ཇ་ཤུལ་ཤེས་རབ་སེང་གེས་བརྩམས།
སྔོན་གླེང་།
ལར་བྱུང་རིམ་ནི་བྱུང་རིམ་རང་ཡིན་པས་ཇི་ལྟར་བྱུང་བ་བཞིན་དེ་ལྟར་བྲིས་པ་ལས་འདི་འགྲིག་དང་གན་མི་འགྲིག་གི་དགག་བཞག་བྱེད་ས་མེད་ལ། འདི་ཡིན་འོས་དང་གན་ཡིན་མི་འོས་ཞེས་འདོད་མོས་བརྗོད་ས་ཡང་ཉུང་ངོ་། ། ལྷག་ཏུ་དུས་གནས་བྱ་བ་གཙོ་བོར་གྱུར་པའི་མི་སྒེར་ཞིག་གམ། སྤྱི་ཚོགས། མི་རིགས་གང་ཡང་རུང་བ་ཞིག་གི་བྱུང་རིམ་དག་སྐབས་དེ་དང་དེར་གསལ་བ་དག་པོ་བཀོད་པའི་ཡིག་ཆ་སྤུས་དག་རེ་ཡོད་པ་དག་ལ་ནི་དེ་དང་དེའོ་ཞེས་སྨྲ་བ་ལས་འཐད་མིན་གྱི་དཔྱད་བརྗོད་སྤེལ་བ་ནི་རབ་ཏུ་དཀའ་འོ། ། འོན་ཀྱང་རྒྱ་གར་ནང་པའི་པཎ་གྲུབ་བྱིན་ལ་མཚོན་ན། ལོ་ཚིགས་གསལ་ཁ་མེད་པ་དང་། མཛད་རིམ་གང་འོག་འཁྲུགས་པ་ལྟ་བུས་ཉོག་གྲལ་ཞིག་ནམ་རྒྱུན་བྱུང་གིན་ཡོད་ལ། དེ་ཡང་གཙོ་བོ་སྐབས་དེར་སོ་སོའི་རང་རྣམ་མེད་པ་མ་ཟད་དེ་དང་དུས་མཉམ་པའི་མཁས་པ་དག་ཕན་ཚུན་བྱུང་རིམ་འབྲི་སྲོལ་མེད་ལ། དེ་ཡང་ཐོག་མ་མེད་པ་ནས་སྐྱེ་བ་དུ་མ་བརྗེ་ཞིང་ཡོང་བ་དང་། ཡང་མུར་ནས་སྐྱེ་བ་དུ་མར་ལེན་ཏེ་འགྲོ་པ་འདོད་པའི་རིན་ཐང་གི་ལྟ་ཚུལ་གྱིས་དབང་གིས། སྐྱེ་བ་ལན་གཅིག་ཙམ་གྱི་དགའ་སྐྱོ་ཆགས་སྡང་དང་བྱ་བ་ཙག་ཙིག་དག་གླེང་རིན་དང་བཤད་རིན་ཡོད་པ་ཆེར་མི་འཛིན་པས་ཡིན་པ་འདྲ་ཞེས་སྒོ་ཤེར་གྱི་གསུང་པ་དེའང་བདེན་ཞད་ཆེ། ཕྱིས་ཕྱིས་ནས་འགའ་ཞིག་བྲིས་ཀྱང་ལོ་རྒྱུས་ཀྱི་ཧེ་བག་དང་དུས་ཚོད་ཀྱི་ཧེ་བག རྒྱུ་ཆ་ཚད་ལྡན་ཞན་པའི་རྐྱེན་སོགས་ཀྱིས་ལེགས་པོ་ཞིག་བྲིས་པ་དཀོན་ལ། འགའ་ཞིག་ནི་དག་སྣང་དང་དད་པའི་རྗེས་སུ་འབྲངས་ཏེ་དོན་དངོས་དང་མཐུན་དཀའ་ཞིང་མི་སྲིད་སྲིད་པའི་བྱུང་རིམ་འབའ་ཞིག་ལ་འབད་པ་སོགས་ཀྱི་རྐྱེན་གྱིས། པཎ་གྲུན་དག་གི་བྱུང་རིམ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཞིག་ད་ཆར་ཡང་ཤོད་ཐུབ་མེད་དོ། ། དེ་བས་བྱུང་རབ་སྨྲ་བ་དག་གིས་སོ་སོས་དཔྱད་པ་མང་ཙམ་བྱས་ཏེ་ཤོད་ཚུལ་ཡང་དུ་མ་ཞིག་བྱུང་བ་ཡིན་ནོ། ། སྤྱི་ཤེས་རིག་ནོར་གྱིས་རབ་ཏུ་དབུལ་ཞིག་ལྷག་པར་བྱུང་རིམ་ལ་མཇལ་བའི་མིག་ཡ་ཞར་བའི་བདག་ལྟ་བུས་སྒྲོམ་གཞི་འདི་འདྲ་ཞིག་གི་ཐོག་ནས་དཔྱད་གཏམ་རེ་སྤེལ་བ་ནི་ལར་ནས་མཚམས་པོ་མེད་ཅིང་སྙིང་པོས་སྟོང་བ་ཞིག་ཡིན་མོད། ཡང་གཅིག་བྱས་ན། རིགས་གཞུང་གི་ཟབ་གནད་རྟོགས་པའི་ཤེས་དཔྱོད་དབུལ་རུང་། དཔེ་ཆ་པ་ཐབས་ཆག་ཞིག་གི་གྲལ་དུ་ཡོད་དུས། འདི་ལྟ་བུའི་ཡི་གེ་ཉག་ཉོག་རེ་འབྲི་བའི་ལས་སུ་ཞུགས་པའང་ཐོས་བསམ་གྱི་ལས་ལ་བློ་བ་དཀར་བའི་རྣམ་འགྱུར་ཙམ་ཞིག་ཀྱང་ཡིན་ཆོག རྒྱ་གར་གྱི་དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པའི་བསྐོར་ནས་ཅུང་ཟད་མོལ་ན། སྤྱིར་ཁོང་གི་མཛད་རིམ། འཁྲུངས་འདས་ཀྱི་ལོ་ཚིགས། རིགས་རུས་ཀྱི་ཁྱད་པ། སློབ་སྦྱོང་གི་ལོ་ཟླ་ལ་སོགས་པ་ཤིན་ཏུ་མང་པོ་ཞིག་གླེང་རྒྱུ་ཡོད་ནའང་། སྐབས་འདིར་དེ་དག་ཟུར་དུ་བཞག་ཏེ་གཙོ་བོ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་བསྐོར་ཅུང་ཟད་བཤད་པར་བྱ། དེ་ཡང་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་འདོད་མཁན་དང་མིན་པ་འདོད་མཁན་གཉིས་ཀས་སོ་སོས་གཞི་བཅོལ་སའི་སྒྲུབ་བྱེད་གང་མཚམས་རེ་བཀོད་པ་བྱེད་ཀྱིན་འདུག་པ་དག་རིམ་པར་བྲིས་ན།
ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་སྒྲུབ་བྱེད་བཀོད་པ།
དེ་ཡང་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་འདོད་མཁན་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཚིག་མཛོད་ལས། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་སློབ་དཔོན་རང་ཉིད་ཀྱིས་མཛད་པའི{{གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ}}ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པ་མ་ཟད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི{{བྱང་ཆུབ་ལམ་སྒྲོན}}ལས་ཀྱང་། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པས་དེ་ལ་ནོར་འཁྲུལ་མེད། ཅེས་ཁ་མཚམས་ཆོད་པོས་གསུངས་ལ། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་འདོད་པ་དག་གི་ཐུགས་རྩེ་གཏད་ས་གཙོ་བོ་ལུང་དེ་དག་ཡིན་ལ། ལུང་དེ་རྣམས་རིམ་བཞིན་འགོད་ན། ཟླ་བ་གྲགས་པ་རང་ཉིད་ཀྱིས་མཛད་པའི་སྒྲོན་གསལ་འགྲེལ་པར། [1] སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། ཅེས་དང་། ཇོ་བོ་རྗེས་ལམ་སྒྲོན་རང་འགྲེལ་ལས། [2] འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩི་དེས། །ཨཱརྱ་དེ་བ་ཟླ་གྲགས་བྷ་བྱ་དང་། །ཞི་བའི་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམ་པར་གྱུར་པ་བདག་ལའང་ཅུང་ཞིག་འཐོར། ། ཅེས་དང་། འཕགས་པ་ཀླུ་སྒྲུབ་འཕགས་པའི་ལྷ། །ཟླ་གྲགས་བྷ་བྱ་ཞི་བའི་ལྷ། །བརྒྱུད་པའི་མན་ངག་འབའ་ཞིག་བསྒོམ། །གལ་ཏེ་བརྒྱུད་པ་མེད་གྱུར་ན། །དེ་དག་རྣམས་ཀྱིས་བཀོད་པ་ཡི། ། གཞུང་རྣམས་ཡང་དང་ཡང་དུ་བལྟ། ། ཅེས་གསུངས་པ་དེ་དག་ཡིན་ལ། གཞན་ཡང་ཇོ་བོས་དབུ་མ་བདེན་གཉིས་ལ་འཇུག་པ་ལས། [3] སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། ། ཅེས་དང་། ལེགས་ལྡན་འབྱེད་ཀྱིས་དབུ་མ་རིན་ཆེན་སྒྲོན་མ་ལས། [4] ཆོས་ཀྱི་དབྱིངས་ལ་མངའ་བརྙེས་པའི། །ཀླུ་སྒྲུབ་དང་ནི་འཕགས་པའི་ལྷ། །སྟོང་ཉིད་སྨྲ་བའི་སེང་གེའི་སྒྲ། །ཟླ་བ་གྲགས་པའི་ཞབས་ལ་འདུད། ། ཅེས་གསུང་པ་དག་གིས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་སྒྲུབ་པར་བཞེད་དོ། །
ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པའི་སྒྲུབ་བྱེད་བཀོད་པ།
ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མི་འདོད་མཁན་དག་གིས་འདི་ལྟར་བཞེད་དེ། ཟླ་བ་གྲགས་པ་རང་ཉིད་ཀྱི་འཇུག་པ་རང་འགྲེལ་ལས། [5] གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། ། ཞེས་དང་། ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་ལས། [6] བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང༌། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་ཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོས་བགྲོས་ཙམ་དུ་སྣང༌། ཁ་ཅིག་དེ་དག་བཀག་ནས། དཔྱོད་པ་དག་དག་མོར་བྱས་ནས། དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ། དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ། ཅེས་གསུང་པ་དག་འགོད་པ་བྱེད་དོ། ། གཞས་ཡང་སྐྱེས་སར་ཀླུ་སྒྲུབ་ཀྱིས་ནཱལནྡཱ་ཞིབ་འཇུག་དུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མི་པ་སྒྲུབ་བྱེད་དོན་མཚན་གསུམ་བཀོད་པ་དག་ལའང་གཟིགས་མཚལ།
རང་གི་ལྟ་ཚུལ་ཅུང་ཟད་མོལ་བ།
ཡང་འགའ་ཞིག་གིས་བར་འདུམ་ལྟ་བུ་སྐད་ཆ་ཞིག་བཤད་དེ། ཟླ་གྲགས་ལ་གཉིས་ཡོད་པ་ཡིན་པས། འདོད་པ་སྔ་ཕྱིར་གཉིས་ཀ་འགྲིག་གོ་ཞེས་སྨྲ་བ་བྱེད་དོ། ། དེ་ཡང་ཡིད་རྟོན་རུང་བའི་གཏམ་ཞིག་ནི་མ་མཐོང་ངོ་། ། གོང་དུ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་སྒྲུབ་བྱེད་དུ་བཀོད་པའི་རྒྱ་གཞུང་གི་ལུང་དེ་དག་ལ། ཞིབ་མོར་བསམ་ན་གཅིག་ལའང་གསལ་ཁ་དོད་པོ་དེ་ཙམ་ཡོད་པ་མ་མཐོང་ལ། དེ་ཡང་དཔེ་ན་སྒྲོན་གསལ་གྱི་ལུང་དེས་ནི་འཆད་པར་བྱ་བའི་གཞུང་གི་དོན་ཀླུ་སྒྲུབ་ལས་རྙེད་པ་བསྟན་ཡོད་ལ། དེ་ཙམ་གྱི་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པས་མ་ཁྱབ་ཏེ། ཀླུ་སྒྲུབ་ལས་རྙེད་ན་ཀླུ་སྒྲུབ་ལས་དངོས་སུ་རྙེད་མི་དགོས་པའི་ཕྱིར། ལམ་སྒྲོན་རང་འགྲེལ་གྱི་ལུང་དེས་ཀྱང་། འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩི་དེས་ཟླ་གྲགས་ཚིམ་པ་བྱས་པ་ཙམ་གསུང་པ་ལས་གསལ་ཁ་མེད་ལ། གལ་ཏེ་ཀླུ་སྒྲུབ་ཀྱི་བདུད་རྩིས་ཚིམ་པ་བྱས་པ་ཙམ་གྱིས་དངོས་སློབ་ཡིན་དགོས་ན། བྷ་བྱ། ཞི་བའི་ལྷ། བྱང་ཆུབ་བཟང་པོ། ཇོ་བོ་རང་ཉིད་དང་བཅས་པར་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་འདོད་དགོས་ཏེ། བྷ་བྱ་དང་། །ཞི་བའི་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམ་པར་གྱུར་པ་བདག་ལའང་ཅུང་ཞིག་འཐོར། ། ཅེས་གསུང་པའི་ཕྱིར། དེའི་འོག་ལུང་དེ་ཡང་དེ་དང་དོན་གཅིག་ལ། དབུ་མ་བདེན་གཉིས་ལ་འཇུག་པའི་ལུང་“ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །”ཞེས་པ་དེ་ལུང་གོང་མ་དག་ལས་ཅུང་ཟད་གསལ་ཁ་ཆེ་མོད། དེ་ཡང་སྒྲུབ་བྱེད་ཡང་དག་ཞིག་ཏུ་མ་མཐོང་སྟེ་སློབ་མ་ཡིན་ན་དངོས་སློབ་ཡིན་པས་ཁྱབ་པ་ནི་སུ་ཞིག་གི་ཁས་ལེན། དབུ་མ་རིན་ཆེན་སྒྲོན་མའི་ལུང་དེས་ནི་བརྒྱུད་པའི་བླ་མ་ལ་མཆོད་པ་བརྗོད་པ་ཙམ་ལས་གང་ཡང་གྲུབ་ཏུ་མི་བཏུབ་བོ། ། གལ་ཏེ་དེས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་སྟོན་པ་ཡིན་ན། རྗེ་རིན་པོ་ཆེན་དགོངས་པ་རབ་གསལ་དུ། [7] ཀླུ་སྒྲུབ་ལུགས་ཀྱི་ཐུན་མོང་མིན་པའི་གནད། །ཡོངས་སུ་རྫོགས་པར་སྟོན་མཛད་ཟླ་བའི་ཞབས། །ཞི་བ་ལྷ་དང་བཅས་པའི་ཞབས་ལ་འདུད། ། ཅེས་གསུང་པ་དེས་ཀྱང་ཞི་བ་ལྷ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་སྟོན་པར་ཐལ། གོང་གི་ལུང་དེ་དང་མཚུངས་པའི་ཕྱིར་རོ། ། ཁོ་བོས་ནི་རྒྱ་གཞུང་གི་ལུང་དེ་དག་གི་དོན་ནི། ཟླ་གྲགས་ཀྱི་མན་ངག་གི་བརྒྱུད་པ་ཀླུ་སྒྲུབ་ལ་ཐུག་པ་ཙམ་སྟོན་བྱེད་ཡིན་གྱི། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་སྟོན་བྱེད་མིན་པ་འདོད། དེ་ཡང་ཀུན་མཁྱེན་ཏཱ་ར་ནཱ་ཐས་ཆོས་འབྱུང་ལས། [8] ལེགས་ལྡན་གྱི་སློབ་མ་མང་པོ་དང་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་ནོས། མཁས་པའི་མཁས་པ་ཆེན་པོར་བྱུང་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། ཅེས་གསུངས་པའི་ཕྱིར། ཀླུ་སྒྲུབ་ཀྱི་མན་ངག་བརྒྱུད་ལ་ལྡན་མཁན་ཡིན་ན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མི་དགོས་ཏེ། ནཱ་རོ་མཻ་ཊིའི་མན་ངག་བརྒྱུད་ལྡན་གྱི་གང་ཟག་ཡིན་ན་ནཱ་རོ་མཻ་ཊིའི་དངོས་སློབ་ཡིན་མི་དགོས་པའི་ཕྱིར། དཔལ་ནཱ་རོ་མཻ་ཊིའི་མན་ངག་གི་བརྒྱུད་པ་ད་ལྟའི་བར་དུ་ཡང་མ་ཉམས་པར་གནས་ཡོད་ལ། དཔལ་ནཱ་རོ་མཻ་ཊི་དངོས་སློབ་དང་བཅས་པ་སྔ་མ་སྔ་མ་ཞིག་ནས་ཞིང་ལ་གཟིམས་ཚར་བའི་ཕྱིར་རོ། ། ཀུན་མཁྱེན་བུས་ཀྱང་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཡིན་པར་བཞེད་པ་འདྲ་སྟེ། ཆོས་འབྱུང་ལས། [9] ཟླ་བ་གྲགས་པ་ནི། ཡུལ་ལྷོ་ཕྱོགས་ས་མ་ནར་འཁྲུངས་ཏེ། མདོ་རྒྱུད་ཀྱི་དོན་ལ་སྦྱངས་པས་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁསཔ་ཆེན་པོར་གྱུར། ཞེས་གསུང་པའི་ཕྱིར། འདིར་གསལ་ཁ་དེ་ཙམ་མེད་མོད། ཀླུ་སྒྲུབ་ཡབ་སྲས་ལ་བརྟེན་པ་མ་གསུང་པར་གསུང་རབ་ལ་བརྟེན་པ་གསུང་པས་རྟོགས་པ་སེམས། ཀུན་མཁྱེན་ཏཱ་ར་ནཱ་ཐས། [10] ཀླུ་སྒྲུབ་འདས་རྗེས་སངས་རྒྱས་བསྐྱངས་བྱོན་པ་དང་། དེའི་སྐུ་ཚེའི་སྨད་ཡན་མས་སུ་ལེགས་ལྡན་འབྱེད་བྱོན་པ་དང་། དེས་སངས་རྒྱས་བསྐྱངས་འདས་རྗེས་སངས་རྒྱས་བསྐྱངས་ཀྱི་གསུང་རྩོམ་དག་གཟིགས་ནས་དགག་པ་མཛད་པ་དང་། ལེགས་ལྡན་གྱི་སྐུ་ཚེའི་སྨད་ཙམ་ན་ཟླ་གྲགས་བྱོན་པ་བཞེད་དོ། ། ཉེ་དུས་ཀྱི་ལོ་རྒྱུས་སྨྲ་བ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། [11] ཀླུ་སྒྲུབ་ཡབ་སྲས་དང་སངས་རྒྱས་བསྐྱངས་སོགས་ལ་སྔ་དར་དབུ་མ་པ་དང་། ལེགས་ལྡན་དང་ཟླ་གྲགས་སོགས་ལ་བར་དར་དབུ་མ་པ་དང་། ཞི་འཚོ་ཡབ་སྲས་ཀྱི་སྐབས་ལ་ཕྱི་དར་དབུ་མ་པ་ཞེས་དུས་མཚམས་གསུམ་དུ་ཕྱེ་ནས་དཔྱད་པ་འདི་ལ་ལྟ་རིན་དང་དཔྱད་རིན་ཤིན་ཏུ་ཆེ་བར་སེམས་སོ། ། འདིར་དབུ་མ་རིན་ཆེན་སྒྲོན་མ་ཞེས་པ་དེ་ལེགས་ལྡན་གྱི་མཛད་མིན་དཔྱད་པ་བྱ་བ་མང་ཙམ་ཡོད་སྐད་དུ་གདའ་འོ། །
2021 / 3 / 14 / ཉིན།
__________________________________________
[1] སྡེ་བསྟན་ཤིང་པར། རྒྱུད། པོད། ༼ ཧ ༽ ཤོག་ངོས། 1 ཉིན།
[2] སྡེ་བསྟན་ཤིང་པར། དབུ་མ། པོད། ༼ ཁི ༽ ཤོག་ངོས། 284 ཉིན།
[3] སྡེ་བསྟན་ཤིང་པར། དབུ་མ། པོད། ༼ ཨ ༽ ཤོག་ངོས། 72 སྲིབ།
[4] སྡེ་བསྟན་ཤིང་པར། དབུ་མ། པོད། ༼ ཚ ༽ ཤོག་ངོས། 262 སྲིབ།
[5] སྡེ་བསྟན་ཤིང་པར། དབུ་མ། པོད། ༼ འ ༽ ཤོག་ངོས། 347 སྲིབ།
[6] (Adarshah) ནང་གི་རྫེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼ མ ༽ ཤོག་ངོས། 535
[7] (Adarshah) ནང་གི་རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼ མ ༽ ཤོག་ངོས། 2 ཉིན།
[8] (Adarshah) ནང་གི་ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼ མ ༽ ཤོག་ངོས། 542
[9] 1988 ལོའི་ཟླ་བ 9 པར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་པའི་བུ་སྟོན་ཆོས་འབྱུང་། ཤོག་ངོས། 151
[10] ( Adarshah ) ནང་གི་ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼ མ ༽ ཤོག་ངོས། 533 ནས 542 བར་གསལ།
[11] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་དེབ་སྔོན་གསར་མ་དཔེ་སྐྲུན་ཁང་མི་གསལ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1902
དཔྱད་མཆན་སྤེལ།