གདོང་ཁྲག་གིས་སྒྱུར་སྒྲིག་བྱས།

༡ སུམ་རྩེན་གློག་བརྙན་གླིང་།

༢ཨ་རྒིན་གྱི་རྣམ་ཐར།

༣ལྷམ་ཆུང་ཆུང་།

༤ རོལ་དབྱངས་ཀྱི་འགྱུར་ཁུགས།

༥ཁྱིམ་སྟོང་།

༦གཅིག་ཀྱང་ཆད་མི་རུང་།


【གློག་བརྙན་འདི་ནི་དབྱི་ཐ་ལིའི་འཁྲབ་ཁྲིད་པ་ཅེའུ་སེ་པེ·ཐོ་ནཱ་དོ་ལེ་ཡིས་འཁྲབ་ཁྲིད་བྱས་ཤིང་ཧྥེས་ལེ་ཕོ·ནོ་བཱ་ལེ་དང་སཱ་བ་ཐུ་ལེ·ཁཱ་ཤེ་ཨོ་ཡིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན།  སྤྱི་ལོ༡༩༨༨ལོའི་ཟླ༡༡་པའི་ཚེས༡༧་ཉིན་དབྱི་ཐ་ལི་ནས་འགྲེམས་སྟོན་བྱས།  བྱ་དགའ་གཙོ་བོ་སྤྱི་ལོ་༡༩༩༠ལོའི་སྐབས་༦༢པའི་ཨའོ་སུ་ཁའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ།  སྤྱི་ལོ༡༩༨༩ལོའི་སྐབས་༤༢པའི་ཀ་ནཱ་གློག་བརྙན་དུས་སྟོན་གྱི་དཔྱད་ཞིབ་ཚོགས་པའི་བྱ་དགའ།  སྤྱི་ལོ་༡༩༩༠ལོའི་སྐབས༤༧པའི་ཨ་རིའི་གསེར་གྱི་སྤོ་ལོའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་བཅས་མང་དུ་ཐོབ།】

 

འཁྲབ་ཁྲིད་པ།  ཅེའུ་སེ་པེ·ཐོ་ནཱ་དོ་ལེ།  

འཁྲབ་གཞུང་། ཅེའུ་སེ་པེ·ཐོ་ནཱ་དོ་ལེ།  Vanna Paoli

གཙོ་འཁྲབ་པ།  ཧྥེས་ལེ་ཕོ·ནོ་བཱ་ལེ།   ཡཱ་ཁུ·པེ་ཧན།  སཱ་བ་ཐུ་ལེ·ཁཱ་ཤེ་ཨོ།

བོད་མིང་། སུམ་རྩེན་གློག་བརྙན་གླིང་།   

དབྱིན་མིང་།  Nuovo cinema Paradiso

རྒྱ་མིང་། 天堂电影院    

རྒྱལ་ཁབ། ཧྥ་རན་སི།    དབྱི་ཐ་ལི།  

སྐད་རིགས།   དབྱི་ཐ་ལིའི་སྐད།  དབྱིན་སྐད།   ཕོའུ་ཐོ་ཡའི་སྐད།  

རིགས།  བརྩེ་དུང་།

རིང་ཚད།  རྒྱལ་སྤྱིའི་པར་གཞི་ལ་སྐར་མ༡༢༣ཡོད།

འགྲེམས་སྤེལ་དུས་ཚོད།  སྤྱི་ལོ༡༩༨༨ལོའི་ཟླ༡༡པའི་ཚེས་༡༧ཡིན།དབྱི་ཐ་ལི

ཚོན་མདངས།  ཚོན་ལྡན།

གློག་བརྙན་གྱི་ནང་དོན་མདོར་བསྡུས།

       མི་སྣ་གཙོ་བོ་ཏོའུ་ཏོའུ་གློག་བརྙན་སྟོན་མཁན་ཨ་ཧྥོ་ཐུས་བསྟན་པའི་གློག་བརྙན་ལ་བལྟ་རྒྱུར་ཤིན་ཏུ་དགའ།  ཁོས་གློག་བརྙན་སྤྱིན་ཤོག་ནང་ནས་བྱིས་དུས་ཀྱི་འཚོ་བའི་སྤྲོ་སྣང་རྙེད་བྱུང་།   དབྱི་ཐ་ལིའི་ལྷོ་རྒྱུད་ཀྱི་ཅང་ཁཱ་ཨུར་ཏོ་ཞེས་པའི་གྲོང་བརྡལ་ཞིག་ཏུ་བྱིས་པ་ཆུང་ཆུང་ཏོའུ་ཏོའུ་གློག་བརྙན་ལ་བལྟ་རྒྱུར་དགའ་བ་མ་ཟད་ད་དུང་གློག་བརྙན་སྟོན་མཁན་ཨ་ཧྥོ་ཐུ་ཡིས་“དྲས་”པའི་གློག་བརྙན་ལ་ཡང་བལྟ་རྒྱུར་དགའ།  

   ལོ་རབས་བཞི་བཅུ་བའི་དུས་སུ་དབྱི་ཐ་ལིའི་གྲོང་བརྡལ་ཆུང་ཆུང་དེ་རུ་གློག་བརྙན་མ་བསྟན་པའི་སྔོན་དུ་ཡེ་ཤུའི་ཆོས་འཆད་མཁན་རྣམས་ཀྱིས་ཞིབ་གཤེར་བྱེད་དགོས།  ལྟད་མོ་བ་དང་མི་འཚམ་པའི་བརྙན་མིག་(དཔེར་ན་འོ་སྤྱོར་གྱི་འཁྲབ་ཚན)ནན་ཏན་གྱིས་བཅད་པའི་རྗེས་སུ་སྟོན་ཆོག་པ་ཡིན།  དེའི་རྒྱུ་མཚན་གྱིས་ལྟད་མོ་བ་ཚོས་འོ་སྦྱོར་གྱི་འཁྲབ་ཚན་བཅད་ཟིན་པ་ཚོར་རྗེས་ཚང་མས་འུར་སྒྲ་སྒྲོག་པ་མ་ཟད་ཐ་ན་མཆིལ་ཞགས་ཡང་འཕེན།  ཡིད་སེམས་འགུགས་པའི་ཚན་པ་རེར་འཕྲད་ཚེ་ལྟད་མོ་བ་ཐུན་མོང་གིས་མིག་ཆུ་གཏོང་བཞིན་ངུ་འབོད་བྱེད།  མདོར་ན་གློག་བརྙན་ཁང་ནི་རྟག་པར་འུར་འུར་ཟིང་ཟིང་གིས་ཁེངས་འདུག   

      བྱིས་པ་ཏོའུ་ཏོའུ་ཡི་ཕུགས་བསམ་ནི་ཨ་ཧྥོ་ཐུ་ལྟ་བུའི་གློག་བརྙན་སྟོན་མཁན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། ཡིན་ན་ཡང་ཨ་ཧྥོ་ཐུ་ཡིས་ཏོའུ་ཏོའུ་ཡི་སྤྱང་གྲུང་འཛོམས་པའི་རྣམ་འགྱུར་དག་མཐོང་རྗེས་ཁོའི་སེམས་སུ་ཏོའུ་ཏོའུ་ཡི་མ་འོངས་པའི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བར་འདོད།  དེ་བས་ཁོས་ཏོའུ་ཏོའུ་ལ་གྲོང་བརྡལ་ཆུང་ཆུང་འདི་དང་ཁ་གྱེས་དགོས་པར་བསྐུལ།  “ ཉིན་རྟག་པར་འདི་གར་བསྡད་ཚེ།   ཁྱོད་ཀྱིས་གནས་འདི་ནི་འཛམ་གླིང་ཡིན་པར་ངོས་འཛིན་བྱེད་སྲིད།”  ཡིན་ན་ཡང་ཏོའུ་ཏོའུ་ཡིས་ཨ་ཧྥོ་ཐུ་ཡི་སྐད་ཆ་རྒྱུས་ལོན་བྱེད་ཐབས་བྲལ།  ཁོ་ཉིན་རྟག་པར་ཨ་ཧྥོ་ཐུ་དང་མཉམ་དུ་གློག་བརྙན་སྟོན་སར་ཡོང་ནས་གློག་བརྙན་སྟོན་པའི་ཤེས་བྱ་སྦྱངས།  

      སེམས་བཟང་བའི་ཨ་ཧྥོ་ཐུ་ཡིས་ལྟད་མོ་བར་གློག་བརྙན་མང་པོ་ཞིག་སྟོན་པའི་ཆེད་འཆར་འོད་ཕྱི་རོལ་ལ་བསྟན་པས་མཐར་སྤྱིན་ཤོག་མེར་འཚིག་ནས་གློག་བརྙན་སྟོན་སར་མེ་སྐྱོན་བྱུང་། ཏོའུ་ཏོའུ་ཡིས་མེ་སྐྱོན་དེའི་ཁྲོད་ནས་ཨ་ཧྥོ་ཐུ་བསྐྱབས།  འོན་ཀྱང་ཨ་ཧྥོ་ཐུ་ཡི་མིག་ཟུང་ལོང་བར་གྱུར།  མི་མཐུད་དུ་གློག་བརྙན་སྟོན་མི་ཐུབ་པར་གྱུར།  ཏོའུ་ཏོའུ་ནི་གྲོང་བརྡལ་འདིའི་གློག་བརྙན་སྟོན་ཤེས་མཁན་ཁོ་ནར་གྱུར།  ཁོས་ཨ་ཧྥོ་ཐུ་ཡི་ཚབ་བྱས་ནས་གློག་བརྙན་བསྟན་པས་ཁོ་ནི་གྲོང་བརྡལ་འདིའི་གློག་བརྙན་སྟོན་མཁན་དུ་གྱུར།  

       ཏོའུ་ཏོའུ་རིམ་བཞིན་ནར་སོན་བྱུང་།  ཁོ་དངུལ་ཁང་ལས་གཉེར་བ་ཚང་གི་བུ་མོ་ཨ་ལེན་ནཱ་ལ་སེམས་པ་ཆགས།  ཐོག་མའི་བརྩེ་དུང་གི་སྣང་བ་དྭངས་ལ་གཙང་བ་སུམ་རྩེན་གྱི་ཡུལ་དང་འདྲ་ན་ཡང་།   སྙིང་མཐུན་བྱམས་པ་ཟུང་དེའི་དམ་བཅའ་ཡི་མདུན་པ་ཨ་ལེན་ནཱ་ཡི་ཡབ་ཆེན་གྱིས་བཅད་དེ་ཁ་ཁར་གཏོར།  ཨ་ཧྥོ་ཐུ་ཡིས་སྐུལ་མ་བྱས་པར་བརྟེན་སྐྱོ་གདུང་གིས་མནར་བའི་ཏོའུ་ཏོའུ་གྲོང་བརྡལ་ཆུང་ཆུང་འདི་དང་ཁ་གྱེས་ཏེ་རང་ཉིད་ཀྱི་ཕུགས་བསམ་འཚོལ་བར་ཆས།

       ལོ་སུམ་བཅུའི་རྗེས་སུ་མིང་དུ་གྲགས་པའི་ཏོའུ་ཏོའུ་རང་ཉིད་ཀྱི་གྲོགས་པོ་རྒན་པར་མཐའ་མཇུག་གི་གྱེས་ཕྱག་འབུལ་དུ་ཕྱིར་སླེབས་མོད་ཨ་ཧྥོ་ཐུ་ཁོང་འཇིག་རྟེན་འདི་དང་རིང་དུ་གྱེས་ཟིན་འདུག    ཨ་ཧྥོ་ཐུ་ཡིས་ཁོ་ལ་ལེགས་སྐྱེས་ཤིག་བཞག་ཡོད།  དེ་ནི་མ་གཞི་སྔོན་མར་གྲོང་བརྡལ་གྱི་ལྟ་ཞིབ་པས་གཅོད་པར་བསྐུལ་བའི་འོ་སྦྱོར་གྱི་སྤྱིན་ཤོག་དག་རེད།  

 


【 གློག་བརྙན་འདི་ནི་ལོ་པ་ཐུ·ཙུ་མེས་ཅེས་སི་ཡིས་འཁྲབ་ཁྲིད་བྱས་ཤིང་ཐང་མོས·ཧན་ཁུ་སི་དང་ལོ་པེན·ལེ་ཐུ·སོགས་ཀྱིས་གཙོ་འཁྲབ་བྱས།  སྤྱི་ལོ་༡༩༩༤ལོའི་ཟླ༧པའི་ཚེས༦ཉིན་ཨ་རི་ནས་འགྲེམས་སྟོན་བྱས།  འགྲེམས་སྟོན་བྱས་རྗེས་སྤྱི་ལོ་༡༩༩༥ལོར་ཨོ་སི་ཁ་གློག་བརྙན་རྩེ་གྲའི་བྱ་དགའ།   གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ།   འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་སོགས་བྱ་དགའ་ཆེན་པོ་དྲུག་གཙོས་བྱ་དགའ་མང་པོ་ཐོབ། གློག་བརྙན་འདི་ནི་ཨ་རིའི་རྩོམ་པ་པོ་ཝིན་སི་ཏུན·ཀུ་ལོས་མོས་ཡིས་སྤྱི་ལོ་༡༩༨༦ལོར་དཔར་སྐྲུན་བྱས་པའི་མིང་མཐུན་བརྩམས་སྒྲུང་བཅོས་སྒྲིག་བྱས་པ་ཞིག་ཡིན།】

 

 

འཁྲབ་ཁྲིད་པ། ལོ་པ་ཐུ·ཙུ་མེས་ཅེས་སི།   

འཁྲབ་གཞུང་།  རེ་ཁུ·ལོ་སི།      ཝིན་སི་ཏུན·ཀུ་ལོས་མོ། 

གཙོ་འཁྲབ་པ། ཐང་མོས·ཧན་ཁུ་སི།    ལོ་པེན·ལེ་ཐུ·ཕན་སོགས།

སྐད་ཡིག  དབྱིན་སྐད།  

བོད་མིང་།  ཨ་རྒིན་གྱི་རྣམ་ཐར།

རྒྱ་མིང་། 阿甘正传

ཕྱི་མིང་།  Forrest Gump

མིང་འགྱུར་གཞན་པ།   福雷斯特·冈普

འགྲེམས་སྤེལ་དུས་ཚོད།   སྤྱི་ལོ༡༩༩༣ལོ།

རྒྱལ་ཁུངས།  ཨ་རི།

རིགས་དབྱེ། བརྩེ་དུང་། རྣམ་ཐར། སྐུལ་ལྕགས། 

རིང་ཚད།  སྐར་མ༡༤༢ཡོད།

འགྲེམས་སྟོན་དུས་ཚོད།    སྤྱི་ལོ༡༩༩༤ལོ།

ཚོན་མདངས།  ཚོན་ལྡན།

གློག་བརྙན་གྱི་ནང་དོན་མདོར་བསྡུས།

 

        ཨ་རྒིན་ནི་རིག་སྟོབས་༧༥ལས་མེད་པའི་བློ་རིག་གི་ཞན་པའི་མི་ཞིག་ཡིན།   སློབ་གྲྭ་ལས་གཞན་པའི་བྱིས་པ་ཚོས་བརྙས་བཅོས་ལ་གཡོལ་ཆེད་གྲོགས་པོ་ཏྲིན་ནེས་ཡི་སྐད་ཆ་ལ་ཉན་ནསརྒྱུགའགོ་བརྩམས།   ཁོ་རྒྱུག་བཞིན་གཞན་གྱི་ཐུབ་ཚོད་གཏོང་བར་གཡོལ།   སློབ་འབྲིང་གི་སྐབས་སུ་ཁོ་གཞན་ལ་གཡོལ་བའི་ཆེད་དུ་སློབ་གྲྭ་ཞིག་གི་འཇོང་གྲུག་ར་བར་འཛུལ།  

       དེ་ལྟར་ཁོ་བརྒྱུགས་ནས་སློབ་ཆེན་གྱི་སྐས་ཐེམ་དུ་ཐོན།  ཁོ་འཇོང་གྲུག་རྩེ་མཁན་གྲགས་ཅན་ཞིག་ཏུ་གྱུར་ཏེ་ཙུང་ཐུང་ཁུན་ནས་ཏི་ཡི་མཇལ་འཕྲད་བྱས།   སློབ་ཆེན་མཐར་ཕྱིན་རྗེས་ཨ་རྒིན་དམག་ལ་ཞུགས་ནས་ཡེའུ་ནན་དམག་འཁྲུག་ལ་ཞུགས།   གནས་དེ་རུ་ཁོ་ལ་གྲོགས་པོ་གཉིས་ཡོད་དེ་གཅིག་ནི་ཆུ་འབུ་གློ་ཉ་()འཛིན་རྒྱུར་དགའ་བའི་པུས་པ་དང་གཞན་དེ་ནི་མི་རྣམས་གུས་ཤིང་འཇིགས་པའི་དམག་དཔོན་ཏིང་·ཐེ་ལི་ཧྲང་ཝེ་རེད།  

       སྐབས་དེར་ཏྲིན་ནེས་བག་མེད་དུ་གྱུར།  ཨ་རྒིན་མོ་ལ་བརྩེ་བ་ཟབ་མོད་ཏྲིན་ནེས་ཁོ་ལ་གཏན་ནས་མི་དགའ།  དམག་འཁྲུག་མཇུག་རྫོགས་རྗེས་ཨ་རྒིན་དཔའ་རྒོད་ཀྱི་མཚན་སྙན་ཐོབ་ཏེ་ཙུང་ཐུང་ཡེའུ་ཧན་ཞོན་གྱི་མཇལ་འཕྲད་བྱས།  ཞི་བདེའི་འདུ་འཛོམས་ཤིག་གི་སྟེང་ནས་ཨ་རྒིན་ཡང་བསྐྱར་ཏྲིན་ནེས་དང་འཕྲད།  ཁོ་གཉིས་ཚབ་ཚུབ་ཀྱིས་ཐུག་འཕྲད་བྱུང་ཞིང་ཚབ་ཚུབ་ཀྱིས་གྱེས་བྲལ་བྱས།  “བཤད་ཐུབ་ཚེ་བསྒྲུབ་ཀྱང་ཐུབ་ངེསཞེས་པའི་སྐད་ཆ་དེས་ཨ་རྒིན་རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་རྙེད་བྱུང་།  ཁོའི་འཚོ་བའི་ཁྲོད་ཨ་རིའི་མི་སྣ་མི་གྲགས་ཅན་མང་པོ་ཞིག་དང་ངོ་ཤེས་སུ་གྱུར།  

       མཐར་ཨ་རྒིན་གྱིས་ཆུ་འབུ་གློ་ཉ་འཛིན་པར་བརྟེན་ཁེ་ལས་པ་ཞིག་ཏུ་གྱུར།  འདས་གྲོངས་སུ་གྱུར་བའི་པུས་པ་ལ་དྲན་གཟོ་བྱ་ཆེད་པུས་པ·རྒིན་ཀུང་སི་བཙུགས།  ཀུང་སིའི་མ་རྐང་གི་ཕྱེད་ཀ་པུས་པ་ཡི་ཡུམ་ཆེན་ལ་སྤྲད།  ཨ་རྒིན་གྱིས་འཛམ་གླིང་གི་འགྱུར་ལྡོག་མྱུར་བའི་ལོ་རྒྱུས་ཀྱི་དུས་རིམ་རེ་རེ་བརྒལ་མྱོང་མོད།   གང་ལ་སོང་ཡང་།  གང་དུ་བསྡད་ཀྱང་།  གྲོགས་སུ་དང་འགྲོགས་ན་ཡང་ཁོ་ནི་སྔར་བཞིན་བབ་ཆགས་གཡོ་ཟོལ་མེད་པའི་མི་ཞིག་རེད།  

     དབེན་འཇགས་ཀྱི་འཚོ་བའི་ཁྲོད་ནས་ཁོས་རྟག་པར་ཏྲིན་ནེས་དྲན་པའི་གདུང་བས་མནར།   ཡིན་ན་ཡང་སྐབས་དེར་ཏྲིན་ནེས་ལོག་ལམ་དུ་ཞུགས་ཟིན་ཏེ་རེ་ཐག་ཆད་པའི་གནས་སུ་གྱར་ཡོད། 

     ཉིན་ཞིག་ལ་ཏྲིན་ནེས་གཞི་ནས་སླེབས་སོང་།   མོ་དང་ཨ་རྒིན་གཉིས་ཀྱིས་མཉམ་དུ་ཉིན་འགའ་ལ་འཚོ་བ་བསྐྱལ།   ཉིན་ཞིག་གི་དགོང་མོར་ཏྲིན་ནེས་ཨ་ཀིན་གྱི་པང་བར་འཛུལ་ནས་འཇིག་རྟེན་གྱི་བདེ་དགའ་ལ་སྤྱད་མོད་ཐོ་རེངས་ཀྱི་དུས་སུ་མོ་ཡང་བསྐྱར་ཁུ་སིམ་པོར་གྱེས།  སད་མ་ཐག་པའི་ཨ་རྒིན་སྒོ་འགྲམ་གྱི་རྐུབ་སྟེགས་སྟེང་བསྡད་འདུག   གློ་བུར་དུ་རྒྱུག་འགོ་བརྩམས།  ཁོ་བརྒྱུགས་ཏེ་ཨ་རི་བརྒལ་ནས་ཡང་བསྐྱར་མིང་དུ་གྲགས་པར་གྱུར།   ཁོ་དུས་ཡུན་རིང་པོ་ཞིག་ལ་བརྒྱུགས་རྗེས་གཞི་ནས་རྒྱུག་མཚམས་བཞག་ཏེ་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་དུ་ཞུགས།   ལམ་བར་དུ་ཁོ་ལ་ཏྲིན་ནེས་ཡི་འཕྲིན་པ་འབྱོར་བྱུང་།   ཁོས་དེ་འཕྲལ་མོ་བཙལ་ནས་སོང་།  ཨ་རྒིན་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་སུ་རླངས་འཁོར་སྒུག་པའི་སྐབས་སུ་རང་གི་སྔོན་གྱི་བརྒྱུད་རིམ་དེ་དག་མི་གཞན་ལ་བཤད།   

   དེ་རྗེས་ཁོ་ཡང་བསྐྱར་ཏྲིན་ནེས་དང་འཕྲད་བྱུང་།  ད་དུང་བྱིས་པ་ཞིག་ཀྱང་འདུག     བྱིས་པ་དེ་ནི་ཁོའི་བྱིས་པ་རེད།  སྐབས་དེར་ཏྲིན་ནེས་ལ་བཅོས་ཐབས་མེད་པའི་ནད་ཅིག་བྱུང་འདུག    ཨ་རྒིན་དང་ཏྲིན་ནེས་ཁོ་གསུམ་ཕྱིར་ཕ་ཡུལ་དུ་ལོག     མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་ཐུང་ཐུང་ཞིག་རོལ་རྗེས་ཏྲིན་ནེས་འཇིག་རྟེན་འདི་དང་ཁ་གྱེས་སོང་།   ཁོ་གཉིས་ཀྱི་བྱིས་པ་ཡང་ནར་སོན་ནས་སློབ་གྲྭ་འགྲོ་བའི་དུས་སུ་སླེབས།   ཨ་རྒིན་གྱིས་བྱིས་པ་སློབ་གྲྭའི་རླངས་འཁོར་ནང་དུ་བཞག    ཁོ་སྤྱི་སྤྱོད་རླངས་འཁོར་ལ་སྒུག་པའི་རྐུབ་སྟེགས་སྟེང་བསྡད་ནས་མི་ཚེའི་ཁྲོད་བརྒྱུད་མྱོང་བ་དག་ལ་ཕྱིར་དྲན་བྱས།  


 

【 གློག་བརྙན་འདི་ནི་མཱ་ཆེ་ཏུ·མཱ་ཆེ་ཡོའུ་ཡིས་འཁྲབ་ཁྲིད་བྱས་ཤིང་ཧྥ་ལ་ཧུ་ཨ་མེར·ཧཱ་སྲི་མེ་ཨན་དང་པཱ་ཧྭ་ལེས་ཤེ་ཏེས་ཆས་སོགས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་ཡིན།  སྤྱི་ལོ༡༩༩༩ལོའི་མོན་ཐེ་ལིར་གྱི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་སོགས་ཐོབ།】

འཁྲབ་ཁྲིད་པ། མཱ་ཆེ་ཏུ·མཱ་ཆེ་ཡོའུ།

འཁྲབ་གཞུང་།   མཱ་ཆེ་ཏུ·མཱ་ཆེ་ཡོའུ།

 གཙོ་འཁྲབ་པ། ཧྥ་ལ་ཧུ་ཨ་མེར·ཧཱ་སྲི་མེ་ཨན། པཱ་ཧྭ་ལེས་ཤེ་ཏེས་ཆས་སོགས།

རྒྱ་ཡིག་གི་མིང་། 天堂的孩子

ཕྱི་ཡིག་གི་མིང་། بچههای آسمان

 མིང་འགྱུར་གཞན་པ།  天堂的孩子  / Children of Heaven 

འགྲེམས་སྤེལ་དུས་ཚོད།  སྤྱི་ལོ༡༩༩༧ལོ།

རྒྱལ་ཁབ། དབྱི་རན།   

རིགས་དབྱེ། ཁྱིམ་ཚང་།   བྱིས་པ། 

རིང་ཚད།   སྐར་མ༨༩ཡོད།  

འགྲེམས་སྟོན་དུས་ཚོད།  སྤྱི་ལོ་༡༩༩༩ལོའི་ཟླ༡པོའི་ཚེས༢༢ཉིན།ཨ་རི།

སྐད་རིགས། པར་སིག་གི་སྐད། 

ཚོན་མདངས།   ཚོན་ལྡན། 

གློག་བརྙན་གྱི་ནང་དོན་མདོར་བསྡུས།

     བྱིས་པ་མིང་སྲིང་གཉིས་དང་ལྷམ་ཆ་གཅིག་གི་གཏམ་རྒྱུད་ཅིག་ཡིན།  ཨཱ་ལེས་ཡིས་གཅུང་མོའི་ལྷམ་ཆུང་ཆུང་དེ་བསྐྱར་བཙེམ་བྱས་ཏེ་ཕྱིར་ལོག་པའི་ལམ་བར་ནས་གཟབ་གཟབ་མ་བྱས་པར་བོར།  གཅུང་མོ་ལ་ལྷམ་དེ་གཅིག་པུ་མ་གཏོགས་མེད།  ཕ་མ་ཡི་གཤེ་གཤེ་དང་ཉེས་རྡུང་ལ་གཡོལ་ལྷད་ཁོས་གཅུང་མོ་ལ་ཞུ་བ་ཡང་ཡང་བྱས་ནས་གཅུང་མོ་དང་གྲོས་འཆམ་བྱུང་།  དེ་ནི་ཉིན་རྟག་པར་གཅུང་མོ་སློབ་གྲྭར་འགྲོ་དུས་སུ་ཁོའི་ལྷམ་གྱོན་ཞིང་དེ་རྗེས་སློབ་གྲྭ་གྲོལ་རྗེས་ཁོ་ལ་སྤྲད་ནས་ཁོ་རང་སློབ་གྲྭར་འགྲོ་རྒྱུ་བྱས།   དུས་དེ་ནས་བཟུང་མིང་སྲིང་དེ་གཉིས་ལ་ལྷམ་ཆ་གཅིག་ལས་མེད་པས་ཉིན་རྒྱུན་དུ་ཁོ་གཉིས་ཀྱིས་རེས་མོས་སུ་གྱོན།   

     བོར་ཟིན་པའི་ལྷམ་དེ་ཕྱིར་རྙེད་པའམ་ཡང་ན་ཡང་བསྐྱར་ལྷམ་ཆ་གཅིག་ཡོད་ན་སྙམ་པའི་རེ་བ་ནི་ཁོ་གཉིས་ཀྱི་སེམས་སུ་རྟག་པར་འཕེལ་བཞིན་འདུག    རྒྱུ་མཚན་ནི་ཕ་མའི་གཤེ་གཤེ་དང་ཉེས་རྡུང་ལ་གཡོལ་དགོས་པར་མ་ཟད་སློབ་ཁྲིད་རྗེས་ལུས།   ལྷམ་བརྗེ་བ་ལས་བྱུང་བའི་གནད་དོན་མང་པོ་ཞིག་ལ་འགན་འཁུར་དགོས།   ད་དུང་གཞན་གྱི་ལྷམ་ལ་ཡིད་སྨོན་བྱེད་པ་ལས་བྱུང་བའི་མནར་གཅོད་ལ་ཡང་གཡོལ་དགོས།  

       ཨ་ལིས་དང་ཁོའི་ཡབ་ཆེན་གཉིས་རྫོང་མཁར་དུ་ལས་ཀ་བཙལ་ནས་སྒོར་མོ་ཐོབ་ཏེ་ཡབ་ཆེན་གྱིས་གཅུང་མོ་ལ་ལྷམ་ཆ་གཅིག་ཉོ་བར་ཁས་བླངས་མོད།   ཕྱིར་ལོག་པའི་ལམ་བར་དུ་ཡབ་ཆེན་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་ཏེ་གཅུང་མོ་ལ་ལྷམ་ཉོ་བར་ཁས་བླངས་པའི་སྒོར་མོ་དག་ནད་བཅོས་བྱ་བར་སྤྲད་པས་དོན་དེ་རེ་འབྲས་མེད་པར་གྱུར།   ཁོ་མིང་སྲིང་གཉིས་ཀྱིས་སྔར་བཞིན་ལྷམ་ཆ་གཅིག་དེ་རེས་མོས་སུ་གྱོན་ནས་སློབ་གྲྭར་སོང་།  དེ་རྗེས་ཨ་ལིས་ཡིས་གྲོང་ཁྱེར་ཡོངས་ཀྱི་རིང་རྒྱུག་འགྲན་སྡུར་གྱི་བརྡ་ཁྱབ་ཅིག་མཐོང་བས་ཁོས་དགེ་རྒན་ལ་འགྲན་སྡུར་དེར་ཞུགས་པར་ཞུ་བ་ཡང་ཡང་བྱས་མཐར་དེར་ཞུགས་ཐུབ་སོང་།    རྒྱུ་མཚན་འགྲན་སྡུར་གྱི་ཨང་གསུམ་པའི་བྱ་དགའི་ཁྲོད་ལྷམ་ཆ་གཅིག་ཡོད།

      འགྲན་སྡུར་ཁྲོད་ཨ་ལིས་མདུན་ཕྱོགས་སུ་རྒྱུག་བཞིན་ཁོའི་མིག་ལམ་དུ་ནུ་མོ་སློབ་གྲྭ་གྲོལ་རྗེས་ཁོ་ལ་ལྷམ་བརྗེ་བར་རྒྱུག་ཡོང་བའི་རྣམ་པ་དང་ཁོས་ལྷམ་བརྗེ་སྟེ་སློབ་གྲྭའི་ཕྱོགས་སུ་རྒྱུག་པའི་གོམ་པ་སོགས་གཡོ་བཞིན་འདུག   ཁོ་རྒྱལ་དགོས།   ཁོ་ལ་ལྷམ་ཆ་གཅིག་དེ་ཐོབ་དགོས།  ཁོ་རྒྱུག་བཞིན་འདུག     ངལ་དུབ་ཀྱི་རྔུལ་ཆུའི་ཁྲོད་ཁོ་སྔར་བཞིན་རྒྱུག་གིན་འདུག  

   བར་སྐབས་ཤིག་ཏུ་ཁོ་ཐང་ལ་དགྱེལ་མོད་རྒྱལ་ཁ་ཐོབ་པའི་ཕྱིར་དུ་གང་ལའང་མི་འཛེམ་པར་བརྒྱུགས།  ལྟད་མོ་བའི་ཟང་ཟིང་ཁྲོད་ཨང་དང་པོ་བླངས།  མི་རྣམས་ཀྱིས་ཨང་དང་པོ་ཐོབ་པའི་གྲོགས་པོ་ཆུང་ཆུང་དེ་ལ་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུ་བའི་དུས་སུ་ཨ་ལིས་ཡིས་མགོ་ཡར་བཀྱགས་པའི་སྐབས་སུ་ཁོའི་མིག་ཟུང་གཉིས་ཀྱིས་ལྡོག་ཏེ་ཡིད་ཆད་ཀྱི་མིག་ཆུ་ཞིག་ཁུར་འདུག   

        ཁོའི་ཡབ་ཆེན་ཕྱིར་ཁྱིམ་ལ་ལོག་པའི་ལམ་བར་དུ་ཡོད།  ལྕགས་རྟའི་འཕོང་དུ་ཨ་ལིས་དང་ཁོའི་ནུ་མོ་གཉིས་ལ་ཉོས་པའི་ལྷམ་ཆ་གཉིས་བཞག་འདུག   སྐབས་འདིར་ཨ་ལིས་ཕྱིར་རང་ཁྱིམ་དུ་འབྱོར་ཟིན་ལ་གཅུང་མོས་ཁོའི་ཕམ་ཁའི་ངོ་གདོང་མཐོང་འཕྲལ་སེམས་སྐྱོ་བཞིན་ཁ་ཡ་ཙམ་མ་བྱས་པར་ཁྱིམ་དུ་འཛུལ།   

   ཨ་ལིས་ཡིས་ཆད་པའི་ངང་རང་གི་ལྷམ་ཕུད།   ལྷམ་ཆ་དེ་ཡང་རྦད་དེ་རུལ་བོ་ཆགས་འདུག   ཨ་ལིས་ཡི་ཆུ་ཤུལ་གྱིས་གང་བའི་རྐང་བ་ར་སྐོར་ནང་གི་ཆུ་རྫང་དུ་སྦངས་ནས་བསྡད།   ཉ་ཁྱུ་ཞིག་ཁོའི་རྐང་བའི་མཐའ་འཁོར་དུ་རྐྱལ་ཡོང་།   

 

 


【 གློག་བརྙན་འདི་ནི་ལོ་རྒྱུས་སྟེང་ཕུལ་དུ་བྱུང་བའི་རོལ་དབྱངས་གཏམ་རྒྱུད་གློག་བརྙན་ཞིག་ཡིན། སྐབས་༢༣པའི་ཨ་རིའི་གསེར་གྱི་སྤོ་ལོའི་བྱ་དགའ་དང་སྐབས་༣༨པའི་ཨོ་སི་ཁའི་གསེར་སྐུའི་བྱ་དགའ། སྐབས་༡༩པའི་དབྱིན་ཇིའི་གློག་བརྙན་སློབ་གླིང་གི་བྱ་དགའ།  སྐབས་༡༠པའི་དབྱི་ཐ་ལིའི་ཏ་ཝེ་བྱ་དགའ་བཅས་བྱ་དགའ་མང་པོ་ཐོབ།】

འཁྲབ་ཁྲིད་པ། ལོ་པོ་ཐུ·ཝེ་སི།  

འཁྲབ་གཞུང་།  Ernest Lehman

གཙོ་འཁྲབ་པ།  ཀྲོས་ལིས·ཨན་ཏུ་ལོ་སི། ཁུ་ལིས་སི་ཐོ་ཧྥོ·ཕོས་ལོ་མོའུ།  

བོད་མིང་།  རོལ་དབྱངས་ཀྱི་འགྱུར་ཁུགས།

ཕྱི་མིང་།    The Sound of Music

རྒྱ་མིང་།   音乐之声

མིང་འགྱུར་གཞན་པ།   仙乐飘飘处处闻

འགྲེམས་སྤེལ་དུས་ཚོད།      སྤྱི་ལོ༡༩༦༤ལོ།

རྒྱལ་ཁབ།  ཨ་རི།

ཕབ་སྐྲུན་ས་གནས།  ས་ཨུར་ཚི་པོཨོ་སི་ཁྲུ་ལེ་ཡ

རིགས་དབྱེ། ཕུལ་བྱུང་རོལ་དབྱངས་གློག་བརྙན།  

རིང་ཚད། སྐར་མ་༡༧༤ཡོད།

འགྲེམས་སྟོན་དུས་ཚོད།  སྤྱི་ལོ༡༩༦༥ལོའི་ཟླ༣པའི་ཚེས་༢༩ཡིན།དབྱིན་ཇི

སྐད་རིགས།  དབྱིན་སྐད།

ཚོན་མདངས།  ཚོན་ལྡན། 

   གློག་བརྙན་གྱི་ནང་དོན་མདོར་བསྡུས།

 ལོ་ཉེར་གཉིས་ཅན་གྱི་མ་ལེས་ཡ་ནི་ས་ཨུར་ཚི་པོ་དགེ་སྒྲུབ་གླིང་ནས་ནར་སོན་པའི་དགེ་སྒྲུབ་མ་ཞིག་ཡིན།   མོ་རོལ་དབྱངས་ལ་ཧ་ཅང་དགའ།    ཡིན་ན་ཡང་མོའི་པྲ་ཆལ་རང་བྱུང་གི་རང་གཤིས་དེས་དགེ་སྒྲུབ་གླིང་ལ་རྙོག་དྲ་མང་པོ་བཟོས་པས་དགེ་སྒྲུབ་གླིང་གི་གླིང་གཙོ་ཨ་ཨུར་སི་ཡིས་མོའི་པྲ་ཆལ་རང་བྱུང་གི་སྤྱོད་ལམ་འདི་དགེ་སྒྲུབ་མའི་སྤྱོད་ལམ་དང་འཚོ་བ་ལ་མི་འཚམ་པར་འདོད་བཞིན་ཡོད། དེ་རྗེས་གླིང་གཙོ་ལ་ཧྥིང·ཐུ་ལ་ཕོས་ཧྲང་ཞའོ་ཡིས་ཁྱིམ་ཞུས་དགེ་རྒན་འཚོལ་བའི་རེ་ཞུ་ཞིག་འབྱོར།  གླིང་གཙོས་མ་ལེས་ཡ་དེར་མངགས་པར་སེམས་ཐག་བཅད།  ད་དུང་གོ་སྐབས་འདི་བརྒྱུད་ནས་མོ་ལ་འཚོ་བའི་དམིགས་ཡུལ་ངོ་མ་ཞིག་འཚོལ་ཞིབ་བྱེད་དུ་བཅུག    

      མ་ལེས་ཡ་ཧྥིང·ཐུ་ལ་ཕོས་ཧྲང་ཞའོ་ཧྲང་ཞའོ་ཡི་ཁྱིམ་དུ་སླེབས་རྗེས་ཁོ་ནི་བྱིས་པ་བདུན་གྱི་ཨ་ཕ་ཞིག་ཡིན་པ་རྟོགས།   བུ་དང་བུ་མོ་དེ་དག་ནི་ལོ་ལྔ་ནས་བཅུ་དྲུག་བར་གྱི་བྱིས་པ་ཁྱུ་ཞིག་ཡིན།  ཡིད་སྐྱོ་བ་ཞིག་ལ་ཁོ་ཚོའི་མ་ཡུམ་ནི་འཇིག་རྟེན་འདི་དང་གཏན་དུ་བྲལ་འདུག   

        ཧྲང་ཞའོ་ཡིས་རྒྱུན་རིང་བའི་དམག་མིའི་འཚོ་བ་དང་ཆུང་མ་ཚེ་ལས་འདས་པའི་སྐྱོ་གདུང་གིས་བྱིས་པ་ཚོ་དམག་མི་ནང་བཞིན་གྱི་སྒྲིག་ལམ་བཞག་ཡོད།   ཧྲང་ཞའོ་ཡིས་མ་ལེས་ཡ་ཡང་ཁོ་ལྟར་ནན་ཏན་ཡིན་པར་རེ་བ་བྱེད།   ཡིན་ན་ཡང་མ་ལེས་ཡས་ཁོའི་ཁར་མ་ཉན་པར་རང་གི་རང་བྱུང་ཞི་འཇམ་དང་རྣམ་དག་གིས་བྱིས་པ་ཚོའི་བརྩེ་བ་ཐོབ་པར་བརྩོན་ལེན་བྱས།  མ་ལེས་ཡ་ནི་སྤྲོ་སྣང་ལྡན་པའི་དགེ་སྒྲུབ་མ་ཡིན་པས་ཁོ་མོའི་མཛེས་སྡུག་ལྡན་པའི་གླུ་སྐད་ཀྱི་འགྱུར་ཁུགས་དང་སྤྲོ་སྣང་ལྡན་པའི་གཤིས་ཀ་དེས་བྱིས་པ་ཚོ་ལ་སྤྲོ་སྣང་སྤྱིན།   མ་ལེས་ཡ་ཡོད་པས་ཧྲང་ཞའོ་ཡི་གཞིས་ཁྱིམ་འདི་སྤྲོ་སྣང་ལྡན་པའི་གླུ་སྐད་ཀྱིས་ཁེངས།   རིམ་བཞིན་མ་ལེས་ཡ་དང་ཧྲང་ཞའོ་གཉིས་ཀྱི་བར་དུ་བརྩེ་བ་ཆགས།   ཡིན་ན་ཡང་མ་ལེས་ཡ་ནི་དགེ་སྒྲུབ་མ་ཞིག་ཡིན་པས་ཧྲང་ཞའོ་ཡི་མ་འོངས་པའི་ཆུང་མས་ཁོ་གཉིས་ཀྱི་གནས་ཚུལ་རྟོགས་རྗེས་མ་ལེས་ཡ་ཕྱིར་དགེ་སྒྲུབ་གླིང་དུ་ལོག   སྐབས་དེར་བྱིས་པ་ཚོས་དགེ་སྒྲུབ་གླིང་དུ་སོང་ནས་མ་ལེས་ཡ་ཡང་བསྐྱར་ཕྱིར་ཁོ་ཚོའི་གཞིས་ཁྱིམ་དུ་ཁྲིད་བྱུང་།  དེ་རྗེས་མ་ལེས་ཡ་ལུགས་དང་མཐུན་གྱིས་སྒོ་ནས་ཧྲང་ཞའོ་ཡི་ཆུང་མ་དང་བྱིས་པ་བདུན་གྱི་མ་ཡར་དུ་གྱུར།  ཡིན་ན་ཡང་བདེ་སྐྱིད་དེའི་ཡུན་ནི་འཇའ་ཡུན་ཙམ་རེད།   མ་ལེས་ཡ་དང་ཧྲང་ཞའོ་གཉིས་ཀྱིས་སྐྱིད་པའི་འཚོ་བ་ལ་ལོངས་སུ་སྤྱོད་པའི་དུས་སུ་འཛམ་གླིང་དམག་ཆེན་གཉིས་པ་ལངས་བྱུང་།  མི་རིང་བར་འཇར་མན་གྱིས་ཨོ་སི་ཁྲུ་ལེ་ཡ་ཁྱུར་མིད་བཏང་།   ཁོ་ཚོ་རོལ་མོའི་ཚོགས་ཆེན་ལ་ཞུགས་ནས་གོ་སྐབས་ཀྱི་བར་གླགས་ནས་བྲོས།  ཧྲང་ཞའོ་ཡིས་ཁྱིམ་མི་ཚང་མ་ཁྲིད་ནས་རི་བོ་ཨ་ཨུར་པེ་སི་བརྒྱུད་ནས་བྲོས་བྱོལ་བྱས། 


【 གློག་བརྙན་འདི་ནི་ལེ་པ་ནིན་(黎巴嫩)དང་ཧྥ་རན་སི།  ཨ་རི་བཅས་ཀྱིས་འགྲེམས་སྤེལ་བྱས་པའི་གློག་བརྙན་ཞིག་ཡིན།   ལེ་པ་ནིན་གྱི་འཁྲབ་ཁྲིད་པ་ནཱ་ཏིན·ལ་པ་ཅེའུ་ཡིས་འཁྲབ་ཁྲིད་བྱས་ཤིང་ཙན་ཨིན·ཨ་ཨུར·ལ་ཧྥེ་ཡ་དང་ཡེ་ཏན་རོ་སི·ཞོ་ཧྥེ་ལོ་བཅས་ཀྱིས་མཉམ་འབྲེལ་གྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན། སྤྱི་ལོ་༢༠༡༩ལོར་སྐབས་༩༡པའི་ཨོ་སུ་ཁའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ།  དཔྱད་འདེམས་པས་གདམས་ཐོན་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ།  སྤྱི་ལོ་༢༠༡༨ལོ་ཀ་ན་གློག་བརྙན་དུས་སྟོན་གྱི་བྱ་དགའ་བཅས་ཐོབ།】

 འཁྲབ་ཁྲིད་པ།             ནཱ་ཏིན·ལ་པ་ཅེ།

འཁྲབ་གཞུང་།              Khaled Mouzannar

གཙོ་འཁྲབ་པ།              ཙན་ཨིན·ཨ་ཨུར·ལ་ཧྥེ་ཡ། ཡེ་ཏན་རོ་སི·ཞོ་ཧྥེ་ལོ་བཅས།

བོད་མིང་།                  ཁྱིམ་སྟོང་།

སྐད་རིགས།                 ཨ་རབ་ཀྱི་སྐད།

རྒྱ་མིང་།                    何以为家

ཕྱི་མིང་།                    Capharnaüm

མིང་འགྱུར་གཞན་པ།          我想有个家(台湾)星仔打官司(香港)

འགྲེམས་སྤེལ་དུས་ཚོད།        སྤྱི་ལོ2018ལོ།

རྒྱལ་ཁབ།                    ལེ་པ་ནིན་(黎巴嫩)  ཧྥ་རན་སི། ཨ་རི།

རིགས་དབྱེ།                  བརྩེ་དུང་།

རིང་ཚད།                    སྐར་མ126སྐར་མ117རྒྱ་ནག

འགྲེམས་སྟོན་དུས་ཚོད།        སྤྱི་ལོ2019ལོའི་ཟླ4བའི་ཚེས29ཡིན། རྒྱ་ནག

ཚོན་མདངས།                 ཚོན་ལྡན།

གློག་བརྙན་གྱི་ནང་དོན་མདོར་བསྡུས།

     ལེ་པ་ནིན་གྱི་དམའ་རིམ་སྤྱི་ཚོགས་ཁྲོད་ཀྱི་ལོ་ན་བཅུ་གཉིས་ཅན་གྱི་བྱིས་པ་ཞིག་གི་ཡ་ང་བའི་འཚོ་བའི་བརྒྱུད་རིམ་ཞིག་བརྗོད་ཡོད།  ཁོས་རང་ཉིད་ཀྱི་ཕ་མ་གཉིས་ཁྲིམས་ཁང་ལ་ཞུ་གཏུག་བྱས།   རྒྱུ་མཚན་ཕ་མ་གཉིས་ཀྱིས་ཁོ་རང་འཇིག་རྟེན་འདིར་ཁྲིད་ཡོང་བས་རེད།    ཕ་མ་གཉིས་ཀྱིས་ཁོ་རང་སྐྱེས་ཀྱང་གཉོར་སྐྱོང་མ་ཐུབ།    

      ལེ་པ་ནིན་གྱི་རྫོང་མཁར་གྱི་ཁྲིམས་ཁང་གིས་ཙན་ཨིན་གྱིས་མི་གཞན་ལ་གྲིས་བརྒྱབ་པས་བཙོན་དུ་བཅུག   ཁྲིམས་རྩོད་པའི་རམ་འདེགས་ལ་བརྟེན་ནས་རང་ཉིད་ཀྱི་ཕ་མ་གཉིས་ཁྲིམས་ལ་སྦྱར།   རྒྱུ་མཚན་ཁོའི་ཕ་མ་གཉིས་ཀྱིས་ཁོ་ལ་སྲུང་སྐྱོབ་དང་བདེ་ཐང་།  སློབ་གསོ་དང་བརྩེ་བ་སྤྱིན་མི་ཐུབ།   ཁོའི་ཕ་མ་ནི་དངོས་འབྲེལ་དབུལ་བོ་དབུལ་རྐྱང་ཡིན་པས་བྱིས་པ་ཚོའི་གསོ་སྐྱོང་ཐད་འགྲོ་གྲོན་གྱི་འགན་འཁྲི་མ་ཐེགས།   

     ཙན་ཨིན་ནི་ཁྱིམ་གྱི་བུ་ཆེ་བ་ཡིན་པས་རང་ཉིད་དང་རང་གི་ཕུ་ནུ་མིང་སྲིང་ཚོའི་འཚོ་ཚིས་ཀྱི་ཆེད་དུ་ས་དེ་གའི་ཚོང་ཙག་ཙིག་རྒྱག་ས་ཞིག་ཏུ་ལས་ཀ་བྱས།  དེ་གའི་ཚོང་བདག་ནི་ཙན་ཨིན་གྱི་གཅུང་མོའི་སྟེང་ལ་སྐྱུག་བྲོ་བའི་བསམ་ཚུལ་གཞན་ཞིག་འཛིན་གྱིན་འདུག   ཙན་ཨིན་གྱིས་ཕ་མས་ཁོའི་གཅུང་མོ་ཚོང་བདག་དེ་ལ་བཙོང་།   དེ་དུས་ཁོས་བཀག་འགོག་བྱས་ཀྱང་རྔོ་མ་ཐོགས་པར་གཅུང་མོ་དང་བྲལ་བའི་གདུང་བ་དེས་ཁྱིམ་དང་ཁ་གྱེས་ནས་མཚོ་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ཞིག་ཏུ་སོང་།  དེ་གར་ཨ་སི་འུ་པེ་ཡ་ཡི(埃塞俄比亚)གནས་སྤོར་བ་ཐའ་ཀུ་སི་ཐི་དང་འཕྲད།   མོ་ནི་མི་སེམས་པ་རྣམ་དག་ཅིག་ཡིན།   མོའི་འཚོ་བ་ཙན་ཨིན་དང་བསྡུར་ན་ཅུང་བཟང་།   ཐའ་ཀུ་སི་ཐི་ལ་ཡེའུ་ནཱ་སུ་ཟེར་བའི་བྱིས་པ་ལོ་ན་གཅིག་ཅན་ཞིག་ཡོད་པ་གཞན་ལ་སྦ་གསང་བྱས་ཡོད།    ཐའ་ཀུ་སི་ཐི་ལས་ཀ་ལ་སོང་ཤུལ་དུ་བྱིས་པར་བདག་སྐྱོང་བྱེད་དུ་བཅུག་སྟེ་འཚོ་བ་རོལ།   ཡིན་ན་ཡང་ཡིད་སྐྱོ་བ་ཞིག་ལ་མི་རིང་བར་ཐའ་ཀུ་སི་ཐི་ལ་ཐོབ་ཐང་ལག་ཁྱེར་མེད་པ་རྐྱེན་བྱས་ནས་ཉེན་རྟོག་པས་བཀག་ཉར་བྱས།  ཙན་ཨིན་ཡང་བསྐྱར་ཐབས་ཆགས་པའི་འཚོ་བའི་གནས་སུ་ལྷུང་།   ཅི་ཡང་མེད་པའི་ཙན་ཨིན་ལ་ཡེའུ་ནཱ་སུ་གཉོར་བའི་ནུས་པ་རྩ་བ་ནས་དབེན་པས་ཡེའུ་ནཱ་སུ་གཞན་ལ་བཙོང་ནས་རང་ཉིད་ཐབས་རྡུག་གི་རྒྱལ་ཁབ་འདི་དང་ཁ་གྱེས་པར་སྟ་གོན་བྱས།   ཡིན་ན་ཡང་རྒྱལ་ཁབ་ཀྱི་ཕྱི་རུ་འགྲོ་དགོས་ཚེ་ངེས་པར་ལག་ཁྱེར་དགོས་པས་ཙན་ཨིན་ཕྱིར་ཁྱིམ་དུ་ལག་ཁྱེར་ལེན་དུ་སོང་མོད།  ལག་ཁྱེར་མེད་པར་མ་ཟད་རང་ཉིད་ཀྱིས་རྟག་པར་སེམས་ཁུར་བྱེད་པའི་གཅུང་མོ་སཱ་ཧཱ་ཡང་འདས་གྲོངས་སུ་གྱུར་འདུག    རྒྱུ་མཚན་མོ་ལ་མངལ་སྦྲུམ་ནས་ཁྲག་བཞུར་བ་མང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར།    གཅིག་མཐུན་གྱི་གནད་དོན་དེ་ལག་ཁྱེར་མེད་པས་སྨན་ཁང་གིས་སྨན་བཅོས་ཀྱང་དང་ལེན་མ་བྱས།   ཁོང་ཁྲོ་མེ་ལྟར་འབར་བའི་ཙན་ཨིན་གྱིས་གྲི་བཟུང་ནས་ཁྱིམ་གྱི་སྒོར་བུད་དེ་གཅུང་མོའི་ཁྱོ་ག་བཙལ་ནས་གྲིས་བསྣུན་ཏེ་བཙོན་དུ་བཅུག

           ཙན་ཨིན་གྱི་ཡུམ་ཆེན་གྱིས་ཁོ་ལ་སེམས་གསོ་བྱས་ཏེསཱ་ཧཱ་ང་ཚོ་དང་ཁ་བྲལ་མོད་ཀྱི།  ད་ནི་རང་ཉིད་ལ་ཡང་བསྐྱར་མངལ་སྦྲུམ་པས་འདི་ནི་གནམ་རྒན་མས་གནང་བའི་ལེགས་སྐྱེས་ཡིནཟེར།  ཕ་མ་ལ་རེ་ཐག་གཏིང་ནས་ཆད་པའི་ཙན་ཨིན་གྱིས་མཐར་རང་གི་ཕ་མ་གཉིས་ཁྲིམས་གཏུག་བྱས།  ཡིན་ན་ཡང་ཁོའི་རེ་བ་ནི་ཧ་ཅང་སླ་སྟེ་ཕ་མ་གཉིས་ཀྱིས་ད་ནས་བཟུང་བྱིས་པ་མི་སྐྱེ་རྒྱུ་དེ་ཡིན།


【 གློག་བརྙན་འདི་ནི་སྤྱི་ལོ་༡༩༩༩ལོར་འགྲེམས་སྤེལ་བྱས་པའི་གློག་བརྙན་ཞིག་ཡིན།  ཧྲི་ཞིང་ཧྲིན་གྱི་བརྩམས་སྒྲུང་གཏམ《ཨ་སྔོན་དབྱིངས་ན་ཉི་མ་ཞིག》ཅེས་པ་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཡིན་ལ་འཁྲབ་ཁྲིད་པ་ཀྲང་ཡེས་མོ་ཡིས་ཕབ་སྐྲུན་བྱས་པ་ཞིག་ཡིན།   ཧྲིན་པོ་ལོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྐབས༥༦པའི་བེ་ནས་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྩེ་གྲའི་གསེར་གྱི་སེང་གེའི་བྱ་དགའ།  སྐབས་༡༩པའི་རྒྱ་ནག་གི་གློག་བརྙན་གསེར་གྱི་དེ་ཕོའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་ཉེར་གཉིས་པའི་མང་ཚོགས་གློག་བརྙན་མེ་ཏོག་སྣ་བརྒྱའི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ། རྒྱ་ནག་གི་གློག་བརྙན་ཧཱ་པེ་ཕུལ་བྱུང་གཏམ་རྒྱུད་ཀྱི་བྱ་དགའ་དང་འཁྲབ་ཁྲིད་རྩེ་གྲའི་བྱ་དགའ་ཐོབ།】

འཁྲབ་ཁྲིད་པ། ཀྲང་ཡེས་མོ།  

འཁྲབ་གཞུང་།  ཧྲི་ཞིང་ཧྲིན།   

གཙོ་འཁྲབ་པ།   བེ་མེན་ཀྲི།       ཀྲང་དཔེ་ཁུ།  

 བོད་མིང་། གཅིག་ཀྱང་ཆད་མི་རུང་།  

ཕྱི་མིང་།  Not One Less

རྒྱ་མིང་།  一个都不能少

མིང་འགྱུར་གཞན་པ།   Ni uno menos

སྐད་རིགས།  རྒྱ་ནག་སྤྱི་སྐད། 

རྒྱལ་ཁབ། རྒྱ་ནག་སྐམ་ས། 

ཕབ་སྐྲུན་ས་གནས། ཧུ་པེ་ཧྲིན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲི་ཁྲིན་རྫོང་།

རིགས་དབྱེ། དངོས་བཤུས།      

རིང་ཚད།སྐར་མ་༡༤༥ཡོད།

འགྲེམས་སྤེལ་དུས་ཚོད། སྤྱི་ལོ་༡༩༩༩ལོའི་ཟླ༩བའི་ཚེས༧ཡིན།

ཚོན་མདངས། ཚོན་ལྡན།

 

      

གློག་བརྙན་གྱི་ནང་དོན་མདོར་བསྡུས།

       ཆུ་མིག་སློབ་ཆུང་གི་དགེ་རྒན་ཀོ་ཕྱིར་ཁྱིམ་དུ་ནད་ཀྱིས་མནར་བའི་ཡུམ་ཆེན་ལ་བལྟ་རུ་འགྲོ་དགོས་པས་སྡེ་དཔོན་གྱིས་ཁྱིམ་མཚེས་སྡེ་བ་ནས་བེ་མེན་ཀྲི་བཙལ་ནས་དགེ་རྒན་ཀོ་ཡི་ཚབ་ཏུ་ཟླ་གཅིག་ལ་སློབ་ཁྲིད་བྱེད་དུ་བཅུག   དགེ་རྒན་ཀོ་ཡིས་བེ་མེན་ཀྲི་མཐོང་བ་ན་མོ་ནི་ལོ་ན་བཅུ་གསུམ་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ཡིན་པས་སློབ་ཁྲིད་བྱེད་མི་ཐུབ་པར་བསམ་ནས་སྡེ་དཔོན་ལ་བཤད་མོད།  སྡེ་དཔོན་གྱིས་“མི་འདི་ལྟ་བུ་ཞིག་འཚོལ་རྒྱུ་ནི་ལས་སླ་བོ་མ་ཡིན་པས།  མོས་བྱིས་པ་ཚོ་ལ་བལྟ་ཐུབ།  སྔོན་ལ་བྱིས་པ་ཚོ་མོར་སྤྲད་དེ་ཟླ་གཅིག་ཙམ་ནས་ཁྱེད་ཕྱིར་སླེབས་ཚེ་ང་ཚོས་ཡང་བསྐྱར་བལྟ”ཟེར།   ཆུ་མིག་སློབ་ཆུང་དུ་སྔོན་མར་སློབ་མ་སུམ་ཅུ་བཞི་བཅུ་ཞིག་ཡོད་མོད་རྟག་པར་སློབ་འགོ་ཚུགས་པའི་དུས་སྐབས་རེ་རེར་སློབ་མ་ཇེ་ཉུང་དུ་སོང་ནས་ད་བར་སློབ་མ་ཉེར་བརྒྱད་ལས་མེད།  དགེ་རྒན་ཀོ་འགྲོ་ཁར་བེ་མེན་ཀྲི་ལ་ངེས་པར་སློབ་མར་ལྟ་རྟོག་ཡག་པོ་བྱ་དགོས།   གཅིག་ཀྱང་ཆད་མི་རུང་བའི་མངགས་བཅོས་ཡང་ཡང་བྱས།  བེ་མེན་ཀྲི་ཡིས་ཉིན་རྟག་པར་སློབ་མ་ཚོ་ལ་སློབ་ཚན་བཤུ་འབྲི་བྱེད་དུ་བཅུག་ལ་ཉིན་རྟག་པར་མི་རྩིས་བླངས།  

        སློབ་མ་ཚོས་མོ་ལོ་ཆུང་བར་བལྟས་ཏེ་སློབ་ཁྲིད་མི་འཚོགས་པ།   མོའི་ཁར་མི་ཉན་པ།  བསམ་གཟས་ནས་མོ་ལ་རྙོག་དྲ་བཟོས་པས་སློབ་ཁང་ནང་ཟང་ཟིང་ལོང་ལོང་དུ་གྱུར།  མོས་དེ་དག་སྣང་མེད་དུ་བཞག་ནས་སློབ་ཁང་གི་སྒོ་གཅིག་པུ་སྲུང་ནས་དུས་ཚོད་མ་ལོངས་ཚེ་གཅིག་ཀྱང་སྒོར་འགྲོ་རུ་མི་བཅུག     

ལོ་བཅུ་ཡིན་པའི་ཀྲང་དཔེ་ཁུ་ཡི་ཁྱིམ་ལ་བུ་ལོན་ཡོད་ལ་སྐྱིན་ཚབ་འཇལ་བའི་ནུས་པ་དབེན་པས་ཀྲང་དཔེ་ཁུ་ཡིས་སློབ་སྦྱོང་གི་གོ་སྐབས་མི་འདོར་ག་མེད་དུ་གྱུར་ནས་རྫོང་མཁར་དུ་ལས་ཀ་བྱེད་དུ་སོང་།  བེ་མེན་ཀྲི་ཡིས་དགེ་རྒན་ཀོ་འགྲོ་ཁར་མངགས་བཅོལ་ཡིད་ལ་དྲན་ནས་ཀྲང་དཔེ་ཁུ་འཚོལ་དུ་འགྲོ་བར་སེམས་ཐག་བཅད།མོས་ཀྲང་དཔེ་ཁུ་ཡི་རྫོང་མཁར་གྱི་འདུག་གནས་བརྩད་བཅད།    གཅིག་པུར་རྫོང་མཁར་དུ་འགྲོ་བའི་ལམ་དུ་ཞུགས།   ལོ་ན་བཅུ་གསུམ་ཅན་གྱི་བེ་མེན་ཀྲི་ཡིས་མི་མཐའ་མེད་པའི་མི་ཚོགས་ཁྲོད་འཚོལ་འགོ་བརྩམས།   བརྒྱུད་རིམ་མང་པོ་ཞིག་བརྒྱུད་རྗེས་མཐར་བརྙན་འཕྲིན་ཁང་གི་འགོ་གཙོ་ཞིག་གི་རོགས་རམ་ལ་བརྟེན་ནས་ཀྲང་དཔེ་ཁུ་རྙེད་སོང་ལ་ཞོར་དུ་སེམས་བཟང་དག་གི་རོགས་རམ་གྱི་ས་སྨྱུག་དང་ཡིག་ཆས་མང་པོ་ཐོབ།  

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1905