འདིར་གླེང་བར་བྱ་བ་ནི་སྔར་བྱུང་གི་ལོ་རྒྱུས་ཏེ། ལོ་རྒྱུས་ནི་རང་བྱུང་ཁམས་དང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་འཕེལ་གྱི་རིམ་པ་བཀོད་པ་སྟེ། དེའང་། སྲིད་པ་རྒན་པོའི་གཏམ་དཔེ་ལ། “ལོ་རྒྱུས་ཀྱི་ཚིགས་གསུམ་མ་གོ་ན། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།” ཞེས་གྲགས་པ་དང་། 《རླངས་ཀྱི་པོ་ཏི་བསེ་རུ》ལས། “ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་དགུ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ།” ཞེས་བཀོད་པ་བཞིན། སྔོན་རབས་ལོ་རྒྱུས་ཀྱི་བྱུང་རིམ་ཤེས་རྟོགས་བྱ་རྒྱུ་ནི་འདས་དོན་ལ་ཕྱིར་དྲན་ཙམ་མ་ཡིན་པར། ཤེས་རིག་གི་བྱང་ཚད་མཐོར་འདེགས་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་པས། སྤྱི་དང་བྱེ་བྲག་གི་ལོ་རྒྱུས་ལ་རྒྱུས་ལོན་བྱ་བ་གལ་ཆེན་ནང་གི་དོན་ཆེན་ཡིན་པས། ལོ་རྒྱུས་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་དུ་བྱུང་བའི་དོན་དངོས་ཤ་སྟག་དང་། མིའི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་འཕེལ་འགྲིབ་ཇི་ལྟར་བྱུང་བ་རྣམས། དུས་ཚོད་དང་གནས་ཚུལ་ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ཏུ་བྱུང་བ་ཡིན་ན། ལོ་རྒྱུས་སྨྲ་བ་པོས་བསམ་གཞིགས་ནན་མོས་དངོས་ཐོག་བདེན་ཚོལ་གྱིས་སྒོ་ནས་བརྗོད་པ་ནི་ཚད་མར་འཛིན་འོས་ཤིང་། ཕྱོགས་རིས་དང་འཁྱོག་བརྗོད་ཀྱི་ལམ་ནས་གཞིགས་འགྲེལ་ཕྱི་ཅི་ལོག་ཏུ་བྱས་པའི་ལོ་རྒྱུས་ནི་རྗེས་རབས་ལ་བག་ཆགས་ངན་པའི་ཤུགས་རྐྱེན་ཐེབས་སྲིད་པས། སྔོན་རབས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་ཡིག་ཚང་གང་ཡིན་རུང་རང་གི་རྣམ་དཔྱོད་ཀྱིས་སྙིགས་འདོར་བཅུད་ལེན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། ལོ་རྒྱུས་ཀྱི་རྒྱུ་ཆ་གནའ་དཔེའི་ཡིག་ཚང་དང་། དམངས་ཁྲོད་ཀྱི་ངག་རྒྱུན། གནའ་ཤུལ་དང་རིག་དངོས་སོགས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་བདེན་དཔང་ར་སྤྲོད་བྱེད་པ་ནི་མེད་དུ་མི་རུང་བ་ཡིན་ལ། རྨང་གཞི་དེ་དག་ལ་བརྟེན་ནས་སྔོན་བྱུང་གི་ལོ་རྒྱུས་འཁྱོག་མེད་ཞིབ་ཆའི་ངང་ནས་ཡིག་ཐོག་ཏུ་འགོད་པ་ནི་དུས་རབས་ཀྱིས་སྤྲད་པའི་འོས་འགན་དུ་རྩིས་ནས། ད་ལམ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་བྱུང་འཕེལ་སྐོར་ཅུང་ཟད་བརྗོད་པར་བྱའོ། །

དེའང་དུས་རབས་བཅུ་དྲུག་པར་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཐུགས་རྗེའི་བདག་རྐྱེན་ལས་བྱུང་བའི་འགྲོ་མགོན་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་གྲྭ་ཕྲག་གྲུམ་ཚལ་དུ་འཇམ་དབྱངས་དགྱེས་པའི་མདངས་ལྡན་གྱི་བཤད་གྲྭ། དྭགས་པོ་ཀརྨ་བཤད་སྒྲུབ་གླིང་། ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་། ཤངས་ཐོབ་རྒྱལ་ཀརྨ་འདུལ་གྲྭ་གླིང་། གཙང་གསུང་རབ་རྒྱ་མཚོ་གླིང་། སྔགས་གྲྭ་རིག་འཛིན་མཁའ་སྤྱོད་གླིང་བཅས་ཀློག་པ་ཐོས་བསམ་བྱེད་སའི་ཆོས་གྲྭ་དུ་མ་གསར་དུ་བཙུགས་པར་མཛད་དེ། ཆོས་གྲྭ་དེ་རྣམས་ཀྱི་ཡ་གྱལ།  ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་བྱུང་བ་ཅུང་ཟད་སྨོས་ན།

 

༡༽ཆོས་གྲྭ་ཐོག་མར་བཙུགས་པའི་སྐོར།

ཐོག་མར་ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་ཇི་ལྟར་བཙུགས་ཚུལ་ནི། ཆུ་འབྲུག་སྤྱི་ལོ(༡༥༣༢)ལོའི་ཟླ་བ་བཅུ་པའི་ནང་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་མཆོག་སྒར་ཆེན་དང་བཅས་པ་ཀོང་ཡུལ་ལྟ་བ་མཚལ་ཁུང་གི་ས་ཆར་བཞུགས་སྐབས། རྒྱལ་དབང་རིན་པོ་ཆེ་ནས་སྨྱུག་ལ་ལེགས་བཤད་གླིང་གི་ཀརྨ་གྲྭ་ཚང་ནས་མཁས་པ་རིན་ཆེན་ལེགས་པ་དང་། རབ་འབྱམས་པ་སངས་རྒྱས་ཡེ་ཤེས་སོགས་དགེ་བཤེས་བཅུ་ཙམ་གདན་འདྲེན་མཛད་དེ། དགེ་བཤེས་དེ་རྣམས་ལ་རྨང་གཞི་བྱས་ཐོག །གཞན་ཡང་སྐུ་དྲུང་དུ་བཀའ་ཆོས་གསན་བཞིན་པའི་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་དང་། ཁམས་པ་རབ་འབྱམས་པ་སེང་གེ་བཟང་པོ། གུ་གེ་རབ་འབྱམས་པ་སྡེ་བདུན་པ་སོགས་མཁས་གྲགས་ཅན་གྱི་དགེ་བའི་བཤེས་གཉེན་སྐུ་འཁོར་རྣམས་གསབ་སྣོན་གནང་སྟེ་མཁས་པ་ཉི་ཤུ་རྩ་གྲངས་ཙམ་ལ་བརྟེན་ནས། ཀརྨའི་སྒར་ཆེན་ནང་ཁུལ་དུ་ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་ཐོག་མར་བཙུགས་པར་མཛད། ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་བཙུགས་པ་ལོ་དུས་ཆུ་འབྲུག་ཡིན་པ་ཅིའི་ཤེས་ཞེ་ན། བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་། 《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “འབྲུག་ལོ་དེའི་ཟླ་བ་བཅུ་པ་ཙམ་ནས་མཁས་པ་རིན་ཆེན་ལེགས་པ། རབ་འབྱམས་པ་སངས་རྒྱས་ཡེ་ཤེས་ལ་སོགས་པ་ཉི་ཤུ་རྩ་གྲངས་ཙམ་འདུས་པ་དང་པོར་གྱུར་པ་ལ་བཤད་གྲྭའི་རྒྱུན་མཛད།” ཅེས་གསུངས་པས། འབྲུག་ལོ་ཡིན་པ་ཙམ་ལས་དབང་ཐང་ངམ་ལོ་ཁམས་མ་གསུངས་སོ་སྙམ་ན། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་སྐུ་ཚེའི་མཛད་ཕྲིན་གྱི་རྣམ་ཐར་དང་ཕན་ཚུན་གུང་བསྒྲིགས་ན་ཆུ་འབྲུག་ལོའི་ཟླ་བ་བཅུ་པ་ཡིན་པར་གསལ་ཞིང་། ལོ་དེར་སྤྱི་ལོ(༡༥༣༢)ལོ་ཁེལ་བའོ། །དེ་མཚུངས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས།  “མཚལ་ཁུང་དུ་བཞུགས། ཀརྨ་གྲྭ་ཚང་ནས་དགེ་བཤེས་བཅུ་ཙམ་བོས་ནས་མཚན་ཉིད་ཀྱི་བཤད་གྲྭ་ཚུགས།” ཞེས་གསུངས་པས། དང་ཐོག་རྒྱལ་དབང་མཆོག་གིས་སྨྱུག་ལ་ལེགས་བཤད་གླིང་ངམ་ཀརྨ་གྲྭ་ཚང་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་རང་བྱན་ཆུད་པའི་དགེ་བཤེས་བཅུ་ཕྲག་འབོད་འགུག་གནང་སྟེ། ཁོང་རྣམས་ལ་རྨང་གཞི་བྱས་ཐོག་རྒྱལ་དབང་ཉིད་ཀྱི་སྐུ་དྲུང་དུ་གདམས་པ་ཟབ་མོ་ནོད་པར་འདུས་པའི་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་སོགས་རབ་འབྱམས་སྨྲ་བ་དུ་མ་ཁ་སྣོན་མཛད་དེ། མདོ་རྒྱུད་རིག་གནས་ཞར་བྱུང་མན་ངག་དང་བཅས་པར་སློབ་གཉེར་བྱེད་སའི་བཤད་གྲྭ་ཀརྨ་གཞུང་ལུགས་གླིང་དབུ་འཛུགས་མཛད་པ་དང་། གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བ་དང་། གུ་གེ་རབ་འབྱམས་པ་སྡེ་བདུན་པ། ཁམས་པ་རབ་འབྱམས་པ་སེང་གེ་བཟང་པོ་སོགས་གྲྭ་ཚང་དེའི་ཁོངས་སུ་བཞུགས་པར《ཆོས་བྱུང་མཁས་དགའ》དང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》འི་ཚིག་འགྲོས་ལས་ཤེས་ཐུབ་ལ། ཀརྨ་གཞུང་ལུགས་གླིང་ཐོག་མར་དབུ་འབྱེད་སྐབས་འཆད་ཉན་གྱི་སློབ་དཔོན་སུ་ཡིན་དམིགས་གསལ་མ་སྨོས་ཀྱང་། མཁས་པ་རིན་ཆེན་ལེགས་པ་བསྐོས་པར་སེམས་ཏེ། དཔའ་བོའི་ཁོང་གི་མཚན་ཐོག་མར་གསུངས་པས་ཤུགས་ལ་ཤེས་ཐུབ། སྐབས་དེར་ཀརྨའི་སྒར་ཆེན་ཀོང་ཡུལ་ལྟ་བ་མཚལ་ཁུང་གི་ས་ཆར་བཞུགས་པར་གསལ། མཁས་པ་རིན་ཆེན་ལེགས་པས་འབྲུག་ལོ་ནས། སྦྲུལ་ལོའི་ཟླ་བ་དགུ་པའི་བར་འཆད་ཉན་གྱི་སློབ་དཔོན་མཛད་ཅིང་གང་ལ་གང་འཚམས་ཀྱི་འཆད་ཁྲིད་གནང་བར་མཛད་དེ། ཕྱིར་ཁམས་སུ་ཕེབས་ནས་མི་ཉག་ར་ཏི་དགའ་ལྡན་གླིང་དུ་བཤད་གྲྭ་བཙུགས་ནས་དེར་གཞུང་བཀའ་པོད་ལྔ་སོགས་ལ་འཆད་ཁྲིད་གནང་བར་མཛད། དེའང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཁམས་སུ་ར་ཏི་དགའ་ལྡན་གླིང་དུ་མཁས་པ་རིན་ཆེན་ལེགས་པས་གསར་དུ་བཤད་གྲྭ།” ཞེས་གསུངས་པ་དང་། ཁོང་ནི་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་རྩ་སློབ་རབ་འབྱམས་སྨྲ་བ་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་གྲས་ཡིན་ཏེ། ཡང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “མཁས་པ་རིན་ཆེན་ལེགས་པ་སོགས་བསྟན་པ་ལ་བྱ་བ་མཛད་པའི་མཁས་པ་ཆེན་པོ་རྣམས་དང་།” ཞེས་གསུངས་པས་ཤེས་ཐུབ། འབེ་ལོས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “དབོན་རབ་འབྱམས་པ་རིན་ཆེན་ལེགས་པ།” ཞེས་གསུངས་པས། དམ་པ་ཁོང་མཁས་པ་ཡིན་པ་གཞིར་བཞག་ཐོག་རིགས་རུས་མཐོ་བའི་གྲུབ་དབང་ཀརྨ་པཀྴིའི་དབོན་རྒྱུད་འཁྲུངས་པར་སེམས་ཤིང་། དབོན་རབ་འབྱམས་པ་རིན་ཆེན་ལེགས་པ་ཞེས་གསལ་བས་ཤེས་ཐུབ་བོ། །

 

༢༽དཔའ་བོ་གཙུག་ལག་ཕྲེང་བ་བཤད་གྲྭའི་སློབ་དཔོན་མཛད་པའི་སྐོར།

ཆུ་སྦྲུལ་སྤྱི་ལོ(༡༥༣༣)ལོའི་ཟླ་བ་དགུ་པའི་ནང་རྒྱལ་དབང་ཀུན་མཁྱེན་ཆེན་པོས། དཔའ་བོ་གཙུག་ལག་ཕྲེང་བ་ལ་རྒྱལ་དབང་ཉིད་ཀྱི་སྐུ་བརྙན་རྒྱུ་རིན་པོ་ཆེ་ལས་གྲུབ་པ་དང་། རྒྱལ་དབང་མཆོག་གི་གསུང་རྩོམ་འདུལ་ཊཱིཀ་ཆེན་མོ་ཕྱག་བྲིས་ཕྱག་བསྟར་མ། གུས་ཆེན་དིང་ཕོན་སེངྒེའི་རི་མོ་བཀྲ་བའི་རྟེན་ཁེབས་བཅས་སྩལ་ནས། སྔོན་གྱི་སྨོན་ལམ་གྱི་རྟེན་འབྲེལ་ཡོད་པའི་དབང་གིས་ཀརྨ་གཞུང་ལུགས་གླིང་གི་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་བཞག་མཛད། དེའང་དཔའ་བོ་གཙུག་ལག་ཕྲེང་བ་ཉིད་ཀྱི་གསུང་། 《དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང་》ལས། “སྔོན་གྱི་སྨོན་ལམ་རྟེན་འབྲེལ་ཡོད་པའི་ཕྱིར། །ཀློག་པའི་སློབ་དཔོན་གྱིས་ཞེས་བཀའ་བསྒོས་ནས། །ཉིད་སྐུའི་སྣང་བརྙན་རིན་ཆེན་ལས་བྱས་དང་། །འདུལ་ཊཱིཀ་ཆེན་མོ་ཕྱག་བྲིས་མ་ཉིད་དང་། །དིང་ཕོན་སེང་གེའི་རིས་ཀྱི་རྟེན་ཁེབས་ཏེ། །རྣམ་གསུམ་རྟེན་འབྲེལ་དོན་དུ་གནང་བར་མཛད། །”ཅེས་གསལ་བ་དང་། དཔའ་བོ་གཙུག་ལག་ཕྲེང་བ་ཀརྨ་གཞུང་ལུགས་གླིང་གི་སློབ་དཔོན་དུ་ཕེབས་ལོ་ཆུ་སྦྲུལ་ཡིན་པ་ཅིའི་ཤེས་སྙམ་ན། ཡང་། 《དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང་》ལས། “འདུག་ནས་ཞག་གཉིས་འདས་པའི་དུས་ཤེད་དུ། །བྱ་རོག་མཆུ་ཡིས་གཎ་ཡོག་བཟུང་ནས་ནི། །གཎྜིའི་ལོགས་ལ་ལན་འགའ་བསྣུན་བྱས་པས། །ལ་ལ་གཎྜི་བརྡུངས་སྙམ་འཁྲུལ་པ་སྐྱེས། །དེ་ནས་དགེ་འདུན་འདུ་བའི་ཟང་ཟིང་ནི། །རྒྱ་ཆེར་འཕེལ་ཞེས་དགེ་འདུན་རྣམས་ལས་ཐོས། །དེ་ལྟར་སྦྲུལ་ལོ་ཟླ་བ་དགུ་པ་ནས། །བྱ་ལོ་ཟླ་བ་བཞི་པའི་བར་དག་གི །ལོ་ལྔའི་བར་དུ་ཀློག་པའི་གནས་བརྟན་བགྱིས། །”ཞེས་གསུངས་པས། འདིར་སྦྲུལ་ལོ་ཡིན་པར་མ་ཟད། ལོ་དེའི་ཟླ་བ་དགུ་པའི་ནང་ཡིན་པ་དང་། དབང་ཐང་ཆུ་ཡིན་པ་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་རྣམ་ཐར་དང་ཕན་ཚུན་གུང་བསྒྲིགས་ན་འཆུག་མེད་ཡིན་ལ། དེའི་སྐབབས་སྤྱི་ལོ(༡༥༣༣)ལོར་ཁེལ་བའོ། །གཞན་ཡང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “གསའ་ཕུར་ཚོགས་པར་བཅུ་གཅིག་ཞལ་གྱི་རྗེས་གནང་མཛད། སྒར་དུ་བསྙུང་གནས་ཀྱི་སྲོལ་བཙུགས། རྫ་ཡིག་དུ་རྡོ་ལ་ཞབས་རྗེས་བྱོན། རྗེ་དཔའ་བོ་སྒར་གྱི་བཤད་གྲྭའི་ཟུར་ཆོས་ལ་བསྐོས། རྟ་ལོའི་སྨོན་ལམ་མཛད།” ཅེས་གསུངས་པར་གཞིག་ན་དཔལ་བོ་རིན་པོ་ཆེ་ཀརྨ་གཞུང་ལུགས་གླིང་གི་སློབ་དཔོན་དུ་བསྐོས་ལོ་ནི། ཤིང་རྟ་སྤྱི་ལོ(༡༥༣༤)ལོའི་སྔར་ལོ་ཆུ་སྦྲུལ་ལོ་ཡིན་པར་ཤེས་ཐུབ། འབེ་ལོས་ཟུར་ཆོས་ལ་བསྐོས་ཞེས་སྨོས་པས། བཤད་གྲྭའི་ལས་ཐོག་གི་སློབ་དཔོན་མིན་པར་བསྟན་ཀྱང་། དཔའ་བོ་ཉིད་ཀྱི་རྟོགས་བརྗོད་ལས། “ཀློག་པའི་སློབ་དཔོན་གྱིས་ཞེས་བཀའ་བསྒོས་ནས། །”ཞེས་གསུངས་པས་འཆད་ཉན་གྱི་སློབ་དཔོན་དངོས་ཡིན་པ་གོར་མ་ཆག་གོ །དེ་ནས་བཟུང་མེ་བྱ་སྤྱི་ལོ(༡༥༣༧)ལོའི་བར་བགྲང་བྱ་ལྔ་ཡི་རིང་བསྡུས་གྲྭ་ནས་བརྩམས། དབུ་ཕར་འདུལ་མངོན་ཚད་མ་སྟེ་གཞུང་ཆེན་བཀའ་པོད་ལྔ་དང་། ནང་བརྟག་རྒྱུད་གསུམ་ཐ་སྙད་རིག་གནས་དང་བཅས་པ་འཆད་ཁྲིད་གནང་བས། མདོ་སྔགས་རབ་འབྱམས་སྨྲ་བའི་མཁས་མང་བསྐྱེད་བསྲིང་མཛད་དེ། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་གྱི་ཚོགས་མང་པོ་འདུས་ཤིང་དར་རྒྱས་ཕུན་སུམ་ཚོགས་པར་གྱུར་ཏོ། །

༣༽ མངའ་རིས་རབ་འབྱམས་པ་པ་ཕྱོགས་གླང་ལེགས་པ་སློབ་དཔོན་མཛད་པའི་སྐོར།

མེ་བྱ་སྤྱི་ལོ(༡༥༣༧)ལོའི་ཟླ་བ་གཉིས་པའི་ནང་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་འབྲི་གུང་ཀླུང་ཤོད་བཀྲ་ཤིས་ཐང་དུ་བཞུགས་སྐབས། དཔའ་བོ་གཙུག་ལག་ཕྲེང་བ་ཀརྨ་གཞུང་ལུགས་གླིང་གི་སློབ་དཔོན་ནས་རྒྱལ་དབང་མཆོག་གི་དགོངས་ཁྲོལ་ཐོབ་ནས། སླར་གྲྭ་ཚང་གི་སློབ་དཔོན་དུ་མཁས་པ་སུ་འཇོག་པ་ཀུན་མཁྱེན་ཆེན་པོས་ཐུགས་བརྟགས་གནང་བས། མཁས་མང་གི་ཁྲོད་ནས་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་བབས་ནས། ཀརྨ་གཞུང་ལུགས་གླིང་གི་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་བཞག་མཛད།  ཡང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “གྲྭ་ཚང་འབྲུག་ལོའི་མཇུག་ལ་བཙུགས་པའི་སྦྲུལ་ལོ་ཟླ་བ་དྲུག་པ་ནས་བདག་ལ་བཀའ་གནང་སྟེ་གནས་བརྟན་གྱི་རྣམ་པ་བྱས། འདི་ནས་ཐུགས་དམ་བརྟགས་པ་ན་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་ལ་བབས་ནས་བསྐོས་ཇ་གནང་སླར་རྭ་སྒྲེང་སྟག་ལུང་སོགས་ཀྱི་གནས་གཟིགས།” ཞེས་གསལ་ཞིང་། དེར་དཔའ་བོ་གཙུག་ལག་ཕྲེང་མཆོག་གིས་ཀརྨ་གཞུང་ལུགས་གླིང་གི་ཟུར་ཆོས་པ་དང་གཉེར་ལས་སྣེའི་དབུས་དགེ་འདུན་འདུས་སྡེ་གང་བཞུགས་དང་། གྲྭ་ཚང་སྤྱིའི་ཅ་དངོས་གང་ཡོད་དང་། རྗེ་དཔའ་བོ་ཉིད་ཀྱི་སྐུ་སྒེར་གྱི་བདོག་དགུ་གང་ཡོད་རྩིས་སྤྲོད་མཛད། དེའང་《དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་པའི་བཞིན་རས་འཆར་བའི་མེ་ལོང་》ལས། “དེ་ནས་གདན་ས་ཆེན་པོ་འབྲི་གུང་གི །ཡུལ་གྱི་བྱེ་བྲག་ཀླུང་ཤོད་ཅེས་བྱ་བར། །བདག་ལ་བཀའ་ཡི་མཆིང་བ་རབ་བཀྲོལ་ནས། །རྒྱལ་བ་ཉིད་ཀྱིས་ཐུགས་དམ་བརྟགས་པ་བཞིན། །སྡེ་སྣོད་གསུམ་པ་ཕྱོགས་ཀྱི་གླང་པོ་ལ། །ཀློག་གྲྭའི་གཙུག་གི་སྟོན་པར་དབང་བསྐུར་མཛད། །དགེ་འདུན་འདུས་པ་དང་ནི་གང་ཟག་གི །འཇོག་རྫས་ཐེག་པར་བཅས་པ་ལ་སོགས་དང་། །བདག་ཉིད་དབང་བའི་བདོག་གུ་ལེགས་པར་གཏད། །དགེ་འདུན་དམ་ཆོས་འཕེལ་ཞིང་རྒྱས་པའི་ཕྱིར། །བདག་གིས་འབད་པ་དོན་ཡོད་ཉིད་གྱུར་ཏོ། །”ཞེས་བཀོད་ཡོད། དེ་ནས་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ཞར་བྱུང་དང་བཅས་པ་འཆད་ཉན་གྱི་སྒོ་ནས་ལེགས་པར་བསྐྱངས་པས། དགེ་འདུན་གྱི་སྡེ་རྒྱས་ཤིང་དམ་པའི་ཆོས་ཀྱི་འཆད་རྩོད་རྩོམ་གསུམ་སྒོ་ཀུན་ནས་གོང་འཕེལ་དུ་གྱུར་ཏོ། །

ས་ཁྱི་སྤྱི་ལོ(༡༥༣༨)ལོར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པས་གདན་ས་མཚུར་ཕུར་ལོ་སར་གནང་ནས། སྨྱུག་ལར་ཆིབས་བསྐྱོད་གནང་སྟེ་སྟན་ཆགས་སྐབས། རྒྱལ་དབང་མཆོག་ནས་སྨྱུག་ལ་ལེགས་བཤད་གླིང་གི་བཀའ་རམ་པ་རྣམས་དང་། སྒར་ཆེན་གྱི་བཤད་གྲྭ་ཀརྨ་གཞུང་ལུགས་གླིང་གི་མཁས་པ་བློ་གསལ་བ་རྣམས་གཞུང་ཆེན་བཀའ་པོད་ལྔ་ལ་ལུང་རིགས་བརྒལ་བརྟགས་ཀྱི་སྒོ་ནས་བགྲོ་གླེང་དགོས་པར་བཀའ་ཕེབས་ལྟར་དེར་བཞུགས་རིང་ཆོས་གྲྭ་རྣམ་གཉིས་ཀྱི་འཆད་རྩོད་གཉིས་ཀྱི་སྒོ་ནས་རྒྱལ་དབང་ཀུན་མཁྱེན་ཆེན་པོ་ཐུགས་དགྱེས་པ་བསྐྱེད། དེའང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “ལེགས་བཤད་གླིང་གི་བཀའ་རམ་རྣམས་དང་། སྒར་གྲྭ་ཚང་གི་བློ་གསལ་རྣམས་གཞུང་ཆེན་རྣམས་ལ་བཤད་པ་བཏང་བཅུག །”ཅེས་གསལ་བས་སོ། །

ས་ཕག་སྤྱི་ལོ(༡༥༣༩)ལོའི་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་པ་གཞིས་ཀ་རིན་སྤུངས་སུ་བཞུགས་ཐོག །རྒྱལ་དབང་ཀུན་མཁྱེན་ཆེན་པོའི་སྒར་ཆེན་བཤད་གྲྭ་ཀརྨ་གཞུང་ལུགས་གླིང་པར། ཀུན་མཁྱེན་ཉིད་ཀྱི་ལྗགས་རྩོམ《ཤེར་ཕྱིན་ཊཱིཀ་ཆེན་རྗེ་བཙུན་ངལ་གསོ》འི་ལྗགས་བཤད་ཀྱི་བཀའ་ཁྲིད་གནང་བར་མཛད། དེའང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “སྒར་གྱི་བཤད་གྲྭར་ཤེར་ཕྱིན་ཊཱིཀ྄་ཆེན་ལྗགས་བཤད་གནང་།” ཞེས་གསལ་བ་དང་། ཡང་མཁས་དབང་དཔལ་ཁང་ཞབས་ཀྱིས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་ཀློག་པའི་གྲྭ་ཀརྨ་གཞུང་ལུགས་གླིང་དུ་སྒྲ་ཀཱ་ཙན་དབྱངས་གསུམ་དང་། སྡེབ་སྦྱོར། སྙན་ངག །མངོན་བརྗོད། སུམ་རྟགས་དག་གསུམ་སོགས་ཐ་སྙད་རིག་གནས་སྐོར་འཆད་པའི་སློབ་དཔོན་མཛད་པར། ཀརྨའི་རིན་ཆེན་དར་རྒྱས་ཀྱི་གསུང་། 《སྙན་ངག་ཟུར་རྒྱན་དཔེ་དོན་གསལ་བའི་མེ་ལོང་ཞེས་བྱ་བ》ལས། “འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཆེན་པོའི་སྒར་ཆེན་འཛམ་གླིང་རྒྱན་མཆོག་གི་རིག་གནས་ཀྱི་སློབ་དཔོན་ངག་གི་དབང་ཕྱུག་མང་ཐོས་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེའམ་མཚན་གཞན་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེའི་ཞལ་ལུང་དྲི་མ་མེད་པ་ཇི་ལྟ་བ་བཞིན་དུ་སྙན་ངག་ལེའུ་བར་པའི་ཟུར་རྒྱན་དཔེ་དོན་གསལ་བའི་མེ་ལོང་འགོད་པ་ལ།” ཞེས་འཁོད་པས། དཔལ་ཁང་ལོ་ཙཱ་མཆོག་གིས་ཀརྨའི་སྒར་ཆེན་གྱི་རིག་གནས་ཀྱི་སློབ་དཔོན་མཛད་པའི་དུས་ཚོད་ནི། མེ་བྱ་སྤྱི་ལོ(༡༥༣༧)ལོའི་སྟོད་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་འབྲི་གུང་ཀླུང་ཤོད་དུ་བཞུགས་སྐབས་སམ། ས་ཁྱི་སྤྱི་ལོ(༡༥༣༨)ལོར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་མཚུར་ཕུ་སྐུངས་ཀྱི་རི་ཁྲོད་སོགས་སུ་ཕེབས་བཞུགས་མཛད་སྐབས་ཡིན་པར་སེམས། མེ་བྱ་ལོར་མཁས་དབང་མཆོག་སྒར་ཆེན་དུ་བཞུགས་པར《ཆོས་མཛད་བློ་གྲོས་རབ་གསལ་ཉི་མ་ལ་ཕུལ་བ》འི་ཆབ་ཤོག་ལས་གསལ་བ་དང་། ས་ཁྱི་ལོར་སྒར་ཆེན་བཞུགས་པར《དག་ཡིག་ངག་སྒྲོན》གྱི་རྩོམ་བྱང་ལས་གསལ་བས་ཤེས་ཐུབ་བོ། །

ལྕགས་བྱི་སྤྱི་ལོ(༡༥༤༠)ལོའི་ལོ་སར་དང་སྨོན་ལམ་གྲུབ་རྗེས་སྡེ་པ་ཐོབ་རྒྱལ་བའི་སྐུ་མཆེད་ཀྱིས་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་སྐུ་དྲུང་ནས་རབ་ཏུ་བྱུང་ཞིང་། ཀརྨ་དོན་དམ་ཡང་དག་འཕགས་ཞེས་པའི་མཚན་གནང་བར་མཛད། ཁོང་གིས་དེ་ནས་བཟུང་ཀརྨ་གཞུང་ལུགས་གླིང་དུ་སློབ་གཉེར་མཛད་པས་མཁས་པར་གྱུར་ཅིང་། ཕྱིས་རང་ཡུལ་དུ་ཕྱིར་ཕེབས་ནས། ཐོབ་རྒྱལ་ཀརྨ་འདུལ་གླིང་གི་ཆོས་གྲྭ་ཕྱག་བཏབ་ནས། འཆད་རྩོད་ཀྱི་སྒོ་ནས་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་དར་ཞིང་རྒྱས་པར་གྱུར། དེའང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཐོབ་རྒྱལ་བ་རབ་ཏུ་ཕྱུང་སྟེ་ཀརྨ་དོན་དམ་ཡང་དག་འཕགས་སུ་མཚན་བཏགས། ཀློག་པའི་གྲྭར་སྦྱངས་པ་མཛད་པས་རིང་པོར་མ་ཐོགས་པར་མཁས་པར་གྱུར་ཏེ་ཀརྨ་འདུལ་གྲྭ་གླིང་གི་བཤད་སྡེ་བཙུགས་ནས་དར་རྒྱས་སུ་གྱུར།” ཞེས་གསལ་ལ། འདིར་ཐོབ་རྒྱལ་བའི་སྐོར་སྨོས་པ་ཅིའི་ཕྱིར་ཞེ་ན། སྐབས་འདིར་ཀརྨའི་སྒར་ཆེན་གྱི་ཆོས་གྲྭ་ཀརྨ་གཞུང་ལུགས་དར་རྒྱས་ཤིན་ཏུ་ཆེ་བའི་སྐབས་དང་ཁེལ་ཞིང་། སྡེ་པ་ཐོབ་རྒྱལ་བའི་སྲས་པོ་ལྟ་བུ་མཐོ་རིམ་མི་སྣ་དུ་མ་སྒར་ཆེན་གྱི་བཤད་གྲྭར་སློབ་སྦྱོང་གནང་བ་དེས་མཚོན་མདོ་སྔགས་རབ་འབྱམས་སྨྲ་བའི་མཁས་མང་བསྐྱེད་བསྲིང་མཛད་པ་ཤུགས་ལ་བསྟན་པར་སེམས། དེ་ཙམ་མ་ཡིན་པར་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “ཐོབ་རྒྱལ་ཀུན་སྤང་པ་བསྙེན་པར་རྫོགས། མི་རིང་བར་གཞུང་ལུགས་ཤིན་ཏུ་མཁས་པར་གྱུར་ཏེ། འདི་པས་ཕྱིས་ཐོབ་རྒྱལ་འདུལ་གྲྭ་གླིང་བཏབ་བཤད་གྲྭ་བཙུགས།” ཞེས་གསུངས་པས། དཔའ་བོའི་རབ་ཏུ་བྱུང་བར་གསུངས་པ་དང་། འབེ་ལོས་བསྙེན་པར་རྫོགས་ཚུལ་བཀོད་པ་ཅུང་ཟད་མི་མཐུན་པར་སྣང་བ་དང་། ཐོབ་རྒྱལ་ཀུན་སྤང་པ་ཞེས་གསུངས་པ་རྒྱལ་དབང་མཆོག་མ་མཇལ་གོང་དུ་ཡིན་ནམ། ཡང་ན་འདུལ་གྲྭ་གླིང་བཏབ་ནས་གདན་ས་པ་གཞན་བསྐོས་ནས་ཀུན་སྤང་མཛད་པ་གང་ཡིན་ཡིག་ཚང་གཞན་རྙེད་ན་དཔྱད་པར་འཚལ།

དེ་ནས་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་པ་སྡེ་པ་རིན་སྤུངས་པས་མཁའ་རུ་སྟེང་སོགས་གཙང་ཁུལ་གྱི་རྫོང་གཞིས་ཆེ་ཁག་རྣམས་སུ་ལོ་གསུམ་གྱི་རིང་མཆོད་ཡོན་ལྷན་ཅིག་ཏུ་ཕེབས་བཞུགས་གནང་བར་བཞེད་ཀྱང་། རྒྱལ་དབང་མཆོག་ནས་དབེན་པར་ཐུགས་གཞོལ་བས། སྡེ་པའི་ཐུགས་བཞེད་མ་འགྲུབ་རུང་། རྒྱལ་དབང་ཀུན་མཁྱེན་ཞབས་ཀྱིས་ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་འཆད་རྩོད་རྩོམ་གསུམ་སོགས་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བར་ཐུགས་བརྩེ་གཏོད་པར་མཛད་ཕྱིར། སྡེ་པས་བུ་ཁྲལ་བསྡུས་ནས་བཙུན་ཆུང་མང་པོ་ཕུལ་བར་མཛད། དེའི་ཐད《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “བཤད་གྲྭ་འདི་ལ་ཐུགས་གཏད་ཆེས་པ་ཡོད་པ་ནས་དགོངས་པ་དང་སྦྱར་ཏེ་འཐུས་བཙུན་དུ་མ་ཕུལ་འདུག་པ་སྦྱིན་བདག་གི་ཆ་ནས་རྗེས་སུ་ཡི་རང་ཡང་སྣོད་ཀྱི་ཆ་ནས་སྐལ་བ་ཅན་མང་པོ་ནི་མ་བྱུང་བ་འདུག །”ཅེས་གསུངས་པར་གཞིག་ན་སྡེ་པ་རིན་སྤུངས་པས་བཙུན་ཁྲལ་འབུལ་བ་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་རོགས་འདེགས་མཛད་ཀྱང་། བཙུན་ཆུང་དེ་དག་གི་ཁྲོད་ནས་བསླབ་པ་སློབ་གཉེར་ལ་དེ་ཙམ་ཡར་ཐོན་མ་བྱུང་བས་སྡེ་སྣོད་འཛིན་པའི་མཁས་གྲགས་ཀྱི་སྐལ་བ་དང་ལྡན་པ་རེ་ཟུང་ལས་མ་བྱུང་བ་མངོན།

ལྕགས་བྱི་སྤྱི་ལོ(༡༥༤༠)ལོར་རྒྱལ་དབང་རིན་པོ་ཆེའི་དབུས་སྒར་ཆེན་དང་བཅས་པ་སྙེ་མོ་སྤེལ་རམ་དུ་དགུན་གནང་སྟེ། རྒྱལ་དབང་ཀུན་མཁྱེན་ཆེན་པོས་སྒར་ཆེན་གྱི་འདུས་མང་ལ་དབུ་མའི་ལྟ་ཁྲིད་དང་། ཇོ་བོའི་ལུགས་ཀྱི་སེམས་བསྐྱེད་ཀྱི་མྱོང་ཁྲིད་དམིགས་སྒོམ་སྦྲགས་མ་དང་། དགོངས་གཅིག་ཚོམས་དང་པོའི་བཀའ་ཁྲིད་ཀུན་མཁྱེན་ཉིད་ཀྱི་འགྲེལ་པའི་སྟེང་ནས་སྩལ་བར། ལ་སྟོད་ལྷོའི་བདག་པོ《ཀརྨ་མཆོག་གྲུབ་ཀྱི་རང་རྣམ》ལས་སྨོས་ཤིང་། དེའི་སྐབས་ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་སྒར་ཆེན་གྱི་མངའ་ཁོངས་སུ་ཡོད་པས། ཀུན་མཁྱེན་ཆེན་པོའི་བཀའ་ཆོས་སྟབས་གཅིག་གསན་པར་གོར་མ་ཆག་གོ །

ཆུ་སྟག་སྤྱི་ལོ(༡༥༤༢)ལོའི་སྟོན་དུས་ཙམ་ནས། ཆུ་ཡོས་སྤྱི་ལོ(༡༥༤༣)ལོའི་དཔྱིད་ཀའི་བར་རྒྱལ་དབང་རིན་པོ་ཆེ་ཤམ་པོ་གངས་ལ་སྐུ་མཚམས་ལ་བཞུགས་ཤིང་། དེའི་ཚེ་ཀརྨ་གཞུང་ལུགས་གླིང་གི་གྲྭ་ཚང་འབྲོག་ལྕགས་རྩེ་གྲི་གུར་གཞུང་བཀའ་པོད་རྣམས་ལ་འཆད་རྩོད་གནང་བཞིན་བཞུགས་པར་མཛད། དེའང་ལ་སྟོད་ལྷོའི་རྒྱལ་སྲས《ཀརྨ་མཆོག་གྲུབ་ཀྱི་རང་རྣམ》ལས། “དེ་ནས་གྲི་གུར་གྲྭ་ཚང་བཞུགས་སར་ཕྱིན། བསྡུས་ར་སོགས་སློབ་པའི་ལུགས་སུ་བྱས། བཞེད་པའང་ཆེ་བར་བྱུང་ཞིང་། བརྩོན་འགྲུས་ཀྱང་དགའ་རབ་བྱས།” ཞེས་གསལ་བ་དང་། དེ་སྐབས་གྲྭ་ཚང་གི་འཆད་ཉན་སློབ་དཔོན་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་ཡིན་པར《ཀརྨ་མཆོག་གྲུབ་ཀྱི་རང་རྣམ》ལས། “གཏམ་ཡིད་ལ་འཕྲོད་དོ་སྙིང་གི་གྲོགས། །སེམས་བདེ་བར་མཛོད་ཅིག་བཤེས་བཉེན་པ། །དོན་དེ་ཀུན་སེམས་བསྐྱེད་བཟང་པོའི་གླུ། །ཆོས་རིག་པས་དཔྱད་པའི་ཕ་རོལ་ན། །དོན་རང་རིག་རང་གསལ་དབུ་མའི་གཤིས། །དེ་མངོན་དུ་འགྱུར་བའི་ཐབས་མཆོག་ཀྱང་། །དཔལ་ཆོས་གྲགས་རིག་པའི་མན་ངག་དང་། །ཀླུ་སྒྲུབ་བསྟོད་ཚོགས་ཀྱི་ལྟ་བ་གཉིས། །ཟུང་འཇུག་ཏུ་སྡེབས་ན་འབྱུང་ངེས་པས། །ད་རིག་པའི་གསང་ཚིག་ཟབ་མོ་ཞིག །ཁོང་སློབ་དཔོན་ཕྱོགས་གླང་བྱ་བ་ལ། །ཡོད་རེ་བའི་བསམ་པ་བཅས་ཏེ་འགྲོ། །མི་ཁྱོད་ཀྱང་རང་ཡུལ་དུ་བདེ་བར་གྱིས། །སེམས་བཟང་པོ་སྨོན་ལམ་གྱི་རྟ་ལ་ཞོན། །”ཞེས་གསལ་བས་སོ། །

༤༽ ཆོས་གྲྭ་ཡར་སྟོད་ལྷུན་པོ་སྒང་དུ་གཏན་ཆགས་བྱས་པའི་སྐོར།

ཆུ་ཡོས་སྤྱི་ལོ(༡༥༤༣)ལོའི་དཔྱིད་ཀར་རྒྱལ་དབང་མཆོག་དང་སྒར་ཆེན་དང་བཅས་པ་སྡེ་པ་ལྷ་བུག་པ་ཅན་པས་ཡར་སྟོད་ལྷུན་པོ་སྒང་གི་ཁྲོམ་སར་སྤྱན་དྲངས་ཤིང་བཞུགས་པ་དང་སྦྲགས། སྡེ་པས་འདི་ལོའི་སྔོན་ཙམ་ནས་ས་གཞི་ཁོད་སྙོམས་ཤིང་དེར་ཤིང་སྣ་དུ་མ་བཙུགས་ནས་སྤྱི་གླིང་ལྟ་བུ་བཟོ་བཅོས་གནང་སྟེ། རྡོ་རིང་ཞིག་བསླངས་པའི་ལོགས་སུ་དགའ་ཚལ་ཆོས་ཀྱི་ཕོ་བྲང་ཞེས་བརྐོ་བར་མཛད་དེ། འདིར་ཀརྨ་པའི་ཆོས་སྡེ་ཞིག་འབྱུང་བའི་རྟེན་འབྱུང་གི་ཆེད་དགོངས་པ་བཞིན། དེར་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་དབུས་སྒར་ཆེན་གྱི་བླ་མ་ཆེ་གཉེན་རྣམས་ཀྱིས་རབ་གནས་དང་། ས་བརྟགས་སློང་སོགས་ཀྱི་སྒོ་ནས་ས་གཞི་བྱིན་གྱིས་བརླབས་ཤིང་གཙུག་ལག་ཁང་གི་རྨང་བཏིང་བར་མཛད་ཅིང་། ཀརྨའི་སྒར་ཆེན་གྱི་མཚན་ཉིད་ཆོས་གྲྭ་ཀརྨ་གཞུང་ལུགས་གླིང་གནས་དེར་གཏན་ཆགས་པར་གྱུར། དེའང་ས་གནས་དེ་ཡར་སྟོད་ཡིན་པར་མ་ཟད། བྱེ་བྲག་སྡེ་པས་ས་མིག་དེར་དགའ་ཚལ་ཆོས་ཀྱི་ཕོ་བྲང་ཞེས་བཏགས་པས། དེར་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་ཕྱག་བཏབ་པའི་ཆ་ནས། ཆོས་གྲྭའི་མཚན་ལ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་ཞེས་རྒྱལ་དབང་ཀུན་མཁྱེན་ཆེན་པོས་གསོལ་བར་སེམས།  དེའང་དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “གཙོ་བོ་ལྷ་བུག་པ་ཅན་པ་ཡར་སྟོད་ཤར་གྱི་བདག་པོ་དང་འཕྲལ་དུ་དེའི་བློན་པོ་གྲི་གུའི་རྫོང་དཔོན་ཆེན་པོས་སྤྱན་དྲངས་ཏེ་བྱང་ཐང་གི་ལ་ནས་འབྲོག་གི་གཞུང་བརྒྱུད་དེ་ཐོག་མར་གྲི་གུ་དང་རིམ་པས་ཡར་སྟོད་དུ་ཕེབས། ཁྲོམ་ས་ཐང་བྱང་ཆུབ་སྡིངས་ལ་སོགས་པར་གཞན་ཕན་མཛད་ཅིང་ཤམྦུའི་གངས་ལ་དབེན་པ་མཛད་པར་དགོངས་ཏེ་གཟིམས་སྤྱིལ་ཡང་མཛད། དཔོན་ས་གདུང་བརྒྱུད་ཀྱི་དབུ་སྐྲ་བསིལ་ཞིང་དགེ་བསྙེན་དུ་བསྒྲུབས། ལྷ་རྫོང་དཔོན་ས་དེས་ལྷུན་པོ་སྒང་ཞོལ་དུ་ཀླུ་ཁང་ཞིག་མཛད་ནས་འདིར་ཀརྨ་པའི་ཆོས་སྡེ་ཞིག་འོང་ཞེས་དགའ་ཚལ་ཆོས་ཀྱི་ཕོ་བྲང་ཞེས་རྡོ་ལ་བརྐོས་པ་མཛད་འདུག་པ་ལྟར་དེར་གཙུག་ལག་ཁང་མཛད་དེ་བཤད་གྲྭ་བཞུགས་སུ་གསོལ།” ཞེས་གསུངས་པས། རྒྱལ་དབང་མཆོག་སྒར་ཆེན་དང་བཅས་ཆུ་སྟག་ལོའི་སྨད་དང་ཐོག་འབྲོག་གྲི་གུར་ཕེབས་ཤིང་། ཀརྨ་གཞུང་ལུགས་གླིང་གི་གྲྭ་ཚང་དེར་བཞུགས་པ་དང་། རྒྱལ་དབང་མཆོག་རིམ་པས་ཡར་སྟོད་དུ་ཕེབས་ནས་ཤམ་པོ་གངས་ལ་བཅད་རྒྱར་བཞུགས། ཆུ་ཡོས་ལོའི་དཔྱིད་ཀ་བསམ་སྡེའམ་ཁྲོམ་སར་དུ་ཕེབས་ནས། བཤད་གྲྭ་འདེབས་པའི་ཆོ་ག་རིམ་གྱིས་ཕྱག་བསྟར་གནང་བར་སེམས། གཞན་ཡང་《ཀརྨ་མཆོག་གྲུབ་ཀྱི་རང་རྣམ》ལས། “དེ་ནས་རིམ་པས་ཡར་སྟོད་བསམ་འགྲུབ་བདེ་ཆེན་པས་སྤྱན་དྲངས། ཡ་འབྲོག་བརྒྱུད་ཤམྤོའི་གང་འདབས་སུ་ཕེབས། དེ་དུས་ང་རང་གི་གྲྭ་ཚང་དུ་བསྡོད་པའི་དགོངས་ཁྲོལ་ཞུས་པས། གྲོལ་ཆ་བྱུང་ཞིང་།” ཞེས་དང་། ཡང་དེར། “དེ་ནས་སྒར་ཆེན་གྲྭ་ཚང་དང་བཅས་པ་ལྷུན་པོ་སྒང་གི་བྱ་འདབས་ཁྲོམ་ས་ཐང་དུ་ཕེབས། དབྱར་ཐོག་གཅིག་བཞུགས།” ཞེས་སྨོས་པས་གསལ་པོར་ཤེས་ཐུབ་བོ། །

༥༽ཡར་སྟོད་ལྷུན་པོ་སྒང་གི་ས་ཆའི་དབྱེ་བ་དང་ལྷ་བུག་པ་ཅན་གྱི་སྐོར།

གཞན་ཡང་ཀརྨའི་སྒར་ཆེན་ནང་ཁུལ་གྱི་བཤད་གྲྭ་ཀརྨ་གཞུང་ལུགས་གླིང་ཡར་སྟོད་དུ་གཏན་ཆགས་བྱས་པར། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “དེ་ནས་ཤམ་པོའི་མགུལ་དུ་བཞུགས། ཡོས་ལོའི་སྨོན་ལམ་མཛད། སོས་ཀ་ཁྲོམ་སར་བཞུགས། ཕོ་བྲང་ནས་གོ་ཤྲི་དཔོན་སློབ་ཕེབས། འབུལ་ཆེན་དང་འཇང་རྒྱལ་པོའི་འབུལ་སྐྱེལ་སླེབ། བསམ་སྡེ་དཔོན་མོས་གྲྭ་ཚང་བཞུགས་གནས་སུ་ཀླུ་སྡིངས་ཕུལ།” ཞེས་གསུངས་པས། ཡིག་ཚང་གཉིས་ཀྱི་བར་བཞེད་པ་ཅུང་ཟད་མ་མཐུན་པས་དོགས་གནས་འགའ་མཆིས་ཤིང་། དེའང་ཡར་སྟོད་ལྷུན་པོ་སྒང་དང་། ཁྲོམ་སར། བསམ་སྡེ་བཅས་ས་གནས་གཅིག་གམ་ཐ་དད་ཡིན་མིན། ལྷ་བུག་པ་ཅན་དང་། སྡེ་པ་བསམ་སྡེ་པ་གཅིག་གམ་ཐ་དད། ལྷ་རྫོང་དཔོན་ས་དང་། བསམ་སྡེ་དཔོན་མོ་གཉིས་མི་གཅིག་གམ་གཉིས་གང་ཡིན། ཀླུ་སྡིངས་ཞེས་པའི་སྐོར་བཅས་ཅུང་ཟད་སྨོས་ན། ཡར་སྟོད་ལྷུན་པོ་སྒང་ནི། གངས་རི་ཆེན་པོ་ཡར་ལྷ་ཤམ་པོ་ནས་བྱུང་བའི་ཆུ་རྒྱུད་དུ་ཆགས་པས་ཡར་ལུང་གཞུང་དང་། དེ་ལ་སྟོད་སྨད་བར་གསུམ་གྱི་ནང་ཚན་ཡར་སྟོད། བྱེ་བྲག་གི་མིང་ལྷུན་པོ་སྒང་དང་། ས་ཆ་དམིགས་བསལ་ལ་ཁྲོམ་སར། ཡུལ་དེའི་བདག་པོའི་ཕོ་བྲང་ངམ། གཞིས་ཀའི་མིང་ལ་བསམ་གྲུབ་བདེ་ཆེན་རྩེ་ཞེས་དང་བསྡུས་མིང་ངམ་བརྗོད་བདེ་ཕྱིར་བསམ་སྡེ་ཞེས་འབོད་པས། དེས་ན་ས་བབ་མཐོ་ཚད་ཀྱི་ཆ་ནས་ཡར་སྟོད་སོགས་སྨོས་མ་ཐག་པ་དཔའ་བོའི་ཆོས་འབྱུང་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་གསལ་བས་དེ་ཙམ་གྱིས་འཐུས་པར་བྱ།

ལྷ་བུག་པ་ཅན་ནམ་སྡེ་པ་བསམ་སྡེ་པ་ནི། དེའང་《ལྷ་བུག་པ་ཅན་གྱི་གདུང་རབས་སྤྱན་སྔའི་འཁྲུངས་རབས་བཅས》ཞེས་པ་ལས། “རྗེ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་རིམ་པར་བརྒྱུད་པ་ལས། འོད་སྲུང་དང་ཡུམ་བརྟན་ཞེས་གྲགས་པ་འུ་ཞང་རྡོར་བྱོན་པའི་འོད་སྲུང་གི་སྲས་རྗེ་དཔལ་འཁོར་བཙན། དེའི་སྲས་མགོན་སྐྱབས། དེའི་སྲས་རིག་པ་མགོན། དེའི་སྲས་ཁྲི་ལྡེ་མགོན། དེའི་སྲས་ལྡེ་བཙན་མགོན། དེའི་སྲས་ཡོན་བདག་མགོན། དེའི་སྲས་ཁྲི་ཐོག །དེའི་སྲས་ལྷུན་པོ། དེའི་སྲས་ཁྲི་དར། དེའི་སྲས་སོརྣ་བཛྲ་ཞེས་བྱ་བ་བུག་པ་ཅན་དུ་ཕེབས་པར།” ཞེས་བཀོད་ཡོད་པས། ལྷ་བུག་པ་ཅན་གྱི་མི་རྒྱུད་མཆེད་ཁུངས་བོད་བཙན་པོའི་གདུང་བརྒྱུད་ཁྲི་དར་མ་འུ་དུམ་བཙན་གྱི་སྲས་འོད་སྲུང་ལ་གཏུགས་ཡོད་མོད། འོན་ཀྱང་འོད་སྲུང་གི་སྲས་དཔལ་འཁོར་བཙན། དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་ཡིན་ཚུལ་དང་། ཡུམ་བརྟན་གྱི་སྲས་སྐྱིད་ལྡེ་མགོན་གཉེན། དེའི་རིག་པ་མགོན་དང་། ཉི་མ་མགོན། རིག་པ་མགོན་གྱི་སྲས་ལྡེ་པོ་དང་། རྡོ་རྗེ་འབར། ལྡེ་པོའི་རྒྱུད་པ་ཁྲི་དར་གྱི་སྲས་སོརྣ་བཛྲ་ཡབ་སྲས་གཉིས་ཀྱིས་ལྷོ་ཁ་ཡར་ལུང་ཁུལ་གྱི་བཙན་པོའི་གདུང་བརྒྱུད་འཕེལ་ཞེས《ལྡེའུ་ཆོས་འབྱུང་》སོགས་ལོ་རྒྱུས་ཡིག་ཚང་རྣམས་ལས་འབྱུང་བས། ལྷ་བུག་པ་ཅན་གྱི་གདུང་རྒྱུད་ནི་ཡུམ་བརྟན་གྱི་རྒྱུད་པ་ཡིན་པར་ཤེས་ཐུབ།

ཡང་《ལྷ་བུག་པ་ཅན་གྱི་གདུང་རབས》ལས། “དེ་ཡང་དེའི་ཚེ་ཡར་སྟོད་ནས་ཁུ་གཅེན་ནེ། སྙགས་རྡོ་གེ །ཚེ་སྤོང་རིག་པའི་འབྱུང་གནས་ཞེས་བྱ་བ་རྣམས་ཐིལ་དུ་ཕྱིན། གྲོས་སུ་བསྡུར་བ་ལས། རྗེ་གདན་འདྲེན་པར་འཆམ་ནས། གདན་འདྲེན་པ་ལ། ཁུ་དང་སྙགས། འགར་དང་འགོས། སྦ་དང་རག་ཤི། སྒྲེ་དང་བློ་སྨན། ཨག་དང་སྙོགས། སེ་དང་པོགས། རྨེ་ཚན་བཅུ་གསུམ་གྱིས་འུ་ཞང་རྡོར་གདན་འདྲེན་པར་ཕྱིན། ཡབ་ཡུམ་གཉིས་ལ་གསེར་དངུལ་གྱི་མཉེས་བྱེད་ཕུལ་བས་ཐུགས་དགྱེས་པར་བྱས། སྲས་ཅིག་ཞུས་པར་ཡབ་ཡུམ་གྱིས་གནང་སྟེ། རྫོངས་སུ་དཀོན་མཆོག་བརྩེགས་པ་གསེར་གྱི་བ་དན་ཅན། གསེར་ཁྲི་ཕྱི་དར་ཅན། སྡུད་པ་བམ་པོ་ཅན་རྣམས་ཕྱག་འཚལ་བའི་རྟེན་དུ་གནང་། གསོལ་བེར་བྱི་སྐད་ཅན། མགུལ་གཡུ་འཁོར་མིག་ཅན་གཉིས་སྐུའི་རྒྱན་དུ་གནང་། ཕྱག་མདུང་འཕྲུལ་མིག་ཅན། རྣོ་བལ་ཆོད་ཅན་གཉིས་མཚོན་ཆ་ལ་གནང་། འདི་གཉིས་ཡབ་མེས་མེ་ཨག་ཚོལ་གྱི་ཕྱག་མདུང་དང་ཕྱག་ཤན་ཡིན་ཟེར། གསེར་སྐྱོགས་ཤ་བ་ཅན། དངུལ་སྐྱོགས་རྣ་བ་ཅན་གཉིས་བཞེས་ཆས་ལ་གནང་། ཡབ་ཡུབ་ཀྱིས་སྐྱེལ་ཐུལ་ཚུལ་དུ་ཕེབས་ཏེ། བསླབ་བྱ་རྣམས་རྫོགས་པར་གནང་བའི་རྗེས་ལ། ཡུམ་གྱིས་འགེས་མཚམས་སུ་འདི་ལ་ཕྱག་འཚལ་བའི་རྟེན་གྱིས་ཞེས་གསེར་སྐུ་ཆུ་རིས་ཅན་གནང་། དུས་ཕྱིས་གྲྭ་པ་མངོན་ཤེས་ཅན་བུག་པ་ཅན་དུ་ཕེབས་དུས། ཉི་མ་གཅིག་ལ་དཀྱིལ་འཁོར་བརྒྱ་རྩ་བརྒྱད་ཞལ་ཕྱེས། ཆོས་ཀྱི་འཁོར་ལོ་བཙུགས་པ་ལ། གསེར་སྐུ་ཆུ་རིས་ཅན་འབུལ་བའི་ཐོག་མར་ཕུལ། འུ་ཞང་རྡོ་ནས་རྩི་བརྟན་ཁུར་རྒྱུད། རག་ཤི་འཆོར་བློན་རྒྱུད། ཁྱི་སྐུ་བསྲུངས་རྣམས་རྗེའི་ཕྱག་ཕྱིར་བརྫངས་པ་ལས།” ཞེས་བཀོད་ཡོད་པས། ཡར་ལུང་ཁུལ་གྱི་ཁུ་དང་སྙགས་སོགས་ཀྱིས་སོརྣ་བཛྲ་རྒྱལ་པོར་གདན་འདྲེན་ཞུ་བའི་ཕོ་ཉ་མངགས་པས། ཁོང་གི་ཡབ་ཡུབ་ཀྱིས་གནང་བ་ཐོབ་ཅིང་། སྐུ་བརྫངས་སྤམས་མཐོ་དང་ཆབ་འབངས་ཇི་ལྟར་སྐྱོང་ཚུལ་ཐད་བསླབ་བྱ་ལམ་སྟོན་ལྷུག་པར་སྩལ་བར་མཛད། སོརྣ་བཛྲ་ཡར་ལུང་དུ་གདན་འདྲེན་ཞུ་མཁན་ཁུ་དང་སྙགས་སོགས་ཀྱི་རུས་ཚན་དེ་དག་ནི་སྤུ་རྒྱལ་བཙན་པོའི་དུས་ཀྱི་སྟོབས་ལྡན་གྱི་ཁྱིམ་རྒྱུད་ཤ་སྟག་ཡིན་པ་གོར་མ་ཆག །དབང་ཐང་ཅན་གྱི་ཁྱིམ་རྒྱུད་དེ་དག་གིས་སོ་སོའི་འཚོ་གནས་བྱེད་སའི་ཁོར་ཡུག་ཏུ་རིགས་རུས་མཐོ་བའི་བཙན་པོའི་གདུང་རྒྱུད་ཅིག་ཡར་ལུང་དུ་གདན་དྲངས་ཤིང་རྒྱལ་པོར་བཀུར་ན། དེའི་མཚན་སྙན་དང་གཟི་བརྗིད་ལ་བརྟེན་ནས་འབངས་མིའི་སེམས་འགུགས་པ་དང་། ཚོ་པ་དང་ཚོ་པའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མངའ་འབངས་སྐྱོང་རྒྱུར་གཙིགས་ཆེན་དུ་བཟུང་ནས། སྤྱི་ཚོགས་བརྟན་ལྷིང་དང་སྟོབས་ཤུགས་གཅིག་སྒྲིལ་བར་དོ་སྙོམས་ཡོང་བའི་དམིགས་ཡུལ་བསྒྲུབ་ཆེད་ཡིན་པར་སེམས།  ཡང་《ལྷ་བུག་པ་ཅན་གྱི་གདུང་རབས》ལས། “སོརྣ་བཛྲ་གྱི་སྲས་འབུམ་སྡེ་དཔལ། དེའི་སྲས་གྲ་ལྔ་བསམ་འགྲུབ། དེའི་སྲས་གནོད་སྦྱིན་སྐྱབས། དེའི་སྲས་མངའ་བདག་མགོན་ནེ། དེའི་སྲས་མངའ་བདག་མགོན་བརྩོན། དེའི་སྲས་ལྷ་འབུམ་སྡེ་འོད། དེ་ཉིད་ལྷ་བཙུན་གྱི་ཐོག་མ་ཡིན་ཞིང་།” ཞེས་སོགས་ཁོང་གི་ལོ་རྒྱུས་མདོར་བསྡུས་འཁོད་ཅིང་། “མངའ་བདག་མགོན་གྱི་སྲས་ལྷ་ཉི་མ་འོད་དང་། ཤཱཀྱ་དཔལ། དེའི་སྲས་ལྷ་བསོད་ནམས་གྲགས་པ་དང་། བྱམས་པ་འོད། དེའི་སྲས་ཤཱཀྱ་དོན་འགྲུབ། དེའི་སྲས་སངས་རྒྱས་པ། དེའི་སྲས་ཇོ་བོ་ཀུན་དགའ་དང་། སེངྒེ་བ་གཉིས། དེའི་སྲས་ཇོ་བོ་རིན་ཆེན་དང་། ལྷ་གྲགས་པ་འོད། ལྷ་བཙུན་དཔའ་ཤི་ཞེས་མཚན་གྲགས་པ་དབང་ཕྱུག་ཅེས་བྱ་བ་གཞན་ལས་སྐུ་དྲིན་ཆེ་བ་ཅིག་ཕེབས་ཏེ།” ཞེས་ཡང་ཁོང་གི་ལོ་རྒྱུས་མདོར་བསྡུས་དང་། ཡང་དེའི་མཇུག་ཏུ། “ལྷ་བཙུན་དཔའ་ཤི་བའི་གཅེན་པོ་སྤྱན་སྔ་བསོད་ནམ་འོད་ཟེར། ལྷ་བཙུན་དཔའ་ཤིའི་སྲས་རྒྱལ་ལུ་སྨྱོན་པར་གྲགས་པ། མཚན་བསོད་ནམས་དཔལ་བཟང་ཞེས་མ་སངས་དོན་མཐུན་ཅིག་དང་། ལྷ་གྲགས་པ་བཤེས་གཉེན། བསོད་ནམས་བསམ་འགྲུབ་རྣམས་འཁྲུངས། ལྷ་གྲགས་པ་བཤེས་གཉེན་པས་བསམ་གྲུབ་བདེ་ཆེན་གྱི་རྩིག་རྨང་འདི་མེ་ཕོ་སྤྲེལ་ལོ་ལ་བཏིང་ནས་གྲུབ་པར་མཛད། ལྷ་གྲགས་པ་བཤེས་གཉེན་པའི་སྲས་དཔལ་གྲགས་པ་མཐའ་ཡས་དང་། ལྷ་རྡོ་རྗེ་རྒྱལ་མཚན་གཉིས། བསོད་ནམས་འོད་མཛེས་པ་ནི། མགོ་ནག་ནས་གསོས་བུར་གདན་དྲངས། སྤྱན་སྔ་ཉེར་གཉིས་པ་ལས་རབ་ཏུ་བྱུང་སྟེ། གཡའ་བཟང་གི་སྤྱན་སྔ་བསྐོས།” ཞེས་ལྷ་བུག་པ་ཅན་གྱི་གདུང་རྒྱུད་ཟམ་མ་ཆད་པར་མི་རབས་བཅུ་བཞི་ཙམ་བྱོན་པའི་མཚན་དང་། དེ་དག་ལས་མཛད་རྗེས་ཁྱད་པར་ཅན་གྱི་ལོ་རྒྱས་ཉུང་བསྡུས་དམིགས་བསལ་སྨོས་ཤིང་། མེ་སྤྲེལ་སྤྱི་ལོ(༡༤༡༦)ལོར་ཡར་སྟོད་བསམ་གྲུབ་བདེ་ཆེན་རྩེའི་ཕོ་བྲང་གསར་སྐྲུན་བྱས་པས། དེ་ནས་བཟུང་བཙན་པོའི་གདུང་རྒྱུད་ཀྱི་སོརྣ་བཛྲ་ལས་མཆེད་པའི་ཁྱིམ་བརྒྱུད་ལ་ལྷ་བུག་པ་ཅན་དང་། དེའི་གཞིས་ཀ་ཡར་སྟོད་དུ་ཆགས་པའི་མིང་ལ་བསམ་གྲུབ་བདེ་ཆེན་རྩེ་ཞེས་དང་། ཡར་སྟོད་སོགས་ཡུལ་སྡེ་དུ་མར་དབང་སྒྱུར་བྱེད་པའི་སྡེ་དཔོན་ཡིན་པའི་ཆ་ནས་སྡེ་པ་བསམ་སྡེ་པ་ཞེས་འབོད་པ་དང་། མདོར་ན་བོད་བཙན་པོའི་གདུང་རྒྱུད་ཡིན་པའི་ཆ་ནས་མཚན་འགོར་ལྷ་ཞེས་བསྒྲོན་པ་ཆེ་བསྟོད་ཀྱི་ཚུལ་གྱིས་ལྷ་བུག་པ་ཅན་དང་། ཡུལ་ལུང་དུ་མར་དབང་སྒྱུར་བའི་ཆ་ནས་སྡེ་པ་བསམ་སྡེ་པ་ཞེས་འབོད་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་སྙམ།

ཡང་དེར། “དཔལ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་སྡེ་ཞེས་པ་འདི་ཉིད།” ཅེས་སོགས་སྐུ་ཚེ་སྔ་མའི་རྣམ་ཐར་མདོར་བསྡུས་དང་། ཡང་། “ཡབ་གྲགས་པ་བཤེས་གཉེན་དང་། ཡུམ་སངས་རྒྱས་པ་ལས་ཆུ་མོ་གླང་གི་ལོ་ཟླ་བ་བཞི་པའི་ནང་དུ་འཁྲུངས།” ཞེས་སོགས་འདི་པའི་རྣམ་ཐར་ཅུང་རྒྱས་ཙམ་བཀོད་ཡོད་པས། ཆུ་གླང་སྤྱི་ལོ(༡༤༣༣)ལོའི་ཟླ་བ་བཞི་པར་དཔལ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་སྡེ་འཁྲུངས་པར་འབྲེལ་ཡོད་ཀྱི་ཡིག་ཚང་དང་བསྟུན་ན་ཤེས་ཐུབ། ཡང་དེར། “རྗེ་སོརྣ་བཛྲ་ཞེས་ད་ལྟ་ཡན་གྱི་གདུང་རབས་ཀྱི་རིམ་པ་ལ།” ཞེས་ལྷ་བུག་པ་ཅན་གྱི་གདུང་རབས་རྣམས་བསྐྱར་བཟློས་ལྟ་བུའི་སྨོས་ཤིང་། ཡང་། “གྲགས་པ་བཤེས་གཉེན་པའི་སྲས་ལྷ་གྲགས་པ་མཐའ་ཡས་པ་དང་། སྤྱན་སྔ་རྡོ་རྗེ་རྒྱལ་མཚན་པ་སྐུ་མཆེད། དེའི་སྲས་ལྷ་རྣམ་རྒྱལ་འོད་པ། ཙཱ་རི་དབང་ཕྱུག་གྲགས་པ། སྤྱན་སྔ་བསོད་ནམས་འོད་ཟེར་གསུམ་སྐུ་མཆེད། དེའི་སྲས་ལྷ་ཁྲི་སྡེ་བཙུན་བརྟན་རྣམ་རྒྱལ་གྲགས་པ། འདི་ཡན་ལ་གདུང་རབས་བཅུ་བདུན་སོང་།” ཞེས་ལྷ་བུག་པ་ཅན་གྱི་གདུང་རབས་བཅུ་བདུན་ཙམ་གྱི་མཚན་བཅས་འཁོད་ཅིང་།

དེ་ནས་ཆོས་རྒྱལ་སྲོང་སྒམ་པོ་ས་གླང་སྤྱི་ལོ(༦༢༩)ལོ་འཁྲུངས་ནས། དགུང་ལོ་བདུན་ཅུ་བཞེས་སྐབས། ས་ཕག་སྤྱི་ལོ(༦༢༩)ལོར་ཁྲ་འབྲུག་བཏབ་ནས། ད་ལྟའི་ས་བྱི་ཡན་ལོ་བརྒྱད་བརྒྱ་དང་བཅུ་བཞི་སོང་ཞེས་དང་། དེ་བཞིན་དུ་ཁྲི་སྲོང་ལྡེའུ་བཙན་དང་། གཡའ་བཟང་ཆོས་རྗེ། ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས་ཀྱི་འཁྲུངས་ལོ་དང་བསམ་ཡས་སོགས་ནམ་བཏབ་ཀྱི་ལོ་དང་། ས་བྱི་བར་གྱི་ལོ་གྲངས་དུ་ཙམ་སོང་བ་དུས་བསྒྲིགས་འདུག་ཀྱང་། འགྲིག་པར་དཀའ་བར་སེམས། འོན་ཀྱང་རྗེ་བཙུན་མར་མི་དྭགས་གསུམ་གྱི་འཁྲུངས་ལོ་ཆུ་བྱི་དང་། ལྕགས་འབྲུག །ས་ལུག་ནས། ས་བྱི་བར་གྱི་ལོ་གྲངས་དུ་སོང་འཁོད་པའི་དབང་དུ་བྱས་ན། ས་བྱི་སྤྱི་ལོ(༡༥༢༨)ལོར་ཁེལ་ཞིང་། ལོ་དེར་《ལྷ་བུག་པ་ཅན་གྱི་གདུང་རབས》ཀྱི་ཡིག་ཚང་འདི་བརྩམས་པར་ཤེས་ཐུབ།

དཔལ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་སྡེ་ཆུ་མོ་གླང་ལ་འཁྲུངས་ནས། དགུང་ལོ་ལྔ་བཅུ་ང་བདུན་པ་ཆུ་མོ་བྱ་ལོའི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ཉིན་རབ་བརྟན་ལྷུན་པོ་སྒང་གི་ཕོ་བྲང་དུ་ཕེབས་ཤིང་། ཟླ་བ་བཞི་པའི་ཚེས་ལྔ་ཉིན་རྩིག་རྨང་རྫོགས་པར་གནང་ནས། ས་བྱི་ཡན་ལ་ལོ་རྐྱང་བཅུ་སོང་བར་འཁོད་ཀྱང་། ཁོང་ནི་རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ(༡༤༣༣)ལོར་འཁྲུངས་ནས། ས་བྱ་སྤྱི་ལོ(༡༤༨༩)ལོར་དགུང་གྲངས་ལྔ་བཅུ་ང་བདུན་ལ་ཁེལ་ལ། ལོ་དེར་རབ་བརྟན་ལྷུན་པོ་སྒང་གི་ཕོ་བྲང་བཏབ་པར་ཤེས་ཐུབ། ལོ་ཚིགས་དེ་འཆུག་མེད་ཡིན་པར་ལོ་རྒྱུས་ཡིག་ཚང་གཞན་དང་བསྟུན་ན། མེ་ལུག་སྤྱི་ལོ(༡༤༨༧)ལོ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་བསམ་བདེ་བས་གདན་དྲངས་ནས། འབུལ་བ་བསྙེན་བཀུར་དཔག་མེད་ཞུས་ཤིང་། ཤམ་པོ་གངས་དུ་དབེན་པ་མཛད་པར《ཆོས་བྱུང་མཁས་པའི་དགའ་སྟོན》སོགས་ཀརྨ་པའི་རྣམ་ཐར་ཁག་ཏུ་གསལ་ལ། དེའི་དུས་ལྷ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་སྡེ་ཡབ་སྲས་རྣམས་ཀྱི་ཐུགས་དགོངས་བཞིན། རྒྱལ་དབང་མཆོག་གིས《སྐུ་གསུམ་ངོ་སྤྲོད་ཀྱི་ཟབ་ཁྲིད་ཉུང་བསྡུས》ཤིག་སྩལ་བའི་མཇུག་བྱང་དུ། “ཞེས་པ་འདི་ནི། བསམ་འགྲུབ་བདེ་ཆེན་པ། ནང་སོ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་བདེ་ཞེས་པ། ཡབ་སྲས་རྣམས་ཀྱིས་དགོས་ཞེས། ཆོས་གྲགས་རྒྱ་མཚོས། གཡེར་བྲིས་པའོ། །”ཞེས་འཁོད་པ་དང་། དེ་མཚུངས་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་རབས་དྲུག་པ་ཝང་གྲགས་པ་འབྱུང་གནས་སོགས་གྲགས་ཆེན་མི་སྣ་འགའ་དང་འབྲེལ་བ་བྱུང་ཚུལ་གསལ་བས། ཆུ་བྱ་ནི་དབང་ཐང་ནོར་བ་དང་། ས་བྱི་ཡན་ལོ་བཅུ་སོང་ཞེས་པ་ནི་ཡིག་མཁན་གྱིས་བྲིས་ནོར་རམ་རྩིས་ནོར་ཐེབས་པ་མིན་ནམ་སྙམ་སྟེ་དཔྱད་པའི་གནས་སོ། །

ལྷ་རྫོང་དཔོན་ས་དང་། བསམ་སྡེ་དཔོན་མོ་གཉིས་ནི། དཔའ་བོ་གཙུག་ལག་ཕྲེང་བས་ལྷ་རྫོང་དཔོན་ས་དེས་ཞེས་སྨོས་པ་ནི། སྐབས་དེར་སྡེ་པའམ་དཔོན་པོའི་གོ་གནས་འཛིན་པའི་དཔོན་པོ་ཡིན་པས་ཐོག་མར་ལྷ་རྫོང་དཔོན་ས་ཞེས་གསུངས་ཤིང་། ཁོང་ནི་ལྷ་ཁྲི་སྡེ་བཙུན་བརྟན་རྣམ་རྒྱལ་གྲགས་པའམ། ཡང་ན་ཕུན་ཚོགས་རྣམ་རྒྱལ་ཡིན་ནམ་སྙམ། རེད་དེ་ལྷ་རྫོང་དཔོན་ས་ཙམ་ལས་མཚན་དངོས་གསུངས་མེད་པས་ཚོད་དཔག་གོ །འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཀརྨ་གཞུང་ལུགས་གླིང་གི་དགོན་ས་འབུལ་མཁན་བསམ་སྡེ་དཔོན་མོ་ཡིན་པར་གསལ་པོར་གསུངས་པར་མ་ཟད། རྒྱལ་དབང་ཀུན་མཁྱེན་ཆེན་པོས། “དགེ་ལེགས་དོན་ཀུན་ཡོངས་སུ་གྲུབ་པའི་མ། །བདག་གི་བཞེད་དགུ་སྦྱིན་པར་བྱེད་པའི་མ། །བསོད་ནམས་ཚོགས་ཆེན་སྒྲུབ་པར་བྱེད་པའི་མ། །རྙེད་དང་བཀུར་སྟིས་དཀོན་མཆོག་མཆོད་པའི་མ། །”སོགས《བསམ་སྡེ་དཔོན་མོ་ལ་གནང་བའི་ཆབ་ཤོག》ལས་བསྟན་པའི་སྦྱིན་བདག་ཆེན་མོ་ཡིན་པར་བསྔགས་བརྗོད་མཛད་པ་དང་། ཡང་རྒྱལ་དབང་མཆོག་གིས་བསམ་སྡེ་དཔོན་མོར་སྩལ་བའི་གདམས་པར། “མདུན་གྱི་ནམ་མཁར་བཅོམ་ལྡན་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོས་བསྐོར་བའི་ཞབས་དྲུང་དུ། །བདག་གིས་ཐོག་མ་མེད་ནས་བསགས་པ་དང་། །ཉེས་པར་གྱུར་གང་ལས་ངན་མཐོལ་ལོ་བཤགས། །”སོགས་གསུངས་པར་གཞིག་ན། རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་ཐོག་མར་ཡར་སྟོད་དུ་སྤྱན་འདྲེན་དང་། རྒྱལ་དབང་མཆོག་ཤམ་པོ་གངས་ལ་དབེན་པར་བཞུགས་སྐབས་གསོལ་ཆས་སོགས་ཀྱི་མཐུན་རྐྱེན། སྒར་དམངས་ལ་གསོལ་ཕོགས་ཀྱི་རོགས་འདེགས། ཀརྨ་གཞུང་ལུགས་གླིང་གི་གཏན་གཞིའི་ས་ཆ་འབུལ་བ་བཅས་གཙོ་བོ་བསམ་སྡེ་དཔོན་ས་མ་ཁོང་གི་དད་པའི་ཤུགས་དང་ནུས་པའི་སྟོབས་ལ་བརྟེན་ནས་བྱུང་བ་ཡིན་པར་མ་ཟད། ཁོང་གི་མཚན་དངོས་རྡོ་རྗེ་སྒྲོལ་མ་ཞུ་བར། ཀུན་མཁྱེན་ཆེན་པོའི་འདུལ་ཊཱིཀ་ཉི་དཀྱིལ་གྱི་སྤར་བྱང་དུ་གསལ་ཞིང་། གནས་སྐབས་དེར་ས་སྐྱོང་ཕུན་ཚོགས་རྣམ་རྒྱལ་ལས་ཀྱང་ཕྱོགས་གང་ཅིའི་ཐད་ནས་འཇོན་ནུས་དང་དབང་ཚད་དཔོན་ས་རྡོ་རྗེ་སྒྲོལ་མ་མཐོ་བར་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་ཤེས་ཐུབ།

ཡང་དཔལ་ཁང་ལོ་ཙཱས《ཡར་སྟོད་ལྷུན་པོ་སྒང་དུ་ལྷ་གཟིགས་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་རིན་པོ་ཆེ་ངག་དབང་ཕུན་ཚོགས་གྲགས་པ་དཔལ་འབྱོར་བཟང་པོའི་དྲུང་དུ་ཕུལ་བའི་ཞུ་ཡིག》ལས། སྔོན་གྱི་ཡང་མེས་ཆོས་ཀྱི་སྤྱན་མངའ་བ། །དེ་དག་ཁོ་ནའི་རྣམ་ཐར་ལྷུར་བཞེས་ཤིག །དཔལ་ལྡན་ཕག་མོ་གྲུ་པའི་ཆོས་སྲིད་ཀྱི། །རིང་ལུགས་ཉི་མའི་དཀྱིལ་འཁོར་དེ་ལྟ་ན། །འཛམ་གླིང་རྒྱལ་ཕྲན་གཞན་གྱི་སྤྱོད་ཚུལ་དག །རི་རབ་སྐར་མའི་ཚོགས་དང་བྱེ་བྲག་ཅི། །སོགས་ནས། མདོར་ན་ཆོས་དང་སྲིད་ཀྱི་མཛད་པའི་སྒོ། །འཛམ་གླིང་ངོ་མཚར་ཀུན་གྱི་དཔེར་བླང་བ། །ལྷ་རིགས་རླངས་ཀྱི་གདུང་རབས་རིམ་ཕེབས་པའི། །བཀའ་སྲོལ་ཁོ་ན་ཉམས་མེད་ཕྱག་བཞེས་མཛོད། །ཅེས་བཀོད་ཡོད་པས། འདིར་ཁོང་ནི་ལྷ་གཟིགས་རླངས་ཀྱི་གདུང་བརྒྱུད་སྡེ་སྲིད་ཕག་མོ་གྲུ་པའི་ཆོས་སྲིད་ཀྱི་གདག་པོ་ཡིན་པའི་ཆེ་བསྟོད་དང་བཅས་བཀོད་ཅིང་། གཞན་ཡང་《ཕོ་བྲང་ལྷུན་པོ་སྒང་གདུང་བརྒྱུད་རིན་པོ་ཆེའི་དྲུང་དུ་ཕུལ་བ》འི་ཞུ་ཡིག་ལས་ཀྱང་དེ་མཚུངས་བཀོད་འདུག་པས། འདིར་ཡར་སྟོད་ལྷུན་པོ་སྒང་གི་བདག་པོ་ཕག་གྲུའི་གདུང་རྒྱུད་ཡིན་པ་ལས། ལྷ་བུག་པ་ཅན་གྱི་གདུང་རྒྱུད་མ་ཡིན་པར་ཆབ་ཤོག་གོང་འོག་གཉིས་ཀར་སྣང་ཡང་། དུས་དེར་སྡེ་པ་ཕུན་ཚོགས་རྣམ་རྒྱལ་ཡར་སྟོད་བདག་པོ་ཡིན་པར་གོང་དུ་སྨོས་པའི་ཡིག་ཚང་རྣམས་ལས་གསལ་བ་མ་ཟད། སླད་ནས་ཀྱང་ས་སྐྱོང་ཀརྨ་སྲོང་བཙན་པ་སོགས་ཡོད་ཚུལ་ཞྭ་དམར་ལྔ་པ་དང་། རྒྱལ་དབང་དགུ་པའི་རྣམ་ཐར་སོགས་ལས་གསལ་བས། ལྷ་བུག་པ་ཅན་གྱི་མི་རྒྱུད་ཡིན་པར་སེམས་ཀྱང་། མཁས་དབང་དཔལ་ལོའི་ཆབ་ཤོག་ལས་རླངས་ཀྱི་མི་རྒྱུད་ཡིན་ཚུལ་འཁོད་པས། ཡིག་ཚང་གཞན་ལ་དཔྱད་བསྡུར་ཞིབ་མོར་མ་ཐུབ་པས་གང་ཡིན་སྨྲ་བ་རྔོ་མི་ཐོགས།

ཀླུ་སྡིངས་ནི། བོད་ཀྱི་སྡེ་དཔོན་རྣམས་ཀྱི་གཞིས་ཀའི་ཉེ་སྐོར་དུ་ཀླུ་སྡིངས་ཞེས་ཡོད་པ་ནི། ཆེས་མཐོ་བླ་དཔོན་རྣམས་ཀྱི་སྤྲོ་གསེང་གཏོང་ས་སྐྱེ་ཤིང་སྣ་ཚོགས་པར་བཙུགས་པ་དེང་སང་གི་གླིང་ཁ་ལྟ་བུ་ཡོད་པས། བསམ་སྡེ་པས་ཀླུ་སྡིངས་དེ་ཀརྨ་གཞུང་གླིང་གི་གྲྭ་ཚང་བཞུགས་གནས་སུ་ཀརྨ་པར་ཕུལ་བའོ། །གཞན་ཡང་དུས་ཚོད་དེར་དབང་ཤུགས་ཆེ་བའི་ཡར་སྐུར་གཙང་གསུམ་སོགས་གཞིས་ཀ་ཆེན་པོ་རྣམས་ཀྱི་ཉེ་ལོགས་སུ་ཀླུ་སྡིངས་ག་གེ་མོ་ཞེས་ཡོད་ཚུལ་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལས་འཁོད་པས་ཤེས་ཐུབ་བོ། །

༦༽ དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་སྒྲིགས་གཞི་བཅའ་ཡིག་གི་སྐོར།

ཆོས་གྲྭ་དེ་ཡར་སྟོད་དུ་གནས་གཞི་མ་ཆགས་པའི་གོང་སྒར་ཆེན་གྱི་ཁོངས་སུ་ཡོད་སྐབས་བཤད་གྲྭ་ཙམ་ལས། ཀརྨ་གཞུང་ལུགས་གླིང་ཞེས་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མ་སྨོས་པའི་ཕྱིར་ཞེ་ན། རྒྱལ་དབང་ཀུན་མཁྱེན་ཆེན་པོའི་སྩལ་བའི་ཆོས་གྲྭ་དེའི་བཅའ་ཡིག་གི་མཚན་བྱང་ལས། “དགའ་ཚལ་ཀརྨ་གཞུང་ལུགས་གླིང་དང་པོར་སྒར་ཆེན་འཛམ་གླིང་རྒྱན་དུ་བཞུགས་དུས་ཀྱི་འཕྲལ་གྱི་བཅའ་ཡིག་བཞུགས་སོ། །”ཞེས་གསལ་བས། བཅའ་ཡིག་འདི་ཀརྨ་གཞུང་ལུགས་གླིང་སྒར་ཆེན་གྱི་ཁོངས་སུ་ཡོད་སྐབས་ཀུན་མཁྱེན་ཆེན་པོའི་སྩལ་བར་མ་ཟད། འཕྲལ་གྱི་བཅའ་ཡིག་ཅེས་གསུངས་པར་གཞིག་ན། ཆོས་གྲྭ་འདེབས་པའི་ས་ཆ་གཏན་ཁེལ་བྱུང་ཞིང་དེར་གནས་གཞི་གཏན་ཆགས་བྱུང་རྗེས། འདི་ལས་ཞིབ་རྒྱས་ཅན་གྱི་བཅའ་ཡིག་ཅིག་སྩལ་བའི་ཐུགས་འདུན་ཡོད་པ་ཤུགས་ལས་ཤེས་ནུས། རེད་དེ་འདི་མ་གཏོགས་བཅའ་ཡིག་གཞན་མཇལ་ལམ་དུ་བཞུགས་མེད་ལ། ཞྭ་དམར་དཀོན་མཆོག་འབངས་ཀྱིས་གསུང་། 《རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་སྐུ་རྣམ་པ་ཐམས་ཅད་པའི་ཐུགས་ཅན་ཀརྨ་པ་མི་བསྐྱོད་རྡོ་རྗེ་བཞད་པའི་གསུང་འབུམ་གྱི་དཀར་ཆག》ལའང་མི་གསལ། བཤད་གྲྭ་དེ་སྒར་ཆེན་ནང་ཁུལ་དུ་བཞུགས་སྐབས་ཀརྨ་གཞུང་ལུགས་གླིང་ཞེས་པའི་མཚན་དེ་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ་ཡང་། དང་ཐོག་སྒར་ཆེན་ནང་ཁུལ་དུ་བཤད་གྲྭ་བཙུགས་སྐབས་རྒྱལ་དབང་མཆོག་གིས་མཚན་དེ་གསོལ་བར་གོར་མ་ཆག་གོ །བཅའ་ཡིག་གི་མཚན་བྱང་འདིར་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དང་པོར་སྒར་ཆེན་འཛམ་གླིང་རྒྱན་དུ་བཞུགས་ཞེས་པས་ཀྱང་ཤེས་ཐུབ། དགའ་ཚལ་ནི་གོང་སྨོས་ཡར་སྟོད་ཁྲོམ་སར་བསམ་གྲུབ་བདེ་ཆེན་རྩེར་ཆོས་གྲྭའི་གནས་གཞི་གཏན་ཆགས་བྱུང་རྗེས་ཁ་སྣོན་བྱས་པ་རྟོགས་ཐུབ། བཅའ་ཡིག་གི་མཚན་བྱང་འདིའང་རྒྱལ་དབང་མཆོག་གི་བཀའ་འབུམ་བསྡུ་བསྒྲིགས་བྱེད་སྐབས་ཞྭ་དམར་རིན་པོ་ཆེ་སོགས་ཀྱིས་བཀོད་པ་ཡིན་ནམ་སྙམ། ཡང་དཔལ་ཁང་ལོ་ཙཱས《ཡར་སྟོད་ལྷུན་པོ་སྒང་དུ་གདུང་བརྒྱུད་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག》ལས། ཀརྨ་གཞུང་ལུགས་བཤད་སྒྲུབ་གླིང་ཞེས་ཀྱང་བཀོད་འདུག་གོ །

རྒྱལ་དབང་ཀུན་མཁྱེན་ཆེན་པོས་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་འཛུགས་པའི་ཐུགས་དགོངས་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་ཉམས་དམས་སུ་གྱུར་པས། མཚན་ཉིད་སྨྲ་བའི་རྟོག་གེ་པ་དག་གིས་ཀླན་ཀ་དུ་མའི་སྒོ་ནས་རྒོལ་བར་གྱུར་པས། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཕར་ཚད་གཉིས་ཀྱི་བཀའ་འགྲེལ་བརྩམས་ཤིང་། རྟོག་གེ་ཀླག་ཅོར་སྨྲ་བ་མང་པོ་རྗེས་སུ་བཟུང་ནས། བཀའ་བརྒྱུད་པའི་བསྟན་སྒོར་ཞུགས་པ་རྣམས་ཀྱིས་དང་པོ་མདོ་སྔགས་གཞུང་ལུགས་རྣམས་ཐོས་བསམ་རྣལ་མ་བྱས་ནས་ལྟ་བ་ཡང་དག་པ་གཏན་ལ་འབེབས་ཤིང་། མཐར་ཐོས་དོན་གཡའ་བྲག་གངས་ཀྱི་དབེན་ཁྲོད་དུ་སྒོམ་པས་ཉམས་སུ་མྱོང་ནས་བཀའ་བརྒྱུད་གོང་མའི་ཞབས་རྗེས་སྙེག་ཅིང་ཕ་ཤུལ་བུ་འཛིན་དགོས་པར་དགོངས་པ་བཞིན། རྗེ་བཙུན་ཀརྨ་ཕྲིན་ཞབས་ཀྱིས་ཀྱང་རབ་འབྱམས་སྨྲ་བ་མང་པོ་བསྐྱེད་བསྲིང་གནང་བར་མཛད་པས། ཡབ་སྲས་དེ་གཉིས་ཀྱི་མཛད་ཕྲིན་རྒྱུན་འཁྱོངས་མཛད་ཆེད་རྒྱལ་དབང་ཀུན་མཁྱེན་ཆེན་པོས་ཐོས་བསམ་ཕྱོགས་མེད་དུ་གནང་ནས་གཞུང་ཆེན་རྣམས་ཀྱི་འགྲེལ་བ་བརྩམས་ཤིང་། མཚན་ཉིད་ཀྱི་ཆོས་གྲྭ་དུ་མ་ཕྱག་བཏབ་པར་མཛད།

དེ་དག་གི་ནང་གསེས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཀློག་པ་ཁ་ཏོན་པ་རྣམས་ལ་དམིགས་སུ་བཀར་ནས་གཞུང་ལུགས་རྣམས་ལ་བསླབ་པ་སློབ་གཉེར་བྱེད་པ་ལ་མེད་དུ་མི་རུང་བ་ནི་སྒྲིགས་གཞི་ཚགས་སུ་ཚུད་པ་ཞིག་དགོས་པས། རྒྱལ་དབང་མཆོག་ནས་ཚིག་ཉུང་ལ་གཏིང་ཟབ་པའི་བསླབ་བྱའི་བཅའ་ཡིག་སྩལ་བར་མཛད་དེ། དེའང་《དགའ་ཚལ་ཀརྨ་གཞུང་ལུགས་གླིང་དང་པོར་སྒར་ཆེན་འཛམ་གླིང་རྒྱན་དུ་བཞུགས་དུས་ཀྱི་འཕྲལ་གྱི་བཅའ་ཡིག》ལས། “དགེ་འདུན་གྱི་སྡེ་འདིར་ཆོས་གོས་སོགས་ཆོས་འདི་པའི་རྟགས་ཅིས་ཀྱང་ཚང་བར་བྱེད་དགོས།” ཞེས་སོགས་བཅའ་ཡིག་ལས་ཚིག་དོན་ཕུན་སུམ་ཚོགས་པར་བཞུགས་ཀྱང་། འདིར་ཡིག་ཚོགས་ཟུར་ཡང་ཆེད་གཙོ་གནད་དོན་ཚན་བདུན་གྱིས་བསྟན་པས། དེ་དག་གི་ལས་གདམ་གསེས་བྱས་ནས་འགོད་པར་བྱའོ། །

དང་པོ།  དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་སློབ་གཉེར་པ་རྣམས་ཀྱིས་ཐོག་མར་དགེ་ཚུལ་གྱི་བསླབ་པ་ནོད་དགོས་པ་གཞིར་བཞག་ཡིན་པར་བཅའ་ཡིག་གི་ཤུགས་ལས་ཤེས་ཐུབ། ཆོས་གྲྭ་འདིར་སློབ་གཉེར་དུ་ཞུགས་རྒྱུ་གཏན་ཁེལ་བྱུང་ནས། དགེ་འདུན་པ་སུ་ཡིན་རུང་ཆོས་གོས་རྣམ་གསུམ་དང་། ལྷུང་བཟེད། གདིང་བ། ཆུ་ཚགས་སོགས་འདུལ་བའི་གཞུང་ནས་གསུངས་པའི་དམ་ཆོས་འདུལ་བའི་རྟགས་རྣམས་ངེས་པར་ཚང་དགོས་པ་ནི་ཐོག་མའི་རྩ་དོན་ཡིན་པར་མ་ཟད། དེ་དག་ཁྲལ་འཇལ་ཙམ་མ་ཡིན་ཚུལ་ལྡན་དུ་འཆང་དགོས། རང་ལོ་ཉི་ཤུར་ལོན་ནས་བསྙེན་པར་རྫོགས་ཏེ། དགེ་སློང་གི་བསླབ་བྱ་རྒྱས་བསྡུས་ལ་སོ་སོའི་བློ་དང་བསྟུན་པར་དཔྱིས་ཕྱིན་སྦྱངས་ནས་བཅས་མཚམས་ལས་ནམ་ཡང་མི་འདའ་བར་བྱ། གྲི་སོགས་མཚོན་ཆའི་རིགས་དང་། གསེར་དངུལ་གཡུ་དུང་བ་སོ་མུ་མེན་སྤོས་ཤེལ་སོགས་ཀྱི་ཕྲེང་བ་བསྲེལ་མི་རུང་། དར་གོས་ཆེན་གྱི་ཞྭ་མོ་དང་རྔུལ་གཟན་དང་དེ་དག་གིས་རྣམ་པ་ཀུན་ཏུ་བརྒྱན་པར་མི་བྱེད། དགེ་འདུན་པ་གཅིག་གི་གོས་གཅིག་གིས་གྱོན་པ་དང་། ལྷུང་བཟེད་དུ་མཉམ་དུ་ཟ་བ། ཁ་ཕོར་བསྲེ་བ་སོགས་དང་། ཆགས་པས་ཀུན་ནས་བསླང་བའི་མིག་བརྡ་དང་ཟན་ཧྲིལ་རྡེའུ་འཕེན་པ་སོགས་མི་བྱེད། ཆོས་གོས་རྣམ་གསུམ་ཟླུམ་པོར་བགོ་བ་ལས་གཞན་ཁ་བསྟུམས་དང་། ཟུར་དཀྲིས་དང་། གཤལ་གྱོན་དང་། ཞྭ་མོའང་གཅུས་ཞྭ་དང་གདོང་ཞྭ་སོགས་མི་བྱེད་ཅིང་། འགྲོ་དུས་ཀྱང་རྒྱུག་མཆོང་དང་། གད་མོ་བྱེད་ཅིང་རྒྱུག་པ་དང་དུས་མིན་གྱི་ཐལ་སྐད་སོགས་མི་བྱེད། ལྷག་པར་གཉིས་སྤྱོད་ཀྱི་བདེ་བའི་གཏམ་སྨྲ་བ། ཕན་ཚུན་འཁྱུད་པ། ལག་པ་སྦྲེལ་བ། པང་དུ་མགོ་འཇོག་པ། རོ་སྟོད་བསྡམས་པ་སོགས་ཆགས་སྲེད་འཕེལ་བའི་རྒྱུ་ཐམས་ཅད་ལ་གཟབ་པ། སྔགས་ཀྱི་སྲུང་སྐུད་འཕྱང་འཕྲུལ་དུ་འདོགས་པ། རྩིས་པ་དང་ཀོ་བ་དཀར་དམར་གྱི་ལྷམ། ཕྱར་བ་དང་། རེ་ནག་སོགས་གོས་ཁ་མ་བསྒྱུར་བ། དོམ་དྲེད་ལྕེ་སྤྱང་སོགས་གཅན་གཟན་པགས་པའི་གདན། སྟོད་གོས་མི་གྱོན་པ་གཅེར་བུར་བུད་པ། ཕྲེང་བ་རིང་ཉེད་པ་སོགས་བྱེད་ཅིང་འགྲོ་མི་རུང་། ཕྱི་རོལ་དུ་དགེ་སློང་གཅིག་པུར་ཉལ་བ་དང་། དགེ་ཚུལ་དང་ལྷན་ཅིག་ཏུ་ཉལ་བ། ཡིད་རྟོན་གྱི་སྒེར་མཛའ་དང་རྒྱུ་ནོར་དང་། གནས་ཁང་མཉམ་པོར་བྱེད་པ་སོགས་ཧ་ཅང་མཛའ་ཆེས་པས་སེམས་ཆགས་པའི་རྒྱུར་འགྱུར་བ་རྣམས་མི་བྱ། ལྷག་པར་རྩེད་མོའི་རིགས་གཞས་དང་། གླུ་སོགས་གཞན་སྐྱོན་བརྗོད་པའི་ཚིགས་སུ་བཅད་པ་སོགས་མི་བྱ། མདོར་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཞི་དུལ་བག་ཡོད་ལྡན་པའི་སྒོ་ནས་མི་ཚངས་སྤྱོད་ཀྱི་ཕམ་པ་དང་། དེའི་ཕྱོགས་གཏོགས་ཀྱི་ནམ་ཡང་མ་གོས་པར་བྱ་ཞིང་རྣམ་རྟོག་རྣམས་སྡོམ་དགོས་པར་བསྟན་པའོ། །

གཉིས་པ། གྲྭ་ས་འདིར་བཞུགས་པ་ཐམས་ཅད་ཀྱི་མ་དག་པའི་དངོས་པོ་བརྒྱད་དེ། ཤ་ཆང་གོ་ཆ་མཚོན་ཆ་བཞོས་མ་འབྲོག་དང་བཅས་པ་དང་། བཞོན་པ་ཁལ་དང་བཅས་པ། ཁང་ཁྱིམ་ས་ཞིང་དང་བཅས་པ། ཚོང་ཁེ་བུན་སྐྱེད་དང་བཅས་པ་སྤོང་དགོས་ལ། དགེ་འདུན་སྤྱིའི་དངོས་པོ་མི་སྒེར་གྱི་སྤྱོད་པ་དང་བདག་ཏུ་བཟུང་བ། དོན་མེད་བོར་ཟགས་བཏོང་བ། དགེ་འདུན་གྱི་ཆེད་དུ་བསོད་སྙོམས་བྱེད་པ་མ་གཏོགས། གང་ཟག་སྒེར་གྱིས་ཟས་ནོར་སློང་མོ་མི་བྱེད་ཅིང་། ལྷག་པར་དུ་ཤི་གསོན་དགེ་བར་དམིགས་པའི་གླ་རྔན་མི་ལེན་ཅིང་། ཟས་གོས་ཐོབ་ཆེད་གསུང་རབ་ཀློག་པ་སོགས་དམ་པའི་ཆོས་མི་བཙོང་བ། གཞན་གྱི་ཅ་དངོས་བོར་བ་རྙེད་ན་སྦས་སྐུངས་མི་བྱེད་པ། དགེ་འདུན་སྤྱི་སྐལ་གང་ཡོད་ལས་ལྷག་པའི་ཇ་སུན་གཅིག་དང་། ཚོད་མ་ཐུར་གང་ལོངས་མི་སྤྱོད་པ། མདོར་ན་ལོག་པའི་འཚོ་བར་མི་བརྟེན་ཞིང་། མ་བྱིན་ལེན་གྱི་ཕམ་པ་དང་དེའི་ཕྱོགས་གཏོགས་ཀྱི་ལྟུང་བ་ཕྲ་མོ་རྣམས་སྡོམ་ཚུལ་བསྟན་པའོ། །

གསུམ་པ། དགེ་འདུན་ནང་དུ་ལག་ཐུག་བྱུང་ན་གནད་དོན་ཆེ་ཆུང་ལ་དཔགས་ཏེ་དགེ་འདུན་བཀའ་བགྲོས་པའི་གནས་དབྱུང་གི་རིམ་པ་ཅི་རིགས་པ་དང་། ཁ་འཐབ་ཙམ་ལའང་ཕན་ཚུན་ཕྱག་བྱས་ནས་ལྟུང་བཤགས་ཚར་བཅུ་རེ་དང་། ཡིག་བརྒྱ་གང་ལྕོགས་རེའི་སྒྲིབ་སྦྱོང་བྱེད་དགོས་ཤིང་། ཆོས་གྲྭ་འདིར་གནས་པའི་དགེ་འདུན་པ་ཡོངས་ནས་ཤ་དང་སྒོ་ང་མི་ཟ་བ་དང་། ལྟོ་འགྲང་ཆེས་པ་དང་། བཟའ་བཏུང་སྐལ་བ་ཆད་པར་མ་རབས་ཀྱི་རྣམ་འགྱུར་མི་སྟོན་པ། སྒོ་ཕྱུག་དང་ཁྱི་སོགས་སྲོག་ཆགས་ལ་མི་བརྡེགས་པ། བྱ་དང་བྱིའུའི་གཙོས་སྲོག་ཆགས་ཀྱི་ཚང་བཤིག་པ་དང་། འབུ་སྲིན་མང་བའི་སར་འགྲོ་སྡོད་གནས་མལ་འཆའ་བ་སོགས་སྲོག་གཅོད་པའི་ཕམ་པ་དང་། དེའི་ཕྱོགས་གཏོགས་ཀྱི་ལྟུང་བས་མ་གོས་པར་སྡོམ་པར་བསྟན་པའོ། །

བཞི་པ། དགེ་འདུན་གྱི་གྲལ་ཡང་བསླབ་གྲལ་ཉིད་བྱེད་དགོས་ལ། བསླབ་པ་རྒན་པ་རྣམས་ལ་རྙེད་པ་དང་བཀུར་སྟིས་མཆོད་པ་དང་། གསར་བུ་རྣམས་བྱམས་བརྩེས་སྐྱོང་བ་དང་མི་ཤེས་པར་བསླབ་སྟོན། གང་ཟག་མཐོ་དམན་སུ་ཡིན་རུང་ཞེ་ས་དང་གུས་ཚིག་སྦྱོར་བ། ཁྱད་གསོད་སྨ་འབེབས། མཚང་འབྲུ་ངན་སྨྲ། ཕྱོགས་རིས་ཆགས་སྡང་སོགས་འབྲེལ་མེད་ཀྱི་ངག་འཆལ་སྤངས་ནས། བདག་གཞན་གང་ལའང་ཕོག་ཐུག་མེད་པར་རྫུན་མ་འདྲེས་པར་རན་པར་སྨྲ། རྒོད་གཏམ་དང་ཤགས་ཀ་སློང་བ་དང་མཚང་སྒྲོགས་པར་མི་བྱེད་པ། གཅིག་གིས་གཅིག་ལ་མི་སྙན་པ་སྒྲོགས་པ་སོགས་རྫུན་གྱི་ཕམ་པ་དང་། ཕྱོགས་གཏོགས་ཀྱི་ལྟུང་བས་མ་གོས་པར་སྡོམ་པར་བསྟན་པའོ། །

ལྔ་པ། གྲྭ་ས་འདིར་བཞུགས་པ་རྣམས་ཀྱི་རང་རྒྱུད་ལ་དམ་པའི་ཆོས་མ་གཏོགས་དགོས་མེད་ཀྱི་ལྕག་འདེབས། ལས་འབྲས་བག་ཕྱེ་བཞིན་དུ་ཞིབ་པ། གཉེན་པོ་དུས་ཐོག་ཏུ་བསྟེན་པ། གྲུབ་མཐའི་ཆགས་སྡང་སྤང་བ། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་འབྱོངས་པ། བླ་མ་དང་སློབ་དཔོན་ལ་མོས་གུས། བསྟན་པ་རིས་མེད་ལ་དག་སྣང་འབྱོངས་པ་བཅས་གལ་ཆེན་ནང་གི་འགང་ཆེན་དུ་རྩིས་ནས་རྒྱུད་ལ་ཅི་འབྱོར་བྱ་བ་དང་། ཚེ་འདིར་མཁས་གྲགས་ཀྱི་བསམ་སྦྱོར་སྤང་ནས། བཀའ་བརྒྱུད་གོང་མ་དང་། རྒྱལ་དབང་ཀརྨ་པ་ན་རིམ། དེ་རྣམས་ཀྱི་སྲས་ཀྱི་ཐུ་བོ་རྣམས་ཀྱི་གསུང་སྒྲོས་ལ་ནན་ཏན་གྱི་སློབ་སྦྱོང་བྱེད་ཅིང་། བླང་དོར་གྱི་གནད་རྣམས་རིག་ནས་དལ་འབྱོར་རྙེད་དཀའ་ནས། ཕྱག་རྒྱ་ཆེན་པོ་བར་ཉམས་ཁྲིད་ཀྱི་རིམ་པ་རྣམས་སྒོམ་དགོས་ཕྱིར་ཟས་བསོད་སྙོམས་དང་། གོས་ཕྱགས་དར་ཁྲོད་སོགས་ཀྱི་གནས་མལ་གྱི་གཞི་བསྟེན་ཅིང་དམན་ས་འཛིན་པ་སོགས་རབ་ཏུ་བྱུང་བའི་གོ་དོན་བསྟན་པའོ། །

དྲུག་པ། ཆོས་གྲྭ་འདིའི་སློབ་གཉེར་བ་རྣམས་ཀྱི་ཐོག་མར་གཞུང་ལུགས་ལ་འཇུག་པའི་ཡན་ལག་ཏུ་བློ་རྟགས་གཉིས་ཀྱི་བསྡུས་གྲྭ་ཚུལ་གསུམ་གྱི་རྗེས་འགྲོ་ལྡོག་ཚུལ་ཐལ་འགྱུར་རང་རྒྱུད་ཙམ་གྱིས་རིག་པ་ཁ་འབྱེད་པར་བྱས་ནས། གཞུང་ལ་འཇུག་པར་བྱ་སྟེ། གཞུང་ཆོས་སྤྱི་ཐལ་སོགས་སློབ་དཔོན་དང་། ཟུར་ཆོས་པའི་དྲུང་དུ། རྒྱ་སྐད་ནས་བཟུང་འགྱུར་བྱང་གི་བར་བཤད་པ་མཐིལ་ཕྱིན་པར་ཞུས་ཏེ། བསྟན་བཅོས་རང་རྐང་ལ་འཆད་རྩོད་རྩོམ་པ་ཐུབ་ཐུབ་ཀྱི་བར་བྱེད་པ་མ་གཏོགས། གཞུང་ལ་ཧོལ་ཀོང་བཏོན་ནས་བགྲོ་གླེང་ཙམ་ཐུབ་པའི་ཕྱིར་མི་སློབ་པ་དང་། གཞུང་ཆོས་གང་ཡིན་གཅིག་མ་རྫོགས་པར་གཅིག་གི་མགོ་མི་རྩོམ་པ་དང་། ཆོས་ཐོག་གཅིག་གི་རིང་སྐུ་རིམ་དང་དུས་བཟང་སོགས་མ་ཡིན་པར། ཕོགས་མཚམས་སུ་དཀའ་ཆེན་གྱི་སློབ་གཉེར་བ་རྣམས་ཆོས་ཞག་གཅིག་ཀྱང་མི་འཆག་པ་དང་། གཙོ་ཆེར་ཉིན་མཚན་གཉིས་ཀར་ཚིག་དོན་ལ་བཤར་བཟུང་དང་། ཐུན་མཚམས་ལ་ལུས་གནད་ལྟ་སྟངས་ཀྱི་སྒོ་ནས་ཉོན་མོངས་པའི་གཉེན་པོ་བསྟེན་ནས་སེམས་ལས་སུ་རུང་བ་བྱེད་དགོས། ལྷག་པར་དུ་རབ་འབྱམས་ཀྱི་གྲྭ་སྐོར་ཟེར་བ་འདི་ནི། དཔེ་མཚམས་ཀྱི་མིང་བཏགས་ནས། དགེ་བའི་གཤེས་གཉེན་ཚུལ་བཞིན་དུ་བསྟེན་མི་ཁོམ། དེའི་མཐུན་རྐྱེན་གྱི་ཆེད་དུ་ལོག་འཚོ་འབའ་ཞིག་བསྒྲུབས། མི་ཚེ་ཕྱེད་དམ་སུམ་གཉིས་དེ་ཁོ་ནར་འདའ་ཞིང་། དེ་ཐོན་པ་དང་ཐོས་བསམ་སྒོམ་པའི་ཡོན་ཏན་ཅི་ཡང་མེད་པར་འདོད་ཡོན་ལ་ཁྱིས་ཁྲག་མཐོང་བ་འདྲ་རེ་བྱས་ནས། དགོན་སྡེ་གོག་པོ་རེའི་གྲལ་བཤམ་ལ་མཐུད་པར་འོང་གི་འདུག་པས། དེས་ན་ཁེ་མེད་ལ་ཉེན་ཆེ་བའི་བྱ་བ་དེ་ཀུན་ཞོག་ལ། དེ་ལས་ཡོངས་འཛིན་དམ་པ་ཚུལ་བཞིན་དུ་བསྟེན་ཏེ། གཞུང་ལུགས་མཐར་ཆགས་ལ་བརྡ་དོན་སྤྲད་ནས། འདི་ལ་འདི་ཟེར་འདི་ན་འདི་ཡོད་སྙམ་པའི་གདེང་ཐོབ་པར་བྱེད་པ་དང་། བློ་བསྐྱེད་ཐོན་དུ་རེ་བའི་ཆོས་སྐད་དྲི་བཤད་མ་གཏོགས། ཁྱད་གསོད་དྲི་དགག་སོགས་སྨ་འབེབས་སུ་འགྲོ་བའི་གཞེར་འདེབས་ཀྱི་ཆོས་སྐད་མི་བྱེད་པ་དང་། རྩོད་པ་རྒྱལ་ཡང་རྐང་ལག་དྲག་བརྡབ་དང་གཞན་གྱི་བླ་མ་གྲྭ་ས་ལན་འདེབས་སོགས་ལ་འཕྱ་སྨོད་དང་། རང་གི་བླ་མ་གྲྭ་ས་སོགས་ལ་དུས་མིན་གྱི་བསྟོད་པ་མི་བྱེད་པ་དང་། ཁྱད་པར་ལན་འདེབས་ཡུལ་གྱི་རིགས་རུས་ཆོ་འབྲང་ཁ་སྣ་སོགས་ལ་བཞད་གད་དུ་མི་བྱེད་པ་དང་། མཆོད་ཡར་ཡང་མཆོག་གི་སྤྲུལ་སྐུ་ཀརྨ་པ་ན་རིམ་དང་། གྲྭ་ས་འདི་ཉིད་ཀྱི་སློབ་དཔོན་མ་གཏོགས་གཞན་ལ་མི་བྱེད་པ་སྟེ། ཚུལ་དེ་ལྟ་བུའི་སྒོ་ནས་ཕྱིའི་རྒྱ་གཅོད་པའི་ཐོས་བསམ་ལ་ནན་ཏན་དུ་བྱེད་ཚུལ་བསྟན་པའོ། །

བདུན་པ། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭའི་ཉིན་ཞག་གཅིག་གི་རྣལ་འབྱོར་བྱེད་ཚུལ་ནི། ཐོ་རངས་སྔ་བར་ལངས་ནས་བླ་མའི་རྣལ་འབྱོར་དང་། སེམས་ཅན་ལ་བྱམས་སྙིང་རྗེ་ཐུན་གཅིག་བསྒོམ། དེ་ནས་སློབ་གཉེར་ལ་འཇུག །ཞོགས་ཇ་མ་བཞེས་པའི་གོང་དུ་བསྐྱེད་རིམ་གསལ་བཏབ། དགྱེས་གསང་སྒྱུ་གདན་སོགས་སམ། རྒྱལ་བདེ་ཕག་གསུམ་རྣམས་ཀྱི་སྒོམ་བཟླས་རྒྱས་བསྡུས་ཅི་རིགས་པ་བྱས། དེ་ནས་སློབ་གཉེར་ལ་འཇུག །དེ་ནས་གུང་ཚིགས་ཀྱི་གོང་དུ་རྒྱུན་ཆགས་གསུམ་པ་སོགས་འདོན། གུང་སེང་ལ་ཡན་ལག་བདུན་པ་ཕྱག་འབུལ་གཏོར་མ་བརྒྱ་རྩ་ཆུ་སྦྱིན་སོགས་དང་། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་བློ་ཅི་གནས་དང་། དེ་ནས་སློབ་གཉེར་ལ་འཇུག །དེ་ནས་དགོང་ཁར་ཡིག་ཆའི་ཟིན་བྲིས་འབྲི་དགོས་དང་དཔེ་བལྟས་ལྟ་བ་ཅི་རིགས་བྱས་ནས། སྐུ་རིམ་རིགས་ལུང་བློ་བཤར་སོགས་ཀྱི་རྗེས་ལ། བླ་མ་ལ་གསོལ་བ་དར་དྲག་པ་རེ་བཏབ་ནས་སེམས་ཅི་གནས་བྱེད་ཅིང་། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་ཆོས་བསྒྲུབ་པའི་བར་ཆད་སེལ་བའི་བཀའ་དང་དམ་བཞག་བྱའོ། །དེས་ནི་ཆོས་སྤྱོད་བཅུའི་རིམ་པ་ཉམས་སུ་ལེན་ཚུལ་གྱི་མན་ངག་བསྟན་པར་མཛད་དོ། །

འདིར་སྨོས་པའི་དོན་ཚན་བདུན་པོ་ནི་གཙོ་བོ་རྒྱལ་དབང་མི་བསྐྱོད་ཞབས་ཀྱིས་སྩལ་བའི་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་བཅའ་ཡིག་ལས་གལ་ཆེའི་བསླབ་བྱ་རྣམས་ཚིག་སྣ་ཅུང་ཟད་བསྡུས་ནས་འདིར་བཀོད་པ་ཡིན་ལ། འདིར་བཀོད་པའི་དགོས་པའི་རྒྱུ་མཚན་ནི་སྐབས་དེའི་ཆོས་གྲྭར་སློབ་གཉེར་རྣམས་ཀྱིས་ཐོག་མར་ཐོས་བསམ་བྱ་བའི་དགོས་པ་དང་། བར་དུ་སློབ་སྦྱོང་བྱ་བའི་གནས་དང་། ཐ་མ་སློབ་མཐར་སོན་རྗེས་ཀྱི་དམིགས་འབེན་གཙོ་བོ་གང་ཡིན་པ་དང་། སློབ་ཞུགས་གནང་ནས་མི་གཞི་ཀུན་སྤྱོད་ལེགས་བཅོས་སུ་གཏོང་བའི་ཐབས་ལམ་བསྟན་པར་མཛད་ཅིང་། གྲྭ་སའི་དགེ་འདུན་པ་རྣམས་ཀྱི་ཁྲིམས་ལུགས་ཀྱི་གཞི་འཛིན་སའི་ཡིག་ཚང་གལ་ཆེན་ཡིན་པས། བཅའ་ཡིག་འདི་ནི་རིན་ཐང་གཞལ་དུ་མེད་ཡིན་པས། ཞིབ་ཕྲ་བཅའ་ཡིག་ལ་བལྟ་བར་བྱོས། རྒྱལ་དབང་ཀུན་མཁྱེན་ཆེན་པོས་ཀྱང་དོ་ནན་གྱི་བཀའ་སྩལ་བར་མཛད་དེ། བཅའ་ཡིག་ལས། “དེ་ལྟར་བདག་གིས་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་ནན་ཏན་དུ་སྨྲས་པ་འདི་ལ་ཉམས་སུ་ཅི་ལོན་གྱི་འབད་པ་གལ་ཆེ།” ཞེས་གསུངས་སོ། །

༧༽ ཆོས་གྲྭའི་རྟེན་དང་བརྟེན་པར་རབ་ཏུ་གནས་པའི་སྐོར།

ལྕགས་ཁྱི་སྤྱི་ལོ(༡༥༥༠)ལོའི་ཟླ་བ་དགུ་པའི་མཇུག་གམ་བཅུ་པའི་ནང་དཔལ་རྒྱལ་བའི་དབང་པོ་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་ཡར་སྟོད་རྣམ་རྒྱལ་སྒང་དུ་ཕེབས་ཤིང་། རྒྱལ་དབང་ཀུན་མཁྱེན་མཆོག་ནས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དང་སྒར་ཆེན་གྱི་དགེ་འདུན་པ་ཡོངས་ལ་དཔལ་ཕག་མོ་གྲུ་པའི་གདན་རབས་གསུམ་པ་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གྲུབ་མཐའ་ཆེན་མོའི་བཀའ་ཁྲིད་སྩལ་བར་མཛད། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་རབ་འབྱམས་སྨྲ་བའི་མཁས་པ་རྣམས་ཀྱིས་གཞུང་བཀའ་པོད་རྣམས་ཀྱི་དཀའ་གནད་ཀྱི་འབེལ་གཏམ་དང་། མཆོད་རྒྱུགས་དང་། ལུང་རིགས་བརྒལ་བརྟགས་ཀྱི་སྒོ་ནས་རྩོད་རྒྱུགས་ཀྱིས་རྒྱལ་དབང་བླ་མ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཕུལ་བར་མཛད་དོ། །

སྤྱིར་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་པུ་ཏོ་བའི་བེའུ་བུམ་དང་། གླང་ཐང་པའི་གྲུབ་མཐའ། རྔོག་ལོ་ཕྱ་གཙང་སོགས་བཀའ་གདམས་པའི་གསུང་རབ་དང་། མར་མི་དྭགས་གསུམ། ཕག་པོ་གྲུ་པ། ཞང་ཚལ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་རབ་རྣམས་ལ་ཐུགས་གཙིགས་ཆེ་ཐང་དུ་མཛད་དེ། ཐོས་བསམ་དང་ཀླག་ལུང་གསན་པ་བཅས་མཛད་ཅིང་། དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་དགོངས་པ་རྩལ་འདོན་གནང་བ་རྒྱལ་དབང་མཆོག་གི་བཀའ་འབུམ་ལས་རྟོགས་ཐུབ། ཁྱད་པར་དུ་མགོན་པོ་འབྲི་གུང་པའི་དམ་ཆོས་དགོངས་གཅིག་ལ་སྐུ་ཚེ་དེར་འཆད་ཉན་དུ་མ་གནང་བར་མ་ཟད་རྒྱས་འགྲེལ་གླེགས་བམ་བཞི་བརྩམས་པ་དང་། སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་་གྲུབ་མཐའ་ཆེན་མོ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་གྱི་གཙོའི་བཀའ་བརྒྱུད་པའི་གལ་ཆེའི་གསུང་རབ་རྣམས་འཆད་ཉན་མཛད་པས་མཚོན་བཀའ་བརྒྱུད་པའི་བསྟན་པ་ལ་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཤིང་། དེ་བཞིན་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དྭགས་ལྷ་སྒམ་པོ་དང་། གདན་ས་ཐེལ་དང་འབྲི་གུང་སོགས་བཀའ་བརྒྱུད་པའི་གདན་ས་ཆེ་ཁག་ལ་ཞབས་ཏོག་མི་དམན་པ་བསྒྲུབས་པ་དང་། དེ་དག་གི་རྐང་འཛིན་མི་སྣ་གསོ་སྐྱོང་ཡང་མཛད་ཡོད། དཔེར་ན་རྒྱལ་དབང་སྐུ་ཕྲེང་རྣམས་ཀྱི་རྣམ་ཐར་དུ་གདན་ས་ཐེལ་གདན་གཉིས་ཞེས་ཐུགས་གཙིགས་ཆེ་ཤོས་སུ་མཛད་པར་འཁོད་པས་ཀྱང་གསལ་པོར་ཤེས་ཐུབ་བོ། །

འདི་སྐབས་སྒར་ཆེན་ཡར་སྟོད་ཕེབས་ལོ་ནི་ལྕགས་ཁྱི་ལོ་ཡིན་པར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་དང་། ཞྭ་དམར་ལྔ་པའི་རྣམ་ཐར་ཐད་ཟླ་ཕྲེང་ལས་གསལ་ཞིང་། ཁྱི་ལོ་ཟླ་བ་བརྒྱད་པའི་ཡར་ངོར་སྒར་ཆེན་བྱར་དྭགས་མཚམས་ཀྱི་ལྷ་ཁང་སྐྱེ་སྐྱེས་དགོན་པའི་ཉེ་སྐོར་དུ་བཞུགས་སྐབས་ཞྭ་དམར་རིན་པོ་ཆེ་ཕེབས་ཤིང་། དེར་རྒྱལ་དབང་ཀུན་མཁྱེན་མཆོག་ནས་རྟེན་གནྡྷོ་ལ་སོགས་སྒར་གྱི་རྩལ་ཆེན་རྟེན་གསུམ་རྣམས་རྩིས་སྤྲོད་གནང་གྲུབ་རྗེས་ཡར་སྟོད་དུ་ཕེབས་པར་གསལ་བས། ཟླ་བ་དགུ་པའི་སྨད་དམ་བཅུ་པའི་ནང་ཙམ་ཡིན་ནམ་སྙམ་སྟེ་ཚོད་དཔག་གོ །ཡང་སྐབས་དེར་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་འདུ་ཁང་ནང་དུ་རྒྱལ་དབང་རིན་པོ་ཆེའི་དབུས་པའི་དགེ་འདུན་རྣམས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་སྒོ་ནས་རབ་གནས་བསྒྲུབས་པ་དང་། འཇིགས་བྱེད་སྒྲུབ་མཆོད་ཀྱི་ཡིག་ཆ་ནི། རྒྱལ་དབང་ཀུན་མཁྱེན་མཆོག་གི་གསུང་རྩོམ། 《དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་ག》ཡིན་པར་སེམས། རྒྱལ་དབང་བརྒྱད་པའི་གསུང་རྩོམ་གཤེད་སྐོར་ནི་གཉོས་ལོའི་བཀའ་སྲོལ་གྱི་རྗེས་སུ་འབྲང་བའོ། །གྲྭ་ཚང་གི་གཙང་ཁང་སྟེང་དུ་ཞྭ་དམར་དཀོན་མཆོག་འབངས་དབུ་བཞུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་ཆོག་གི་སྒོ་ནས་རབ་གནས་བསྒྲུབས་ཤིང་། དེ་ནས་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་བསྟུན་རྒྱལ་དབང་ཀུན་མཁྱེན་ཆེན་པོ་ཡབ་སྲས་ཀྱིས་དབུས་དགེ་འདུན་གྱི་ཚོགས་དང་བཅས་པས། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པར་དགེ་ལེགས་ཤིས་པའི་མེ་ཏོག་གི་གྲུ་ཆར་བསྙིལ་ཞིང་རབ་ཏུ་གནས་པར་མཛད་དོ། །

ལྕགས་ཁྱི་སྤྱི་ལོ(༡༥༥༠)ལོར་རྒྱལ་དབང་མཆོག་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་པའི་སྐོར་ནི། དཔའ་བོ་གཙུག་ལག་ཕྲེང་བའི་གསུང་། 《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཡབ་སྲས་ལྷན་ཅིག་པས་ཡར་སྟོད་དུ་ཕེབས་ཏེ་འབུལ་ཞབས་མཐའ་ཡས་པས་མཆོད།” ཅེས་ཡར་སྟོད་དུ་ཡབ་སྲས་ལྷན་ཅིག་ཕེབས་པ་ཙམ་ལས་མཛད་ཕྲིན་ཇི་ལྟར་བསྐྱངས་པ་དང་། ལོ་ཚིགས་ཀྱང་གསལ་པོར་མི་སྣང་ཡང་། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “ཆོས་གྲྭ་གཞུང་ལུགས་གླིང་དུ་ཕེབས། དགེ་འདུན་རྣམས་ལ་སྤྱན་སྔ་གྲགས་འབྱུང་གི་གྲུབ་མཐའ་ཆེན་མོའི་རྣམ་བཤད་གནང་། གྲྭ་ཚང་གི་དགེ་བཤེས་དུ་མས་བཤད་པ་ཕུལ།” ཞེས་རྒྱལ་དབང་ཀརྨ་པ་བརྒྱད་པའི་རྣམ་ཐར་ཐད་དུ་མཛད་རིམ་གང་སྤེལ་བ་གསལ་བ་དང་། ཡང་འབེ་ལོའི《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “རྣམ་རྒྱལ་སྒང་དུ་མཁས་པ་ཆེན་པོ་ཆོས་རྗེ་སངས་བཀྲས་པ་དང་། སྡེ་སྣོད་ཀྱི་དྲི་བ་དྲིས་ལན་མང་དུ་མཛད་ཅིང་། དགའ་ཚལ་དུ་རྗེ་ཐམས་ཅད་མཁྱེན་པ་འདུ་ཁང་དུ་འཇིགས་བྱེད་ཀྱི་ཚོགས་དབུ་དང་། སྤྲུལ་པའི་སྐུ་གཙང་ཁང་སྟེང་དུ་བདེ་མཆོག་ཚོགས་དབུ་མཛད་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་རབ་གནས་མཛད།” ཅེས་ཞྭ་དམར་ལྔ་པའི་རྣམ་ཐར་ལས་བཀོད་པས་སོ། །

ཆུ་གླང་སྤྱི་ལོ(༡༥༥༣)ལོར་སླར་ཡང་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་ཤིང་། རྒྱལ་དབང་མཆོག་གིས་དགའ་ཚལ་གྱི་གྲྭ་པ་མང་པོར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་དང་། གཙུག་ལག་ཁང་དུ་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་འདུས་མང་རྣམས་ཚོགས་འདུར་བསྐོང་ནས། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་པ་འཛིན་སྐྱོང་ཇི་ལྟར་སྤེལ་ཚུལ་བཀའ་སློབ་ལྷུག་པར་སྩལ་བར་མཛད། དེའི་སྐབས་ཀྱི་འབེ་ལོའི《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “ཡང་འབྲོག་སྒ་འདྲའི་ཆུ་ཚན་ཁར་ཕེབས། ངེད་ཀྱི་རྗེས་སུ་གཞི་བདག་མང་པོ་འགྲོ་འདུག་གསུངས་ནས་བསངས་དང་གཏོར་མ་བཏང་། བྱིས་པ་ལྐུག་པ་ལ་གསང་ཆབ་བླུད་པས་སྨྲ་ཤེས་པ་དང་ཕྱག་ནས་ཟང་ཐལ་དུ་ཕེབས་པ་སོགས་བྱུང་། དེ་ནས་ཙཱ་རིར་ཕེབས། སྐུ་རབ་སྡེ་པ་སྐུ་མཆེད་ཕྱག་འབུལ་ལ་ཕེབས། བསམ་སྡེ་ཀླུ་སྡིངས་སུ་གྲྭ་པ་མང་པོར་བསྙེན་རྫོགས་གནང་། སྒོ་བཀྲ་ཤིས་སྒར་དུ་རྗེ་དཔའ་བོ་ཕེབས་ནས་ཞལ་རྒྱས་མཛད། རིམ་གྲོ་པ་དགེ་སློང་སངས་རྒྱས་དཔལ་གྲུབ་མཇལ་བར་ཤོག་གསུངས་པ་གྲྭར་སླེབ། འདུ་ཁང་དུ་གྲྭ་པ་རྣམས་ལ་ཞལ་བཀོད་མང་པོ་གནང་།” ཞེས་གསུངས་པས། འདིར་ཟླ་ཕྲེང་ལས་བྱོན་བཞུགས་ཀྱི་སྐོར་གོ་རིམ་འཁྲུགས་པ་འདྲ་སྟེ། རྒྱལ་དབང་ཀུན་མཁྱེན་མཆོག་གི་རྣམ་ཐར་སྤྱིའི་འགྲོས་དང་། ཞྭ་དམར་ལྔ་པའི་རྣམ་ཐར་དང་ཕན་ཚུན་གུང་བསྒྲིགས་ན། གྲྭ་ནང་བྱམས་པ་གླིང་ནས། ཡར་ལུང་ཤེལ་བྲག་སོགས་དང་། འཕྱོངས་རྒྱས་ནས་རིམ་པར་ཡར་སྟོད་དུ་ཕེབས་དགོས་ལ། ཞྭ་དམར་ལྔ་པའི་རྣམ་ཐར་ལས་དེ་མཚུངས་འཁོད་ཡོད། བསམ་སྡེ་ཀླུ་སྡིངས་ནི་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་ཡོད་ས་ཡིན་པར་གོང་དུའང་སྨོས་ཟིན་པས་ཀྱང་ཤེས་ཐུབ།  དེ་ཙམ་མ་ཡིན་པར་འབེ་ལོའི《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད་སྒར་ཆེན་འབྱོན་བཞུགས་སྐོར་ཁ་གསལ་འཁོད་ཡོད། “སྟབས་གཅིག་ཡར་སྟོད་དུ་ཕེབས། ལྷུན་སྒང་དུ་རྗེའི་དྲུང་ནས་རྟེན་གཏོར་འཛུགས་པ་གནང་སྐབས། བཀའ་བཞིན་སྦྱིན་སྲེག་གི་ཕྱག་བཞེས་མཛད།” ཅེས་གསུངས་པས། སྐབས་དེར་ཡབ་སྲས་ལྷན་རྒྱས་ཡར་སྟོད་དུ་ཕེབས་འབྱོར་བྱུང་ནས། རྒྱལ་དབང་རིན་པོ་ཆེའི་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་མགོན་ཁང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་འཁོར་ལྔ་དང་བཅས་པའི་རྟེན་གཏོར་བཙུགས་ཤིང་། རྒྱལ་དབང་མཆོག་གི་བཀའ་ལྟར་ཞྭ་དམར་ལྔ་པས་མགོན་པོ་བེར་ནག་ཅན་གྱི་དྲག་པོའི་སྦྱིན་སྲེག་གནང་བ་གསལ་བས་སོ། །

༨༽ གསུང་རབ་སྣ་ཚོགས་ཀྱི་སྤར་ཤིང་བརྐོས་བཞེངས་བྱས་པའི་སྐོར།

ཆུ་གླང་སྤྱི་ལོ(༡༥༥༣)ལོའི་གཡས་གཡོན་ཙམ་ནས་རྒྱལ་དབང་མཆོག་ནས། དཔའ་བོ་གཙུག་ལག་ཕྲེང་བ་ལ་བཀའ་སྩལ་ནས་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་གསུང་རྩོམ《གསང་སྔགས་ཟབ་མོ་ནང་དོན་གྱི་རང་འགྲེལ》དང་། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་གསུང་རྩོམ《ཚད་མ་ལེགས་པར་བཤད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ》 རྒྱལ་དབང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་གསུང་རྩོམ《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པ་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ》སོགས་གསུང་རབ་མང་པོ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་སྤར་དུ་སྤར་དུ་བརྐོ་བར་མཛད། དེའང་དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཚད་མ་རིགས་གཞུང་རྒྱ་མཚོའི་སྤར་སྒར་ཉིད་དུ་བསྒྲུབས་ཤིང་། རྗེ་བཙུན་ངལ་གསོ་ཡར་སྟོད་དུ་སྒྲུབ་པར་བཀས་གནང་ཞིང་། བདག་ལ་བཀའ་ཕེབས་པས་ནང་དོན་རང་འགྲེལ་པར་དུ་བསྒྲུབས་སོ། །”ཞེས་གསུངས་པས་ཤེས་ཐུབ།

ཟབ་མོ་ནང་དོན་རང་འགྲེལ་ནི། རྒྱལ་དབང་ཀུན་མཁྱེན་ཆེན་པོས་སྤར་དུ་བརྐོ་བའི་འགྲོ་གྲོན་དང་། སྤར་དུ་བརྐོ་བའི་ཐུགས་འགན་ཁུར་དགོས་པར་དཔའ་བོ་གཙུག་ལག་ཕྲེང་ལ་བཀའ་སྩལ་བས། ཁོང་གིས་རབ་འབྱམས་པ་སེངྒེ་བཟང་པོ་དང་ལྷན་དུ་ནང་དོན་རང་འགྲེལ་ཧོར་སྤར་ལ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱི་ཕྱག་མཆན་ཅན་དང་། ཀརྨ་པ་རིམ་བྱོན་གྱི་ཕྱག་དཔེ་གསེར་བྲིས་ཕྱག་རྒན་མ། སོག་འགྲེལ་དང་རྣམ་བཤད་སྙིང་པོ་གསལ་བ་སོགས་ལ་གཏུགས་ནས་ཞུ་དག་ལེགས་པར་མཛད་ཅིང་། སྤར་ཤིང་རྣམས་བྱ་མི་ཕམ་བཀྲ་ཤིས་རྣམ་རྒྱལ་གྱིས་མཁོ་འདོན་གནང་ཞིང་། སྤར་རྩའི་ཡིག་བྲིས་པ་མཐའ་བཞི་སྔགས་འཆང་བསམ་འགྲུབ་དར་རྒྱས་དང་། གྲུ་ལུང་གྲགས་བཟང་རྣམ་གཉིས་ལ་འབྲིར་བཅུག །སྤར་དུ་བརྐོ་མཁན་རྡོ་རྗེ་དང་། དགོས་དར་ལྷུན་གྲུབ། ནམ་མཁའ་དཔལ་དར། ནམ་མཁའ་དར་རྒྱས། བསོད་ནམས་བཀྲ་ཤིས། དར་རྒྱས་བསམ་འགྲུབ། བདུད་འདུལ་སོགས་དཔོན་གཡོག་བཅུ་གདམ་གསེས་གནང་ནས་བརྐོར་བཅུག །སྤར་དུ་བརྐོ་བའི་ཚེ་དོ་དམ་པ་དགེ་སློང་རིན་ཆེན་རྣམ་རྒྱལ་བསྐོས་ཤིང་ཐོག་མཐའ་ཀུན་ཏུ་སྤར་ཤིང་མ་ཚང་བ་ཁ་གསབ་པ་སོགས་འབད་རྩོལ་ལྷོད་མེད་ཀྱིས་བསྒྲུབས་པས་ལེགས་གྲུབ་བྱུང་བར《ཟབ་མོ་ནང་དོན་གྱི་རང་འགྲེལ》གྱི་སྤར་བྱང་ལས་གསལ།

ཚད་མ་རིགས་གཞུང་རྒྱ་མཚོ་ནི། ས་གླང་སྤྱི་ལོ་(༡༥༢༩)ལོར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དགུ་ལོ་ཉེར་གསུམ་པར་སྤར་དུ་བསྒྲུབས་ནས་ཀརྨ་པའི་ཕྲིན་ལས་པ་ཆེན་པོའི་དྲུང་དུ་ཕུལ་ཞིང་། སྨྱུག་ལ་ཀརྨ་གྲྭ་ཚང་ལེགས་བཤད་གླིང་དུ་བཞུགས་སུ་གསོལ་བར《ཚད་མ་རིགས་གཞུང་རྒྱ་མཚོའི་མཇུག་རྩོམ》ལས་བཀོད་པ་དང་། 《ཆོས་བྱུང་མཁས་པའི་དགའ་སྟོན》ལས། ཞེས་ཤེར་ཊཱིཀ་སོགས་མཉམ་དུ་བཀོད་ཡོད་པས། སླར་ཡང་རྒྱལ་དབང་མཆོག་གིས《ཚད་མ་རིགས་གཞུང་རྒྱ་མཚོ》ཡར་སྟོད་དུ་སྤར་དུ་བརྐོས་པ་ཡིན་ནམ་སྙམ། གང་ཡིན་ཞེ་ན་གཞུང་ཆེན་རྣམས་ཀྱི་འགྲེལ་པའི་སྐོར་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་སྤར་ཁང་དུ་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་བར་སེམས་ཀྱང་། སླད་ནས་ཕོ་བྲང་པོ་ཏཱ་ལའི་རི་དངོས་རྟེན་མཛོད་ཁང་དུ་ཡོད་པའི《ཚད་མ་རིགས་གཞུང་རྒྱ་མཚོ》ལེའུ་གཉིས་ཡན་ལྡེབ(༤༦༧)ཅན་དེ་དཔེ་རྙིང་སྤར་མ་ཡིན་ན་དེ་དང་། སྤར་དཔེ་གཞན་རྙེད་སོན་བྱུང་ན་དཔྱད་བསྡུར་བྱ་བའི་གནས་སོ། །

ཤེར་འགྲེལ་རྗེ་བཙུན་ངལ་གསོ་ནི། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་སྤར་དུ་བརྐོས་ཤིང་། མཐུན་རྐྱེན་གྱི་ཡོན་སྦྱོར་བ་པོ་གཞིས་ཀ་བསམ་སྡེ་པ་ཡིན་པར། “ཨོཾ་སྭ་སྟི། རྗེ་བཙུན་ཀརྨ་པའི་མཚན་གྱིས་བྱིན་གྱིས་བརླབས་པ། བདག་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཕར་ཕྱིན་གཞུང་འགྲེལ་གྱི་འགྲེལ་པ་བྱས་པའི་སྤར་གྱི་མཐུན་རྐྱེན། བོད་བཙད་པོའི་གདུང་བརྒྱུད་བསམ་སྡེ་ནས་མཛད་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དང་། སྤར་བྱང་གཉིས་ཀ་ཡང་མི་བསྐྱོད་རྡོ་རྗེ་བདག་ཉིད་ཁོ་ནས་སྨྲ་བར་བྱ་སྟེ། ཞེས་སོགས་ནས།” ཡང་དེར། “མཐོ་རིས་ཡོན་ཏན་བདུན་གྱིས་མངོན་མཐོ་བའི། །ཙཱ་རི་གྲགས་པས་མཐུན་རྐྱེན་ལེགས་སྦྱར་ཞིང་། །ཡི་གེའི་ཕྱི་མོ་འཁོད་སོགས་སྦྱོར་བ་པོ། །བཙུན་མ་གྲགས་དང་རྐོས་ཀྱི་རིག་བྱེད་པ། །རྡོ་རྗེ་དཔོན་གཡོག་ཞུ་དག་མཁན་པོ་སོགས། །”ཞེས་འཁོད་པས། གོང་འོག་གི་ཚིག་རིས་ལ་གཞིག་ན་ཙཱ་རི་གྲགས་པ་ཞུ་བ་ཁོང་ནི་སྡེ་པ་བསམ་སྡེ་པའི་གདུང་སྲས་ཡིན་པར་མ་ཟད་བཙུན་པ་ཡིན་པར་སེམས། གཞན་ཡང་སྤར་རྩའི་ཕྱི་མོའི་ཡིག་བྲིས་མཁན་བཙུན་མ་གྲགས་དང་། སྤར་བརྐོའི་རིག་བྱེད་པ་རྡོ་རྗེ་དཔོན་གཡོག་སོགས་ཡིན་པར་རྒྱལ་དབང་ཀུན་མཁྱེན་མཆོག་གིས་སྩལ་བའི《ཤེར་འགྲེལ་རྗེ་བཙུན་ངལ་གསོའི》སྤར་བྱང་དུ་གསལ་བས་སོ། །

འདུལ་བ་མདོ་རྩའི་འགྲེལ་པ་ནི། 《ཆོས་བྱུང་མཁས་པའི་དགའ་སྟོན》སོགས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མི་གསལ་ཡང་། འདུལ་ཊཱིཀ་དཔེ་རྙིང་ལས་གསལ་ཞིང་། དེའང་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་《འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུའི་དོན་མཐར་ཆགས་སུ་གཉེར་བ་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར》ཡང་། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭར་སྤར་དུ་བརྐོས་ཡོད་པར་མངོན་ཏེ། དགའ་ཚལ་སྤར་མ་འདུལ་ཊཱིཀ་དཔེ་རྙིང་ཞིག་ཕོ་བྲང་པོ་ཏཱ་ལའི་རིག་དངོས་ཉར་ཚགས་ཁང་དུ་བཞུགས་པའི་སྤར་བྱང་ལས་འཁོད་པའི་གལ་གནད་སྙིང་བསྡུས་སུ་སྨོས་ན། རྒྱལ་དབང་ཀུན་མཁྱེན་མཆོག་གིས་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་བླ་བྲང་གི་ཐུགས་ཁུར་བླངས་ཤིང་། ཆོས་གྲྭའི་སློབ་དཔོན་དང་། དབུ་མཛད། དགེ་བསྐོས། ཞལ་ཏ་དགེ་སློང་ཚུལ་རིན་སོགས་ཀྱི་གཙོ་འགན་བཞེས་པར་མ་ཟད། གྲྭ་ཚང་ཡོངས་རྫོགས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ནུས་ཤུགས་གཅིག་ཏུ་སྒྲིལ་ཐོག །བསྟན་པ་ཡོངས་རྫོགས་ཀྱི་སྦྱིན་པའི་བདག་པོ་རྡོ་རྗེ་སྒྲོལ་མ་དང་། ས་སྐྱོང་ཕུན་ཚོགས་རྣམ་རྒྱལ། སྡེ་པ་ཡར་རྒྱབ་པའི་ཞལ་ངོ་དཔོན་བློན། རྡོ་རྗེ་རྣམ་རྒྱལ། འཕྲེང་པོ་བ་སོགས་དད་ལྡན་རྣམས་ཀྱིས་འགྲོ་གྲོན་གྱི་རོགས་འདེགས་ལ་བརྟེན་ནས། ཀརྨ་བདུད་རྩི་དང་། སྨན་རྒྱལ་ཀརྨ་དཔལ་འབྱོར་ཟུང་གིས་སྤར་གྱི་མ་ཕྱིའི་ཡིག་བྲིས་ཕྱག་བསྟར་གནང་སྟེ། སྤར་བརྐོའི་ལག་རྩལ་བྱང་ཆུབ་པ་མཁས་མཛངས་དང་ལྡན་པ་དུ་མས་སྤར་དུ་བསྒྲུབས་པས་དེ་མ་ཐག་ཏུ་ལེགས་པར་གྲུབ་པར《འདུལ་ཊཱིཀ་ཉི་མའི་དཀྱིལ་འཁོར》གྱི་སྤར་བྱང་ལས་གསལ་བས་སོ། །གོས་སྨོས་གསུང་རབ་དེ་རྣམས་སྤར་དུ་བརྐོས་པ་ཙམ་མ་ཡིན་པར་གཞན་ཡང་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་གཞུང་འགྲེལ་རྣམས་ཀྱི་གཙོའི་བཀའ་བརྒྱུད་ཀྱི་གསུང་རབ་མང་པོའི་སྤར་ཤིང་བརྐོ་བར་མཛད་དེ་བཞུགས་སུ་གསོལ་བར་གོར་མ་ཆག་གོ །

༩༽ ཞྭ་དམར་དཀོན་མཆོག་ཡན་ལག་སྐབས་ཆོས་གྲྭའི་གནས་སྟངས་སྐོར།

ཤིང་ཡོས་སྤྱི་ལོ(༡༥༥༤)ལོའི་ནང་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་དགོངས་རྫོགས་ཕལ་ཆེར་གྲུབ་ཟིན་ནས། ཞྭ་དམར་དཀོན་མཆོག་ཡན་ལག་གིས་གདན་ས་མཚུར་ཕུའི་གྲྭ་ཚང་གཙོ་བོར་གྱུར་པའི་ཀརྨ་ཀཾ་ཚང་གི་བཤད་སྒྲུབ་གཉིས་ཀྱི་ཆོས་སྡེ་རྣམས་ཀྱི་བླ་མ་དང་སློབ་དཔོན་དགོས་པ་རྣམས་བསྐོ་བཞག་མཛད་དེ། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དེ་སྔའི་སློབ་དཔོན་མཁས་དབང་རྣམ་རྒྱལ་གྲགས་པ་ཀུན་སྤངས་མཛད་པའི་བཞུགས་གནས་དྭགས་པོ་ཡུམ་དགོན་པ་ཕུལ་ཞིང་། དགའ་ཚལ་གྱི་གདན་སའི་སློབ་དཔོན་དུ་མི་ཉག་དཀའ་བཅུ་པ་བསྐོ་བར་མཛད། རབ་འབྱམས་པ་རྣམ་རྒྱལ་གྲགས་པ་དགའ་ཚལ་གྱི་སློབ་དཔོན་དུ་ལོ་དུས་གང་དུ་ཕེབས་པར་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ། ཆུ་སྟག་སྤྱི་ལོ(༡༥༤༢)ལོར་མཁས་དབང་རྣམ་རྒྱལ་གྲགས་པས་ཞྭ་དམར་ལྔ་པའི་ཡོངས་འཛིན་གནང་བ་ཟླ་ཕྲེང་དུ་གསུངས་ཀྱང་། ལོ་གྲངས་ཇི་ཙམ་ཡོངས་འཛིན་གནང་བ་ད་ཕན་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མ་རྙེད། འོན་ཀྱང་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་དགའ་ཚལ་གྱི་སློབ་དཔོན་ནས་ངལ་གསོ་གནང་ནས། རབ་འབྱམས་པ་རྣམ་རྒྱལ་གྲགས་པ་འཆད་ཉན་གྱི་སློབ་དཔོན་ཕེབས་པར་སེམས། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་སློབ་དཔོན་བསྐོ་འཐེན་སྐོར་འབེ་ལོའི་ཚེ་དབང་ཀུན་ཁྱབ་ཀྱིས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད། “དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་མཁན་དབང་རྣམ་རྒྱལ་པས་ཀུན་སྤངས་ཞུས་པའི་བཞུགས་གནས་དྭགས་པོའི་ཡོམ་དགོན་པ་འབུལ་བ་མཛད་ནས། གདན་སར་མི་ཉག་བཀའ་བཅུ་པ་བསྐོས་ཤིང་། དེ་རྣམས་ལ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་གྱི་རྩ་བ་སྡོམ་པ་གསུམ་ལ་ཚུལ་བཞིན་དུ་སློབ་དགོས་ཚུལ་སོགས་གྱི་བཅའ་ཡིག་དང་ཞལ་གདམས་རྒྱས་པར་གནང་།” ཞེས་གསལ། ལོ་དེའི་ནང་ཞྭ་དམར་དཀོན་མཆོག་ཡན་ལག་ཡར་སྟོད་ལྷུན་པོ་སྒང་དུ་ཕེབས་ནས། བདེ་ཆེན་བསམ་གྲུབ་རྩེའི་ཕོ་བྲང་ནང་གི་མགོན་ཁང་དུ་རྟེན་གཏོར་འཛུགས་པ་དང་། དཔོན་ས་བསམ་སྡེ་པའི་ཞལ་ངོ་རྣམས་ལ་ནཱ་རོ་ཆོས་དྲུག་སོགས་ཀྱི་ཟབ་ཆོས་ཅི་རིགས་སྩལ་ཞིང་། དཔོན་སས་དད་པ་ཆེན་པོས་ཛྷཻཾ་ཀྵིཾ་གྱི་ཐུབ་སྐུ་རྡོར་གདན་མ་དང་། བླ་གཡུ་སེངྒེ་ཞོ་སྤུངས་སོགས་ཀྱི་འབུལ་ཆེན་བསྟབས། ཡང་འབེ་ལོའི《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་རིན་པོའི་རྣམ་ཐར་ཐད། “མཆོད་ཡོན་སྤྱི་དགོས་ཀྱི་དགེ་ལེགས་སུ་ལྷུན་སྒང་དུ་རྟེན་གཏོར་འཛུགས་པ་ཡང་མཛད། ཞལ་ངོ་རྣམས་རྩེ་གཅིག་དད་པས་ནཱ་རོ་ཆོས་དྲུག་ལ་སོགས་པའི་ཟབ་ཆོས་ཀྱི་བཀའ་དྲིན་ཞུས་ཞིང་། ཛྷཻ་ཀྵིཾ་ལས་གྲུབ་པའི་ཐུབ་དབང་སྐུ་རྡོ་རྗེ་གདན་ཆུང་མ་ཁྱད་ཅན་དད་པས་བསམ་གྲུབ་བདེ་ཆེན་པའི་བླ་གཡུ་སེང་གེ་ཞོ་སྤུངས་ཀྱིས་ཐོགས་དྲངས་པའི་འབུལ་བསྙེན་རྒྱ་ཆེར་ཞུས།” ཞེས་གསུངས་པས། ཐེངས་འདིར་ཞྭ་དམར་རིན་པོ་ཆེ་ཡར་སྟོད་ལྷུན་པོ་སྒང་དུ་ཆིབས་བསྐྱོད་གནང་སྐབས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭར་ཕེབས་ཡོད་པར་སེམས། འོན་ཀྱང་ཟླ་ཕྲེང་ལས་དཔོན་ས་བསམ་སྡེ་པར་བཀའ་ཆོས་གནང་བ་ཙམ་ལས་མི་གསལ་བས། ཡིག་ཚང་གཞན་རྙེད་སོན་བྱུང་ན་རྟོགས་པར་བྱ་བའི་གནས་སོ། །

ཤིང་གླང་སྤྱི་ལོ(༡༥༦༥)ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་གདན་ས་མཚུར་ཕུར་ཀརྨ་པ་དབང་ཕྱུག་རྡོ་རྗེ་ཁྲི་གསོལ་སྐབས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་དགེ་འདུན་རྣམས་ཕེབས་བསུ་དང་། ཁྲི་གསོལ་གྱི་མཇལ་དར་འབུལ་བར་བྱོན་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད། “གསུང་རབ་རྒྱ་མཚོའི་གླིང་ནས་དགའ་ཚལ་ཡན་གྱི་དགེ་འདུན་སོ་སོའི་བླ་མ་སློབ་དཔོན་དང་བཅས་པ། དབུས་གཙང་གི་སྡེ་དཔོན་རིས་འགོས་ཆེ་བ་གཞན་ཡང་གྲ་ཡོན་མཐའ་དག་ཚོགས་ནས་ཇ་འདྲེན་དང་ཞལ་མཇལ་ཕྱག་འབུལ་བསྒྲུབས།” ཞེས་གསུངས་པར་གཞིག་ན་གཙང་གསུང་རབ་རྒྱ་མཚོ་གླིང་ནས། དྭགས་པོ་ཡན་གྱི་ཀཾ་ཚང་གི་ཆོས་སྡེ་ཡོངས་རྫོགས་ཞིབ་འདུ་མཛད་པར་མངོན།

ས་འབྲུག་སྤྱི་ལོ(༡༥༦༨)ལོར་ཞྭ་དམར་རིན་པོ་ཆེ་དང་། རྒྱལ་དབང་དབང་ཕྱུག་རྡོ་རྗེ་ཡབ་སྲས་སྒར་ཆེན་དང་བཅས་པ་རྩེད་ཐང་དུ་གདན་ཆགས་སྐབས། ཡར་སྟོད་སྡེ་པ་ཕུན་ཚོགས་དང་། དཔོན་ས་ཆོས་མཛད་མ་མཇལ་དུ་བྱོན་པས། ཞྭ་དམར་རིན་པོ་ཆེས་དཔོན་སར་ཡིག་བྲིས་པ་འོས་སྦྱོར་དང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་གསུང་འབུམ་རྒྱུ་སྤུས་བཟང་བའི་མཚལ་ཤོག་སྟེང་ལ་གསེར་རྐྱང་གིས་བྲིས་བཞེངས་དགོས་པའི་ཞལ་བཀོད་གནང་བས། དཔོན་ས་ཡར་སྟོད་དུ་བྱོན་མ་ཐག་ཏུ་བཀའ་འབུམ་བཞེངས་པའི་ལས་གྲྭ་བཙུགས། ཡང་《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་དཀོན་མཆོག་འབངས་ཀྱི་རྣམ་ཐར་ཐད། “དེར་ཡར་སྟོད་ནས་སྡེ་པ་ཕུན་ཚོགས་དང་། དཔོན་ས་ཆོས་མཛད་མ་སོགས་མཇལ་དུ་བྱོན་པས་དཔོན་སར་ཡིག་མཁན་གྱི་མཐུན་སྦྱོར་བཀའ་བཀོད་གནང་ནས་མི་བསྐྱོད་རྗེའི་བཀའ་འབུམ་ཤོག་དམར་ལ་གསེར་རྐྱང་གིས་བཞེངས་པའི་གྲྭ་འཛུགས་པ་གནང་།” ཞེས་གསལ། དཔོན་ས་བསམ་སྡེ་པའམ་ལྷ་བུག་པ་ཅན་ནི། རྒྱལ་དབང་ཀརྨ་པའི་བསྟན་པ་ལ་ཞབས་ཏོག་དང་མཛད་རྗེས་ཤིན་ཏུ་ཆེ་བར་མངོན། དང་ཐོག་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་དང་། ནང་སོ་གྲགས་པ་མཐའ་ཡས་མི་འགྱུར་དབང་པོའི་བདེ་བར་མཆོད་ཡོན་གྱུར། གཉིས་པ་དཔོན་ས་རྡོ་རྗེ་སྒྲོལ་སྟངས་དཔྱལ་གྱིས་ཀུན་མཁྱེན་ཆེན་པོ་ཤམ་པོ་གངས་ལ་སྒྲུབ་པ་གནང་བའི་ཞབས་ཏོག་དང་། སྒར་ཆེན་འདུས་དམངས་ཡོངས་ལ་ལོ་གཅིག་གི་གསོལ་ཕོགས། ཡར་སྟོད་ཁྲོམ་སར་ཀླུ་སྡིངས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭའི་རྟེན་གཞིར་ཕུལ་ཞིང་མཆོད་གཞི་སྦྱོར་བ་མཛད། གསུམ་པ་མཚལ་ཤོག་ལ་གསེར་བྲིས་ཀྱིས་ཀུན་མཁྱེན་ཆེན་པོའི་གསུང་འབུམ་དང་། འདུལ་ཊཱིཀ་གི་གཙོས་པའི་གསུང་རབ་མང་པོ་སྤར་དུ་བརྐོ་བའི་འགྲོ་གྲོན་མཐུན་རྐྱེན་སྦྱར་བ་སོགས་བསམ་གྱིས་མི་ཁྱབ་པའི་ཞབས་ཏོག་བསྒྲུབས་པར་མཛད་པས། ཀརྨ་ཀཾ་ཚང་པའི་ཆོས་བརྒྱུད་དུ་གཏོགས་པ་རྣམས་ཀྱིས་རྗེས་དྲན་གྱི་བཀའ་དྲིན་གསོབ་པར་འོས་སོ། །

ལྕགས་རྟ་སྤྱི་ལོ(༡༥༧༠)ལོར་རྒྱལ་དབང་ཡབ་སྲས་སྒར་ཆེན་བཅས་ཡར་སྟོད་དུ་ཕེབས་ཤིང་། སྡེ་པ་ཕུན་ཚོགས་པ་དང་། ལྕམ་ཆོས་མཛད་མ་རྡོ་རྗེ་སྒྲོལ་མས་ཟླ་བ་བདུན་གྱི་རིང་ཞབས་ཏོག་ནར་མ་སྦྱོར་བར་མཛད། ཞྭ་དམར་རིན་པོ་ཆེས་རྒྱལ་ཚབ་སྤྲུལ་སྐུ་གཙོས་གཞི་བྱེས་ཀྱི་དགེ་འདུན་ཉིས་སྟོང་ཙམ་ལ་འདུལ་བ་ལུང་སྡེ་བཞིའི་ལྗགས་ལུང་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བཀའ་ཁྲིད་སོགས་ཟབ་ཆོས་ཅི་རིགས་པའི་བཀའ་དྲིན་སྩལ། དེའི་སྐབས་གཞིས་པ་ནི་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་ཡིན་པར་ཤེས་ཐུབ། ཞྭ་དམར་ནག་གཉིས་ལྷན་ཅིག་ཏུ་ཡར་སྟོད་དུ་ཕེབས་ཤིང་མཛད་རིམ་ཇི་ལྟར་གནང་བར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད། “སླར་ཡར་སྟོད་དུ་ཕེབས། རྒྱལ་ཚབ་སྤྲུལ་སྐུས་གཙོས་གཞི་བྱེས་ཀྱི་དགེ་འདུན་ཉིས་སྟོང་ཙམ་ལ་འདུལ་བ་ལུང་སྡེ་བཞིའི་ལུང་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཆོས་སྒོ་བ་སོགས་བླ་འགོ་རྣམས་ལ་སྒྲུབ་ཐབས་རྒྱ་མཚོའི་དབང་། ནང་སོ་མཆོད་སྤྲིན་པ་སོགས་དྲུང་འཁོར་རགས་བསྡུས་ལ་ཟབ་མོ་ནང་དོན་གྱི་འགྲེལ་པ་ཟིན་ཐུན་དུ་གནང་བ་སོགས་སོ་སོའི་མོས་པ་དང་འཚམས་པའི་ཐེག་གསུམ་ཆོས་ཀྱི་བཀའ་དྲིན་ཅི་ཡང་སྩལ།” ཞེས་གསལ་ཞིང་། དེ་མཚུངས《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས་ཀྱང་འཁོད་པའོ། །

ཤིང་ཕག་སྤྱི་ལོ(༡༥༧༥)ལོའི་ཟླ་བ་བདུན་པའི་ཚེས་དགུ་ཉིན་སླར་ཡང་ཞྭ་དམར་ནག་ཡབ་སྲས་སྒར་ཆེན་དང་བཅས་པ་ཡར་སྟོད་ཁྲོམ་སར་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་ཐོག །ཞྭ་དམར་རིན་པོ་ཆེ་ནས་དཔའ་བོ་སྤྲུལ་སྐུར་རབ་བྱུང་གི་སྡོམ་པ་སྩལ་ཞིང་། མཚན་གཙུག་ལག་རྒྱ་མཚོ་གསོལ། དཔའ་བོའི་དབུས་པའི་གཞི་བྱེས་འདུས་དམངས་རྣམས་ལ་རྒྱུད་འབུམ་ཀླག་ལུང་སོགས་བཀའ་ཆོས་ཅི་རིགས་སྩལ་བར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་རིན་པོ་ཆེའི་རྣམ་ཐར་དུ་གསལ། རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཆོག་མོན་ནས། ཟླ་བ་བཅུ་པའི་ཚེས་གཉིས་ཉིན་ཚུར་ཡར་སྟོད་ཁྲོམ་སར་དུ་ཕེབས་གྲུབ་ནས། 《མངོན་པར་མཛོད་ཀྱི་ཊཱིཀྐ་ཆོས་མངོན་རྒྱ་མཚོའི་སྙིང་པོ་མཁྱེན་བརྩེའི་ཞལ་ལུང་གཞོན་ནུའི་རྣམ་རོལ་ལེགས་བཤད་ཆོས་མིག་རྣམ་འབྱེད་གྲུབ་བདེའི་ཤིང་རྟ》 ཐུགས་རྩོམ་གྱི་དབུ་ཚུགས་པར《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས་གསུངས་ཀྱང་། མཛོད་ཊཱིཀ་གི་མཇུག་རྩོམ་ལས། “རང་ལོ་ཉི་ཤུ་པ་ལ་མོན་ཤ་འུག་སྟག་སྒོ་གྲུབ་པའི་གནས་ཆེན་པོར་མགོ་བརྩམས།” ཞེས་འཁོད་པས། ཡར་སྟོད་དུ་བཞུགས་ཚེའང་ལྗགས་རྩོམ་གནང་བཞིན་ཡོད་པར་སེམས་སོ། །

ལྕགས་སྦྲུལ་སྤྱི་ལོ(༡༥༨༡)ལོའི་ཟླ་བ་དྲུག་པའི་ནང་ཞྭ་དམར་དཀོན་མཆོག་ཡན་ལག་མཆོག་ཡར་སྟོད་སྡེ་པས་སྤྱན་འདྲེན་དང་བསྟུན་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕྱག་ཕེབས་ནས། སྡེ་པ་བསམ་སྡེ་པའི་གཙོའི་གཞི་བྱེས་སེར་སྐྱ་ཡོངས་ལ་སོ་སོའི་མོས་པ་དང་མཐུན་པའི་བཀའ་ཆོས་མང་པོ་སྩལ། དཔོན་ས་ཆོས་མཛད་མ་རྡོ་རྗེ་སྒྲོལ་མས་སྐུ་སྒེར་གྱིས་རྣམ་རྒྱལ་སྒང་དུ་སྤྱན་དྲངས། དཔའ་བོ་གཙུག་ལག་རྒྱ་མཚོ་དང་། དཔོན་ས་ཆོས་མཛད་མ་མཆོད་ཡོན་ལྷན་ལ་མི་ཏྲ་ཁྲིད་དྲུག་གི་དབང་ལུང་རྫོགས་པར་གནང་ནས། སླར་སྡེ་པ་གཞུང་གི་ཞབས་ཏོག་སྒྲུབ་པ་དང་འབྲེལ་ཁྲོམ་སར་དུ་ཕེབས་ཤིང་། དགའ་ཚལ་གྱི་ཀརྨ་པའི་གཟིམས་ཁང་དུ་ཀརྨ་པའི་སྐུ་གསུང་ཐུགས་ལ་བསྟོད་པའི་གསོལ་འདེབས་སྙན་དངགས་བྱ་དཀའི་སྦྱོར་བ་མཛད་དེ་གྱང་ངོར་སྦྱར་བ《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད་གསུངས།

ཆུ་ལུག་སྤྱི་ལོ(༡༥༨༣)ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ཉིན་ཙམ་ལ་ཡར་སྟོད་ནས་ལྕམ་ཆོས་མཛད་མ་འདས་པའི་ཚོགས་མང་གི་གྲལ་དབུར་ཞྭ་དམར་དཀོན་མཆོག་འབངས་ཕེབས། དེའི་སྐབས་བཞུགས་སྒར་དོལ་དུ་བཞུགས་པར་ཁེལ་བས། ཚེས་བཅུ་ཉིན་དོལ་ནས་བཞུགས་སྒར་བཏེགས་པ《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད་གསལ། ཡར་སྟོད་བསམ་གྲུབ་བདེ་ཆེན་རྩེའི་དཔོན་ས་རྡོ་རྗེ་སྒྲོལ་མ་ནི་སྔ་ཕྱི་བར་གསུམ་དུ་ཀརྨ་པའི་བསྟན་པ་ལ་དད་གུས་ཆེན་པོའི་སྒོ་ནས་ཕྱོགས་གང་ཅི་ཐད་ནས་མཐུན་རྐྱེན་ཞབས་འདེགས་གནང་མཁན་སྦྱིན་བདག་གཙོ་གྲས་ཡིན་པས། ཁོང་སྐུ་གཤེགས་པའི་ལོ་ཚིགས་འདི་ཞོར་འཕྲོས་སོ། །

༡༠༽ ཀརྨ་པ་དབང་ཕྱུག་རྡོ་རྗེའི་སྐབས།

ས་གླང་སྤྱི་ལོ(༡༥༨༩)ལོའི་ཟླ་བ་བཅུ་པའི་ཉེར་དགུ་ཉིན་རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཆོག་ཧ་ལ་སྒང་དུ་ཡར་སྟོད་ནས་ས་སྐྱོང་ཀརྨ་སྲོང་བཙན་པ་དཔོན་གཡོག་གི་ཆིབས་བསུ་ཐབ་འཛིན་དང་། དགའ་ཚལ་ཀརྨ་གཞུང་ལུགས་གླིང་དང་། གཡམ་བཟང་དགོན་པ་སོགས་ཀྱིས་སེར་སྦྲེང་གིས་ཕེབས་བསུ་གཟབ་རྒྱས་དང་བཅས་ཉེར་དགུ་ཉིན་ཁྲོམ་སར་དུ་ཕེབས། ཟླ་བ་བཅུ་གཅིག་པའི་ཚེས་བཞི་ཉིན་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་དཔོན་སློབ་དང་འདུས་དམངས་ཡོངས་ཀྱིས་རྒྱལ་དབང་མཆོག་ལ་ཕེབས་བསུའི་དཀར་དྲོ་འབུལ་ཆེན་དང་། ཚེས་བཅུ་བཞི་ལ་ལྷུན་པོ་སྒང་དུ་སྤྱན་དྲངས་ནས་སྡེ་པས་གཞི་ལེན་གྱི་དཀར་དྲོ་གཟབ་རྒྱས་ཞུས། ཟླ་བ་བཅུ་གཉིས་པའི་སྨད་ལོ་མཇུག་སྐུ་རིམ་མགོན་སྒྲུབ་གཏོར་ཟློག་དང་། ལྕགས་སྟག་སྤྱི་ལོ(༡༥༩༠)ལོའི་ལོ་སར་གྱི་དགའ་སྟོན་ལ་རོལ་ཞིང་། སྡེ་པས་ནར་མའི་ཞབས་ཏོག་མཛད་པ་དང་སྦྲགས་ཡར་སྟོད་ལྷུན་པོ་སྒང་གི་ཚོམས་ཆེན་དུ་གཞི་བྱེས་དགེ་འདུན་ཚོགས་དམངས་ཀྱིས་ཆོ་འཕྲུལ་དུས་ཆེན་གྱི་སྨོན་ལམ་ཆེན་མོ་ཚོགས། ཚེས་བཅོ་ལྔར་གསོ་སྦྱོང་དང་སེར་སྦྲེང་གིས་དགོན་སྐོར་ཕེབས་པ་བཅས་མཛད། འདུས་དམངས་སྤྱི་དང་། སྡེ་པ་ཞལ་ངོ་རྣམས་ལ་དབང་ཆོས་བཀའ་ཁྲིད་དང་། ཞྭ་དམར་མཆོག་སྤྲུལ་ཆོས་ཀྱི་དབང་ཕྱུག་གི་གཙོའི་དེར་འདུས་གཞི་བྱེས་ཡོངས་ལ། ཀརྨ་པ་དྲུང་དོན་ལྡན་ཞབས་ཀྱི་བཀའ་འབུམ་གྱི་ལྗགས་ལུང་སོགས་བཀའ་ཆོས་ཅི་རིགས་སྩལ། 《དབུ་མ་འཇུག་པའི་འགྲེལ་པ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་བདེ་བར་འདྲེན་བྱེད་སྐལ་བཟང་དགའ་སྟོན》 ཐུགས་རྩོམ་གནང་གྲུབ་པར་ཞུ་དག་ལེགས་པར་མཛད་ཅེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་གསུངས་ཀྱང་། དབུ་མ་འཇུག་པའི་ཊཱིཀྐ་ལས། དགུང་གྲངས་ཉེར་གསུམ་ལ་དབུ་བཙུགས་ཤིང་། ཉེར་ལྔར་གདན་ས་ཆེན་པོ་མཚུར་ཕུར་བརྩམས་མཇུག་སྒྲིལ་བར་འཁོད་ཡོད། དེ་ལྟར་ན་ལྕགས་འབྲུག་སྤྱི་ལོ(༡༥༨༠)ལོར་བརྩམས་གྲུབ་པར་མངོན། འོན་ཀྱང་སླར་ཡང་རྒྱལ་དབང་མཆོག་དང་། ཡོངས་འཛིན་རྣམ་རྒྱལ་གྲགས་པ། མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ། གཞན་ཡང་རབ་འབྱམས་པ་ཀློང་ཡངས་བ་ཞུ་བཅས་ཀྱིས་ཡང་དང་བསྐྱར་དུ་ལུང་རིགས་བརྒལ་བརྟགས་ཀྱི་སྒོ་ནས་མཐའ་དཔྱོད་ཡང་དག་པར་མཛད་པར་རྒྱལ་དབང་དབང་ཕྱུག་རྡོ་རྗེའི་གསུང་རྩོམ《དབུ་མ་འཇུག་པའི་ཊཱིཀྐ》འི་སྤར་བྱང་ལས་གསལ། འདི་ལོར་ཞུ་དག་དང་འབྲེལ་མཇུག་ཡོངས་སུ་གྲུབ་པར་སེམས། རྒྱལ་དབང་མཆོག་བར་སྐབས་ཤིག་འཕྱོངས་རྒྱས་དང་། སྣེའུ་གདོང་སོགས་སུ་མཛད་ཕྲིན་བསྐྱངས་ཤིང་། སླར་ཁྲོམ་སར་ཕེབས་འབྱོར་བྱུང་ཐོག །ས་སྐྱོང་སྲོང་བཙན་པས་ལྷུན་སྒང་དུ་གདན་དྲངས་ནས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་སྐུ་བརྙན་ལི་མ་ཁྱད་ཅན་གྱིས་གཙོས་པའི་སྣ་གྲངས་དངོས་གཙང་གི་འབུལ་ཆེན་བསྟབས་པར་མཛད། འདིའི་ཐད་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་གསུང་། 《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན།》ལྷོ་སྟོད་རྣམ་རྒྱལ་སྟག་རྩེའི་སྤར་མ་ལས་ལྡེབ་མ་ཞེ་བདུན་མི་ཚང་བས། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་རྒྱལ་དབང་དགུ་པའི་རྣམ་ཐར་ལ་གཞི་བཅོལ་ནས་གསབ་པ་ལས་གསལ་བས་སོ། །

ལྕགས་བྱི་སྤྱི་ལོ(༡༦༠༠)ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ཡར་སྟོད་ས་སྐྱོང་སྲོང་བཙན་གྱིས་རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་མཆོག་ཡར་སྟོད་དུ་སྤྱན་འདྲེན་ཞུ་བའི་མི་སྣ་སྒར་ཆེན་དུ་འབྱོར། ཚེས་བཅུ་དགུ་ཉིན་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་དྭགས་པོ་བཤད་སྒྲུབ་གླིང་ནས་བཏེགས། ཚེས་ཉེར་དགུ་ཉིན་ཁྲ་ལ་བརྒལ་ཏེ། བསམ་གྲུབ་བདེ་ཆེན་རྩེའི་ས་སྐྱོང་སྲོང་བཙན་པ་ཁུ་དབོན་དཔོན་གཡོག་སྐུ་འཁོར་རྣམས་ཀྱིས་རྩི་མ་གསེར་སྒ་ལ་སོགས་པའི་གཟབ་འཕྱོར་ལེགས་པར་སྤྲད་པའི་བཀོད་པ་གཟབ་རྒྱས་ཀྱིས་ཆིབས་བསུ་ཐབ་འཛིན་དང་། གཡམ་བཟང་གྲྭ་ཚང་དང་། དགའ་ཚལ་ཀརྨ་གཞུང་ལུགས་གླིང་སོགས་ཡར་སྟོད་ཀྱི་དགོན་པ་ཆེ་ཕྲ་ཀུན་གྱི་སེར་སྦྲེང་གིས་བསུ་བ་གཟབ་རྒྱས་དང་བཅས་ཡར་སྟོད་ཁྲོམ་སར་དུ་གདན་ཕེབས། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་སྡེ་པ་བསམ་བདེ་པས་ལྷུན་པོ་སྒང་དུ་ཕེབས་སྤྲོའི་གདུགས་ཚོད་ཟབ་རྒྱས་བཤམས་ཤིང་། རིམ་པས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་པའི་སྤྱི་དམངས་དང་། བླ་བྲང་རྣམས་ཀྱིས་ཀྱང་གཞི་ལེན་གྱི་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། ཟླ་བ་བཅུ་གཉིས་པའི་ནང་དུ་ས་སྐྱོང་སྲོང་བཙན་པ་སྐུ་སྒེར་གྱིས་རྣམ་རྒྱལ་སྒང་དུ་ཞབས་ཏོག་དང་འབུལ་ཆེན་གྱ་ནོམ་པར་མཛད། བྱང་ཆུབ་སྡིངས་དང་། དགའ་ཚལ་བ་སོགས་སེར་སྐྱ་རྣམས་ཀྱི་རེ་བ་སྐོང་བར་མཛད་དེ། ལོ་མཇུག་སྐུ་རིམ་མགོན་པོའི་གཏོར་ཟློག་ཆེན་མོ་དང་།

ལྕགས་གླང་སྤྱི་ལོ(༡༦༠༡)ལོའི་ལོ་སར་གྱི་རྟེན་འབྲེལ་ཟབ་རྒྱས་གནང་། དབུས་གཙང་གི་བླ་མ་སྡེ་དཔོན་ཕལ་གྱིས་ལོ་སར་དགའ་སྟོན་གྱི་སྐྱེས་འབུལ་ཞུས། ལོ་སར་གྲུབ་རྗེས་འབར་ཐང་རྫོང་དུ་སྡེ་པ་ཁྲི་པས་སྒེར་གྱི་འབུལ་བ་བསྙེན་བཀུར་རྒྱ་ཆེན་པོ་མཛད་ནས། སླར་ཁྲོམ་སར་དུ་ཕེབས། ཚེས་བཅུ་གཅིག་ནས་བཟུང་ཡར་སྟོད་ལྷུན་པོ་སྒང་གི་ཚོམས་ཆེན་དུ་གཞི་བྱེས་ཀྱི་ཆོས་སྡེ་རྣམས་ཀྱིས་སྨོན་ལམ་ཚུགས་ཤིང་། བཅུ་བདུན་ལ་སྡེ་པ་བསམ་གྲུབ་བདེ་ཆེན་པས་འབུལ་ཆེན་མཛད། དེར་སྡེ་པའི་ཞལ་ངོ་རྣམས་ལ་དབང་བཀའ་ཅི་རིགས་པ་སྩལ། ཚེས་ཉེར་གཅིག་ལ་ས་སྐྱོང་འཕྱོངས་རྒྱས་པས་ཨེ་ཝཾ་དགོན་དུ་སྤྱན་དྲངས་ནས་འབུལ་ཆེན་དང་བསྙེན་བཀུར་ཞུས་ཤིང་ཚེ་དབང་ལ་སོགས་པའི་བཀའ་དྲིན་སྩལ། ཟླ་བ་གཉིས་པའི་བཅུ་གསུམ་མཆོད་པ་དང་བསྟུན་ཏེ་གཡམ་བཟང་དགོན་པས་སྤྱན་དྲངས་ནས་ལྷ་མགོན་གྱི་གར་འཆམས་སྤྱན་གཟིགས་སུ་བསྟར། ཕྱིར་ཁྲོམ་སར་ཕེབས་ནས། དགའ་ཚལ་ཀརྨ་གཞུང་ལུགས་གླིང་པའི་དཔོན་སློབ་འདུས་དམངས་རྣམས་ལ་དགེ་འདུན་མཐུན་ཅིང་ཚུལ་གནས་ཐོས་བསམ་ལ་འབད་དགོས་ཚུལ་སོགས་ཀྱི་བསླབ་བྱ་བཀའ་བཀོད་གནང་ནས། ཟླ་བ་དེའི་ཚེས་བཅུ་དགུ་ལ་ཁྲོམ་སར་ནས་བཏེག་སྟེ་གཙང་ཕྱོགས་སུ་ཆིབས་བསྒྱུར་གནང་བར་མཛད། ཚེས་ཉེར་ཉེར་གཅིག་ཉིན་གྲི་གུ་གསང་སྔགས་ཆོས་གླིང་དུ་ཕེབས་ཐོག །བསམ་བདེ་ས་སྐྱོང་སྲོང་བཙན་པས་གཙུག་ཕུད་ཕུལ་ཏེ་སྐུ་རྟེན་བསྒྱུར་བར་དགེ་བསྙེན་གྱི་སྡོམ་པ་དང་། ཀརྨ་སྲོང་བཙན་དོན་གཉིས་ལྷུན་གྲུབ་ཅེས་མཚན་གནང་། དེ་མཚུངས་སྤེལ་གསར་བ་ནང་སོ་རྡོ་རྗེས་ཀྱང་དགེ་བསྙེན་ཞུས་པས་མིང་ཀརྨ་དོན་ཡོད་སྙིང་པོ་གནང་། རྒྱལ་དབང་ཀརྨ་པ་དབང་ཕྱུག་རྡོ་རྗེ་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭར་ཐེངས་རྗེས་མ་ཕེབས་བཞུགས་གནང་བའི་སྐོར། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་གསུང་། 《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས་གསུངས་པ་ལྟར་ཞིབ་ཕྲར་བཀོད་ཡོད། དུས་ཚོད་འདིར་ཡང་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭས་བསླབ་པ་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་ཀྱིས་ཤུགས་སྣོན་རྒྱགས་དང་རྒྱག་བཞིན་ཡོད་པར་རྒྱལ་དབང་དགུ་པའི་རྣམ་ཐར་གྱི་ཤུགས་ལས་ཤེས་ཐུབ། འོན་ཀྱང་མི་ཉག་བཀའ་བཅུ་པའི་རྗེས་ནས་དགའ་ཚལ་གྱི་འཆད་ཉན་གྱི་སློབ་དཔོན་ནམ་གདན་ས་པ་སུ་ཡིན་ཞྭ་དམར་དཀོན་མཆོག་འབངས་དང་། ཀརྨ་པ་དབང་ཕྱུག་རྡོ་རྗེའི་རྣམ་ཐར་ལས་དགའ་ཚལ་གྱི་སློབ་དཔོན་ཙམ་ལས་མཚན་དངོས་ཀྱི་གསལ་ཁ་མ་བྱུང་བས་འབྲེལ་ཡོད་ཀྱི་ཡིག་ཚང་རྙིང་པ་འདྲ་རྙེད་སོན་བྱུང་ན་རྟོགས་པའི་གནས་སོ། །

༡༡༽ ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་སྐབས།

ཤིང་ལུག་སྤྱི་ལོ(༡༥༩༥)ལོའི་ཟླ་བ་གཉིས་པའི་སྨད་དམ་གསུམ་པའི་ནང་ཙམ་ནས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་ཞབས་ཡར་སྟོད་དུ་ཕྱག་ཕེབས་ནས། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་གཞུང་ལུགས་སྨྲ་བའི་མཁས་པ་རྣམས་དང་ལུང་རིགས་བརྒལ་བརྟགས་ཀྱི་སྒོ་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ཆོས་ཀྱི་རྣམ་གྲངས་མང་པོར་བགྲོ་གླེང་གནང་བས། དགའ་ཚལ་ཆོས་གྲྭའི་མཁས་པ་ཀུན་གྱིས་བསྟོད་བསྔགས་དང་གུས་པས་བཏུད་པར་གྱུར། དེའི་སྐབས་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭར་འཆད་རྩོད་རྩོམ་གསུམ་སོགས་ཕྱོགས་གང་ཅི་ཐད་ནས་ཡར་རྒྱས་ཆེན་པོར་ཕྱིན་ཡོད་པར་ཤེས་ཐུབ། དེའང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “དགའ་ཚལ་གཞུང་ལུགས་གླིང་པ་སོགས་ཀྱིས་ཆོས་ཀྱི་གླེང་སློང་ཞུས་པས་མཁས་པ་ཀུན་གྱིས་གུས་པས་ཞབས་ལ་གཏུགས། སྤྲེལ་ལོ་དབོ་ཟླའི་ཉེར་བདུན་ལ་ཁམས་ནས་སི་ཏུ་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱལ་མཚན་ཕེབས་པས་མཇལ། འབུལ་ཆེན་ཕུལ་བར་བཀའ་ཆོས་སོགས་གནང་།” ཞེས་བཀོད་ཡོད་པས། མེ་སྤྲེལ་སྤྱི་ལོ(༡༥༩༦)ལོའི་ཟླ་བ་གཉིས་པའི་ཚེས་ཉེར་བདུན་ཉིན་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་མཇལ་ནས། དངོས་འབུལ་སྤམས་མཐོ་བར་ཕུལ་ཞིང་བཀའ་ཆོས་གསན་པའི་དབུ་བཙུགས། འདི་ནས་བཟུང་སི་ཏུ་རིན་པོ་ཆེས་གསན་བསམ་དང་དབང་ཁྲིད་ཕལ་ཆེ་བ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས་མནོས་པར་མཛད། སི་ཏུ་དགའ་ཚལ་ཆོས་གྲྭར་དབོ་ཟླའི་ཚེས་ཉེར་བདུན་ཉིན་ཕེབས་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་བཀོད་ཀྱང་། ཟླ་བ་གསུམ་པའི་ཚེས་གཅིག་ཉིན་རྒྱལ་དབང་དབང་ཕྱུག་རྡོ་རྗེ་སྐུ་མཚམས་གྲོལ་ནས། སི་ཏུ་ཆོས་ཀྱི་རྒྱལ་མཚན་དབུས་སུ་ཕེབས་པའི་རྫོངས་སྐྱེས་སྩལ་བར《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས། “ཟླ་བ་གསུམ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་གཙུག་ལག་ཁང་རྙིང་མར་རྗེ་བླ་མ་མཆོག་གི་གཟིམས་ཆུང་ཆོས་དབྱིངས་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་པ་གྲོལ་ནས། རེ་དགའ་གྲྭ་ཚང་ཁམས་སུ་བསོད་སྙོམས་ལ་ཕྱིན་པ་འཁོར་བ་དང་དྲུང་པ་སི་ཏུ་པ་དཔོན་སློབ་དབུས་སུ་འབྱོན་པའི་ཞལ་ཏ་བསླབ་སྟོན་དང་རྫོངས་སྐྱེས་ཀྱི་གནང་ཆ་མཛད།” ཅེས་གསལ་བས། ཡིག་ཚང་གཉིས་པོ་དུས་ཚོད་ཀྱི་ཐད་ལ་ཧེ་བག་ཅུང་ཟད་བྱུང་བས། སྤྱིར་དུས་ཀྱི་འཁོར་ལོ་ལུགས་ཀྱི་དབོ་ཟླ་ནི་བོད་ཟླ་གཉིས་པ་ཡིན་པར་སྐར་རྩིས་དང་ལོ་ཐོ་སོགས་སུ་གསུངས་པས་བསྙོན་མེད་ཡིན་ལ། ཞྭ་དམར་དྲུག་པའི་རྣམ་ཐར་ལས་དབོ་ཟླ་སྨོས་པ་ནོར་འཛོལ་ཤོར་བར་སེམས། གང་ཡིན་ཞེ་ན་ཀརྨ་པའི་རྣམ་ཐར་ལས་ཟླ་བ་གསུམ་པའི་ཚེས་གཅིག་ཉིན་སི་ཏུ་རིན་པོ་ཆེ་དབུས་སུ་ཕེབས་པར་གསུངས་པས། དེའི་དབང་དུ་བྱས་ན་ཟླ་བ་གསུམ་པའི་ཚེས་ཉེར་བདུན་ཉིན་སི་ཏུ་རིན་པོ་ཆེ་ཡར་སྟོད་དགའ་ཚལ་ཆོས་གྲྭར་ཕེབས་ཤིང་ཞྭ་དམར་དྲུག་པ་མཇལ་བར་ཁུངས་དག་པར་སེམས་ཏེ། ཀརྨ་པ་དགུ་པའི《རྣམ་ཐར་རིན་པོ་ཆེའི་གཏེར་ཆེན》གྱི་རྩོམ་པ་པོ་རྒྱལ་ཚབ་གྲགས་པ་དོན་གྲུབ་ནི་རྒྱལ་དབང་མཆོག་གི་ཞབས་དྲུང་དུ་འབྲལ་མེད་དུ་བསྙེན་པས་མཛད་ཕྲིན་ལ་རྒྱུ་མངའ་ཆེ་ཤོས་ཡིན། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར་གྱི་དཔྱད་གཞིའི་ཡིག་ཚང་ཆུ་ཤུལ་རབ་འབྱམས་པ་ཀརྨ་མཚན་ལེགས་ཀྱི་གསུང་ལ་གཞི་བཅོལ་ནས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཚིག་སྣ་ཅུང་ཟད་བསྟུངས་ནས་བཀོད་པ་ཡིན་ཞིང་། ཟླ་ཕྲེང་གི་ཞྭ་དམར་རིན་པོ་ཆེའི་རྣམ་ཐར་ཧྲིལ་པོར་བལྟས་ན་ལོ་ཚིགས་སོགས་གང་ཅིའི་ཐད་ནས་ནོར་འཛོལ་བྱུང་བ་མི་ཉུང་བ་ཡོད་འདུག་པས། ཁོ་བོའི་རྟོག་ངོར་གར་དབང་ཆོས་ཀྱི་དབང་ཕྱུག་ཅེས་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་ཁོང་ལ་མཛད་རྣམ་དེ་ལས་ལེགས་པ་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་བ་སྐྱུར་མོ་ཞིག་འགོག་མེད་དུ་མངའ་བཞིན་ཡོད། ཞྭ་དམར་རིན་པོ་ཆེ་ཐོག་མར་ཀོང་ཡུལ་ནས་དྭགས་པོར་ཆིབས་བསྐྱོད་གནང་བའི་ཟླ་དུས་གང་ཡིན་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་གསུང་། 《རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་རིན་པོ་ཆེའི་གཏེར་ཆེན》ལས། “དེར་ཡབ་སྲས་བཀའ་གྲོས་ཀྱི་ཐོག་ནས་རྗེ་སྤྲུལ་པའི་སྐུ་དཔོན་སློབ་དྭགས་པོའི་དུས་ཟིང་གི་འདུམ་ལ་ཕེབས་པའི་སྒོ་ཤར་བས། ཟླ་བ་གཉིས་པའི་ཚེས་ལྔ་ལ་བཏེག །”ཅེས་གསལ་བས། དེས་ན་ཞྭ་དམར་རིན་པོ་ཆེ་ཤིང་ལུག་ཟླ་བ་གཉིས་པའི་སྨད་དམ་གསུམ་པའི་ནང་ཙམ་ནས་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་འབྱོར་བྱུང་ནས། མེ་སྤྲེལ་ཟླ་བ་གསུམ་པའི་སྨད་དམ་བཞི་པའི་ཡར་ངོ་བར་བཞུགས་པར་རྒྱལ་དབང་ཡབ་སྲས་ཀྱི་རྣམ་ཐར་གཉིས་པོར་དཔྱད་བསྡུར་ལེགས་པར་བྱས་པས་ཤེས་ཐུབ་བོ། །

ས་སྤྲེལ་སྤྱི་ལོ(༡༦༠༨)ལོར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་མཆོག་སྡེ་པ་ལྷ་བུག་པ་ཅན་ནམ་བསམ་གྲུབ་བདེ་ཆེན་པས་ཡར་སྟོད་ཁྲོམ་སར་དུ་སྤྱན་དྲངས་ཤིང་། ས་སྐྱོང་ཀརྨ་ཚེ་འཕེལ་གཤེགས་པའི་ཡར་འདྲེན་གྱི་དགོངས་རྫོགས་བསྒྲུབས་པ་དང་། དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་བཙུན་གསར་རྣམས་ལ་རབ་བྱུང་གི་བསླབ་པ་སྩལ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོག་ལྗགས་རྩོམ་གནང་བ། དགའ་ཚལ་བའི་ཆོས་གྲྭ་གཙོའི་གཞི་བྱེས་ཀྱི་འདུས་དམངས་ཡོངས་ལ་འདུལ་མདོའི་ལྗགས་བཤད་ཞིབ་རྒྱས་སྩལ་བ་བཅས་མཛད་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར་ཐད་གསལ་བས་སོ།  །

༡༢༽ ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་སྐབས།

ཤིང་ཡོས་སྤྱི་ལོ(༡༦༡༥)ལོའི་ཟླ་ལྔ་པའི་ཉེར་བཞིར་རྒྱལ་དབང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་གདན་ས་ཆེན་པོ་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་ཆེན་པོའི་སེང་གེའི་ཁྲིར་མངའ་གསོལ་སྐབས། ཡར་སྟོད་ནས་བསྟན་པའི་སྦྱིན་བདག་ཞབས་དྲུང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་གྱིས་ཞལ་མཇལ་དུ་ཆེད་ཕེབས་གནང་ནས། ཐོག་མའི་ཕྱག་འབུལ་དང་མཆོད་སྤྲིན་ཕུལ་ཞིང་། ཡར་སྟོད་དང་དྭགས་ཀོང་གི་གདུལ་བྱའི་དོན་དུ་ཕེབས་དགོས་པར་གསོལ་བ་བཏབ་པར། རྒྱལ་དབང་མཆོག་ནས་མི་རིང་བ་ཕེབས་པར་ཞལ་བཞེས་གནང་བར་མཛད།

ས་རྟ་སྤྱི་ལོ(༡༦༡༨)ལོའི་ཟླ་བ་དྲུག་པའི་ནང་ཙམ་རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་མཆོག་ལྷོ་བྲག་སྲས་མཁར་དུ་བཞུགས་སྐབས། ལྷ་སར་སྐྱིད་སོག་གི་དམག་མང་དུ་སླེབ་པའི་ཡོ་ལང་ཆེ་ཙམ་བྱུང་བའི་ཚེ། ཡར་སྟོད་ནས་ཞབས་དྲུང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་གྱིས་སྐྱབས་འཇུག་ཞུ་བའི་མི་སྣ་འབྱོར་བར། ད་ལམ་གྱི་སྡེ་གཟར་འདི་ལ་ཡོ་འཁྱོམས་ཆེ་བ་མི་འབྱུང་བའི་ཐུགས་དམ་སྐྱབས་འཇུག་ཀྱི་དགོངས་གཏད་དགོས་ཞེས་ཞུས་པར། དེ་འཕྲལ་རྒྱལ་དབང་ཀརྨ་པ་དང་། དཔའ་བོ་གཙུག་ལག་རྒྱ་མཚོ་དཔོན་སློབ་ཐུན་མོང་ནས། སྦྱིན་པའི་བདག་པོའི་བཞེད་དོན་བཞིན། སྐུ་རིམ་གཏོར་བཟློག་སོགས་གང་ལེགས་གནང་བས། སྐྱིད་སོག་གི་དམག་རྣམས་སྟོང་ལོག་ཏུ་སོང་བར་བཤད།

དེ་ནས་རིམ་པས་ཡར་སྟོད་ནས་བསྟན་པའི་སྦྱིན་བདག་ཆེན་པོ་ཞབས་དྲུང་ཁྲི་རིན་པོ་ཆེས་སྤྱན་དྲངས་དང་བསྟུན། ཟླ་བ་བཅུ་པའི་ཚེས་བདུན་ཉིན་སྲས་མཁར་ནས་ཆིབས་བསྒྱུར་གནང་། རྒྱལ་དབང་མཆོག་འབྲས་ཐང་དུ་ཕེབས་ཚེ་ཡར་སྟོད་ནས་ས་སྐྱོང་ཁྲིའི་དྲུང་གིས་ཐབ་འཛིན་དང་ཆིབས་བསུ་ཞུས། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན། ས་སྐྱོང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་སྐུ་མཆེད་གཉིས་འཁོར་རིན་ཆེན་རྒྱན་ཆས་སྤྲས་པ་ལྷ་ཡི་དབང་པོ་དགའ་བའི་ཚལ་དུ་ལྷ་ཡི་རོལ་མོའི་མཆོད་པ་ལ་བརྩེ་བ་ལྟ་བུའི་བཀོད་པ་ཕུན་སུམ་ཚོགས་པའི་ཆིབས་རགས་ཉིས་བརྒྱ་ལྷག་པས་གཙང་ཆུང་གླིང་ཁར་ཐོག་མའི་ཕྱག་འབུལ་དང་། ཐབ་བསུའི་དགའ་སྟོན་གྱིས་ལེགས་པར་མཆོད་ནས། ས་སྐྱོང་བའི་རྒྱལ་ཐབས་ཀྱི་འབྱོར་པ་རྨད་དུ་བྱུང་བ་དེས་མདུན་ནས་བསུ་བཞིན་དུ་ལམ་དུ་དགེ་འདུན་སྟོང་ཕྲག་གཉིས་ལྷག་གིས་སེར་སྦྲེང་གིས་གདུགས་དང་། རྒྱལ་མཚན་དང་། ཕྱེ་ཕུར་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་པ་དང་། སྤོས་ཀྱི་བདུག་པ་སྤྲིན་གཏིབས་པ་ལྟ་བུ་དང་། རིན་ཐང་ཆེ་བའི་གོས་སྣ་ཚོགས་པའི་རྟེན་ཁེབས་སོགས་མཆོད་རྫས་སྣ་ཚོགས་ཐོགས་པ། དགེ་འདུན་པ་རྣམས་ཀྱིས་ཞལ་ནས་ཡན་ལག་བདུན་པའི་མཆོད་འབུལ་གྱི་ཚིགས་སུ་བཅད་པ་གསུང་བཞིན་དུ་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེར་ཕེབས། སྣེའུ་སྡོང་རྩེའི་མདུན་དུ་བཞུགས་སྒར་མཛད། འཇང་ས་ཐམ་རྒྱལ་པོའི་འབུལ་ཆེན་འབྱོར། དེར་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་ལྷག་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་སྩལ། ཕོ་བྲང་སྣེའུ་གདོང་རྩེའི་ཟུང་འཇུག་བརྒྱུད་རིམ་གྱི་ཐང་ཀར་རབ་གནས་དང༌། ལོ་མཇུག་གི་སྐུ་རིམ་དང་།

ས་ལུག་སྤྱི་ལོ(༡༦༡༩)ལོའི་ལོ་སར་གྱི་དགའ་སྟོན་ལ་རོལ། ས་དབང་ཆེན་པོས་ཕོ་བྲང་རྩེར་ལོ་གསར་གྱི་དགའ་སྟོན་ལ་ཡབ་སྲས་ལྷན་ཅིག་ཏུ་སྤྱན་དྲངས་ཏེ་ལོ་གསར་དགའ་སྟོན་གྱི་མཆོད་པ་དང་། རྩེ་ལུགས་ཀྱི་ཚེས་བཅུའི་གར་འཆམས། ཟློས་གར་གྱི་རིགས་སྣ་ཚོགས་པའི་གཟིགས་མོ་ཕུལ། ཟླ་བ་ལྔ་པའི་ཚེས་ལྔ་ཉིན་ས་སྐྱོང་ཁྲི་རིན་པོ་ཆེས་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་ཁྲོམ་སར་ཀརྨ་ལྷ་ཁང་དུ་ཕེབས། འདིར་ཁྲོམ་སར་ཀརྨ་ལྷ་ཁང་ཞེས་སྨོས་པས། དེང་སང་གི་ས་བབ་ལ་བལྟས་ན་དགའ་ཚལ་དང་། ཀརྨ་ལྷ་ཁང་གཉིས་ལུང་པའི་ཡར་མར་དུ་སོ་སོར་གནས་པས་ཐ་དད་ཡིན་པར་དོགས་སྲིད་དེ། ཡར་སྟོད་གཅིག་པུ་ཙམ་མ་ཡིན་པར་དྭགས་པོ་བཤད་སྒྲུབ་གླིང་དང་། འཕན་པོ་ཟ་དམ་ཉིན་བྱེད་གླིང་སོགས་ཀཾ་ཚང་གི་ཆོས་སྡེ་ཆེ་ཁག་རྣམས་ལ་ཀརྨ་ལྷ་ཁང་ཞེས་ཡོད་ཚུལ་རྒྱལ་དབང་ཡབ་སྲས་རྣམས་ཀྱི་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་ལས་གསལ་བས། ཀརྨ་ལྷ་ཁང་ནི་རྒྱལ་དབང་ཀརྨ་པའི་གཟིམས་ཁང་ཡིན་པར་གོར་མ་ཆག །འདིར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཡབ་སྲས་ཡར་སྟོད་དུ་སྤྱན་འདྲེན་མཁན་ཞབས་དྲུང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་ཞུ་བ་ཁོང་ནི། དང་ཐོག་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས། ལྕགས་ཡོས་སྤྱི་ལོ(༡༥༩༡)ལོར་སྡེ་པ་སྐུ་རབ་པའི་ས་སྐྱོང་གི་ཁྲི་ཐོག་ཏུ་མངའ་གསོལ་ཞིང་ཆེ་འདོན་དང་འཇའ་ས་སྩལ་བ་སྦྲགས། ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་པ་ཞེས་མཚན་གནང་བའི་དུས་སྐབས་དེར་སྡེ་པ་སྐུ་རབ་པའི་གོ་ཐོབ་ཅན་གྱི་མི་སྣ་གཙོ་བོ་ཡིན། འོན་ཀྱང་དེའི་གོང་དུ་ཡར་སྟོད་ཀྱི་བདག་པོ་ལྷ་བུག་པ་ཅན་ནམ་བསམ་སྡེ་པ་ཀར་བསྟན་སྤྱི་དང་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་སྦྱིན་བདག་གཙོ་གྲས་ཡིན་པས། སྐབས་འདིར་འབྲེལ་ཡོད་ཀྱི་ཡིག་ཚང་ལས་བསམ་སྡེ་པའི་སྐོར་འཁོད་མི་འདུག་པས་ཆབ་སྲིད་ཀྱི་ཡོ་ལང་ཁྲོད་མངའ་ཁོངས་ཆ་ཚང་སྐུ་རབ་པ་ལ་ཤོར་ནས། བསམ་སྡེ་པའི་དབང་ཚད་ཉམས་ཟིན་པ་ཡིན་ནམ་སྙམ།

དེར་ཀོང་ཡུལ་བའི་ཀར་སྡེ་རྣམས་ཀྱི་བླ་མ་སློབ་དཔོན་གཉེར་ལས་འཛིན་པ་མང་པོ་ཞལ་མཇལ་དུ་འབྱོར།  དེའི་ཚེ་རྒྱལ་དབང་མཆོག་གི་དཔའ་བོ་རིན་པོ་ཆེར་གསུང་གླེང་ལྷུག་པོར་ཞིབ་རྒྱས་སྩལ་ནས། ཡང་ལྕགས་གཉིས་ཀྱིས་ཞྭ་དམར་རིན་པོ་ཆེ་མཇལ་བར་བཀག་འགོག་དང་། རྗེ་དཔའ་བོའི་དྲུང་ནས་བཀའ་ཆོས་གསན་པ་ལ་ཚོད་འཛིན། ཡབ་ཡུམ་གཉིས་སྒར་ནས་ཕུད་པ་སོགས་དཀའ་རྙོག་རྣམས་མྱུར་དུ་ཆོས་རྗེ་དཔའ་བོ་ཉིད་དང་སྡེ་པ་སྐུ་རབ་པ་ཁྱེད་རྣམ་གཉིས་ཀྱིས་མྱུར་དུ་ཐག་གཅོད་དགོས་ཚུལ་བཀའ་སྩལ། སྐབས་དེར་སྐུ་རབ་པའི་ཞལ་ངོ་ས་སྐྱོང་ཀརྨ་ཚེ་བརྟན་གློ་བུར་དུ་འདས་པའི་དགོངས་རྫོགས་སྒྲུབ་སླད། རིམ་གྱིས་རྒྱལ་བ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཆེན་པོ་རབ་བརྟན་ལྷུན་པོ་སྒང་གི་ཕོ་བྲང་དུ་སྤྱན་དྲངས་ཏེ། ཟླ་བ་དྲུག་པའི་ཚེས་དགུའི་ཉིན་ས་སྐྱོང་ཀརྨ་ཚེ་བརྟན་གྱི་དགོངས་རྫོགས་སྒྲུབ་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུར་ཕེབས། རྒྱལ་དབང་ཉིད་ཀྱིས་སྦྱིན་པའི་བདག་པོ་སྐུ་གཤེགས་ཀྱི་ཆེད་དུ་མིང་བྱང་ཕྱག་བཞུ་དང་ལྗགས་བསྔོ་རྒྱས་པ་གནང་། ས་སྐྱོང་ཁྲི་རིན་པོ་ཆེས་བསྔོ་བྱང་གི་རྟེན་དུ་འབུལ་བ་རྒྱ་ཆེར་མཛད། ཟླ་བ་དགུ་པའི་ཚེས་བཅུ་གསུམ་ཉིན་དཔའ་བོ་གཙུག་ལག་རྒྱ་མཚོའི་དྲུང་ནས། རྒྱལ་དབང་མཆོག་གིས་རྔོག་པའི་ཟབ་ཆོས་ཕྱག་དྲེག་མའི་སྐོར་སོགས་ལུང་ཆོས་གསན་པའི་དབུ་ཚུགས། སྐབས་དེར་བཞུགས་སྒར་གྱི་གཙོ་བོ་ཡང་ལྕགས་གཉིས་ཀྱིས་རྗེ་བཙུན་གཙུག་ལག་རྒྱ་མཚོ་ལ་ལྷོ་བྲག་ལ་ཕེབས་ན་འགབ་པའི་བསྒྱུར་སྦྱང་བྱས་པར། རྒྱལ་དབང་མཆོག་གིས་སྒར་པའི་འགོ་འཛིན་རྣམས་ཀྱི་བྱེད་སྟངས་ལ་ཐུགས་སུན་ནས། ད་ནི་སྤྱིར་སྒར་པ་འདི་རྣམས་ཀྱི་འགོ་དཔོན་དང་། ལྷག་པར་ཡང་ལྕགས་གཉིས་ཀྱི་ལག་འོག་ཏུ་སྡོད་མི་དགོས་པ་ཞིག་དཔོན་སློབ་ཁྱེད་དང་སྡེ་པ་ཁྲི་པ་གཉིས་ཀྱིས་ཤེས། ཁམས་ནས་ཡར་ཡོང་བ་ནས་བཟུང་། ད་ལྟའི་བར་དུ་རང་ལ་ལྟོས་པའི་གྲྭ་རིགས་ཡོན་བདག་ཐམས་ཅད་འཁོན་པ་འདི་ལས་གཏམ་དོན་ལེགས་པ་ཉིན་གཅིག་མ་བྱུང་། སྔར་ཕན་ཞབས་དྲུང་རང་གིས་ཐུགས་ཚོ་མ་ཟིན། དེས་ན་སྡེ་པ་ཁྲིའི་དྲུང་ལ་ངའི་བསམ་ཚོད་འདི་བཞིན་བསྒྱུར་དགོས་པའི་བཀའ་ཕེབས་པ་ལ། གཙུག་ལག་རྒྱ་མཚོའི་ཞལ་ནས། རེ་ཞིག་བཀའ་བཀོད་འདི་བཞིན་མི་གནང་བར་ཞུ། མྱུར་དུ་དགོངས་པ་དང་མཐུན་པ་ཞིག་ཡོང་བ་གཞིར་བཅས། དེ་བར་སྔར་འཁྱུད་འདི་ག་གནང་དགོས་ཞུས་ཀྱང་། རྒྱལ་དབང་མཆོག་གིས་བཀའ་གསེར་གྱི་གཉའ་ཤིང་ལྟར་ལྕི་བ་ཉིན་རེ་བཞིན་ནན་ཆེར་གནང་བས། དེ་འཕྲལ་དཔའ་བོ་གཙུག་རྒྱ་མཚོས། ས་སྐྱོང་མི་ཕམ་མཐུ་སྟོབས་རབ་བརྟན་ལ་རྒྱལ་བའི་དགོངས་ཚུལ་ཞིབ་ཕྲར་སྙན་དུ་སྒྲོན་པས། ས་སྐྱོང་ཁྲིའི་དྲུང་ནས་ཀྱང་རྒྱལ་བའི་དབང་པོའི་ཐུགས་དགོངས་དེ་བཞིན་གཏད་ཚེ། ཐབས་གང་གི་སྒོ་ནས་བསྒྲུབ་དགོས་ཀྱང་བཀའ་བཞིན་བསྒྲུབ་པ་ཞལ་གྱིས་བཞེས་ནས། རིམ་གྱིས་བསྒྲུབ་པར་ཐུགས་ཐག་བཅད། ལོ་དུས་ཀྱི་སྐུ་རིམ་དང་།

ལྕགས་སྤྲེལ་སྤྱི་ལོ(༡༦༢༠)ལོའི་ལོ་སར་གྱི་དགའ་སྟོན་སྤེལ། དེ་སྐབས་ཞབས་དྲུང་ཁྲིའི་དྲུང་གིས། སྒར་གྱི་ཁུར་བཞེས་གཙོ་བོ་ཡང་ལྕགས་གཉིས་སོགས་ཀྱིས་གང་ཟེར་ལ་ཉན་ཁུལ་བྱས། མཆུ་ཟླའི་ཚེས་ལྔ་ལ་མཉན་ཡོད་དུས་ཆེན་གྱི་སྨོན་ལམ་ཆེན་པོ་བཙུགས། ཚེས་བརྒྱད་ཀྱི་ཉིན་ཡབ་སྲས་ལྷན་ཅིག་ལྷུན་པོ་སྒང་དུ་སྨོན་ལམ་གྱི་ཚོགས་དབུར་སྤྱན་དྲངས། སྡེ་པ་གཙང་པའི་སར་ཡང་རྒྱལ་དབང་མཆོག་གི་དགོངས་བཞེད་བཞིན་འཕྲིན་ཡིག་དང་ཕོ་ཉ་བཏང་ཚུལ། སྡེ་པ་གཙང་པའི་སར་མི་སྣ་མངགས་པ་འབྱོར་ནས། གཙང་སྐུར་གྲོས་མཐུན་གཅིག་གྱུར་བྱུང་ཁུལ་གྱི་འཕྲོས་མོལ་མཛད། ཚེས་བཅོ་ལྔའི་ཉིན་སྨོན་ལམ་དངོས་གཞི་དང་། བཅུ་དྲུག་གི་ཉིན་སེར་སྦྲེང་གིས་འཆག་སྐོར་མཛད་མཐར་ཆོས་སྡེ་རྣམས་གྲོལ་རྗེས། སྒར་གྱི་ཁུར་འཛིན་ལྕགས་མོ་སྐུ་མདུན་དང་། དགེ་འདུན་ཡང་རིའི་འདྲེན་པ་ཆེན་པོ་གཉིས་སོ་སོའི་ཁང་པར་སྐུ་མཚམས་དམ་པར་བྱས་ནས། སླར་གཙང་པའི་མི་སྣའི་ཞུས་ངོར་གློད་གྲོལ་བཏང་ནས། ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ལ་ལྕགས་མོ་བ་རང་ཡུལ་དང་། ཡང་རི་དྲུང་པ་གསང་སྔགས་མཁར་དུ་རྫོང་བ་མཛད། དེ་ནས་སྐུ་རབ་ཞབས་དྲུང་ཁྲིའི་དྲུང་གིས་ཡང་ལྕགས་གཉིས་སྒར་ཆེན་ནས་གནས་དབྱུང་བཏང་དགོས་པའི་རྒྱུ་མཚན་དང་བཅས་སྡེ་པ་སྤེལ་མར་ནས་དཀོན་མཆོག་ཚེ་དབང་ཡབ་སྲས་གཉིས་མཆོད་སྟོན་གྱིས་རྫོངས་སྟ་དང་བཅས། སྡེ་སྲིད་གཙང་པའི་སར་མངགས་པས། གཙང་པས་བསམ་གྲུབ་རྩེར་བཙོན་དུ་བཟུང་། ཡར་སྟོད་པའི་ཐོག་དམག་དཔུང་རྫོངས་བའི་ངན་ཇུས་བཤམས། རྒྱལ་དབང་ཡབ་སྲས་དང་སྐུ་རབ་ཁྲིའི་དྲུང་ནས། སྒར་ཆེན་གྱི་ལས་འཛིན་བསྐོ་བཞག་མཛད། རྒྱལ་དབང་ཉིད་དང་། ལྷོ་བྲག་དཔོན་སློབ། ཞབས་དྲུང་ཁྲིའི་དྲུང་བཅས་གཙང་དུ་ཕེབས་དགོས་པའི་ཞུ་ནན་ཕུལ་ཡང་། གཙང་པའི་ངན་གཡོ་ཐུགས་ཀྱིས་མཁྱེན་ནས་མ་ཕེབས། དེ་བཞིན་དུ་གཙང་པས་ཞྭ་དམར་ཐམས་ཅད་མཁྱེན་པ་དང་། རྒྱལ་དབང་ཀརྨ་པ་མཇལ་འཕྲད་ཀྱི་སྐོར་ལའང་། རེས་འགའ་གཙང་དང་། རེས་དོལ་གྱི་ས་ཆར། རེས་ལྷ་སར་གནང་དགོས་ཞེས་ཁ་ཞེ་མི་མཐུན་པའི་གཏམ་དང་། སྟབས་ཀ་མི་འགྲིག་པའི་གྲ་སྒྲིག་གི་ལས་ཀ་དུ་མ་ལས། ཚུལ་ལྡན་ཤ་ཚར་བཅར་བའི་ལུགས་བཟང་མ་བྱས་པར་དེ་ཡི་རྒྱུ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀའི་ཆོ་འཕྲུལ་ཁོ་ནར་ངེས་པའི་རྒྱུ་མཚན་ཞིབ་ཕྲ་གཙུག་ལག་རྒྱ་མཚོའི་རྣམ་ཐར་ན་གསལ་བར་སྣང་ངོ་། །ཞེས་ཞལ་འཕངས་འདུག་པས་དཔའ་བོ་རྣམ་ཐར་རྒྱས་པ་ལག་སོན་བྱུང་ན་སྐབས་དེའི་ལོ་རྒྱུས་ལ་བདེན་དཔང་ར་སྤྲོད་ཐུབ་པར་ངེས། དེའི་སྐབས་རྒྱལ་དབང་ཀརྨ་པ་མཆོག་དང་དཔའ་བོ་གཙུག་ལག་རྒྱ་མཚོ་ཡབ་སྲས་ལྷན་ཅིག་འབྲལ་མེད་དུ། རབ་བརྟན་ལྷུན་པོ་སྒང་གི་ཕོ་བྲང་དུ་བཞུགས་ཤིང་། རྩེ་ལྷ་སྒང་གི་གཉེར་པ་ཀརྨ་དོན་ཡོད་སོགས་མི་སྣ་གལ་ཆེན་རྣམས་ཞལ་མཇལ་གནང་བ་ཕུད། ཆོས་རྗེ་དཔའ་བོའི་དྲུང་ནས་བཀའ་གདམས་གླེགས་བམ་དང་། བཀའ་བརྒྱུད་གསེར་ཕྲེང་། དུས་འཁོར་འགྲེལ་ཆེན། དབུ་ཚད་འདུལ་མངོན་སོགས་དམ་པའི་ཆོས་ཀྱི་གསན་བསམ་ཁོ་ནས་དུས་འདའ་བར་མཛད། ཟླ་བ་བཞི་པ་དང་ལྔ་པའི་མཚམས་སུ་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་སྐུ་རབ་པའི་སྟེང་དུ་དམག་བཏེག །ཞྭ་དམར་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་པ་སྣམ་ན་བཞུགས་ཡོད་པས། སྐུ་རབ་པའི་སྟེང་ལ་དཔུང་འདེགས་པ་དང་། སྤེལ་མར་ནས་སྡེ་པ་དཀོན་མཆོག་ཚེ་དབང་བཙོན་དུ་བཟུང་བ་ཐུགས་ཀྱིས་མ་བཟོད་པར། གཙང་པར་ཤེལ་སྒ་རིན་ཆེན་སྤུངས་པ་སོགས་དངོས་སྤྱད་རིན་ཐང་བྲལ་བ་དུ་མ་གནང་སྟེ། གཙང་སྐུར་རང་རང་གི་བྱུས་ལ་གནོད་ཅིང་། འཕྲལ་ཡུན་ཐམས་ཅད་དུ་མཆོད་ཡོན་གྱི་བསྟན་སྲིད་ལ་གནོད་པ་དང་། ཁྱད་པར་རྒྱལ་བ་ཡབ་སྲས་གཉིས་ལྷུན་པོ་སྒང་དུ་བཞུགས་སྐབས་འདིར། དམག་སྣ་གཏོད་པ་མི་འོས་པའི་རྒྱུ་མཚན་ཞིབ་ཕྲར་བཀའ་སྩལ་ཀྱང་། ཞྭ་དམར་རིན་པོ་ཆེའི་སྐུ་ངོས་ལ་རྩི་འཇོག་དང་བཀའ་དང་ལེན་མ་ཞུས་པ་མ་ཟད། དངོས་བརྒྱུད་དུ་མའི་སྒོ་ནས་དཔུང་དམག་བཤོལ་ཐབས་གནང་ཡང་། གཙང་པས་རྩི་མེད་དུ་བཏང་ནས་དམག་དཔུང་བཤར་བས། གར་དབང་ཐམས་ཅད་མཁྱེན་པ་ཉིད་ཀྱང་དམག་དཔུང་གི་ཕྱིས་ནས་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་ནས་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དང་ཉེ་བར་བཞུགས། འདི་སྐོར་ཙམ་ནས་རྗེ་བཙུན་གཙུག་ལག་རྒྱ་མཚོ་ཡོངས་འཛིན་དམ་པ་ཡིན་པ་གཞིར་བཞག་ཐོག །ལྷག་པར་ཟང་ཟིང་གི་དུས་སྐབས་འདིར་ཐུགས་སྒམ་དཀྱེལ་ངང་རང་ཚུགས་བརྟན་པར་བཞུགས་གཤིས། རྒྱལ་དབང་ཀརྨ་པ་ཉིད་ཀྱིས་ཕྱག་བྲིས་ཕྱག་བསྟར་མ། བྲམ་ཟེ་ཆེན་པོ་ས་ར་ཧ་དང་། འཕགས་པ་ཀླུ་སྒྲུབ། ཐུབ་པའི་དབང་པོ། འཇམ་དབྱངས། མགོན་པོ་ཕྱག་དྲུག་པ་རྣམས་ཀྱི་སྐུ་ཐང་། ཕྱག་བསིའི་རྣམ་སྣང་། གཞན་ཡང་སྒྲོལ་སྔོན་གྱི་ལི་སྐུ་དང་། ཨིནྡྲ་ནཱི་ལའི་ཕྱག་ཕྲེང་བརྒྱ་རྩ་བརྒྱད་སོགས་བཀའ་དྲིན་གཟེངས་གསོལ་ཚུལ་དུ་ཕུལ།

སྐབས་དེར་གཙང་དཔུང་གྲི་གུར་སླེབ་པ་ན། གར་དབང་ཐམས་ཅད་མཁྱེན་པ་ཆེན་པོས། གཙང་སྐུར་ཕན་ཚུན་ལེགས་སྤེལ་གྱི་ཐབས་སྒོ་དུ་མ་མཛད་ཀྱང་། གཙང་སྐུར་གཉིས་ཀས་རང་ཐོག་ཏུ་དུས་བབ་ཅི་འདྲ་ཡོང་བར་ཤེས་པའི་རྣམ་དཔྱོད་མེད་པས། རྒྱལ་དབང་ཡབ་སྲས་ལ་རྩི་འཇོག་སྐུ་ངོ་གཏན་ནས་མ་ཕུལ་བས། སྡེ་གཟར་གཡུལ་འཁྲུག་གི་ཡོ་འཁྱོམས་ཚབ་ཆེན་གྱུར། དེའི་ཚེ་རྒྱལ་དབང་མཆོག་ནས། ཐུགས་རྗེ་ཆེན་པོས་ལེགས་པར་དགོངས་ཏེ་ཕྱོགས་འདིར་ཕེབས་པ་བཀའ་དྲིན་ཆེ་ཞིང་། མྱུར་དུ་མཇལ་བའི་བསོད་ནམས་ཀྱི་སྐལ་བ་སྩོལ་བའི་སླད་དུ་ཆིབས་ཀྱི་ཁ་ལོ་འདིར་བསྐྱོད་པ་དང་། སྐུ་རབ་ཀྱི་སྡེ་པ་འབངས་དང་བཅས་པ་ཉེས་པ་མ་མཆིས་པ་འདི་རྣམས་བསྲུང་བ་དང་སྐྱོབ་པའི་བཀའ་དྲིན་སྩལ་དུ་གསོལ་ཞེས། གར་དབང་ཐམས་ཆད་མཁྱེན་པའི་དྲུང་དུ་ཞུ་འཕྲིན་གནང་བས།

ལྕགས་སྤྲེལ་སྤྱི་ལོ(༡༦༢༠)ལོའི་ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ཉིན་གར་དབང་ཐམས་ཅད་མཁྱེན་པ་ཉིད་ཡར་སྟོད་ལྷུན་པོ་སྒང་དུ་ཕྱག་ཕེབས་ཤིང་། གཟིམས་ཆུང་ཆོས་དབྱིངས་ཕོ་བྲང་དུ་རྒྱལ་བའི་དབང་པོ་ཀརྨ་པའི་ཞབས་ཀྱི་པདྨོ་ལ་ཕྱག་མཛད་ཅིང་། ཡབ་སྲས་རྣམས་ཞལ་འཛོམས་བྱུང་། ཐུགས་ཀྱི་བཞེད་དོན་འགྲུབ་པས་དགྱེས་པ་ཆེན་པོའི་སྒོ་ནས་ཕན་ཚུན་མཇལ་སྐྱེས་འབུལ་གནང་མཛད། འདི་ལྟ་བུའི་རྒྱལ་བ་ཡབ་སྲས་ཞལ་རྒྱས་བྱུང་བ་ནི། རྒྱལ་དབང་མཆོག་ནས“ཐུགས་རྩོལ་ཆེ་མཛད་པར་བརྟེན། རྗེ་བཙུན་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས་ཞེས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རྡོ་རྗེ་འཛིན་པའི་གཟུགས་སུ་བྱོན་པ་ཉིད་དང་། ས་སྐྱོང་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་ཞེས་རྒྱལ་པོའི་སྲིད་ལས་བླ་མ་གཅེས་པར་འཛིན་པའི་དད་སྟོབས་དང་ལྡན་པ་མཆོད་ཡོན་ཟུང་གིས་ཕྲིན་ལས་དྲག་པོའི་སྒོ་ནས་བསྟན་པའི་དབྱེན་གྱི་གཞི་ཕྱིར་དབྱུང་བ་བྱས་ཏེ། རྒྱལ་བ་འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པ་ཆེན་པོའི་བཞེད་དོན་ལེགས་པར་བསྒྲུབས། དེ་དང་ཕྱོགས་མཐུན་པར་རྒྱལ་བ་གར་གྱི་དབང་པོ་ཞྭ་དམར་ཅོད་པན་འཛིན་པ་ཡབ་སྲས་ཉི་ཟླ་ཟུང་འབྲེལ་དུ་ཞལ་རྒྱས་པའི་བཞེད་དོན་འགྲུབ་པ་དང་། གཞན་ཡང་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན། ཡབ་ཡུམ་རྗེ་དབོན་དང་བཅས་པ་རྣམས་རྒྱལ་བ་ཀརྨ་པའི་ཞམ་རིང་དུ་བསྙེན་པའི་སྐལ་བཟང་ཐོབ་པ་ནི། རྗེ་བཙུན་གཙུག་ལག་རྒྱ་མཚོ་དང་། ས་སྐྱོང་སྐུ་རབ་པ་གཉིས་ཀྱི་དྲིན་ལས་བྱུང་བར་ཤེས་དགོས་ཤིང་། ཤེས་པ་ཙམ་གྱིས་མི་ཆོག་རྗེས་སུ་ཡི་རང་བའི་བཀའ་དྲིན་གསོལ་ཕྱོགས་ཀྱང་བྱ་དགོས་སོ། །”ཞེས་རྒྱལ་དབང་ཀརྨ་པ་ཆེན་པོའི་སྐུའི་རིམ་གྲོ་པ་རབ་འབྱམས་པ་ཀུན་ཏུ་བཟང་པོའི་གསུང་། 《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས་གསུངས་སོ། །

དུས་སྐབས་དེར་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་སྡེ་པ་སྐུ་རབ་པའི་ཐོག་ལ་དཔུང་འཇུག་བྱེད་པའི་དམིགས་འབེན་གཙོ་བོ་མངའ་ཁོངས་རྒྱ་བསྐྱེད་དང་དབུས་གཙང་ཡོངས་རྫོགས་དབང་བསྒྱུར་བྱེད་ཆེད་ཡིན་ཏེ། ཕྱོགས་གཞན་ཞིག་ནས་བསམ་ན་ཀརྨ་པའི་བཞུགས་སྒར་གྱི་འགོ་གཙོ་ཡང་ལྕགས་གཉིས་མཐའ་སྐྲོད་གཏོང་བར་དང་ཐོག་གཙང་པར་སྙན་སྒྲོན་མ་ཕུལ་བར། སྡེ་པ་སྐུ་རབ་པ་དང་། དཔའ་བོ་གཙུག་ལག་རྒྱ་མཚོ་རྣམ་གཉིས་ཀྱིས་གཙང་པའི་བཀའ་ཁྲོལ་ཐོབ་པར་རྫུས་ནས། ཡང་ལྕགས་གཉིས་བཀག་ཉར་དང་ཕྱིར་ཕུད་བཏང་བ་ལའང་ཁོང་ཁྲོ་ལངས་པའི་རྣམ་འགྱུར་མངོན། སྐུ་རབ་པས་ཡང་ལྕགས་གཉིས་ཀྱི་སྐོར་སྙན་གསན་ཞུ་བར་བཏང་བའི་མི་སྣ་བཙོན་དུ་བཅུག་པས་ཀྱང་མཚོན་ནུས། གང་ལྟར་ཐམས་ཅད་མཁྱེན་པ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་སྔ་ཕྱི་ཀུན་ཏུ་ཐུགས་བརྩེའི་སྒོ་ནས་ཞི་མཐུན་ཡོང་ཐབས་གནང་ཡང་སྐུ་ངོར་མ་བལྟས་ཤིང་ཤ་ཚའི་གསུང་མོལ་ཡང་རྩིས་མེད་དུ་བཏང་ནས། གཙང་པས་སུ་གང་ལའང་མ་བསྟུན་ནས་རང་འདོད་ཕུགས་བཅུག་གི་རང་གི་ཁེ་ཕན་ཕྲན་བུ་ཙམ་གྱི་ཆེད་དུ་སྐུ་རབ་པའི་ཐོག་ཏུ་དམག་དཔུང་བཏེག་པ་ནི་གནས་སྐབས་རྒྱལ་ཁ་ཐོབ་ཙམ་བྱུང་ཡང་། མིག་རྒྱང་ཐུང་དྲགས་པ་རང་མགོ་ཆུ་འདྲེན་གྱི་དཔེ་ལྟར་སོང་བར། རྒྱལ་དབང་ཀརྨ་པ་ཆེན་པོའི་སྐུའི་རིམ་གྲོ་པ་རབ་འབྱམས་པ་ཀུན་ཏུ་བཟང་པོའི་གསུང་། 《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས། “དེར་ཡབ་སྲས་གསུམ་དང་ཞབས་དྲུང་ཁྲི་རིན་པོ་ཆེ་བཅས་སྡེ་གསར་ཞོད་འཇགས་ཀྱི་བཀའ་གྲོས་ཐུགས་ཡིད་གཅིག་འདྲེས་ལྷད་མེད་དུ་གནང་བའི་ཐོག་མར། གར་དབང་ཐམས་ཅད་མཁྱེན་པའི་ཕྱག་མཛོད། དབྱེ་གོ་ར་ཆོས་རྫོང་དུ། གཙང་སྡེ་སྲིད་དུ་གནང་། དེར་རྗེས་གར་དབང་ཐམས་ཅད་མཁྱེན་པ་ཉིད་ཕེབས་ཏེ་གནང་སྦྱིན་མང་པོ་དང་བཅས། ལེགས་སྤེལ་གྱི་བཀའ་ཡང་དག་པར་སྩལ་བའི་སྙིང་པོ་ལ། སྐུ་རབ་རྙིང་ཁུངས་དང་། ཡར་སྟོད་ལྷུན་པོ་སྒང་རྙིང་ཁུངས་ཀྱི་མངའ་འབངས་དང་བཅས་པ། རྗེ་ཡབ་སྲས་གསུམ་གྱི་སྐུ་ངོ་ལ་འཇགས་པའི་འཇོག་སོ་ཡོད་ཙམ་བྱུང་། རིང་པོར་མ་ལོན་པར་འཕྱོང་རྒྱས་པས་ཡུལ་ལོག་བྱས། མཁྱེན་རབ་དཔལ་བཟང་བསད། འཕྱོང་རྒྱས་ཀྱི་རྫོང་རྩིས་བླངས། ཡར་སྟོད་རང་ནས་ཟིང་བཤིག་མཛད་པས། སྐུ་རབ་རྙིང་ཁུངས་ལྷུན་པོ་སྒང་དང་བཅས་པའི་འཇགས་གནས་ཀྱི་ལུགས་སུ་ཡོད་པ་དེ་ཡང་། མི་གནས་པའི་རྐྱེན་དབང་དུ་སོང་། གཙང་སྡེ་སྲིད་ཀྱང་ཇུས་ཀྱི་འགྲོ་ཁྱབ་མངའ་ཐང་ཆེ་བ་བྱུང་ཀྱང་། རྒྱལ་བ་ཡབ་སྲས་ཆོས་དབང་ཞུས་ཀྱི་བླ་མར་བསྟེན་བཞིན་དུ། དད་པ་དམ་ཚིག་མཆོད་ཡོན་གཞུང་གང་ལའང་མ་བརྩིས་པའི་རྒྱུ་ལས་ཡར་ལམ་གྲྭའི་ཡུལ་དུ་བྱོན་པ་ན་འབྲུམ་ནད་ཀྱིས་གཤེགས། ཕོ་བྲང་བསམ་རྩེར་དཔོན་ས་ཧོར་མོ་ཡང་དུས་དེར་འདས། སྡེ་སྲིད་གནམ་དུ་གཤེགས་རྗེས་སྡེ་གསར་གྱི་མཇུག་སྐྱོངས། གཟུགས་པོ་བ་དང་། གངས་ཆེན་པ་གཉིས་ཀྱིས་བྱས་པར། ཡབ་སྲས་གསུམ་གཙང་ཕྱོགས་ལ་ཕེབས་དགོས་པའི་རྒྱུ་མཚན་ཕུལ་བ་དེ་ལ། རེ་ཞིག་ལྷོ་བྲག་ཕྱོགས་ལ་ཕེབས་རྒྱུའི་བཀའ་སྩལ་བ་ལ། འོ་ན་ཁྱེད་རང་ཚོ་ལྷོ་ལ་འགྲོ་ན་ལྷོ་ལ་སོང་། བྱང་གནམ་མཚོ་ལ་འགྲོ་ན་བྱང་གནམ་མཚོ་ལ་སོང་། སྡེ་པ་གཙང་པ་བླ་མས་ཐོགས་མི་ཡོང་ཟེར་བ་སོགས་ངན་སྨྲ་མང་དུ་བྱས་པ་མཐོང་བའི་ཆོས་ལ་རྣམ་སྨིན་མྱོང་འགྱུར་དེ་བཞིན་བྱུང་བ་ནི། ཇི་སྐད་དུ། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་འབྱུང་བ་ལྟར། ཡུལ་ཁྱད་པར་ཅན་ལ་བདེ་བའི་རྣམ་སྨིན་འཕྲལ་དུ་མྱོང་བ་ནི་ཨ་རེ་འཇིགས་སོ། །”ཞེས་གསལ་བས་སོ། །

དེས་ན་ས་ཁུངས་དང་མངའ་རིས་བཅད་བཟུང་སྐོར་འདིར་གསལ་བཞིན་ལས་བསྐྱར་བརྗོད་མི་དགོས། འདིར་སྐབས་དོན་ཡར་སྟོད་དང་འབྲེལ་བའི་སྐོར་ཡིན་པས། རྒྱལ་དབང་ཡབ་སྲས་གསུམ་གྱི་སྐུ་ངོར་ཡར་སྟོད་ལྷུན་པོ་སྒང་གི་དེ་སྔའི་མངའ་ཁོངས་འཇགས་པར་བྱས་ཀྱང་། འཕྱོང་རྒྱས་པས་ངོ་ལོག་ཟིང་འཁྲུག་བསླང་པས་རྐྱེན་ནས། སྡེ་པ་སྐུ་རབ་པའི་མངའ་འབངས་ཡོངས་རྫོགས་གཙང་པས་བླངས་པར་གྱུར་ཀྱང་། འོན་ཀྱང་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་ནི་གྲ་མ་ཆག་གྲུ་མ་ཞིག་པར་རང་སོར་གནས་པར་མངོན། རྒྱལ་དབང་ཀརྨ་པ་དང་། ཆོས་རྗེ་དཔའ་བོ་ཡབ་སྲས་སྒར་དམངས་དང་བཅས་པ། ཧོར་ཟླ་བཅུ་གཅིག་པའི་ནང་དགའ་ཚལ་གཞུང་ལུགས་གླིང་པའི་དགེ་འདུན་སྤྱི་ནས་སྤྱན་དྲངས་ཏེ། དངོས་འབྱོར་གྱི་འབུལ་བ་ཕུན་སུམ་ཚོགས་པ་ཕུལ་ཞིང་། རྒྱལ་དབང་མཆོག་གིས་དབུ་ཞྭ་རིན་པོ་ཆེ་འཛམ་གླིང་གཡས་བཞག་བཞེས་ནས་སྐུའི་དཀྱིལ་འཁོར་གྱི་མཇལ་ཁ་དང་། དགེ་འདུན་རྣམས་ལ་མང་འགྱེད། གཙུག་ལག་ཁང་རྟེན་དང་བརྟེན་པར་སྙན་དར་སྒྲོན་འབུལ་ཕྱག་ནས་ཀྱི་བྱིན་རླབས་སོགས་མཛད། དེ་ཕྱོགས་དང་གློ་བུར་དུ་ལྷགས་པའི་སྐྱེ་འགྲོ་མཐའ་དག་ལ་གསུང་ཆོས་ཀྱི་བཀའ་དྲིན་སྩལ། གཞན་ཡང་སྐབས་དེར་ཟུར་མང་འཚེར་ལུང་པ་ཀུན་དགའ་སྙིང་པོ་སོགས་ཁམས་འགྲུལ་བ་མང་པོ་དང་། ཟུར་ལྕོག་གཉིས་ཀྱང་རྒྱལ་དབང་མཆོག་མཇལ་དུ་བྱོན། ལོ་མཇུག་སྐུ་རིམ་བཙུགས་ཤིང་།

ལྕགས་བྱ་སྤྱི་ལོ(༡༦༢༡)ལོའི་ལོ་སར་ལྷུན་པོ་སྒང་དུ་མཛད། དུས་ཚོད་དེ་དག་རིང་རྒྱལ་དབང་མཆོག་གིས་ཆོས་རྗེ་དཔའ་བོའི་དྲུང་ནས་མཁའ་སྤྱོད་དབང་པོའི་བཀའ་འབུམ་དང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཕྱག་ཆེན་རྒྱ་གཞུང༌། འབྲི་གུང་ཟབ་ཆོས་སོགས་དམ་པའི་ཆོས་ཀྱི་གསན་བསམ་ལྷོད་མེད་དུ་མཛད། དེའི་ཚེ་རྒྱལ་དབང་མཆོག་ལ་སིབ་བི་དང་། འབྲུམ་པ་གང་ཡིན་མི་ཤེས་པའི་སྙུན་བབས་ཆེ་བ་བྱུང་བར། ང་ད་རེས་ཀྱི་ནད་འདིས་སྐྱོན་མི་ཡོང་། གལ་སྲིད་ཤི་བ་འདྲ་བྱུང་ན་གཞན་རྣམས་དགའ་འགྲོ་གསུང་བ་སོགས། དེ་སྐབས་ཀྱི་གྲྭ་རིས་ཡོན་བདག་རྣམས་ལ་ཐུགས་ཆད་པའི་གསུང་དུ་མ་བྱོན། ཞབས་དྲུང་ཁྲིའི་དྲུང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་ལའང་འབྲུམ་པ་སྙུང་བ་ལ། རྒྱལ་དབང་མཆོག་ནས་ཐུགས་བརྩེའི་སྒོ་ནས་སྙུན་དྲི་ཡང་ཡང་མཛད་པ། ཆོས་རྗེ་དཔའ་བོ་ལ་ཞབས་དྲུང་སྙུན་ལས་མྱུར་དུ་གྲོལ་བའི་ཐུགས་དམ་སྐྱབས་འཇུག་དགོས་གསུང་བ་དང་། དྭགས་ཀོང་། བྱར་གཉལ། ཡར་ཤར་ནུབ། ལྷོ་ཕྱི་ནང་། གྲྭ་དོལ་སྐྱིད་འཕན་ཡངས་པ་ཅན་ཚུན་གྱི་དགོན་སྡེ་རིས་མེད་པ་རྣམས་ལ་མང་འགྱེད་རྣམ་གཞག་སྐུའི་རིམ་གྲོ་སྒྲུབ་པ་བཅས། ཐུགས་ཁྲལ་ཆེན་པོ་གནང་བས། ཞབས་དྲུང་ཉིད་མྱུར་བ་ཉིད་དུ་སྙུན་དྭངས།

ཟླ་བ་གསུམ་པའི་ཉེར་གཉིས་ལ་ཞྭ་དམར་ཐམས་ཅད་མཁྱེན་པ་ཁྲོམ་སར་དུ་ཕེབས།  ཟླ་བ་བཞི་པའི་ཚེས་བཞིའི་ཉིན་ཡབ་སྲས་རྣམ་པ་གསུམ་ཞལ་རྒྱས་ཀྱི་ཕྱིན་ཆད་བསྟན་འགྲོ་དོན་དུ་མཛད་ཕྲིན་ཇི་ལྟར་སྐྱོང་བའི་ཚུལ་བཀའ་གྲོས་མཛད། ཞྭ་དམར་རིན་པོ་ཆེས་དེ་སྔོན་ཀར་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བའི་སྐོར་དང་། ཉིད་ཀྱི་སྐུ་ཆས་སྒར་གཞིས་གྲྭ་འཁོར་དང་བཅས་པ་འབུལ་ནས། རྗེ་ཉིད་མངོན་ཆུང་གི་སྒོ་ནས་སྒར་ཁོངས་སུ་བཞུགས་པའང་ཙཱ་རི་སོགས་རི་ཁྲོད་ཞིག་ཏུ་སྒོམ་སྒྲུབ་གནང་བཞིན་བཞུགས་ཆོག་པར་རྒྱལ་བའི་དབང་པོར་དགོངས་ཁྲོལ་ཞུ་བའི་སྙན་གསན་ཕུལ།

ཟླ་བ་བཞི་པའི་ཚེས་བཅོ་ལྔའི་ཉིན། རྒྱལ་བ་འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པ་ཆེན་པོ་དང་། དཔའ་བོ་རིན་པོ་ཆེ་སྒར་དམངས་དང་བཅས་པ་ཁྲོམ་སར་ཀརྨ་ལྷ་ཁང་དུ་སྤྱན་དྲངས། དགའ་ཚལ་གཞུང་ལུགས་གླིང་པ་དང་། ཟུར་རི། ལྕོག་གྲྭའི་དགེ་འདུན་རྣམས་ཀྱིས་མཆོད་པའི་ཡོ་བྱད། གདུགས་དང་། རྒྱན་སོགས་རོལ་མོའི་བྱེ་བྲག་སྣ་ཚོགས་པ་ཐོགས་པའི་སེར་སྦྲེང་གིས། རབ་བརྟན་ལྷུན་པོ་སྒང་གི་ཕོ་བྲང་ནས། ཁྲོམ་སར་ཀརྨ་ལྷ་ཁང་གི་བར་ཡོངས་སུ་གང་བས་གཟབ་རྒྱས་ཀྱིས་མདུན་བསུ་བཞིན་དུ་ཕེབས། གར་དབང་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་ཕྱག་ན་སྤོས་ཕོར་བསྣམས་ནས་ཁྲོམ་སར་གྱི་ལྕགས་རིའི་ཕྱི་རོལ་ཏུ་ཞབས་ཐང་གིས་བསུ་བ་ལ་ཕེབས་ཤིང་། གཟིམ་གུར་ཆེན་མོར་རྟེན་མཆོད་ཁྱད་པར་ཅན་དང་། ཡོལ་བ། བླ་བྲེ། འཕན། ལྡ་ལྡི་མཛེས་པར་བཤམས་པ་དེར། མི་འཇིགས་སེང་གེའི་ཁྲི་ཆེན་པོར་བཞུགས་སུ་གསོལ་ཏེ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་མཆོག་གིས་ཐོག་མར་རྒྱལ་ཚབ་གནང་དུས་རྩིས་སྤྲོད་དུ་གནང་བའི་སྒར་ཆེན་གཞུང་གི་སྐུ་ཆས་རྣམས་ཕུལ། དེ་ནས་བཀའ་བརྒྱུད་རིན་པོ་ཆེའི་རྣམ་ཐར་ལས་ཇི་ལྟར་འབྱུང་བ་བཞིན། རྗེ་ཞྭ་དམར་བ་ཉིད་ཀྱི་སྐུ་ཆས། རྟེན་མཆོད་ཆ། ཁྱད་པར་དུ་འཕགས་པའི་ནོར་སྣ། ཐབ་གདན་ཆ། གུར་སྒར་ཆས། སྒར་ཆོས་སྡེ་ཡོད་དོ་ཅོག་འབུལ་ཡིག་ཏུ་བཀོད་དེ་ཕུལ་ནས། རྒྱལ་བ་འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པ་ཆེན་པོ། རྒྱ་བོད་ཧོར་གསུམ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་སྒར་ཆེན་ཆོས་ཀྱི་ཕོ་བྲང་ཆེན་པོའི་མགོན་དུ་བཞུགས་པར་གསོལ། འོན་ཀྱང་རྒྱལ་དབང་ཀརྨ་པ་མཆོག་གིས། རྒྱལ་བ་གར་དབང་ཐམས་ཅད་མཁྱེན་པའི་ཞབས་བརྟན་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞབས་པད་བརྟན་ཅིང་། བཞུགས་སྒར་གྱི་ཕྲིན་ལས་སྔར་བཞིན་སྐྱོང་བར་གསོལ་བ་འདེབས་ཞེས་བཀའ་སྩལ་བས། ཡབ་སྲས་ཞལ་རྒྱས་རྣམས་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར། ཞྭ་དམར་ཆོས་ཀྱི་དབང་ཕྱུག་མཆོག་གིས་སྒར་དམངས་དང་གཞི་བྱེས་ཀྱི་འདུས་གྲྭ་ཡོངས་ལ་མོས་གུས་ཆེན་མོའི་ཁྲིད་དང་། སྨོན་འཇུག་སེམས་བསྐྱེད་ཀྱི་བསླབ་པ་སོགས་ཀྱི་གསུང་ཆོས་ཅི་རིགས་སྩལ།

འདིར་སྡེ་པ་སྐུ་རབ་པའི་སྐོར་དང་། རྒྱལ་དབང་ཡབ་སྲས་གསུམ་གྱི་དུས་སྐབས་དེར་མཛད་འཕྲིན་ཇི་ལྟར་བསྐྱངས་པ་སོགས་ཞིབ་ཙམ་བཀོད་པ་ནི། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་དང་འབྲེལ་བ་དམ་ཟམ་ཆགས་ཡོད་པས་ཡིན། རྒྱབ་ལྗོངས་ནི། རྒྱལ་དབང་ཀརྨ་པ་ཆེན་པོའི་སྐུའི་རིམ་གྲོ་པ་རབ་འབྱམས་པ་ཀུན་ཏུ་བཟང་པོའི་གསུང་། 《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལ་གཞི་བཅོལ་ཞིང་སྐབས་བབས་ཀྱི་གཙོ་གནད་རྣམས་སྣོན་འཕྲི་ཅུང་ཟད་བགྱིས་ཤིང་ཚིག་ཚོགས་འཚམ་པར་བྱས་པ་ཙམ་ལས་ནང་དོན་གྱི་ཆ་ལ་བཅོས་ལྷད་བྱས་མེད། དེར་མི་གསལ་བ་འབེ་ལོ་ཚེ་དབང་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་ཞྭ་དམར་དྲུག་པའི་རྣམ་ཐར་ཐད་ནས་དྲངས་ཤིང་གསབ་སྣོན་བྱས་ཤིང་། གནད་དོན་གལ་ཆེན་རྣམས་རྣམ་ཐར་ལས་ཐད་ཀར་བཀོད་ཡོད།

ཤིང་ཕག་སྤྱི་ལོ(༡༦༣༥)ལོར་རྒྱལ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཆོག་མཚུར་ཕུ་ནས་ཆིབས་ཁ་བསྒྱུར་ནས། ཆུ་ཤུལ་སྨྱུག་ལར་ཕེབས་ཐོག་ཙཱ་རི་གནས་ནང་དུ་མ་ཕེབས་བར་ཞབས་ཐང་དུ་ཕེབས་པའི་དབུ་བཙུགས། དེ་ནས་རིམ་གྱིས་དོལ་རྣམ་རྒྱལ་སོགས་བརྒྱུད་དེ། ཡར་སྟོད་ཁྲོམ་སར་ཀརྨ་ལྷ་ཁང་དུ་ཕེབས་ཐོག །དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་གྲྭ་ཚང་གིས་སྤྱན་དྲངས་ཤིང་བཀའ་ཆོས་ཀྱང་ཅི་རིགས་གནང་ཡོད་པར་སེམས། གཞན་ཡང་ལྷ་བུག་པ་ཅན་གྱིས་བསམ་གྲུབ་བདེ་ཆེན་རྩེའི་གཞིས་ཀར་གདན་འདྲེན་ཞུས་ཤིང་འབུལ་མཆོད་རྒྱ་ཆེར་བསྟབས་པར་བསྔོ་སྨོན་ཟབ་རྒྱས་གནང་བ། གཡའ་བཟང་དགོན་པ་སོགས་ལ་ཕེབས་པར་མཛད་དེ་མཛད་རིམ་བསྐྱངས་པར་མཛད། སྐབས་དེར་རྒྱལ་མཆོག་བཅུ་པ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་པའི་སྐོར། རིམ་གྲོ་པ་རབ་འབྱམས་པ་ཀུན་ཏུ་བཟང་པོའི་གསུང་། 《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས། “ཡར་སྟོད་ཁྲོམ་སར་ཀརྨ་ལྷ་ཁང་དུ་ཕེབས། དགའ་ཚལ་གཞུང་ལུགས་གླིང་པ། བསམ་སྡེ། གཡའ་བཟང་སོགས་དགོན་སྡེ་སོ་སོས་སྤྱན་དྲངས་ཤིང་མཆོད་པའི་དངོས་པོ་ཀུན་གྱིས་བསྙེན་བཀུར། ཤི་གསོན་གྱི་དོན་དུ་བྱང་བུ་ཕྱག་བཞུ་བསྔོ་བ་སྨོན་ལམ་དང་། ཚེ་རིང་ནད་མེད་བསམ་དོན་འགྲུབ་པའི་སྨོན་ལམ་ཕྱག་བྲིས་མིང་ཡིག་དང་བཅས་པ་གནང་།” ཞེས་གསལ། རྒྱལ་དབང་ཀརྨ་པ་མཆོག་དགའ་ཚལ་དུ་ཕེབས་པ་ཤིང་གླང་ལོ་ཡིན་པ་ནི། 《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས། “ཆུ་མདོ་བྱང་དུ་ཕེབས་པ་ན། སོག་པོ་རྟ་ཁྲ་ཅན། ཡར་འབྲོག་ཏུ་སླེབ་པའི་གཏམ་དང་། གཙང་ས་ནས་ནོར་བུ་དབང་རྒྱལ་ལོ་གསར་འབུལ་བ་དང་། སོག་པོ་འདིས་ཧམ་པ་ཚོད་མེད་བྱས་བྱུང་བར། མངའ་འོག་གི་དམག་བསྡུ་སྐབས་ཡིན།” ཞེས་པ་ཙམ་ལས་ལོ་ཚིགས་མ་སྨོས་ཀྱང་། 《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་》ལས། “དགུན་སྨད་སོག་པོའི་གཡས་རུ་འབྲི་གུང་དང་། གཡོན་རུ་གཙང་བྱང་རྒྱུད་ལ་བཏེག །ཐའི་ཇི་རང་གིས་གཙོས་པའི་དམངས་མ་ཡར་འབྲོག་ཏུ་ཁ་བསྟད་པའི་བདེ་གཟར་ཆེན་པོ་ལངས།” ཞེས་སོགས་གསལ་བས། དགུན་སྨད་དེ་ནི་གོང་གི་རྣམ་ཐར་གྱི་འཕྲོ་ནས་མར་དེད་པས་ཤིང་གླང་ལོའི་དགུན་སྨད་ཡིན་ལ། དེ་ནས་རིམ་གྱིས་འཕྲོ་དེད་པས། “མེ་ཕོ་བྱི་བའི་ལོ་གསར་གྱི་རྟེན་འདོགས་གྲུབ་མཚམས་ཨར་ས་ལང་གིས་ལྷ་སར་ཡོང་དགོས་ཚུལ་ལབ་པར།” ཞེས་སོགས་གསལ་བས། ཤིང་གླང་ལོ་ཡིན་ཞིང་། སྤྱི་ལོ(༡༦༣༥)ལོར་ཁེལ་བ་ཤེས་ཐུབ་བོ། །

༡༣༽ རྒྱལ་ཚབ་གྲགས་པ་མཆོག་དབྱངས་དགའ་ཚལ་ཆོས་གྲྭར་ཕེབས་པའི་སྐོར།

ཆུ་སྤྲེལ་སྤྱི་ལོ(༡༦༣༢)ལོར་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཞབས་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་ཕེབས་ཤིང་། ཆོས་གྲྭའི་དགེ་འདུན་རྣམས་ཀྱིས་དབུ་ཕར་འདུལ་མངོན་ཚད་མ་སྟེ་གཞུང་ཆེན་རྣམས་ལུང་རིགས་བརྒལ་བརྟགས་ཀྱི་སྒོ་ནས་བགྲོ་གླེང་གི་མཆོད་པས་ཐུགས་དགྱེས་པར་བསྐྱེད། རྒྱལ་ཚབ་ལྔ་པ་ཡར་སྟོད་དུ་ཕེབས་ལོ་ཆུ་སྤྲེལ་ཡིན་པ་ནི། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་རྒྱལ་ཚབ་གྲགས་མཆོག་དབྱངས་རྣམ་ཐར་ཐད། “ཆུ་སྤྲེལ་སྨོན་ལམ་སོགས་གྲུབ་ནས།” ཞེས་སོགས་ནས། “ཐར་པ་གླིང་དང་། ཡར་སྟོད་ཀརྨ་ལྷ་ཁང་དུ་ཕེབས་ཚེ། གཞུང་ལུགས་གླིང་པས་བགྲོ་གླེང་གི་མཆོད་པ་ཕུལ།” ཞེས་གསལ་བ་དང་། མཚུར་ཕུར་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་དགོངས་རྫོགས་སྒྲུབ་ཚུལ་འཁོད་ཅིང་། “སི་ཏུ་ཆུ་སྤྲེལ་ལོ་ལྷོ་བྲག་གུར་ཁྱིམ་དུ་ཞི་བར་གཟིམས།” ཞེས་ཟླ་ཕྲེང་སི་ཏུའི་རྣམ་ཐར་ལས་འཁོད་པས་ཀྱང་ཆུ་སྤྲེལ་ལོར་རྒྱལ་ཚབ་རིན་པོ་ཆེ་ཡར་སྟོད་དགའ་ཚལ་དུ་ཕེབས་པ་ཤེས་ཐུབ་བོ། །

དེ་ནས་རྒྱལ་དབང་ཀརྨ་པ་ཆེན་པོ་ཀོང་པོ་ནས་ཡར་དབུས་སུ་ཆིབས་བསྒྱུར་གནང་ནས། “ཞོ་མང་ཐང་དུ་ཕེབས་པ་ན། ཡར་ཤར་ནུབ་དང་ལྷོ་ཤར་གྱི་ཞལ་མཇལ་བ་མང་དུ་ལྷགས་ཤིང་།” ཞེས《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས་གསུངས་པས། སྐབས་དེར་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་འདུས་དམངས་ཀྱང་རྒྱལ་དབང་མཆོག་གི་ཕེབས་བསུར་ཞོ་མང་ཐང་ཞེས་པའི་ས་ཆར་སྐུ་བཅར་ཞུས་པ་ལས། རྒྱལ་དབང་མཆོག་དགའ་ཚལ་དུ་ཆིབས་བསྐྱོད་གནང་མེད་པར་མངོན། སྤྱིར་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཚུགས་པ་ནས་བཟུང་སྡེ་དཔོན་སོ་སོའི་མངའ་ཁོངས་རྒྱ་བསྐྱེད་དང་། སྡེ་རིས་བཅད་བཟུང་། ཆོས་ལུགས་གྲུབ་མཐའི་བར་འཐེར་འཁྱེར་སོགས་ཀྱི་འཐབ་རྩོད་རབ་དང་རིམ་པ་བྱུང་བ་དང་། དེ་དང་ཆབས་ཅིག་ས་དགེ་བཀའ་རྙིང་གི་མཐོ་རིམ་མི་སྣས་སྟོབས་ཤུགས་ཅན་གྱི་སྦྱིན་བདག་ལ་རྒྱབ་བརྟེན་བཅོལ་བ་སོགས་དཀའ་རྙོག་མང་པོ་བརྒྱུད་དེ། དུས་རབས་བཅུ་བདུན་པར་སླེབས་འཕྲལ་གཙང་པ་སྡེ་སྲིད་ཀྱི་སྟོབས་ཤུགས་ཇེ་རྒྱས་སུ་སོང་བས། དགེ་གཙང་གཉིས་ཀྱི་བར་འཐབ་རྩོད་རྣོ་ངར་ཅན་དུ་གྱུར་ཅིང་། དགེ་ལུགས་པས་སོག་པོ་ལ་རྒྱབ་རྩ་བཅོལ་ནས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད་པའི་འགོ་བཙུགས་སོ། །

༡༤༽ དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭ་མཇུག་ཇི་ལྟར་སྡུད་པའི་སྐོར།

ལྕགས་སྦྲུལ་སྤྱི་ལོ(༡༦༤༡)ལོར་རྒྱལ་བའི་དབང་པོ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཆོག་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས་སྒར་ཆེན་དང་བཅས་པར་ཆུ་ཤུལ་བཟད་གཞིས་ཀར་བཞུགས་ཐོག །རྒྱལ་དབང་མཆོག་གི་གཟིམ་གཡོག་རབ་འབྱམས་པ་སྒར་པ་ནང་ཁུལ་མིའི་རྐྱེན་ལམ་དུ་བཏང་ཞིང་། མི་གསོད་གཏེ་པོ་དང་དེའི་ཕྱོགས་གཏོགས་རྣམས་སྒར་ཆེན་གྱི་ཁུངས་ནས་ཐོན། རྒྱལ་ཚབ་དབུ་བཞུགས་ཀྱི་རབ་འབྱམས་པའི་རྗེས་སྒྲུབ་གནང་གྲུབ་ནས། གནས་ནང་རྒྱལ་བའི་རི་ཁྲོད་དུ་ཕེབས་ཤིང་བཞུགས་པའི་ཚེ། སོག་པོ་གུ་ཤྲི་ཁང་གི་དམག་དཔུང་གཙང་དུ་འབྱོར་ནས། གཙང་སོག་གཉིས་དམག་འཁྲུག་འགོ་ཚུགས་མ་ཐག་ནས་ཀརྨ་པ་མཆོག་གིས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་བརྒྱུད་དེ། རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དྲུང་དུ་བཅར་ནས་ཀར་བསྟན་ལ་གནོད་འཚེ་མི་ཡོང་བའི་སྐྱབས་འཇུག་ཡོང་རེའི་ཞུ་འཕྲིན་ཕུལ་ཡང་། ལྔ་པ་ཆེན་པོས་མཇལ་ཁར་ཕེབས་ཆོག་པའི་བཀའ་དགོངས་མ་ཁྲོལ་ཡང་། པཎ་ཆེན་མཆོག་གིས་ཡར་ཞུ་ཕུལ་བའི་ཐད་གསུང་དོན། སྤྱིར་ཀར་ལུགས་པ་ཕལ་ཆེར་གྱིས་ལེགས་ཕྱོགས་སྒོ་ནས་ཕན་ཚུན་བསྟུན་མཁས་མཛད་ཀྱང་། མི་མཁས་པ་ཉུང་ཤས་ཀྱིས་བྱེད་སྟངས་འདིའི་མཇུག་འབྲས་ངན་པ་ཙམ་ལས་བཟང་པོ་ཞིག་ཡོང་རེ་མེད། འོན་ཀྱང་རྒྱལ་བའི་དབང་པོ་ཉིད་ལ་ཐུགས་ཁག་མེད། ཀར་དགེ་ཡབ་སྲས་རྣམས་ཐུགས་ཡིད་གཅིག་འདྲེས་ཡོང་བར་པཎ་ཆེན་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འབད་བརྩོན་གནང་རྒྱུ་ཡིན་པར་དོན་འབྲས་གནད་སྨིན་གྱི་བཀའ་བཟང་གནང་བ་དང་། རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས་ཀྱང་། ཀར་ལུགས་རང་འཇགས་ཀྱི་བཀའ་ཐམ་འདི་བཞིན་གནང་བ་འདིར་འགོད་པར་བྱ་སྟེ། “སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །དེ་ཡང་བོད་ཡུལ་དབུས་ཀྱི་ཕྱོགས་འདིར་འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་མང་དག་ཅིག་བཞུགས་པ་ལམ་ཐམས་ཅད་མཐུན་པར་བཞུགས་པ་ཡིན། ཀར་དགེ་ལུགས་ལེགས་ཀྱི་སྙིང་པོ། ཀར་ལུགས་ལ་གཏོགས་པའི་ཕུའི་མཆོད་རུ། མདའི་མཆོད་གཞིས། མདོར་ན་སྦྱིན་བདག་ཡིན་ངེས་ཀྱང་། སྦྲུལ་ལོ་སྡེ་གསར་མ་ལངས་གོང་རྒྱལ་ཁམས་བདེ་བའི་སྐབས་ལྟར་ཆ་བཞག་གནང་རྒྱུའི་འཛིན། བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་ཆོས་འཁོར་ལྷ་ས་ནས་བྲིས།” ཞེས་བཀའ་བཟང་གནང་བ་མ་ཟད་ད་རུང་། “དེའི་བཀའ་མཆན་ལ། ཀར་དགེ་སྐྱིད་ཤོད་པ་དང་བཅས་པའི་ས་བརྗེས་ཀྱི་སྐོར་ལ་ཕན་ཚུན་འདོད་མཐུན་དགོངས་སྦྱར་ལྟར་མཛད་རྒྱུ་དང་བཅས་གོང་བཞིན་འཛིན་ཕུལ་བ་ཡིན་གསུང་བ་སོགས་ཕན་བདེའི་བཀའ་དྲིན་ཟླ་མེད་པ་སྩལ།” ཞེས་རྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་ཐམ་དང་བཅས་སྩལ་བར་མཛད་ཅིང་། བཀའ་ཡིག་འདིར་འཁོད་པའི་ནང་དོན་ལ་གཞིག་ན་རྒྱལ་དབང་ལྔ་པ་ཆེན་པོའི་དབུས་སྐྱེ་བུ་དམ་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་བར་འཁྲུག་རྩོད་དང་འགལ་བ་རྩ་བ་ནས་བྱེད་འདོད་མེད་པར་ཤེས་ཐུབ། འོན་ཀྱང་ཕྱོགས་གང་ཅི་ཐད་ནས་གཞན་ལ་མི་བརྟེན་ཁག་མེད་ཡིན་པས་སྟོབས་ཤུགས་ཅན་གྱི་དབང་དུ་འགྲོ་བ་ནི་སྨོས་མ་དགོས་སོ། །

དེ་ནས་རྒྱལ་དབང་ཀརྨ་པ་མཆོག་གིས་ལྷོ་བྲག་སྲས་མཁར་དུ་དཔའ་བོའི་སྤྲུལ་སྐུ་གདན་འདྲེན་མཛད་དེ། ཚུར་དོལ་འཕགས་སྡེར་ཕེབས་ནས་བཞུགས་ཚེ། དུས་ཚོད་འདིའི་གོང་འོག་ཏུ་གཙང་ས་ནས་ཀོང་དམག་བསྐུལ་བར་འབྲུག་པ་ལགས་བཅར་བསྡད་ཡོད་པའི་ཁར། དེའི་གོང་གི་སྒར་ཆེན་ནང་ཁུལ་དུ་གཟིམ་གཡོག་བཀྲོངས་མཁན་མི་གསོད་གཏེ་པོ་རྣམས་ཡར་འབྲོག་ཏུ་འཛོམ་ནས། སྣ་དཀར་རྩེ་པའི་རྟ་ཁྱུ་དེད་ནས་ཀོང་དམག་སྐུལ་སློང་བྱ་བར་སོང་བས། “སྒར་པ་ནང་ཞིག་གི་གྲོས་ཕུགས་ལ་གཙང་ས་བཞུགས་པའི་གཏམ་བཤད་པ་ལ་བརྟེན། རྒྱལ་བའི་དབང་པོ་ཉིད་ཀྱང་གཙང་ས་ལ་ཐུགས་ལོག་དགོས་པ་བྱུང་། རྩ་ཁུ་བ་དང་བཅས་པའི་བཀའ་བློན་རྣམས་ཀྱི། དྲུང་འཁོར་དེ་དག་གིས་ཞབས་འདྲེན་བྱས་པའི་སྐོར་ལ་གཙང་ས་མི་ཐེ་བའི་དག་པ་ཕུལ་ཀྱང་དོན་དུ་མ་གྱུར།” དེ་ནས་མི་རིང་བར་མགོ་མཇུག་མི་ཤེས་པའི་ཀོང་དམག་ཚན་གཅིག་ཡོང་བར། ཟུར་རི་དྲུང་པ་རིན་ཆེན་དང་། གྲུབ་གླིང་ཆོས་མཛད་གཉིས་མངགས་ནས། “ཁྱོད་ཚོར་སྔ་ཕྱིར་སྡོད་མཁས་དགོས་ཚུལ་དང་། དམག་གི་བྱ་བ་གཏན་ནས་མི་ཉན་པའི་རྒྱུ་མཚན་སོང་བ་ཡིན་ཀྱང་གོ་མེད་འདི་བཞིན་བྱས། ད་དུང་བསླབ་སྟོན་ལ་ཉན་རྒྱུ་ཡིན་ན་མི་སྣ་འདི་གཉིས་ཡོད་ཐོག་དམག་ལོག་དགོས་རྒྱུ་ཡིན་ཅིང་། གལ་ཏེ་མི་ཉན་ན། སྟོད་ལུང་མཚུར་ཕུས་གཙོས་པའི་གདན་ས་གོང་འོག་དང་ཀར་བསྟན་གྱི་ཁག་ཁྱེད་རང་ཚོས་ཁུར། ངེད་རང་རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཞབས་སུ་འགྲོ་རྒྱུ་ཡིན་གསུང་བ་སོགས།” བཀའ་ཤོག་ཞལ་བཀོད་དང་་བཅས་པ་སྩལ་བས། ཀོང་དམག་ཁག་ཅིག་ཕྱིར་ལོག །རྒྱལ་དབང་མཆོག་ནས་མི་སྣ་དང་བཀའ་ཤོག་གནང་བ་ལ་བརྟེན་ནས། “ཀར་ལུགས་ཀྱི་མི་འཁྱམས་རྣམས་ན་རེ། ཀརྨ་པས་གཙང་ས་བློས་བཏང་། ཀར་ལུགས་ཀྱི་བསྟན་པའི་ཁུར་མ་བཞེས་ཟེར་བ་སོགས་སྐུར་འདེབས་བྱེད་པའང་མང་པོ་བྱུང་།” དེ་ལྟར་གླེང་སྲོལ་སྣ་ཚོགས་བྱུང་ཡང་། རྒྱལ་བའི་དབང་པོ་མཆོག་གིས། “དགེ་ཚང་བསྲེ་བར་མི་བྱེད། གཅིག་པར་མི་བྱེད། རྒྱལ་པོའི་རྒྱལ་སྲིད་ཀྱིས་དཔལ་གང་ཡིན་པ་དེ་ནི། སྡིག་པས་ཉེ་བར་སྦགས་པ། ཟས་དུག་ཅན་སྦྲང་རྩིས་ཁ་བསྒྱུར་བ་དང་འདྲ་བ།” གཟིགས་ནས་གཙང་པའི་ཆབ་སྲིད་དང་ཀཾ་ཚང་གི་བསྟན་པ་གཉིས་ཉ་ཉུངས་མཉམ་བསྲེ་ལྟུ་བུ་མི་མཛད་ཅིང་། ཆོས་སྲིད་ཐ་དད་དུ་ངོས་འཛིན་གནང་སྟེ། “ཀར་ལུགས་རང་འཇགས་ཀྱི་དོན་ལ། རྒྱལ་བ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་བཀའ་ཤོག་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཐོག་མཐའ་བར་གསུམ་དུ་དགེ་བ་ཞུས་པ་དེ་ཡང་། མི་འཁྱམས་འགས། ཀར་བསྟན་བརླག་པའི་ཕུང་འདྲེར་བྱས་པས། བར་ཆད་བདུད་དབང་དུ་སོང་བ་ཁོ་ན་བྱུང་།” རྒྱལ་དབང་ཀརྨ་པ་མཆོག་གིས་ཐབས་ཤེས་གང་དྲག་གི་སྒོ་ནས་གཡུལ་འཁྲུག་ཞི་འཇགས་ཀྱི་ཆེད་ཐུགས་རྩོལ་ཆེན་པོ་གནང་ཡང་། ཀར་ལུགས་པ་ཁག་ཅིག་བཀའ་ཤོག་ཞལ་བཀོད་རྩིས་མེད་དུ་བཏང་ཞིང་སྡེ་གཟར་སློང་བའི་ནང་དུ་ཞུགས།

ལྕགས་སྦྲུལ་སྤྱི་ལོ(༡༦༤༡)ལོའི་ཟླ་བ་བཅུ་གཅིག་ནང་གཙང་སོག་གཉིས་ཀས་པཎ་ཆེན་རིན་པོ་ཆེ་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས་གཉིས་བར་མིར་མངགས་འགུགས་བྱས་ཏེ་ཞི་འདུམ་ཡོང་རེ་བཅོལ། པཎ་ཆེན་རིན་པོ་ཆེ་གླིང་དཀར་དུ་ཕེབས་འབྱོར་བྱུང་སྐབས། གུ་ཤྲི་ཁང་དང་སྡེ་སྲིད་བསོད་ནམས་རབ་བརྟན་རྣམ་གཉིས་ཀྱིས་ཀརྨ་པ་ཡབ་སྲས་ངེས་པར་དུ་འབྱོན་དགོས་པའི་བཀའ་ཕབ་པས། པཎ་ཆེན་རིན་པོ་ཆེས་དེ་ཀར་སྒུག་གནང་སྟེ་ཀརྨ་པ་ཡབ་སྲས་གདན་འདྲེན་པའི་བང་མི་ལན་གཉིས་བཏང་རུང་ཀ་ཀོར་གྱིས་མ་བྱོན། ཞེས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་《ཆོས་སྨྲ་བའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་ཕྲེང་བ》ལས་གསལ་ཞེས་འཁོད་ཀྱང་། པཎ་ཆེན་རིན་པོ་ཆེ་གཙོས་གཙང་ཕྱོགས་ཀྱི་བླ་ཆེན་འགས་གཙང་ལ་ཕེབས་དགོས་པའི་བཀའ་འཕྲིན་འབྱོར། དེའི་ཚེ་སྔ་ལོར་གཤེགས་པའི་རྒྱལ་དབང་ཉིད་ཀྱི་རྗེ་དབོན་ནམ་མཁའི་ལོ་མཆོད་ལ་ཁེལ་སྟབས་རྒྱལ་དབང་མཆོག་གིས་མཚུར་ཕུར་ལོ་མཆོད་གྲུབ་རྗེས་་མྱུར་སྟབས་སུ་ཕེབས་རྒྱུ་དང་། རྒྱལ་ཚབ་རིན་པོ་ཆེ་དེ་མ་ཐག་གཙང་ལ་ཆིབས་བསྐྱོད་གནང་བར་མཛད་དེ། གཞིས་ཀ་རྩེར་ཕེབས་ཤིང་། གུ་ཤྲི་ཁང་མཆོད་ཡོན་དང་མཇལ་འཕྲད་གནང་ནས་གཡུལ་འཁྲུག་ཞི་ཐབས་ཀྱི་དགོངས་སྐོར་ཞུས་ཀྱང་ཕན་འབྲས་མ་ཐོན།

ཆུ་རྟ་སྤྱི་ལོ(༡༦༤༢)ལོའི་ཟླ་བ་དང་པོའི་སྨད་ཙམ་ནས་རྒྱལ་དབང་ཀརྨ་པ་རིམ་གྱིས་གཙང་དུ་ཆིབས་བསྒྱུར་གནང་སྟེ། པ་སྣམ་དགའ་བ་གདོང་དུ་ཕེབས་ནས། པཎ་ཆེན་རིན་པོ་ཆེའི་བཀའ་ལན་སྒུག་ནས་དུས་ཚོད་ཡུན་རིང་སོང་ཡང་བཀའ་གསལ་གང་ཡང་མ་བྱུང་བས། པཎ་ཆེན་རིན་པོ་ཆེའི་དྲུང་དུ་སྡེ་འཁྲུག་སྤྱི་དང་། ཀར་བསྟན་ལ་གནོད་སྐྱོན་མི་འབྱུང་བའི་ཐུགས་རྗེས་རྒྱབ་སྐྱོར་གནང་དགོས་པའི་སྙན་ཞུ་ཕུལ་བ《ཀརྨ་པའི་རྣམ་ཐར》ལས་འཁོད་པ་འདི་ལྟར། “དེ་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་དྲུང་དུ། གང་སྤྱིའི་ཕན་དགོངས་ཐུགས་ལ་ཇི་ལྟར་བཞེད་པའི་གསལ་འདེབས་ཙམ་གནང་བའི་དགོངས་པས། དེ་གའི་རྒྱུ་མཚན་གླེང་གཞི་འཕྲོས་དང་བཅས་པ་ཕུལ་བར། ཁྱེད་ཚོའི་རོགས་ཕན་ངེད་ཀྱིས་མི་ཐུབ་གསུངས་ནས་གསུང་ལན་ཚིག་གཅིག་མ་མཛད། མཐུ་སྟོབས་དབང་ཕྱུག་མཆོད་ཡོན་གྱི་དྲུང་དུ་ཞུ་སྣ་འཕྲོད་པའི་སྐབས་མ་བྱུང་བས་བཞེད་དོན་གྱི་གནས་སྐབས་ཡོལ་བར་གྱུར།” རྒྱལ་དབང་ཀརྨ་པ་མཆོག་པ་སྣམ་དུ་ཕེབས་འབྱོར་བྱུང་ནས་པཎ་ཆེན་རིན་པོ་ཆེའི་བཀའ་ལན་སྒུག་རྒྱུ་ནི། དང་ཐོག་གཙང་ས་ནས་པཎ་ཆེན་རིན་པོ་ཆེ་དང་། སྟག་ལུང་ཞབས་དྲུང་། རྒྱལ་ཚབས་གྲགས་པ་མཆོག་དབྱངས་གསུམ་ལ་སོག་གཙང་གཉིས་ཀྱི་བར་འདུམ་ཡོང་བའི་སྐྱབས་ཞུས་པས། གུ་ཤྲི་ཧན་དང་ཕྱག་མཛོད་བསོད་ནམ་་རབ་བརྟན་རྣམ་གཉིས་ཀྱིས་ཀརྨ་པ་ངེས་པར་དུ་ཕེབས་དགོས་པར་པཎ་ཆེན་རིན་པོ་ཆེར་བཙན་བཀའ་ཕབ་པས། པཎ་ཆེན་མཆོག་གིས་ཀརྨ་པར་བཀའ་འཕྲིན་གནང་བ་ཡིན་པ་ལས། གུ་ཤྲི་ཁང་གིས་ཐད་ཀར་ཀརྨ་པར་གཙང་སོག་བར་འདུམ་ལ་ཕེབས་དགོས་པར་བཀའ་བཏང་མེད་ལ། དེ་བས་ཀྱང་གཙང་ས་ནས་ཀྱང་ཀརྨ་པ་ལ་ཕེབས་རེ་ཞུ་མེད་པ་འབྲེལ་ཡོད་ཀྱི་ཡིག་ཚང་ལས་གསལ་བའི་ཁུངས་སྨོས་པ་དེ་སྔ་ཕན་མཐོང་བར་མ་གྱུར། དེས་ན་ཀརྨ་པས་པཎ་ཆེན་རིན་པོ་ཆེའི་བཀའ་ལན་སྒུག་རྒྱུ་ལས་མེད། ཀརྨ་པས་པ་སྣམ་དགའ་བ་གདོང་དུ་བཀའ་ལན་སྒུག་ཞོར་བྲིས་འབུར་གྱི་སྐུ་འདྲ་དུ་མ་བླུགས་བྲིས་དང་། ཆོས་ལུགས་ཀྱི་ཆོ་གའི་ཕྱག་ལེན་སོགས་གནང་བར་མཚོན་ཡུན་རིང་ཙམ་བཞུགས་པར་ཤེས་ཐུབ། དེ་ལྟའི་ངང་དུས་ཚོད་རིང་ཙམ་སོང་ཡང་པཎ་ཆེན་རིན་པོ་ཆེ་ནས་བཀའ་གང་ཡང་མ་བྱུང་བས། སླར་ཡང་ཀརྨ་པས་གོང་འཁོད་ཀྱི་གསུང་འཕྲིན་སྙན་ཞུར་ཕུལ་བས། པཎ་ཆེན་མཆོག་ནས་ཀཾ་ཚང་པར་སྐྱབས་འཇུག་གི་རོགས་འདེགས་མི་ཐུབ་གསུངས་པ་ཙམ་ལས་བསླབ་སྟོན་གཞན་གང་ཡང་མ་གནང་བས་བྱ་དཀའ་བྱེད་གཏད་གྱུར། གུ་ཤྲི་ཁང་མཆོད་ཡོན་གྱི་དྲུང་དུ་ཞུ་སྣ་འཕྲོད་པའི་ཐབས་ཤེས་མ་བྱུང་ཞིང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་ཤོར་བས་ཀརྨ་པའི་ཐུགས་བཞེད་འགྲུབ་རེ་བྲལ། གུ་ཤྲི་ཧན་དང་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་གང་བྱས་མ་གཏོགས། པཎ་ཆེན་རིན་པོ་ཆེ་ལའང་ཐུགས་ཁག་མེད་པར《ཀཾ་ཚང་ཆོས་འབྱུང་ཟླ་ཕྲེང་གི་ཀརྨ་པའི་རྣམ་ཐར》ལས་གསལ། དེ་ནས་ཀརྨ་པ་གཙང་ནས་ཆིབས་བསྒྱུར་གནང་ཞིང་། རིམ་པས་ཆུ་ཤུལ་སྨྱུག་ལ་ལེགས་བཤད་སོགས་བརྒྱུད་ནས་ལྷོ་བྲག་ཏུ་ཕེབས། དབུས་སོག་མཉམ་འབྲེལ་དམག་གིས་ཀརྨ་པའི་ཆོས་བརྒྱུད་དུ་གཏོགས་སོ་ཅོག་དྲག་གནོན་དང་གྲུབ་མཐའ་བསྒྱུར་བར་མངོན་དུ་ཕྱོགས་པར་གྱུར།

ཆུ་རྟ་སྤྱི་ལོ(༡༦༤༢)ལོར་སོག་པོ་གུ་ཤྲི་ཁང་དང་སྐྱིད་དམག་མཉམ་སྡེབས་ཀྱིས་གཙང་པ་སྡེ་སྲིད་གཏོར་ཕམ་བཏང་ཞིང་། བོད་ཤིང་སྒོ་ཅན་ཡོངས་རྫོགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་བསྐོས། ལོ་དེའི་ཟླ་དགུ་པའི་ནང་ཙམ་ལ་སྡེ་སྲིད་གཙང་པའི་རྒྱབ་རྩར་རློམ་པའི་ཀོང་པོའི་ཀར་སྲིད་པ་རྣམས་ཀྱིས་དགའ་སོག་མཉམ་འབྲེལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བདེ་གཟར་བསླངས་ཤིང་། དེའི་ཞོགས་འདེགས་ལྟ་བུ་གཙང་དང་དྭགས་པོ་ཡར་ལུང་རྒྱུད་ཀྱི་ཀར་གཙང་གཉིས་ཀྱི་ཕྱོགས་གཏོགས་པ་རྣམས་ངོ་ལོག་ཟིང་འཁྲུག་བྱས་པས། གུ་ཤྲི་ཧན་གྱི་བུ་བསྟན་འཛིན་དཱ་ལའི་ཧན་གྱིས་སྣེ་ཁྲིད་པའི་དབུས་སོག་དམག་དཔུང་གིས་དྭགས་པོར་ཀོང་དམག་བརྒྱད་སྟོང་ཙམ་ཞོད་འཇགས་བཏང་བར་མ་ཟད། ལྷག་འཕྲོའི་མི་སྣ་རྣམས་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་སྟེ་ལུས་བཤེར་བྱེད་སྐབས་ཀརྨ་པའི་དམ་དབྱར་ཡོད་པའི་གསང་བའི་ཡིག་ཆ་ཞིག་སྒར་པའི་ཇ་མ་ཆོས་དབྱིངས་ཀྱི་གའུ་ནང་ནས་རྙེད་པའི་སྐོར། རྒྱལ་དབང་ལྔ་པ་ཆེན་པོས། “སྒར་པའི་ཇ་མ་ཆོས་དབྱིངས་བཙོན་དུ་བཟུང་བའི་གའུའི་ནང་དུ་རྒྱལ་པོ་མཆོད་ཡོན་བཀྲོངས། པཎ་ཆེན་རིན་པོ་ཆེ་དང་ངེད་དཔོན་སློབ་གཉིས་ཀོང་པོར་བཙོན་ལ་ཁྲིད། དགེ་དགོན་རྣམས་བཤིག །སྐུ་རབ་པར་ལྕགས་སྤྲེལ་བདེ་གཟར་དུས་ལ་ཆ་བཞག་གི་རྫོང་གཞིས་གཏོད། འཕྱོངས་རྒྱས་རི་སྒོ་འོལ་དགའ་གསུམ་རྩེ་ཟུར་ཞོ་གསུམ་གྱིས་འཛིན། གོང་དཀར་སྒར་པའི་ཕྱག་མཛོད་ཁུངས་བྱེད། བྱ་པས་ངོ་ལོག་བརྒྱབ་གཤིས་ད་ལྟ་ཕན་རང་འཇགས། གཉལ་དང་འོལ་དྭགས་མཚོན་པའི་ས་ཚབ་སྐུ་རབ་པར་གཞན་ནས་སྤྲོད། རིན་སྤུངས་པ། ལྷོ་སྟོད་པ་སོགས་བཀག་པོ་རྣམས་ཚང་འཛུད་གཙང་པ་གཞིས་ཀ་སྣེའུར་ཡོད་པ་བཏོན་པའི་ཁྱོད་ཀྱིས་ས་སྐྱ་དང་ཇོ་ནང་བའི་སྦྱིན་བདག་བྱས་ཏེ་ཀར་ལུགས་པ་འབའ་ཞིག་མ་བྱས་པའི་བསྒྱུར་སྦྱང་བཏང་ངོས་གཞིས་ཀ་རྩེ་དང་ཤངས་རྣམ་གླིང་པ་རྣམ་གསུམ་གཏོད། སྡེ་པ་སྐྱིད་ཤོད་པ་འདི་གཞན་དུ་མ་འཁྱར་བ་འགབ་འདུག་པས་བདེ་ཆེན་ཚལ་བྱིན་ནས་འཇོག་པའི་གཤོམ་རའི་བརྗེད་ཐོ་ཀརྨ་པའི་བཀའ་ཤོག་འབྱར་བའི་ངོ་བོ་ཡོད་པ་མཆོད་ཡོན་གྱི་ཕྱག་ཏུ་བརྒྱབ་པས་རྒྱལ་པོ་ལྷག་པར་ཐུགས་ཁྲོས་ཏེ་ཀར་བསྟན་ཆགས་འཇིག་ལ་གྱ་བའི་རྩ་བར་སོང་།” ཞེས་ཏཱ་ལའི་བླ་མ《ངག་དབང་བློ་བཟང་རྒྱ་མཚོ་རང་རྣམ་ཀཱུ་ལའི་གོ་བཟང་》ལས་འཁོད་པའི་ཡི་གེ་དེའི་རྐྱེན་པའི་ཀར་བསྟན་ལ་འཇིག་ཉེན་འཕྲད་ཅིང་། དེ་འཕྲལ་སྡེ་སྲིད་གཙང་པ་ཀོ་བཏུམས་རྒྱབ་ནས་སྐྱིད་ཆུར་སྐྱུར་བ་དང་། ཟིང་འཁྲུག་དེའི་རྐྱེན་པས་དབུས་གཙང་དྭགས་ཀོང་གི་བཀའ་བརྒྱུད་པ་སྤྱི་དང་ཀརྨ་ཀཾ་ཚང་གི་ཆོས་གྲྭ་ཆེ་མ་ཆུང་གསུམ་ཐམས་ཅད་གཏོར་བཅོམ་ཤུགས་ཆེན་བྱས་ཤིང་ཕལ་ཆེར་རྩ་མེད་བཏང་། ལྷག་འཕྲོ་རྣམས་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་བར་བྱས།

སྒར་པའི་ཇ་མ་ཆོས་དབྱིངས་ཀྱི་གའུ་ནས་ཐོན་པའི་ཀར་གཙང་བསྐྱར་ལངས་བྱ་རྒྱུའི་འཆར་གཞི་ཡིག་ཆའི་ཐད་ལ་བསམ་ཚུལ་ཅུང་ཟད་ཞུ་འདོད་བྱུང་སྟེ། དང་ཐོག་ཀརྨའི་སྒར་ཆེན་ཞེས་རྒྱལ་བོད་ཧོར་གསུམ་དུ་གྲགས་སྙན་འབར་བ་དེའི་གསང་གྲོས་ཀྱི་གལ་ཆེའི་ཡི་གེ་དེ་འདྲ་ཞིག་ཡོད་པའི་དབང་དུ་བྱས་ན། རྒྱལ་དབང་ཀརྨ་པ་ཕུད་པའི་སྒར་པའི་མགྲོན་གཉེར་དང་། གསོལ་གཟིམ་སོགས་མཐོ་རིམ་མི་སྣས་ཉར་ཚགས་བྱེད་པ་ལས། མེ་རྟ་ཐལ་གཡོག་ཙམ་མམ། ཇ་མ་ཆུ་ལེན་ཙམ་ལས་མི་འཇོན་པའི་སྒར་པའི་གཡོག་པོ་ཐབས་ཆག་ཅིག་གི་གའུར་འཇོག་སྲིད་དམ། དུས་ཚོད་དེར་རྒྱལ་དབང་མཆོག་དང་ཀརྨའི་སྒར་ཆེན་སྔ་སོར་བཞིན་ལྷོ་བྲག་གྲོ་བོ་ལུང་དུ་བཞུགས་སྐབས་དང་ཁེལ་བས། གསང་བའི་ཡིག་ཆ་དེ་འདྲ་ཞིག་ཡོད་ན་འུ་ཐུག་ཐབས་ཟད་ཀྱིས་ཇ་མ་ཞིག་ལ་སྤྲོད་དགོས་པའི་གནས་སུ་གྱར་མེད་ལ། གལ་ཏེ་ཆོས་དབྱིངས་ཞེས་པའི་ཇ་མ་ཞིག་ཡོད་པའི་དབང་དུ་བཏང་ན། ཁོ་ནི་སྒར་པའི་ཇ་མ་ཙམ་ལས་རྒྱལ་དབང་མཆོག་གི་གསོལ་ཐབ་ཀྱི་ཇ་མ་མིན་པར་སྒར་པའི་ཇ་མ་ཞེས་སྨོས་པས་དཔྱོད་ལྡན་དག་གིས་བལྟས་པ་ཙམ་གྱིས་ཤེས་ཐུབ། དེས་ན་ཁུངས་མེད་རྫུན་བཟོ་དེ་འདྲ་བྱས་ན་འདྲ་ཆགས་ཙམ་བྲི་དགོས་པས་དེ་ལུགས་ཐུགས་རྣལ་དུ་ཕོབ་ཅིག །འདི་དང་ཆ་འདྲ་བ་རང་འདོད་ཕུགས་བཅུག་གམ། རང་ལྟ་མཆོག་འཛིན་གྱིས་གང་དྲན་དྲན་ཡིག་ཐོག་ཏུ་བཀོད་པ་ནི་ཁ་གཡར་ས་ཙམ་ཡིན་པར་ཞིབ་གསེད་བྱས་པས་རྟོགས་ཐུབ། །ཡང་གཞན་ཞིག་ནས་བསམ་ན་ཆབ་སྲིད་ནི་གཡོ་སྒྱུ་འཁྲུལ་གསུམ་གྱིས་འཁྲབ་པའི་ཟློས་གར་ལས་མ་འདས་པས་ག་རེ་ཡིན་ན་བྱེད་སྲིད་དོ། །ཡང་ལོ་རྒྱུས་ཉམས་ཞིག་པ་ཞིག་གིས་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་ཆབ་སྲིད་ཀྱི་དགོས་པ་ལ་གཞིག་ནས་ཡིག་ཆ་དེ་འདྲ་བཟོས་ནས་གུ་ཤྲི་ཁང་ལ་བསྟན་པ་རེད་ཅེས་སྒྲ་སྒམ་ལས་བཤད་པར་ཐོས། ཁོང་གིས་གསུང་ལ་གཞིག་ན《དུ་ཀཱུ་ལའི་གོས་བཟང་》ལས་གཞན་པའི་གལ་གནད་ཅན་གྱི་ཡིག་ཆ་ཞིག་གཟིགས་ཡོད་ན་ཆོག །ཡང་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས། “དུས་སྐབས་དེར་ཀརྨ་པ་རིན་པོ་ཆེ་ཉིད་ནས་དགེ་ལུགས་ཆོས་བརྒྱུད་འཛིན་སྐྱོང་གནང་མཁན་མཆོག་དམན་ཚང་མར་མཐུན་སྒྲིལ་དམ་གཙང་ཡོང་རྒྱུའི་དགོངས་བཞེད་ཀྱིས་ཐབས་མཁས་མཛད་པ་བསྐྱངས་གང་ཐུབ་གནང་ཡང་། རྒྱལ་དབང་ལྔ་པ་ཆེན་པོའི་ཡབ་ཚང་དང་གཙང་པ་སྡེ་སྲིད་བར་ཕན་ཚུན་འགལ་ཟླ་ཆེ་བའི་ཐོག །གཙང་པ་ཀརྨ་བསྟན་སྐྱོང་གིས་བེ་རི་རྒྱལ་པོ་དོན་ཡོད་དང་ཆ་ཧར་ལེགས་ལྡན་རྒྱལ་པོ་བཅས་དང་ངན་འབྲེལ་བྱས་ཏེ་དགེ་ལུགས་པའི་བླ་དགོན་ཚང་མར་སྡང་ཟུག་ཆེ་བའི་སྐབས་དང་འཁེལ་ཏེ་གཙང་བེ་ཆ་གསུམ་གྱི་ངན་གྲོས་ཡི་གེའི་ཐོག་ཀརྨ་པ་རིན་པོ་ཆེའི་ཞབས་འབྲིང་འགའ་ཞིག་ནས་ལྐོག་ཏུ་ཕྱག་ཐམ་བརྐུས་ཏེ་ཆོད་ཡིག་ཐོག་ཕབ་པ་སོགས་རྐྱེན་ངན་མང་པོ་སྣེ་འདོམས་ལ་བརྟེན་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོར་གུ་ཤྲི་ཧན་གྱི་དམག་དཔུང་གིས་གཙང་པ་རྒྱལ་པོའི་སྲིད་དབང་རྩ་གཏོར་བཏང་བ་དང་སྟབས་བསྟུན་ལྷོ་བྲག་དང་རྩ་རི་བརྒྱུད་གསང་སྟབས་ཀྱིས་ལྗང་ཡུལ་དུ་བྲོས་བྱོས་ཕེབས་ཏེ།” ཞེས་དུང་དཀར་ཚིག་མཛོད་དུ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་དུ་ཡིག་ཆ་དེ་བྲིས་མཁན་ཀརྨ་པ་མིན་པ་གསལ་བཤད་གནང་ཡོད་ཀྱང་། ཀརྨ་པའི་ཞབས་གྲལ་གྱིས་མཐོ་རིམ་མི་སྣས་ཡི་གེ་དེ་འདྲ་གཏན་ནས་བཟོ་མི་སྲིད་པའང་མིན། སོག་པོའི་དམག་དཔུང་འབྱོར་བ་ནས་བཟུང་རྒྱལ་དབང་མཆོག་གི་གསོལ་དཔོན་རབ་འབྱམས་པ་བཀྲོངས་པ་སོགས་སྒར་ཆེན་ནང་ཁུལ་དུ་རྙོག་དྲ་རབ་དང་རིམ་པ་དུ་མ་བསླངས་ཡོད། མདོར་ན་ཡི་གེ་དེ་རང་གཞན་སུའི་བཟོས་པ་ཡིན་ན་ཁ་སྙད་ས་དེ་ལ་བྱས་ནས་ཀརྨ་བཀའ་བརྒྱུད་དུ་གཏོགས་པའི་དགོན་སྡེ་ཡོངས་རྫོགས་རྩ་གཏོར་དང་། གྲུབ་མཐའ་བསྒྱུར་བ། འགང་ཆེན་རྟེན་གསུམ་དང་། རྩལ་ཆེན་རིག་དངོས། གནད་ཆེན་ཡིག་ཆ། མཆོད་གཞིས་ཡོད་དོ་ཅོག་གཞུང་བཞེས་བྱས་པ་མ་ཟད། ཀརྨ་བཀའ་བརྒྱུད་ཀྱི་གྲྭ་པ་ཚང་མ་ལག་པར་ལྕགས་སྲེག་གིས་ཐེལ་ཙེ་བརྒྱབ་ཏེ་དགེ་ལུགས་པའི་དགོན་པ་ཁག་ལ་ཁ་གཏོར་ནས་སྤྲད་པ་སོགས། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བརྩམས་པའི《ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》ལས་གསལ་ལྟར་ཀརྨ་པའི་བསྟན་པ་ལ་བསམ་ཡུལ་འདས་པའི་དབུ་ཉེས་ཚབ་ཆེན་ཕོག་ཡོད།

དེ་ནས་ཀར་སྲིད་དུ་གཏོགས་པའི་བདེ་གཟར་བསྐྱར་ལངས་ཞོད་འཇགས་བཏང་བ་དང་བསྟུན་སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱིས་ཀརྨ་པར་བརྟན་བཞུགས་འབུལ་བ་དང་སྦྲགས། རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་ཤོག་བསྣམས་ཏེ་ཞབས་དྲུང་དུ་འབྱོར། ཀརྨ་པས་འཕྲིན་ཡིག་གི་བཀའ་ལན་སྟག་ལུང་ཞབས་དྲུང་བརྒྱུད་ནས་རྒྱལ་དབང་ལྔ་པ་མཆོག་ལ་ཕུལ་བར་མཛད། སྟག་ལུང་ཞབས་དྲུང་ཀརྨ་པའི་དྲུང་དུ་ཕེབས་པའི་དུས་ཚོད་ནི་ཟླ་བ་བཅུ་གཉིས་པའི་ནང་ཙམ་ཡིན་པར《དུ་ཀཱུ་ལའི་གོས་བཟང་》དང་གུང་སྒྲིག་པས་ཤེས་ཐུབ། ཕར་ཚུར་བསྐུར་བའི་འཕྲིན་ཡིག་ནང་དོན་ཀརྨ་པའི་རྣམ་ཐར་དུ་མི་གསལ་ཡང་། “ཀརྨ་པ་ཡིག་འབྲེལ་བྱས་པར་དོན་མེད་ཀྱི་རྣམ་རྟོག་ལངས་པའི་བཀག་མཁན་མེད་པར་དགེ་ལུགས་མ་གཏོགས་བསམ་རྒྱུ་མེད་པའི་མནའ་བརྒྱ་མནའ་སྟོང་སྐྱེལ་འདུག །”ཅེས《དུ་ཀཱུ་ལའི་གོས་བཟང་》དུ་བཀོད་པ་ལས་ཕར་ཡང་དོན་སྙིང་ག་རེའི་ཐད་ནས་བཀའ་སྩལ་བ་དང་། དེ་མཚུངས་ཚུར་ཡང་ཞུ་བྱ་གང་ཕུལ་དེ་བས་མི་གསལ། འོན་ཀྱང་གནད་དོན་གང་ཡིན་ཟུར་བསྟན་ལེབ་མཐོང་ཡིན་ཏེ། ལྔ་པ་ཆེན་པོས་གཙང་ཀོང་དྭགས་གསུམ་གྱི་ཟིང་འཁྲུག་སློང་བའི་བྱེད་གཏེ་ཀརྨ་པ་ཡིན་པས་དེང་ཕྱིན་ཆད་དེ་འདྲ་མི་བྱེད་པའི་ཁས་ལེན་དགོས་ཚུལ་བཀའ་གཙིགས་དོ་ནན་ཕབ་པས། ཀརྨ་པས་དེ་སྔའི་སྡེ་གཟར་གྱི་ཟིང་སློང་མཁན་ཁོང་མིན་ལ། མ་འོངས་པའང་དེ་འདྲ་རྩ་བ་ནས་བྱེད་མི་སྲིད་ཅེས་དབུ་སྙུང་བཞེས་པས་ལས་མི་ཐ་ཤལ་གྱིས་བྱེད་སྟངས་ལྟར་མནའ་བསྐྱལ་མེད་པར་སེམས། གང་ཡིན་ཟེར་ན་གོང་ས་ལྔ་པས་གོང་གི་བདེ་གཟར་གསུང་སྐབས། “དེ་དུས་སྒར་པ་ཡབ་སྲས་ལྷོ་བྲག་ཏུ་བཞུགས་པའི་དབུས་གཙང་ཀོང་གསུམ་ནས་བདེ་གཟར་ཆེན་པོ་སློང་བའི་ས་འོག་དར་བཏགས་ཀྱི་སྐབས་དང་ཁོ་རང་དཔོན་སློབ་ཀྱི་སྐུ་ཆགས་ལངས་ཉམས་ཀྱིས” སོགས《དུ་ཀཱུ་ལའི་གོས་བཟང་》ལས་གསུངས་པར་གཞིག་ན་ལྔ་པ་ཆེན་པོའི་ཟིང་ཆ་སློང་མཁན་ཀརྨ་པ་ཡིན་པར་ངོས་འཛིན་གནང་བ་ཚིག་སྔ་ཕྱི་ཐོད་གཏུག་ན་རྟོགས་ཐུབ།

དབུས་གཙང་ཀོང་གསུམ་གྱི་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་བྱེད་གཏེ་ཀརྨ་པ་མིན་པར།   རྒྱལ་དབང་ཀརྨ་པ་མཆོག་གིས་སེམས་ཅན་ཕྲ་མོ་ཙམ་ལ་གནོད་པ་བྱུང་ན་ཐུགས་སེམས་སྐྱོ་བར་གྱུར་ནས། དེའི་རྐྱེན་པའི་གསོལ་ཚིགས་ཀྱང་མི་བཞེས་པ་སོགས་དེ་ལྟ་བུ་སྐུ་བྱིས་པའི་གནས་སྐབས་ནས་ལྷན་སྐྱེས་སུ་མངའ་བ་དང་། མི་གཤིས་འཇམ་ཞིང་གཞུང་དྲང་ཡིན་པར་མ་ཟད། “རྒྱལ་བའི་དབང་པོ་ཉིད་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱང་ཆུབ་སེམས་དཔས་སྦྱིན་པོ་མཐོང་བའི་ཚེ་ཇི་ལྟར་བགྱི་བའི་སྤྱོད་ལམ་གསུངས་པ་ལས་མ་གཡོས་པར། བཅོས་མའི་རྣམ་འགྱུར་གང་ཡང་མེད་པར། སྒྲོབ་འགྱིངས་ཀྱང་མི་གནང་༌། ངོ་འཛིན་སྤྲས་སྤྲོས་ཡང་མི་གནང་སྟེ་རང་བཞིན་གྱི་མཛད་པ།” ཞེས་དགེ་སློང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོའི་གསུང་། 《རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་གྱི་ལུང་དང་སྦྱར་བ》ལས་གསལ་བ་ལྟར་རྒྱལ་པོ་དང་བླ་ཆེན་ཡུལ་དཔོན་སོགས་མཐོ་རིམ་མི་སྣ་ལ་ངོ་དགའ་སྤྲེལ་ལད་དང་། གཉོམ་ཆུང་ནུས་མེད་ལ་ཁྱད་གསོད་དང་མཐོང་ཆུང་མི་གནང་བ། ཀརྨའི་སྒར་ཆེན་གྱི་ཕྱི་ནང་གི་སྒྲིགས་གཞི་དང་མི་སྣ་བསྐོ་འཐེན་སོགས་གང་ཅིའི་ཐད་ལ་བཀོད་འདོམས་རྒྱ་ཆེར་གནང་བ་ལྟ་ཅི། ཞབས་འབྲིང་དུ་འཁོད་པའི་མི་ཉུང་ཤས་རྣམས་ལ་འདི་དང་འདི་གྱིས་ཀྱི་བཀའ་རྩ་བ་ནས་མི་སྩལ། ས་ཆ་གང་དུ་ཕེབས་བཞུགས་གནང་ན་དབེན་པར་གཅིག་པུར་བསེ་རུ་ལྟ་བུར་མཉམ་བཞག་ངང་དུ་བཞུགས་པ་དང་། མདོ་སྡུད་པ་དང་། མ་ཎི་བགྲང་བ། བྲིས་འབུར་གྱི་སྐུ་བཞེངས་པ་བཅས་མཛད་པ་ནི་སྐུ་ཚེ་གཅིག་གི་རིང་རྒྱུན་འཁྱོངས་གནང་བ་དང་། གར་ཕེབས་ཀྱི་སེར་སྐྱ་རྣམས་ལ་མ་ཎི་དུང་ཕྱུར་དང་། སྲོག་གཅོད་སྤོང་བ་སྐུལ་བ། དགེ་འདུན་ལ་འཚོ་བ་སྦྱོར་བ། གསེར་དངུལ་གྱིས་འགྲོ་གྲོན་གནང་ནས་བཤའ་ལུག་སོགས་ཉམ་ཐག་གི་སེམས་ཅན་མང་པོ་སྲོག་བླུ་དང་ཚེ་ཐར་གཏོང་བ་མ་ཟད། ཤ་ཁྲག་གི་གསོལ་སྟོན་མི་མཛད། རང་གཞན་སུའི་དོན་དུ་དྲག་པོའི་ལས་སྦྱོར་དང་། མོ་གཏོ་བོན་གསུམ། གནན་གཏད་ཟོར་འཕེན། མདོས་ཡས་གླུད་རྫོངས་སོགས་མི་མཛད་ཅིང་། བྱས་ན་ཕན་ལས་གནོད་པའི་གཞིར་འགྱུར་བ་བཀའ་སློབ་གནང་བ་སོགས་སྐུ་ཚེ་ཧྲིལ་པོར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་སྲོག་ལྡན་སུ་ལ་གནོད་འཚེ་གང་ཡང་བྱེད་མྱོང་མེད་པར། རིམ་གྲོ་པ་ཀུན་ཏུ་བཟང་པོ་སོགས་ཀྱི་བརྩམས་པའི་རྒྱལ་བའི་དབང་པོ་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་རྒྱས་བསྡུས་རྣམས་ལས་མགྲིན་གཅིག་དབྱངས་གཅིག་ཏུ་འཁོད་པས་ཤེས་ཐུབ། འདིའི་སྐབས་ཀྱི་ཟིང་འཁྲུག་སྐོར་ལ་རྒྱལ་དབང་མཆོག་གིས་གང་ཐུབ་ཐུབ་བཀག་འགོག་གནང་བར་གོང་སྨོས་བཞིན་དང་། སྤྱིར་རྒྱལ་དབང་མཆོག་ནི“ཀརྨ་པ་དངོས་ནི་འཁྲུལ་ཞིག་ཆེན་པོར་འདུག་པས”ཞེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་རྣམ་ཐར་དུ་གསལ་བ་ལྟར། སྒར་ཆེན་གཙོས་པའི་ཆོས་སྡེ་རྣམས་ལ་བཀའ་བཀོད་དང་སྟངས་འཛིན་ཞི་དྲག་མི་གནང་བས། སྒར་ཆེན་ནང་ཁུལ་གྱི་ལས་འཛིན་མི་སྣ་འགས་སྡེ་སྲིད་གཙང་པ་དང་ངན་པ་ལག་སྦྲེལ་གྱིས་དཀའ་རྙོག་རབ་དང་རིམ་པར་བསླང་ཞིང་། དེ་དག་གིས་ཀར་གཙང་ཆོས་སྲིད་མཉམ་འབྲེལ་ཡིན་པའི་བསྐུལ་སློང་དང་འབོད་སྐུལ་ལ་བརྟེན་ནས་དགའ་སོག་མཉམ་འབྲེལ་ལ་ངོ་རྒོལ་བྱེད་པའི་ཟིང་འཁྲུག་བསླང་བ་ནི་ཀརྨ་པ་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཡབ་སྲས་གཉིས་ཀྱི་རྣམ་ཐར་སོགས་ལས་གསལ་པོར་ཤེས་ཐུབ། རེད་དེ་གནའ་བོའི་བོད་ཀྱི་ཆེས་མཐོའི་མི་སྣ་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས་ཡིག་ཚང་ནི། “སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲག་པས་བླ་མ་ཟོག་པོར་གཏོང་། །”ཞེས《གཡུང་སྟོན་རྡོ་རྗེ་དཔལ་གྱི་རྣམ་ཐར》ལས་གསུངས་པ་ལྟར་རང་ཕྱོགས་ལ་བསྟོད་བསྔགས་དང་ཆེ་བརྗོད་བྱེད་དྲགས་པ་དང་། གཞན་ཕྱོགས་ལ་སྐྱོན་འདོགས་དང་སྨད་བཤད་བྱེད་པ་ནི་བོད་པའི་ལོ་རྒྱུས་སྤྱིའི་རྩོམ་གཤིས་ཡིན་པར་མ་ཟད། དེ་ལས་ཕན་ཚུན་ཁ་གཏད་དུ་ལངས་ནས་གཅིག་གིས་གཅིག་ལ་མ་ཉེས་ཁ་གཡོགས་ཀྱི་སྒོ་ནས་དོན་དངོས་གནས་ཚུལ་འཁྱོགས་བཤད་བྱེད་པ་ནི་ཆོས་ཉིད་ཡིན་པར་གོར་མ་ཆག །དེས་ན་ཕྱོགས་ལྷུང་བྲལ་བའི་སྒོ་ནས་ཡིག་ཚང་ཕན་ཚུན་དང་སྒོ་བསྟུན་ནས་དངོས་ཐོག་བདེན་ཚོལ་གྱིས་བརྗོད་གང་ཐུབ་བྱ་རྒྱུར་གལ་ཆེའོ། །

ཆུ་ལུག་སྤྱི་ལོ(༡༦༤༣)ལོའི་ཟླ་བ་དང་པོའི་མཇུག་ཙམ་ལ་སྟག་ལུང་ཞབས་དྲུང་གིས་བཀའ་ལན་རྒྱལ་དབང་ལྔ་པར་ཕུལ་བས། གཞུང་མཆོད་ཡོན་ནས་ཀརྨ་པའི་གསུང་འཕྲིན་ཕུལ་བར་གཟིགས་སྟངས་ཅུང་ཟད་འགྱུར་བ་སོང་ཞིང་། ཆུ་རྟ་སྤྱི་ལོ(༡༦༤༢)ལོར་གཞིས་ཀ་བསམ་གྲུབ་རྩེར་ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་བོད་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་སྐབས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་སྲ་བརྟན་ཡོང་ཆེད། ས་བཀའ་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་རང་སར་བཞག་ན་ཕན་ནམ་སྙམ་པའི་དགོངས་བཞེད་དང་། གཡུལ་འཁྲུག་ཀྱང་ཞི་འཇགས་སུ་སོང་བ་དང་བསྟུན་ནས། དེ་མཚུངས་ཀརྨ་ཀཾ་ཚང་གི་གདན་ས་མཚུར་ཕུ་གཙོས་པའི་ཆོས་སྡེ་ཉེར་གཅིག་ཙམ་ཚུར་གནང་སྟེ། རྒྱལ་ཚབ་གྲགས་པ་མཆོག་དབྱངས་མཆོག་ཀཾ་ཚང་གི་ཆོས་སྡེ་ཀུན་གྱི་འདྲེན་པར་མངའ་གསོལ་ཞིང་། རྒྱལ་ཚབ་མཆོག་ནས་རྩིས་བཞེས་མཛད། ཀཾ་ཚང་གི་ཆོས་སྡེ་ཉེར་གཅིག་ཚུར་གནང་ལོ་ཆུ་ལུག་ལོ་ཡིན་པར། “སྟག་ལུང་ཞབས་དྲུང་ནས་ཐུགས་རྩོམ་རྒྱས་པ་གནང་འདུག་པའི་བཀའ་ཤོག་ལན་དེ་མཚུངས་ཕུལ། ཟླ་བ་གཉིས་པའི་ནང་འབྲས་སྤུངས་སུ་སླེབས། མཆོད་ཡོན་གཙང་དུ་ཆིབས་ཁ་བསྐྱོད། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀར་དགེའི་མདུན་ཆིངས་ལ་ཆིབས་ཁ་སྒྱུར་ནས་ཇོ་མཇལ་དང་སྦྲགས་འབྲས་སྤུངས་ཕེབས།” ཞེས《དུ་ཀཱུ་ལའི་གོས་བཟང་》ལས་ཆུ་ལུག་ལོའི་ཟླ་བ་གཉིས་པའི་སྟག་ལུང་ཞབས་དྲུང་དང་མཇལ་འཕྲད་གནང་ཞིང་གསུང་ལན་སྩལ་ཚུལ་གསུངས་པ་གཞིག་ན། དེའི་རྗེས་ཀཾ་ཚང་ཆོས་གྲྭ་ཉེར་གཅིག་ཙམ་ཚུར་གནང་ཡོད་པར་སེམས། གཞན་ཡང་ཆོས་སྡེ་དེ་རྣམས་ཚུར་གནང་ཚུལ། “གོང་ནས་མཚུར་ཕུ་སོགས་ཀཾ་ཚང་གི་ཆོས་སྡེ་ཉེར་གཅིག་ཙམ་གནང་ཞིང་བོད་ཡུལ་གྱི་ཀར་སྡེ་ཀུན་གྱི་འདྲེན་པར་མངའ་གསོལ། །མཚུར་ཕུ་རྩིས་བཞེས་དང་། ཆོས་སྡེ་སོ་སོར་མི་སྣ་བཀྲམ་པ་སོགས་མཛད།” ཅེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་རྣམ་ཐར་དུ་གསལ་ཡང་། ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་དུ་མི་སྣ་བཀོད་སྒྲིག་བྱས་ཚུལ་མི་གསལ།

ཡང་རྒྱལ་ཚབ་མཆོག་གིས་མཚུར་ཕུ་རྩིས་བཞེས་གྲུབ་ནས། གུ་ཤྲི་ཁང་གི་བཀའ་ཁྱབ་འོག་ཀོང་པོའི་ཟིང་འཁྲུག་ཞི་འཇགས་ཆེད་ཕེབས་ཚུལ་སྨོས་འདུག་པར་གཞིག་ན་ཆུ་རྟ་ལོར་ཡིན་པར་ལྟར་སྣང་ཡང་། རྒྱལ་དབང་ལྔ་པའི་རང་རྣམ《དུ་ཀཱུ་ལའི་གོས་བཟང་》དང་གོ་བསྟུན་ན་ཆུ་ལུག་ལོ་ཁེལ་བ་འཆུག་མེད་ཡིན་པར་སེམས། རྒྱལ་ཚབ་རིན་པོ་ཆེའི་རྣམ་ཐར་རྒྱས་པ་མཇལ་ལམ་དུ་མ་གྱུར་ཅིང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་འཁོད་པའི་རྒྱལ་ཚབ་ལྔ་པའི་རྣམ་ཐར་ལ་ལོ་ཚིགས་མི་གསལ་ཞིང་མཛད་ཕྲིན་ཁག་ཅིག་མཉམ་བསྲེས་ལྟ་བུ་བྲིས་འདུག་པས་དེ་ཙམ་གྱི་ཡིད་བརྟན་རུང་བ་ཞིག་ཨེ་ཡིན་སྙམ། ཡང་རྒྱལ་དབང་ལྔ་པ་ཆེན་པོས། “སྟག་ལུང་ཞབས་དྲུང་གིས་བར་པ་གནང་བའི་དྲུང་པ་རྒྱལ་ཚབ་པ་དཔོན་སློབ་མཆོད་ཡོན་ལ་བབ་འབུལ་བར་ཕེབས་པའི་དུས་སྒར་ཁྲོད་དུ་བྱུང་བའི་འབྲུམ་ནག་ཅིག་གཙང་ནས་དབུས་སུ་མཆེད།” ཅེས《དུ་ཀཱུ་ལའི་གོས་བཟང་》ལས་གསུངས་པས། ཀཾ་ཚང་ཆོས་སྡེ་ཉེར་གཅིག་ཚུར་གནང་བའི་ཐད་ལ་སྟག་ལུང་ཞབས་དྲུང་གིས་ཐུགས་རྩོལ་ཆེན་པོ་གནང་ཡོད་པ་ཤེས་ཐུབ། “སྒར་ཁྲོད་དུ་བྱུང་བའི་འབྲུམ་ནག་ཅིག་གཙང་ནས་དབུས་སུ་མཆེད”ཅེས་གསུངས་པ་ནི་འབྲུམ་པའི་ནད་ཡིན་ནམ་གོ་རྒྱུ་གཞན་འདྲ་ཡོད་མེད་ཆ་མ་འཚལ།

ཤིང་སྤྲེལ་སྤྱི་ལོ(༡༦༤༤)ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཕེབས་པར་རྒྱལ་དབང་མཆོག་དང་མཇལ་འཕྲད་གནང་། དེའི་སྐབས་རྒྱལ་ཀརྨ་པ་སྒར་ཆེན་དང་བཅས་པར་ལྷོ་བྲག་དོར་ཁ་སྤང་གཤོང་དུ་བཞུགས་ཤིང་། སྟག་ལུང་ཞབས་དྲུང་གི་རྗེས་བསྙེགས་པའི་སྐྱིད་སོག་དམག་དཔུང་མཉམ་འབྲེལ་གྱིས་ཀརྨའི་སྒར་ཆེན་བསྐོར་ཞིང་། གྲྭ་པ་ཕལ་ཆེར་བྲོས། འགའ་རེ་རྨས། འགའ་ཞིག་བཙོན་དུ་བཟུང་། མི་ཉུང་བ་བསད་ཅིང་། ཀརྨའི་སྒར་ཆེན་རྩ་གཏོར་བཏང་ཞིང་། སྐུ་གསུང་ཐུགས་རྟེན་སོགས་རྩ་ཆེའི་རིག་དངོས་དང་། འགང་ཆེའི་དཔེ་ཆ་རྣམས་གཅོག་སྲེག་གཏོར་བ་སོགས་བྱས་ཤིང་། རྒྱལ་དབང་ཀརྨ་པ་མཆོག་ཉིན་ཞག་བཅུ་གཉིས་རིང་བཟའ་བཏུང་གང་ཡང་མེད་པར་སྐུ་རྐྱང་དུ་བྲོས། སྐབས་དེར་དགུ་འདྲེན་སྐབས་དང་ཁེལ་ཡང་སྐུ་ལ་ཉེ་ཞོ་མེད་པར་མཁན་པ་ལྗོངས་སུ་རིམ་གྲོ་པ་དང་འཛོམས་ཤིང་། ཞབས་ཐང་གིས་ལྷོ་བྲག་ནས་ཙཱ་རི་སོགས་བརྒྱུད་དེ། རིམ་གྱིས་ཉེན་གཡོལ་དུ་ཁམས་འཇང་དུ་ཕེབས།

དེའི་སྐོར་གྱི་གནས་ཚུལ་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་སུ་བཤད་ཚུལ་མི་འདྲ་བ་འགའ་མཆིས་ཤིང་། ཐོག་མར་རིམ་གྲོ་པ་ཀུན་ཏུ་བཟང་པོས། “དམག་དཔུང་འཇིགས་སུ་རུང་བ་དང་། སྟག་ལུང་ཆོས་རྗེ་ལྷན་ཅིག་འབྱོར་པར། སྤྲེལ་ལོ་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ལ་མཇལ་འཕྲད་མཛད་ཅིང་། འཇིག་རྟེན་རྣམ་པར་འདྲེན་པ་དེ་ནི་འདོད་པ་ལས་དབེན་པའི་དེ་ཡོན་ཏན་མངོན་དུ་གྱུར་པས། རང་གི་ཚུལ་ནི་ཅིས་ཡང་མི་གསུང་ཞིང་། ཚོགས་ན་སྤྱོད་པའི་བཤད་སྒྲུབ་ཀྱི་སྡེ་ཇི་སྙེད་པ་འཚོ་བས་ཉོན་མོངས་ཤིང་། གནས་ཁང་དང་བྲལ་བ་དེ་རྣམས་ལ་ཐུགས་བརྩེ་བས་དགོངས་སུ་གསོལ་བའི་ཞུ་གསོལ་མཛད་ནས་རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་ལྷུར་ལེན་པ་ཞིག་ན། ཇི་ལྟར་ཡིན་པའི་གསུང་གསལ་བ་དགོས་གསུངས་པ་ལ། ཆོས་རྗེའི་ཞལ་ནས། རྒྱལ་བའི་བཀའ་འདི་ཡིན་གསུང་རྒྱུ་མ་བྱུང་། དམག་དཔུང་ཉེ་བར་འོངས་པ་ན་རྒྱལ་བ་ནམ་མཁའི་སྐུ་ཅན་འཇིག་རྟེན་རྣམ་པར་འདྲེན་པ་དཔལ་ལྡན་ཀརྨ་པ་ཆེན་པོ་དེ་ནི། རི་དྭགས་ཀྱི་རྒྱལ་པོ་ལྟར་བག་ཚ་བ་དང་འཇིགས་པ་མེད་པར་བསེ་རུ་ལྟ་བུར་གཅིག་པུར་གནས་ཤིང་། གཤེགས་པ་ནའང་གཅིག་པུར་གཤེགས་པ།” ཞེས《ཀརྨ་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་ཐར་འདོད་ཡོངས་ཀྱི་འཇུག་ངོགས་ངེས་དོན་བདུད་རྩིའི་རོལ་མཚོ》ལས་བཀོད་པར་གཞིག་ན། སྟག་ལུང་ཞབས་དྲུང་དང་ཀརྨ་པ་མཇལ་འཕྲད་གནང་ནས། ཞབས་དྲུང་རིན་པོ་ཆེའི་ཞལ་ནས་རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་གང་སྩལ་དང་ལེན་དགོས་པ་ཙམ་ལས། བཀའ་ཇི་ལྟར་སྩལ་བ་ཐུགས་ཐག་ཆོད་པའི་གསུང་རྒྱུ་མ་བྱུང་བས། ཀརྨ་པའི་ཆོས་བརྒྱུད་སྤྱི་དང་སྒར་ཆེན་གྱི་འདུས་དམངས་ལ་མ་འོངས་པར་ཁ་ཕྱོགས་ཇི་ལྟར་ཡོང་བའི་བློ་གཏད་ཕེར་བའི་དམ་འབྱར་གྱི་བཀའ་ཡིག་མེད་པ་མ་ཟད་གསུང་ངག་གི་ལམ་ནས་ཀྱང་ཞིབ་གསལ་གསུང་རྒྱུ་མེད་པར་དེར་ལུས་པས། དེ་མ་ཐག་ཏུ་དམག་དཔུང་གིས་སྒར་ཆེན་བསྐོར་ནས་སྐྱི་གཡའ་བའི་གནས་སྟངས་སྐྱོ་པོ་གོང་སྨོས་ལྟར་བྱུང་བ་དང་། སྟག་ལུང་པ་ལ་འདུན་ཆིངས་དགོས་པའི་བཀའ་སྩལ་ནས་སྔུན་ལ་བཏང་ཞིང་། དེའི་རྗེས་བསྙེགས་པའི་དམག་དཔུང་བཏེགས་པ་ཙམ་གྱིས་ཡང་དག་པའི་འདུན་མ་སྒྲུབ་འདོད་མེད་པ་གསལ་པོར་ཤེས་ཐུབ།

རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་རྣམ་ཐར་ལས། “གཞུང་མཆོད་ཡོན་ནས་ཀརྨ་པ་ཉིད་མཚུར་ཕུའམ་ཐ་ན་ལྷོ་བྲག་ཙམ་དུ་གདན་ས་པ་དང་། རྒྱལ་ཚབ་རིན་པོ་ཆེ་འདི་ཉིད་ཀྱིས་ཇི་ལྟར་མཛད་པ་ལྟར་གནང་ན་ཐུགས་དགྱེས་པའི་མཆོད་གནས་སུ་གསོལ་བ་འདེབས་བའི་གསུང་། རྒྱལ་དབང་ལྔ་པའི་ཕྱག་དམ་གནང་བའི་བཀའ་ཤོག་གནང་བ་ཀརྨ་པའི་ཕྱག་ཏུ་རྗེ་བཀྲ་ཤིས་དཔལ་གྲུབ་ཀྱིས་ཞུ་ནན་བཅས་ཕུལ་ཡང་ཐུགས་མ་གཏད་ནས་ལྷོ་ཕྱོགས་ཀཱ་མ་རཱུ་པ་དང་ཉེ་བར་ཕེབས་སོང་བས་མི་ཡི་བདག་པོ་རྣམས་ཐུགས་འཁྲུགས་པས་ཆོས་སྡེ་རྣམས་ལ་བཀའ་བཀྱོན་ཆེན་པོ་དང་། སྟག་ལུང་ཞབས་དྲུང་ལའང་གཟིགས་པ་འཛོལ་བར་གྱུར་པའི་སྐབས། རྗེ་འདི་ལྷ་ལྡན་དུ་ཕེབས་ནས་ཡིན་ལུགས་རྣམས་སྙན་དུ་ཞུས། ཞབས་དྲུང་ནས་དབུ་བསྙུང་འབུལ་དགོས་བྱུང་འདུག །རྒྱལ་དབང་ལྔ་པ་ཆེན་པོ་ནས་ཀྱང་ཀརྨ་པས་མཐའ་དམག་ཁྲིད་པར་བཤམས་ཞེས་སོགས་གསུངས་འདུག་མོད་ཀརྨ་པ་དངོས་ནི་འཁྲུལ་ཞིག་ཆེན་པོར་འདུག་པས་དེ་འདྲ་ཐུགས་ལ་ཤར་བའི་རིགས་སུ་མི་འདུག་ཅིང་སྐབས་དེ་རྣམས་སུ་ཀར་གཙང་ཡོན་མཆོད་ཀྱི་ནང་ཁུལ་ཡང་དེ་ཙམ་ཞིག་མེད་པར་མངོན་ནོ། །”ཞེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་སྨོས་ཀྱང་། སྟག་ལུང་ཞབས་དྲུང་ནས་རྒྱལ་དབང་ལྔ་པའི་ཕྱག་དམ་གནང་བའི་བཀའ་ཤོག་ཅིག་སྟོན་རྒྱུ་མེད་པར་གོང་དུ་གསལ་ལ། དེའི་སྐབས་ཀྱི་གནས་ཚུལ་ཡིག་ཚང་དུ་འཁོད་པའི་ནང་ནས་ཆེས་གསལ་ཤོས་ནི། རིམ་འགྲོ་ཀུན་ཏུ་བཟང་པོ་གསུང་ལ་འཛིན་དགོས་པར་སེམས། སྐབས་དེར་ཁོང་ཀརྨ་པའི་སྐུ་གམ་དུ་བཞུགས་ཡོད་པས། ཁོང་ལས་གཞན་པ་ནི་གོ་ཐོས་དང་ཚོད་དཔག་གིས་འཁྱོགས་བཤད་ཁོ་ནར་ཟད། རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་ཡིག་ནི། ཆུ་རྟ(༡༦༤༢)ལོར་སྟག་ལུང་ཞབས་དྲུང་བརྒྱུད་ནས་གནང་ཡོད་ཚུལ་གོང་དུ་སྨོས་ཟིན་ལྟར་ལ། སླད་ནས་རྒྱལ་ཚབ་ལྔ་པའི་རྣམ་ཐར་རྒྱས་པ་རྙེད་སོན་བྱུང་ན་འདིའི་ཐད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པར་ཕན་འབྲས་གསར་པ་ཞིག་ཐོན་པར་ངེས་སོ། །

སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཀྱི་རྣམ་ཐར་ལས། “རྒྱལ་དབང་ཀུན་གཟིགས་ལྔ་པ་མཆོག་གི་ཞབས་པད་བརྟེན། མཆོད་ཡོན་ལྷན་རྒྱས་སུ་ཀར་དགེའི་བར་གྱི་འདུམ་འཇགས་ཞུ་འབུལ་མཛད་པའི་བཀའ་བཞེས་དབུགས་དབྱུང་ལེགས་ཚོགས་སུ་གྱུར། སྐྱིད་ཤོད་བརྒྱུད། ཕྱིད་མར་སེར་ལ་དོན། ལྷོ་ཕྱི་ནང་གི་གངས་རིའི་ངོགས་སུ་ཕེབས་པས་ཀརྨ་པའི་སྒར་སྐུ་ཆས་གངས་ནང་དུ་ཤོར་གྲས། གཡང་ཊིའི་ཕོར་པ་གཉིས་སོགས་འདིར་བྱུང་ཞིང་། རྟེན་ལི་མ་ཁ་ཤས་འདུག་པ་མཆོད་ཡོན་ཕྱག་ཏུ་ཕེབས།” ཞེས《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལས་འཁོད་པར་གཞིག་ན་ཁོང་ཀརྨ་པའི་ཞབས་དྲུང་དུ་འབྱོར་མ་གྲུབ་ཙམ་ནས་སོག་དམག་གིས་སྒར་ཆེན་གཏོར་ཚར་ཟིན་པ་ལྟར་སྣང་ཡང་། ཀརྨ་པའི་རྣམ་ཐར་དུ་སྟག་ལུང་ཞབས་དྲུང་གིས་དང་ཐོག་ཀརྨ་པ་མཇལ་ཞིང་། ཁོང་གི་རྗེས་དེད་ནས་སྐྱིད་སོག་དམག་དཔུང་ཡོང་ནས་ཀརྨའི་སྒར་ཆེན་རྩ་གཏོར་བཏང་བར་འཁོད་པ་འཐད་པར་སེམས། ཡང་རྒྱལ་དབང་ལྔ་པ་ཆེན་པོས། “མཆོད་ཡོན་ལྷོ་བྲག་ཕྱོགས་སུ་ཕེབས་པའི་གདོང་དུ་སྟག་ལུང་ཞབས་དྲུང་བར་ཆིངས་ལ་ཕེབས་ཀྱང་སྒར་པ་དཔོན་སློབ་བཞུགས་མ་ནུས་པར་བྲོས་ཀྱིས་ཁམས་ལ་ཕེབས།” ཞེས《དུ་ཀཱུ་ལའི་གོས་བཟང་》ལས་གསུངས་ཀྱང་། དེ་ནི་ཕྱོགས་རྐྱང་པའི་ལྟ་ཚུལ་ཡིན་པས་དོན་དངོས་ལ་མི་མཐུན་པ་སྒྲོབ་བཤད་དང་དཔའ་གཏམ་གྱི་ང་རོ་འབྱིན་པར་མ་ཟད། ཀརྨ་པའི་སྐུ་སྲོག་ཀྱང་འཕྲོག་པར་དཔུང་འཇུག་བྱས་པར་སྲོག་ཉེན་གཡོལ་ཆེད་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་བ་ལས། སྐྱིད་མ་ཐེག་ནས་བཞུགས་མ་ནུས་པ་མིན་པར་ཟུར་བསྟན་ལེབ་མཐོང་ཡིན་པར་གསལ་པོར་ཤེས་ཐུབ་བོ། །

དེ་ལྟར་སྐྱིད་སོག་མཉམ་འབྲེལ་དམག་དཔུང་གིས་ཀརྨའི་སྒར་ཆེན་རྩ་གཏོར་བཏང་ཡང་། རྒྱལ་དབང་ཀརྨ་པ་འཇུ་བཟུང་མ་ཐུབ་ཅིང་སྐུ་སྲོག་ལ་འཇིག་ཉེན་དང་བྲལ་ནས་རིམ་གྲོ་པ་དང་དཔོན་སློབ་གཉིས་བྲོས་བྱོལ་ལ་ཕེབས་པར་ཤེས་ནས། རྒྱལ་དབང་ལྔ་པའི་གཙོས་དགའ་ལྡན་ཕོ་བྲང་གིས་སླར་ཡང་ཀཾ་ཚང་དགོན་པ་ཉེར་གཅིག་ཚུར་སྤྲད་པའི་རྣམས། ཤིང་སྤྲེལ་སྤྱི་ལོ(༡༦༤༤)ལོའི་མཇུག་ཙམ་ནས་འཕན་ཡུལ་ཟ་དམ་ཉིན་བྱེད་གླིང་ནི་ས་གནས་དེ་གའི་རྫོང་དུ་བསྒྱུར་བ་དང་། མེ་ཕག་་ལོ(༡༦༤༧)ལོར་གཡུང་འོག་མིན་དར་རྒྱས་གླིང་གི་གསེར་ཐོག་ལྷ་སར་དབོར་ཞིང་གཙུག་ལག་ཁང་གི་བྱམས་ཁང་སྟེང་དུ་སྒྲོན་པ། ས་བྱི་སྤྱི་ལོ(༡༦༤༨)ལོར་སྨྱུག་ལ་ལེགས་བཤད་གླིང་ནི་དགའ་ལྡན་ཆོས་འཁོར་ཡང་རྩེ་ཞེས་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་བ། ས་ཕག་སྤྱི་ལོ(༡༦༥༩)ལོར་གཡུང་འོག་མིན་དར་རྒྱས་གླིང་གི་གཙུག་ལག་ཁང་གཞིས་ཀར་བསྒྱུར་ཞིང་། དེ་འཕྲོའི་ཆོས་གྲྭའི་འཛུག་སྐྲུན་ཡོངས་རྫོགས་གཏོར་བཤིག་བྱས་ནས། ཤིང་ཆ་རྣམས་ཕན་བདེ་ལེགས་བཤད་གླིང་པའི་དགོན་པ་གསར་བརྒྱག་གི་ཆེད་དུ་དབོར་འདྲེན་བྱས་པ་བཅས། རྒྱལ་དབང་ལྔ་པ《ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ་ཀཱུ་ལའི་གོ་བཟང་》ལས་གསལ་བས། དེའི་སྐབས་ཀྱི་ཀར་དགོན་ཉེར་གཅིག་ལས་མཚུར་ཕུ་དང་། ཡངས་པ་ཅན། གཙང་སྟག་སྣ་དགོན་གསུམ་ཙམ་ལས་རིམ་པས་གྲུ་མཐའ་བསྒྱུར་བ་སོགས་བྱས་པར་མངོན། གནས་ནང་དགོན་དང་། སྒྲགས་སྔགས་གཉིས་ནི་དཔའ་བོ་ཕྲིན་ལས་རྒྱ་མཚོ་རྒྱལ་དབང་ལྔ་པ་ཆེན་པོས་དགེ་ཚུལ་སློང་གི་སྡོམ་པ་གནང་བ་སོགས་བསྐྱེད་བསྲིང་མཛད་དེ། ལྷོ་བྲག་གྲོ་བོ་ལུང་དང་སྲས་མཁར་གྱི་ཚབ་པོར་གནང་བ་ཡིན་ནོ། །

འདིར་བརྗོད་བྱ་གཙོ་བོ་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་ནི། ཆུ་རྟ་སྤྱི་ལོ(༡༦༤༢)ལོར་དྭགས་ཀོང་གཙང་གསུམ་གྱིས་བདེ་གཟར་ཤུགས་ཆེན་ལངས་པའི་རྐྱེན་གྱིས་དགེ་འདུན་པ་རྣམས་གཞུང་སས་ལག་མཐིལ་དུ་ལྕགས་ཐེལ་བརྒྱབ་ནས་དགེ་དགོན་རྣམས་སུ་ཁ་འཐོར་གྱིས་བཀའ་བཀོད་ཚོད་འཛིན་འོག་འཚོ་གནས་བྱས་པར་གོང་སྨོས་ཀར་དགོན་སྤྱིའི་དགེ་འདུན་པའི་གནས་བབ་དང་གཅིག་མཚུངས་ཡིན་པར། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་བརྩམས་པའི《ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》ལས་གསལ་བས་སོ། །དགོན་པའི་གཙུག་ལག་ཁང་སོགས་ཕྱིའི་འཛུག་སྐྲུན་དང་། ནང་གི་སྐུ་གསུང་ཐུགས་རྟེན་རྩ་ཆེན་རྣམས་གཞུང་བཞེས་བཏང་ནས་དབོར་འདྲེན་བྱས་པར་མ་ཟད། གསུང་རབ་མང་པོའི་སྤར་ཤིང་འབོར་ཆེན་བཞུགས་པ་རྣམས་མེ་ལྷའི་སྲེག་བླུགས་སུ་བཞེན་པའམ་སྒོ་ཐེལ་བརྒྱབ་པ་སོགས་རྩ་མེད་དུ་གཏོང་བའི་བྱལ་འགུལ་སྤེལ་བ་གོར་མ་ཆག །དེ་ལྟར་ལོ་གྲངས་བཅུ་མ་ཟིན་ཙམ་དུ་ནང་དུ་དགེ་འདུན་གྱི་སྡེའི་སྟོངས་ཤིང་། ཕྱིའི་གཙུག་ལག་ཁང་དང་ལྷ་ཁང་གྲྭ་ཤག་རྣམས་ཐིགས་ཚགས་སོགས་ཀྱིས་བདག་སྐྱོང་མེད་པ་དྲི་ཟའི་གྲོང་དང་དཔེ་ཟླ་མ་མཆིས་པར་གྱུར་ནས། དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་གྲྭ་དགའ་ཚལ་ཀརྨ་གཞུང་ལུགས་ཞེས་གྲགས་པའི་མི་ལོ་བརྒྱ་ཕྲག་གཅིག་དང་ཉག་མ་བཅུ་ཙམ་གྱི་རིང་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་མང་བསྐྱེད་བསྲིང་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས་པའི་ཆོས་གྲྭ་དེ་ཉིད་མིང་གི་ལྷག་མར་གྱུར་ཏོ། །

 

༡༥༽ དགའ་ལྡན་ཐོས་བསམ་དར་རྒྱས་གླིང་བསྐྱར་འཛུག་གནང་བའི་སྐོར།

ཡར་སྟོད་ཐོས་བསམ་དར་རྒྱས་གླིང་གི་རྡོ་རིང་།

ལྕགས་ཡོས་སྤྱི་ལོ(༡༦༥༡)ལོའི་ཟླ་བ་བཅུ་གཅིག་པའི་ནང་རྒྱལ་དབང་ལྔ་པ་ཆེན་པོ་ཡར་ལུང་ཁུལ་དུ་ཕེབས་སྐབས་དང་བསྟུན་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་རྨང་གཞི་བྱས་ཐོག་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་བསྐྱར་འཛུགས་མཛད། དེའང་རྒྱལ་དབང་ལྔ་པ《ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ་ཀཱུ་ལའི་གོ་བཟང་》ལས། “ཡར་སྟོད་བསམ་སྡེར་ཐོས་བསམ་དར་རྒྱས་གླིང་བཙུགས་པའི་ཐོ་བཙུན་རྣམས་ཀྱིས་རབ་བྱུང་བསྒྲུབས། དེ་ཐོག་ནས་གྲྭ་ཚང་ལ་ཁ་ཤས་བཅུག་ཅིང་ཡར་འབྲོག་གི་ཐོ་བཙུན་རྣམས་ཀྱང་འབྱོར། ར་བ་སྟོད་པ་ལུགས་ཀྱི་འཆད་ཉན་ཀྱི་ཁྱད་ཆོས་ཀྱིས་ལྷོ་བྲག་ནོར་བུ་གླིང་ཟུར་པ་ལྕང་ལོ་ཅན་པ་སློབ་དཔོན་དུ་བསྐོས།” ཞེས་གསུངས་པས། ཡར་སྟོད་དགའ་ཚལ་ཆོས་གྲྭ་འཕོས་ཤུལ་དུ་དང་ཐོག་ཡུལ་ལུང་དེ་ནས་བུ་ཁྲལ་བསྡུས་ནས་རབ་བྱུང་བསྒྲུབས་པར་མཛད། གསར་དུ་རབ་ཏུ་བྱུང་མ་ཐག་རྣམས་ཆོས་ཀྱི་ཆོ་ག་སོགས་གང་ཅི་ཐད་ནས་ཉམས་མྱོང་མེད་པས། གྲྭ་པ་རྒན་གྲས་འགའ་གསབ་སྣོན་གནང་བར་མ་ཟད། འཆད་ཉན་གྱི་སློབ་དཔོན་དུ་ལྕང་ལོ་ཅན་པ་ཕྲིན་ལས་རྒྱ་མཚོ་བསྐོ་བཞག་མཛད་པ་གསལ་བ་དང་། དེ་མཚུངས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་། 《དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ》ལས། “ཡུལ་གྱི་དགེ་བཅུ་མ་ལུས་པར་ཚང་བ་གཡོ་རུ་ཡར་ཀླུང་གི་སྟོད་ཤམ་པོ་གངས་ཀྱི་ཉེ་འདབས་སུ་ལྕགས་མོ་ཡོས་ཀྱི་ལོ་གསར་དུ་ཚུགས་པ་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་། སློབ་དཔོན་ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ། དེ་རྗེས་འཕན་པོ་གྲགས་པ་རྣམ་རྒྱལ། རྩེས་དང་བློ་བཟང་བཟོད་པ། ད་ལྟ་ལྷོ་བྲག་མདོ་རྒྱུད་རྒྱ་མཚོས་བསྡུས་ཚད་ར་བ་སྟོད་པ་ལུགས་དང་། པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བ། རྗེ་བླ་མའི་དབུ་ཕར་མཛོད་གསུམ་རྣམས་འཆད་ཉན་བྱེད། མདོ་ཆོག་ཡིད་བཞིན་དབང་རྒྱལ་སོགས་ཀྱི་སྒོ་ནས་གཤིན་གསོན་རྗེས་སུ་འཛིན། ཨང་དང་གྲྭ་པ་ཉིས་བརྒྱ་དང་གྱ་ལྔ་སྐོར།” ཞེས་གསུངས་པས། ལྕགས་ཡོས་སྤྱི་ལོ(༡༦༥༡)ལོར་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་ཆོས་སྡེ་སྟོངས་ཤུལ་གྱི་གནས་མལ་དེར་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་གསར་དུ་བཙུགས་ཤིང་། དེའི་འཆད་ཉན་གྱི་སློབ་དཔོན་ནམ་གདན་རབས་རྣམས་དང་། ཡིག་ཆ་གང་ལ་སློབ་གཉེར་བྱ་དགོས་པ། ཆོ་ག་དང་གྲྭ་ཚང་གྲངས་བཅས་གསལ་བས་སོ། །

 

ད་ལྟའི་ཡར་སྟོད་ཐོས་བསམ་དར་རྒྱས་གླིང་གི་གཙུག་ལག་ཁང་།

༡༦༽ གྲུབ་མཐའ་མ་བསྒྱུར་གོང་བཀའ་བརྒྱུད་ཀྱི་ཆོས་གྲྭ་ཡིན་པར་དངོས་ར་འཕྲོད་པ།

བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་སྤྱི་ལོ(༢༠༢༢)ལོའི་ཟླ་བ་ལྔ་པའི་ཉེར་བཞི་ཉིན་པོ་ཏཱ་ལའི་གནའ་རྫས་ཞིབ་དཔྱད་ཁང་གི་མཁས་དབང་ངག་དབང་གཞན་ཕན་གྱི་ཕྱག་རོགས་འོག །བོད་རང་སྐྱོང་ལྗོངས། ལྷོ་ཁ་གྲོང་ཁྱེར། སྣེའུ་གདོང་ཁུལ། ཡར་སྟོད་ཡུལ་ཚོ། ཆོས་སྡེ་གོང་གི་གྲོ་ཚོར་གནས་པའི་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་གི་ས་གནས་ས་ཐོག་ཏུ་དངོས་སུ་ཆེད་བསྐྱོད་བྱས་ཏེ། དགོན་པའི་སྐུ་ཞབས་རྣམས་ལ་གླེང་མོལ་དང་བཀའ་འདྲི་ཞུས་པ་བརྒྱུད་དགོན་པ་འདི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་ནང་ཐོག་མར་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་ཕྱག་བཏབ་ཚུལ་ལྷ་སྒྲུང་དང་སྦྱར་བའི་བཤད་སྲོལ་ཡོད་ཚུལ་དང་། དུས་རབས་བཅུ་བདུན་པར་ཏཱ་ལའི་བླ་མ་ལྔ་པ་ཆེན་ཆོའི་ཕྱག་བཏབ་པ་ཙམ་ལས་གསུང་རྒྱུ་མི་འདུག །དཀོར་གཉེར་སྐུ་ཞབས་གཞན་ཞིག་གིས་གཙང་ཁང་གི་རྡོ་རྗེ་འཆང་གི་སྐུ་བརྙན་བཀའ་བརྒྱུད་པའི་དགོན་པའི་སྐབས་ཡོད་པས་ཆོས་ལུགས་ལྷུག་བཏོང་སྐབས་བསྐྱར་བཞེངས་བྱས་པ་རེད་ཅེས་གསུང་བ་ཙམ་ལས་དཔང་རྟགས་ཚད་ཐུབ་མ་རྙེད། འདུ་ཁང་གི་རྩིག་ལོགས་སུ་བདག་ཅག་གི་སྟོན་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་རྙིང་པ་སྤུ་ལེགས་ལོ་རྒྱུས་དང་བཅས་པ་བཞུགས་ཀྱང་། རྒྱལ་དབང་ལྔ་པ་ཆེན་པོ་སྐབས་སུ་བྲིས་ཚུལ་དང་། གཙང་ཁང་གཡོན་སྒོའི་རྩིག་འགྲམ་དུ་རྒྱལ་དབང་ལྔ་ཆེན་པོའི་སྐུ་བརྙན་ཞིག་ཀྱང་མཆིས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བསྐྱར་གསོ་དང་རྒྱ་བསྐྱེད་གནང་ཚུལ་གསུང་ཞིང་། དེའི་སྐོར་དཀར་ཆག་འདུ་ཁང་སྒོ་འཁྱོར་དུ་འདུག་སྟེ་རིག་གསར་སྐབས་དམག་མིའི་པྲ་རྩི་བྱུག་རྐྱེན་གསལ་པོར་མཐོང་ཐབས་བྲལ། འདུ་ཁང་གི་ཐོག་བརྩེགས་གཉིས་པར་བསྲུངས་མ་ཁང་གི་འདོན་ཆའི་ཁྲོད་དུ་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་གསུང་། མགོན་པོ་བེར་ནག་ཅན་གྱི་དབུས་མ་མགོན་འཁོར་ལྔ་སོགས་ཀྱི་གསོལ་བསྡུས་ཀཾ་ཚང་པ་རྣམས་ཀྱིས་མ་དག་མ་ཞེས་འབོད་པ། “ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །”ཞེས་སོགས་ཆ་ཚང་དང་། གཞན་ཡང་མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར་རྣམས་བཞུགས་ཤིང་། དམིགས་བསལ་ཞུ་རྒྱུར་མཁའ་འགྲོ་སྤྱི་གཏོར་ནང་དུ། “ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི།” ཞེས་སོགས་བཀའ་བརྒྱུད་པའི་སྒྲུབ་གནས་དང་གདན་ས་ཆེ་ཁག་རྣམས་འཁོད་ཡོད་པས་ཁོང་རྣམ་པས་དོ་སྣང་གནང་གི་མེད་པ་འདྲ། མགོན་ཁང་གི་འདོན་དཔེའི་གསེབ་ཏུ་བཞུགས་པའི་དཔེ་ཚན་གསུམ་པོའི་ཆུ་རྟ་སྤྱི་ལོ(༡༦༤༢)ལོའི་ཡན་དུ་དཔལ་འགྲོ་མགོན་བཀའ་བཀའ་བརྒྱུད་པའི་ཆོས་གྲྭ་དགའ་ཚལ་ཀརྨ་གཞུང་ལུགས་གླིང་ཡིན་པ་དངོས་ར་འཕྲོད་པར་མ་ཟད། བསྲུངས་མ་ཁང་གི་བླ་མས་གསུང་ན་དགོན་པའི་གཙུག་ལག་ཁང་གི་མདུན་ཐང་རྡོ་གཅལ་དཀྱིལ་སྒྲུམ་སྟེགས་ཐོག་ཏུ་བཞག་པའི་ཚོགས་ཟངས་འདི་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་མ་ཚུགས་གོང་ནས་ཡིན་ཞིང་། ནང་ངོས་སུ་ཡི་གེ་འཁོད་འདུག་པས་ཉམས་ཞིབ་བྱ་རྒྱུར་ཕན་ཐོགས་ཡོང་སྲིད་གསུངས་བྱུང་བས། ཚོགས་ཟངས་སུ་འཁོད་པའི་ཡི་གེ་ནི། “ན་མོ་གུ་རུ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །འགོག་ལམ་རང་བཞིན་སྐྱོབས་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན་དང་། །བསླུ་མེད་དཀོན་མཆོག་གསུམ་གྱི་དགེ་ལེགས་སྩོལ། །ཆོས་ཀྱི་མཆོག་གྱུར་དགེ་འདུན་འདུས་པའི་སྡེའི། །འདོད་རྒུའི་ལོངས་སྤྱོད་ཀུན་འཁྱིལ་ཚོགས་ཁྲོ་བཞི། །མེ་འབྲུག་ལས་བྱེད་དབུ་མཛད་པ་རྣམས་ཀྱིས་ལས་བསྐྲུན་པའི། །རྒྱལ་བསྟན་སྲིད་མཐའི་བར་དུ་དར་ཞིང་རྒྱས། །དེར་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་སྲིད་བརྟན། །དགེ་འདུན་རྣམས་ཀྱི་བཤད་སྒྲུབ་ལོངས་སྤྱོད་འཕེལ། །འབྲེལ་མཛད་རྗེ་བཙུན་བླ་མས་རྗེས་བཟུང་སྟེ། །ཟུང་འཇུག་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།” ཞེས་འཁོད་པའི་ནང་དོན་ནི་འདོད་གསོལ་དང་ཤིས་ཚིག་ཡིན་ཁར་མེ་འབྲུག་ལོར་ཚོགས་ཁྲོ་འདི་བླུགས་བཞེངས་མཛད་པར་གསལ་ཡང་། མེ་འབྲུག་ནི་ལོ་རྒན་དྲུག་ཅུའི་ནང་ཐེངས་རེ་འབྱུང་བས་དུས་རབས་གང་ཡིན་སྨྲ་བ་རྔོ་མི་ཐོགས་སོ། །རེད་དེ་ཚན་རིག་ལ་བརྟེན་ནས་གནའ་རྫས་རྟོགས་ཞིབ་དང་། མེས་པོ་གོང་མ་རྣམས་ཀྱི་གསུང་རབ་ཀྱི་གསེབ་ཏུ་ཚོགས་ཟངས་སུ་བཀོད་པའི་ཚིགས་བཅད་རྣམས་བཙལ་རྙེད་བྱུང་ན་དུས་རབས་གང་དུ་བཞེངས་བླུགས་བྱས་པ་དང་། ཚིགས་བཅད་འདི་གང་ཟག་སུའི་གསུང་རྩོམ་ཡིན་པར་ཤེས་རྟོགས་ཐུབ་ངེས་རེད་སྙམ་མོ། །

གནའ་བོའི་ཚོགས་ཟངས་རྙིང་པ།

ཞེས་ཡར་སྟོད་དགའ་ཚལ་ཀརྨ་གཞུང་ལུགས་གླིང་གི་འཕེལ་འགྲིབ་ཀྱི་བྱུང་བ་བརྗོད་པ་འདིའང་ཐུབ་བསྟན་འོད་ཟེར་དུ་འབོད་པའི་ཡུལ་འཁྱར་དེས། རང་བྱུང་བཅུ་བདུན་པའི་བོད་ཆུ་ཕོ་སྟག་ལོའི་ཟླ་བ་དྲུག་པའི་

ཚེས་ཉེར་གཉིས་དང་། སྤྱི་ལོ(༢༠༢༢).༨.༡༨.ཉིན་ལྷ་ལྡན་གྲོང་ཁྱེར་དུ་བྲིས་པའོ། །

 

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1979