཨ་མར་ཁོམ་ལོང་ཏོག་ཙམ་ལས་མེད་ནའང་། ཨ་མའི་མཚན་མོའི་རྨི་ལམ་དུ་ཨ་ཕ་དང་མིང་སྲིང་ཚོ་སྨིན་དྲུག་བཞིན་བསྒོམས་ཡོད་སྲིད།
བཞི།
ཨ་མ། འུ་ཚང་གི་ལྷས་རའི་ཕྱི་ནང་དུ་ཁྱེད་ཀྱིས་རྐང་རྗེས་ཁྲི་ཕྲག་དཔར་ཡོད། འུ་ཚང་གི་དབྱར་དགུན་སྟོན་དཔྱིད་ཀྱི་མཚེར་ས་རེ་ན་ཁྱེད་ཀྱི་ལྗིད་ཏིག་ཏིག་གི་རྐང་རྗེས་དང་གྲང་བསིལ་བསིལ་གྱི་རྔུལ་ཆུ་ཐོར་ཡོད། སེམས་པ་ནང་ལ་བཀུག་ཏེ་ཞིབ་ཏུ་བསམས་ན། ཨ་མ་ཁྱེད་ཀྱི་ཡོད་ཚད་ཁྱིམ་ཚང་འདིའི་སླད་དུ་བློས་བཏང་བ་ལས་ངས་ཁྱེད་ལ་དྲིན་ལན་ཕར་ལ་ཞོག ཐ་ན་ཁྱེད་ཀྱི་ལག་ཏུ་ཇ་ཚ་མོ་དཀར་ཡོལ་གང་ཡང་བཞག་མྱོང་བ་བཤད་རྒྱུ་མེད། ཁྱེད་ཀྱིས་ཀྱང་ཕ་མ་གཞན་དང་འདྲ་བར་ང་རང་ལས་བྱེད་པ་ཞིག་ལ་རེ་བ་བཅངས་མྱོང་། ཡིན་ནའང་ང་ནི་ལས་བྱེད་པ་ཞིག་རེད་མ་ཐུབ་པས། ངས་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་བཏང་སོང་། ཁྱེད་རང་དགོངས་པ་མ་ཚོམ།
ལྔ།
ཨ་མ། ལོ་ཟླ་ནི་དུས་ཚོད་ཀྱི་མདའ་མོས་རྒྱང་ལ་དྲུད་པ་ལྟར་ཁད་ཀྱིས་བཞུར་བས། ཁྱེད་ཀྱི་ལང་ཚོའང་ག་ལེར་རྒས་སོང་། ཨ་མ་ད་ལྟ་ཁྱེད་རང་རྒས་ནས་དཔྲལ་བའི་ངོས་སུ་གཉེར་མ་བབས་འདུག དེ་ནི་ལོ་ཟླས་བཏབ་པའི་ཁ་སང་གི་སྤྲོ་གར་སྣུམ་པོ་དང་དཀའ་སྡུག་གི་མི་ཚེའི་རི་མོ་ཨང་། ཨ་མ། ཁྱེད་ཀྱི་སྐྲ་དཀར་གྱི་ཉག་མ་ཇེ་མང་དང་སྐྲ་ལོའི་ཁ་དོག་ཇེ་དཀར་ཡིན་སོང་། སྐྲ་ལོ་དཀར་བ་ནི་རྒས་པའི་ཆོས་ཉིད་ཡིན་ལ། དཀར་ཟོམ་ཟོམ་གྱི་ཁ་དོག་གིས་ལྷད་ཀྱིས་མ་གོས་པའི་ཁྱེད་ཀྱི་སེམས་པ་མཚོན་ཡོད།
དྲུག
ཨ་མ་ཚེ་རིང་ལོ་བརྒྱ། ཁྱེད་རང་ནད་མེད་ཚེ་རིང་ཡོང་བ་དང་བསམ་དོན་རི་མོ་འགྲུབ་པར་བུ་ངས་ཞེ་བསམ་པའི་གཏིང་ནས་སྨོན་ལམ་འདེབས། ཨ་མ་ལོ་བརྒྱ་ཚེ་རིང་།
༢༠༢༢-༡༡-༡༩ལ་ཤར་མར་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1995
དཔྱད་མཆན་སྤེལ།