དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པའི་བཀླགས་བྱང་བྱིས་པའི་ཆིག་ལབ།
ཐུབ་གཞོན། མཛོད་དགེ
དང་པོ། མཛད་པ་པོའི་ཆེ་བ་བརྗོད་པ།
རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། ཞེས་བསྔགས་པའི་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དགེ་བའི་བཤེས་གཉེན་པོ་ཏོ་བའམ་པུ་ཏོ་བ་རིན་ཆེན་གསལ་ནི། དུས་རབས་བཅུ་གཅིག་པ་སྟེ་ ༡༠༢༧ ལོར་འཕན་ཡུལ་སྤྲས་ཀྱི་བའོ་ཐང་གསུམ་འཕྲེང་ཤིང་དུ། སྤྲས་ཀྱི་རིགས་སུ་ཡབ་སྐུ་གཤེན་སྲིད་ལ་ཕྱུག་སྟེ་སྲིད་པོ་ཞེས་གྲགས་པ་དང་། ཡུམ་ལེ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།བྱིས་པའི་དུས་ནས་གཞན་སྡུག་བསྔལ་བ་གཟིགས་ན་འདིའི་སྡུག་བསྔལ་འདི་ཐབས་གང་གིས་སེལ་བར་ནུས་སྙམ་པ་དང་། གཞན་བདེ་བ་ལ་གཟིགས་ན་ཐུགས་དགའ་ཞིང་འདིའི་བདེ་བ་ནམ་ཡང་མི་ཉམས་པར་གོང་དུ་སོང་ན་སྙམ་པ་ཞིག་ཡོད། ཡབ་ཀྱི་བླ་མཆོད་སྦ་སྒོམ་ཞེས་པས་བསྐུལ་ནས་ཡེར་པ་བ་བྱང་ཆུབ་འབྱུང་གནས་ལས་རབ་ཏུ་བྱུང་། མཚན་ལ་རིན་ཆེན་གསལ་ཞེས་གསོལ། ཁུ་སྟོན་སོགས་མཁས་པ་མང་པོ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་པ་ནང་བྱན་ཆུད་པ་མཛད། ཡེར་པར་ཇོ་བོ་རྗེའི་མདུན་ནས་སྒོམ་རིམ་བར་བ་གསན། ཐོས་བསམ་དང་བསམ་གཏན་ལ་བརྩོན་པར་མཛད། སྒོམ་པར་བཞེད་ནས་སྦ་སྒོམ་ལ་གྲོས་ཞུས་པར་སྦ་སྒོམ་གྱིས་བྱང་རྭ་སྒྲེང་ན་འབྲོམ་སྟོན་པ་བྱ་བ་བཞུགས་པས་དེ་ལ་མན་ངག་ཞུས་ན་ལེགས་གསུང་པ་ལྟར་རྭ་སྒྲེང་དུ་དགེ་བཤེས་སྟོན་པའི་སྤྱན་སྔར་བྱོན་ནས་གདམས་ངག་ཞུས། ལོ་བདུན་གྱི་རིང་དགེ་བཤེས་ཆེན་པོ་དང་འབྲལ་མེད་དུ་བཞུགས་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བྱང་ཆུབ་ལམ་གྱི་སྒྲོན་མེའི་ཁྲིད་ཞུས་པར་དགེ་བཤེས་ཆེན་པོ་མཆོག་གིས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། སྤྱིར་དགེ་བཤེས་ཆེན་པོ་སྐུ་མཆེད་གསུམ་ལ་མཉེས་ཤིང་། ལྷག་པར་པོ་ཏོ་བ་ལ་ངའི་ཇོ་བོ་ཆེན་པོ་ཞེས་ལྷག་པར་མཉེས་ནས་སྲས་ཀྱི་ཐུ་བོར་གྱུར། དགེ་བཤེས་ཆེན་པོ་མྱ་ངན་ལས་འདའ་ཁར་པོ་ཏོ་བ་ལ་བཤེས་གཉེན་མདོ་སྡེ་ལ་གྱིས་ལ་སེམས་བཟང་པོ་གྱིས་གསུངས། པོ་ཏོ་བ་ཁོང་གིས་སྐུ་ཚེའི་སྨད་ལ་པོ་ཏོ་དགོན་པ་ཕྱག་བཏབ་པས་དགེ་བཤེས་པོ་ཏོ་བར་གྲགས་པ་དང་། བཀའ་གདམས་གཞུང་པ་བའི་སྲོལ་གཏོད་ཅིང་བཀའ་གདམས་པ་ཞེས་པའི་སྙན་པའི་སྒྲ་བོ་དེ་ནི་ཁོང་གི་སྐུ་རིང་དུ་གྲགས་པར་གྱུར། དགེ་བཤེས་པོ་ཏོ་བ་མཆོག་ནི་ཐོས་བྱུང་གི་ཤེས་རབ་རྨད་དུ་བྱུང་ཞིང་རྒྱལ་བའི་གསུང་རབས་ཐམས་ཅད་ལ་བྱང་ཆུབ་པར་མ་ཟད། འཆད་ཁྲིད་དམ་སློབ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སློབ་ཁྲིད་བྱེད་ཐབས་ཀྱང་འཇིག་རྟེན་དུ་གྲགས་པའི་དཔེ་སོགས་དུ་མའི་སྒོ་ནས་སློབ་མ་རྣམས་ངལ་མེད་དུ་ཆོས་ལ་འཇུག་པར་མཁས་པའི་བཀའ་གདམས་པའི་དགེ་བཤེས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད། ཁོང་ལ་སློབ་མ་མང་དུ་ཡོད་པ་ལས་གླང་ཐང་པ་དང་། ཤ་ར་བ་ལ་དབུས་ཀྱི་ཀ་ཆེན་དང་། གཙང་ན་སྣ་རག་གཉིས། གཙང་སྟོད་ན་བྱ་ཕག་གཉིས། གཉལ་གྱི་གླང་གཉོས་གཉིས། དོལ་ན་འབེ་རོག་གཉིས་ཏེ་བུ་ཆེན་བརྒྱད་སོགས་ཡོད།མཐརབཀའ་གདམས་པའི་དགེ་བཤེས་ཁོང་དགུང་གྲངས་དོན་དགུ་པ་སྤྱི་ལོ་༡༡༠༤ལོར་སྐུ་གཤེགས་སོ།།
གཉིས་པ། མཛད་པ་པོའི་གཞུང་གི་ཆེ་བ་བརྗོད་པ།
སྐབས་བབས་མཚམས་སྦྱོར་གྱི་གཞུང་ནི་དཔེ་ཆོས་དང་དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་པ་འདི་ཡིན་ལ། འདི་དང་འབྲེལ་བའི་ཟིན་བྲིས་ད་སྔ་ཁོ་བོས་མཐོང་བ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་མིང་ལ་དཔལ་འཛིན་མཚོ་ཟེར་བ་ཞིག་གིས་༼བོད་ཀྱི་དཔེ་ཆོས་ཀྱི་བརྡ་དོན་དང་དེའི་རང་བཞིན་རགས་ཙམ་གླེང་པ་༽ཞེས་པས་དཔེ་ཆོས་ཀྱི་བརྡ་དོན་སྐོར་ནས་གླེང་པ་མ་གཏོགས་དཔེ་ཆོས་ཀྱི་གཞུང་དངོས་གླེང་མེད། དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་མཐོ་འབྲིང་གཉིས་པའི་སྐལ་བཟང་རྒྱལ་མཚན་ཞེས་པ་ཞིག་གིས་༼དཔེ་ཆོས་རིན་ཆེན་སྤུངས་པ་བཀླགས་རྗེས་ཀྱི་མྱོང་ཚོར་མདོར་བསྟན་༽ཞེས་པས་སློབ་གསོ་སློབ་ཁྲིད་ལ་སྨན་པའི་སྐོར་ཁོ་རང་གི་རྣམ་དཔྱོད་ཀྱིས་གསེད་བཀྲོལ་གནངས་ཡོད། ཡང་ ༢༠༠༩ ལོའི་སྦྲང་ཆར་དེབ་གཉིས་པའི་ཉམས་མྱོང་རྒན་པོའི་འབེལ་གཏམ་དུ་དཔེ་ཆོས་རིན་སྤུངས་པའི་སྐོར་གྱི་དྲི་བའི་སྐོར་སོགས་ནི་ཉེ་ལམ་ཁོ་བོས་མཐོང་བའི་ཟིན་བྲིས་སུ་གཏོགས། དེ་མིན་དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་བ་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་སོགས་ཀྱིས་མཛད་པ་སོགས་མང་པོ་མཆིས་པ་རེ་རེ་བཞིན་བགྲང་བའི་ངལ་བ་ལྷུར་ལེན་པར་མི་བྱ་ལ། དཔེ་ཆོས་ནི་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་མཛད་པའི་གཞུང་དང་དཔེ་ཆོས་རིན་ཆེན་སྤུངས་པ་དེའི་འགྲེལ་བར་གོ་བ་རྟོགས་དགོས་སོ། དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱི་དཔེ་ཆོས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེ་ལས་བསྟན་པའི་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་བརྗོད་བྱ་ཡོངས་སུ་རྫོགས་པའི་དགོངས་པ་བཀྲལ་བ་དེ་ཉིད་སོ་སོའི་སྐྱེ་བོ་དག་གིས་གོ་དཀའ་བར་དགོངས་ནས་ལམ་རིམ་གྱི་བཤེས་གཉེན་བསྟེན་ཚུལ་ནས་ཡོད་ཚད་འཇིག་རྟེན་མཐུན་སྣང་གི་དཔེ་སྣ་ཚོགས་ལ་སྦྱར་ནས་མཛད་པ་ཡིན་པ་དང་། དེ་ནི་བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་བ་ཐོག་མ་རུ་ཆགས་ཡོད། དེའི་འགྲེལ་པ་ལ་ཁོང་གི་བུ་སློབ་རྣམས་ཀྱིས་མཛད་པ་རྒྱས་འབྲིང་བསྡུས་གསུམ་དུ་གྲགས་པ་སྟེ། ཐོག་མར་དགེ་བཤེས་གྲབ་པས་བསྒྲིགས་པ་བསྡུས་པ་དང་། དེའི་རྗེས་སུ་བྲག་དཀར་བས་བསྒྲིགས་པ་རྒྱས་པ་དང་།དེ་ནས་ལྕེ་སྒོམ་རྫོང་བ་ཤེས་རབ་རྡོ་རྗེས་བསྒྲིགས་པ་ནི་འབྲིང་བོ་སྟེ༼དཔེ་ཆོས་རིན་ཆེན་སྤུངས་པ་༽ཞེས་པ་ཡིན་ཞིང་འདི་ཡི་འཕྲིན་ལས་དར་ཞིང་རྒྱས་པར་གྲགས། སྐབས་བབས་ཀྱི་གཞུང་དཔེ་ཆོས་ཀྱི་བརྗོད་བྱ་ནི་བླ་མ་རྣམས་ཀྱི་མན་ངག་དཔེའི་སྒོ་ནས་བསྟན་པ་སྟེ།
1.སྐྱབས་སུ་འགྲོ་བའི་དོན་སྐོར་ལས་མཐུན་ཕྱོགས་བསྒྲུབ་བྱ་བསྟན་པ་ལ་དཔེ་ཉེར་བཞི་དང་། སྐྱབས་འགྲོའི་སྤང་བྱ་མི་མཐུན་ཕྱོགས་དཔེ་བཅུ་དྲུག་གིས་བསྟན་ཡོད།
2.དལ་འབྱོར་རྙེད་པར་དཀའ་ཞིང་རྙེད་པ་འདི་ཆུད་མ་ཟོས་པར་བྱ་བ་ལ་དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་དང་དལ་འབྱོར་མི་མཐུན་པའི་ཕྱོགས་སྤང་བ་ལ་དཔེ་བཅུ་དྲུག་གི་བསྟན་ཡོད།
3.མི་རྟག་ཅིང་འཆི་བ་རྗེས་སུ་དྲན་པ་སྒོམ་པ་ལ་དཔེ་ལྔ་བཅུ་རྩ་ལྔས་བསྟན་པ་ལས། དང་པོ་མི་མཐུན་ཕྱོགས་ལ་དཔེ་སུམ་ཅུ་རྩ་དགུས་བསྟན་པ་དང་། མི་རྟག་པ་སྒོམ་པའི་མི་མཐུན་ཕྱོགས་ངོས་བཟུང་སྟེ་སྤང་བ་ལ་དཔེ་བཅུ་དྲུག་གིས་བསྟན་ཡོད།
4.ལས་རྒྱུ་འབྲས་ཀྱི་ཆོས་སྐོར་ལ་དཔེ་ལྔ་བཅུ་རྩ་གསུམ་ལས། དང་པོ་མཐུན་ཕྱོགས་དཔེ་ཉི་ཤུ་རྩ་དགུས་བསྟན་པ་དང་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་བཞིས་བསྟན་ཡོད།
5.འཁོར་བའི་ཉེས་དམིགས་སྒོམ་པ་ལ་དཔེ་ཉི་ཤུ་རྩ་དགུས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གསུམ་དང་མི་མཐུན་ཕྱོགས་ལ་དཔེ་བཅུ་དྲུག་གི་བསྟན་ཡོད།
6.རྟེན་སོ་སོ་ཐར་པའི་ཚུལ་ཁྲིམས་ལ་བསླབ་པ་ལ་དཔེ་ཉི་ཤུ་རྩ་དྲུག་གིིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་བཞི་དང་མི་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་ཡོད།
7.སྔོན་དུ་འཁོར་ལོ་བཞི་པོ་ཚང་དགོས་པས། དང་པོ་མཐུན་པར་གྱུར་པའི་ཡུལ་ན་གནས་པ་ལ་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་དང་མི་མཐུན་ཕྱོགས་ལ་དཔེ་བཅུ་གཅིག་གིས་བསྟན་ཡོད།
8.སྐྱེས་བུ་དམ་པ་བརྟེན་པའི་ཆོས་སྐོར་ལས། དང་པོ་བརྟེན་བྱ་སློབ་དཔོན་གྱི་མཚན་ཉིད་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་གྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཅིག་དང་།མི་མཐུན་ཕྱོགས་ལ་དཔེ་བཅུ་བཞིས་བསྟན་ཡོད།
9.སྟེན་མཁན་སློབ་མའི་མཚན་ཉིད་བསྟན་པ་ལ་དཔེ་ཉི་ཤུ་རྩ་ལྔས་བཤད་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་དང་མི་མཐུན་ཕྱོགས་ལ་དཔེ་བཅོ་ལྔས་བསྟན་ཡོད།
10.བླ་མ་བསྟེན་ཚུལ་ཇི་ལྟར་བསྟེན་པ་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་དང་མི་མཐུན་ཕྱོགས་ལ་དཔེ་བརྒྱད་ཀྱིས་བསྟན་ཡོད།
11.རང་གི་ལེགས་སྨོན་གྱི་ཆོས་སྐོར་བསྟན་པ་ལ་དཔེ་བཅུ་གཅིག་གིས་བཤད་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་དྲུག་དང་མི་མཐུན་ཕྱོགས་ལ་དཔེ་ལྔ་ཡིས་བསྟན་ཡོད།
12.བསོད་ནམས་བསགས་པའི་ཆོས་སྐོར་བསྟན་པ་ལ་དཔེ་ཉི་ཤུ་རྩ་བཞི་ཡིས་བསྟན་པ་ལས་དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་དང་མི་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་ཡོད།
13.ཐེག་པ་ཆེན་པོའི་ལམ་ངོས་བཟུང་པ་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་ལྔ་དང་མི་མཐུན་ཕྱོགས་ལ་དཔེ་ལྔ་ཡིས་བསྟན་ཡོད།
14.བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ་བསྒོམ་པ་ལ་དཔེ་བདུན་གྱི་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཞི་དང་མི་མཐུན་ཕྱོགས་ལ་དཔེ་གསུམ་གྱིས་བསྟན་ཡོད།
15.བྱམས་པ་སྒོམ་པ་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་དྲུག་དང་མི་མཐུན་ཕྱོགས་ལ་དཔེ་དྲུག་གིས་བསྟན་ཡོད།
16.སྙིང་རྗེ་སྒོམ་པ་ལ་དཔེ་དགུ་ཡིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་ལྔ་དང་མི་མཐུན་ཕྱོགས་ལ་དཔེ་བཞི་ཡིས་བསྟན་ཡོད།
17.སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོས་སྐོར་ལ་དཔེ་བཞི་བཅུ་ཞེ་གསུམ་གྱིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་གཉིས་ཀྱིས་བསྟན་པ་དང་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་ཡོད།
18.སྦྱིན་པ་སོ་སོའི་མཚན་ཉིད་བཤད་པ་ལ་དཔེ་བཅུ་དྲུག་གིས་བསྟན་ཏེ། དང་པོ་མཐུན་ཕྱོགས་ལ་དཔེ་དགུས་བསྟན་པ་ལས། དང་པོ་ཟང་ཟིང་གི་སྦྱིན་པ་ལ་དཔེ་ལྔ་སྟེ། ཆོས་ཀྱི་སྦྱིན་པ་ལ་དཔེ་གཉིས་དང་། མི་འཇིགས་པའི་སྦྱིན་པ་ལ་དཔེ་གཉིས། མི་མཐུན་ཕྱོགས་ལ་དཔེ་བདུན་ལས། ཟང་ཟིང་སྦྱིན་པའི་མི་མཐུན་ཕྱོགས་ལ་དཔེ་བཞི་དང་ཆོས་ཀྱི་མི་མཐུན་པའི་ཕྱོགས་ལ་དཔེ་གཅིག མི་འཇིགས་པའི་སྦྱིན་པའི་མི་མཐུན་ཕྱོགས་ལ་དཔེ་གཉིས་ཀྱིས་བསྟན་ཡོད།
19.སྡོམ་པ་གསུམ་སོ་སོའི་མཚན་ཉིད་བཤད་པ་ལ་དཔེ་བཞི་བཅུ་ཞེ་ལྔས་བསྟན་པ་ལས། མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་བཞིས་བསྟན་པ་ལ། དང་པོ་སྡོམ་པའི་ཚུལ་ཁྲིམས་ལ་དཔེ་བཅོ་བརྒྱད་དང་།དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་གཉིས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་དཔེ་བཞི། ཚུལ་ཁྲིམས་ཀྱི་སྤང་བྱ་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་གཅིག་གིས་བསྟན་ཏེ། སྡོམ་པའི་ཚུལ་ཁྲིམས་མི་མཐུན་ཕྱོགས་ལ་དཔེ་བཅུ་གསུམ་དང་། དགེ་བ་ཆོས་སྡུད་ཀྱི་མི་མཐུན་ཕྱོགས་ལ་དཔེ་གཉིས། སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ལ་དཔེ་ལྔ་ཡིས་བསྟན་ཡོད།
20.བཟོད་པའི་མཚན་ཉིད་བཤད་པ་ལ་དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་ཏེ། མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། དང་པོ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་དཔེ་གཉིས་དང་།གནོད་པ་ཇི་མི་སྙམ་པའི་བཟོད་པ་ལ་དཔེ་བརྒྱད། སྡུག་བསྔལ་དང་ལེན་གྱི་བཟོད་པ་ལ་དཔེ་གཉིས། བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་བཅུ་དྲུག་གིས་བསྟན་པ་ལས། ཆོས་ལ་ངེས་སེམས་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་གཉིས་དང་། གནོད་པ་ཇི་མི་སྙམ་པའི་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་བཅུ་གཉིས། སྡུག་བསྔལ་དང་ལེན་གྱི་བཟོད་པའི་མི་མཐུན་ཕྱོགས་ལ་དཔེ་གཉིས་ཀྱིས་བསྟན་ཡོད།
21.བརྩོན་འགྲུས་ཀྱི་མཚན་ཉིད་བསྟན་པ་ལ། དཔེ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན་ཏེ། དང་པོ་མཐུན་ཕྱོགས་ལ་དཔེ་བཅོ་བརྒྱད་ཀྱིས་བསྟན་པ་ལས། གོ་ཆའི་བརྩོན་འགྲུས་ལ་དཔེ་བཞི། སྦྱོར་བའི་བརྩོན་འགྲུས་ལ་དཔེ་བདུན། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ལ་དཔེ་བདུན་གྱིས་བསྟན་པ་དང་། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ་དཔེ་བཅུ་གཉིས་ཀྱིས་བསྟན་པ་ལས། གོ་ཆའི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ་དཔེ་གཉིས་དང་། སྦྱོར་བའི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ་དཔེ་དྲུག ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ་དཔེ་དྲུག་གི་བསྟན་ཡོད།
22.བསམ་གཏན་གྱི་ཆོས་སྐོར་དཔེ་ཉི་ཤུ་རྩ་བཞིས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་བཅུ་གཅིག་གིས་བསྟན་ཏེ། བསམ་གཏན་གྱི་རྒྱུ་བསྟན་པ་ལ་དཔེ་གསུམ། བསམ་གཏན་གྱི་ངོ་བོ་ལ་དཔེ་གཉིས། བསམ་གཏན་རྒྱུད་ལ་བརྟན་པར་བྱ་བ་ལ་དཔེ་གསུམ། བསམ་གཏན་རྒྱུད་ལ་བརྟན་པའི་རྟགས་ལ་དཔེ་གསུམ། བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ལ་དཔེ་བཅུ་གསུམ་གྱིས་བསྟན་ཡོད།
23.ཤེས་རབ་སྟོང་ཉིད་ཀྱི་ཆོས་སྐོར་བཤད་པ་ལ་དཔེ་དྲུག་ཅུས་བསྟན་ཏེ། དང་པོ་མཐུན་ཕྱོགས་ལ་དཔེ་སུམ་ཅུ་རྩ་ལྔས་བསྟན་པ་ལ། ཤེས་རབ་སྟོང་པ་ཉིད་ཀྱི་ཡོན་ཏན་བསྟན་པ་ལ་དཔེ་བཅུ།ཐོས་པའི་ཤེས་རབ་བསླབ་པ་ལ་དཔེ་བརྒྱད།ཐོས་པའི་དོན་དེ་ཉིད་བསམ་པའི་ཤེས་རབ་ཀྱིས་གཏན་ལ་དབབ་པ་ལ་དཔེ་གཉིས་དང་། ཐོས་བསམ་གཉིས་ཀྱིས་ཤེས་རབ་གཏན་ལ་ཕབ་པའི་དོན་ལ། སྒོམ་པའི་ཤེས་རབ་ཀྱིས་གོམས་འདྲིས་མཐར་ཕྱིན་པར་བྱ་བ་ལ་དཔེ་བཅོ་ལྔ། ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་ཉི་ཤུ་རྩ་ལྔས་བསྟན་པ་ལས་ཤེས་རབ་སྟོང་པ་ཉིད་ཀྱི་རྩི་ཡིས་མ་ཟིན་པའི་སྐྱོན་བསྟན་པ་ལ་དཔེ་བཞི། ཐོས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་དགུ བསམ་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་བཞི། སྒོམ་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ་དཔེ་བརྒྱད་ཀྱིས་བསྟན་ཡོད།
24.གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པ་ལ། སྔགས་ཀྱི་མཚན་ཉིད་བསྟན་པ་ལ་དཔེ་བཅུ་དགུས་བསྟན་ཏེ། དང་པོ་སྔགས་ཀྱི་ཡོན་ཏན་བསྟན་པ་ལ་དཔེ་དྲུག སྔགས་ཀྱི་ཉེས་དམིགས་བསྟན་པ་དཔེ་བཅུ་གསུམ་གྱིས་བསྟན་ཡོད།
25.བླ་མའི་བཀའ་དྲིན་དྲན་པས་དད་གུས་ཀྱིས་བླ་མ་མཉེས་པར་བྱ་བ་ལ་དཔེ་བཅུ་གསུམ་གྱིས་བསྟན་པ་ལས་དང་པོ་མཐུན་ཕྱོགས་ལ་དཔེ་བདུན། བླ་མའི་བཀའ་དྲིན་མི་དྲན་པ་སྤང་པ་ལ་དཔེ་དྲུག་གིས་བསྟན་ཡོད།
26.བསྔོ་བའི་ཆོས་སོ་སོར་བསྟན་པ་ལ་དཔེ་བཅུ་དགུས་བསྟན་པ་ལས། དང་པོ་མཐུན་ཕྱོགས་ལ་དཔེ་དགུ་དང་མི་མཐུན་ཕྱོགས་ལ་དཔེ་བཅུས་བསྟན་པ་སོགས་གཞུང་སྤྱི་ལ་ས་བཅད་ཉེར་དྲུག་དང་བྱེ་བྲག་གི་ས་བཅད་དུ་མས་བཀྲལ་ཡོད་ལ། དཔེ་ཆོས་ཀྱི་དོན་དེ་ཡང་དཔེ་ཆོས་ཀྱི་འགྲེལ་བ་རྗེ་ལྕེ་སྒོམ་པས་མཛད་པ་ལ་མ་བལྟས་པར་འཇིག་རྟེན་མཐུན་སྣང་དུ་གྲགས་པའི་དཔེ་ཡིན་ཡང་ཐོས་པ་སྲབ་པའི་ཁོ་བོར་མཚོན་ན་སྙན་དབང་གི་གསོས་ཡུལ་དུ་མ་གྱུར་བའི་དཔེ་ནི་བགྲང་ལས་འདས་སོ།
གསུམ་པ། དཔེ་ཆོས་ལས་ཐོན་པའི་གཏམ་རྒྱུད་དང་ནུབ་ཕྱོགས་བྱིས་སྒྲུང་རེ་འགའི་ཉེ་ས་དང་འདྲིས་ས།
སྤྱིར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་སྤྱི་ཚོགས་གང་དང་གང་གི་སྐབས་ཡིན་ན་ཡང་ཡ་རབས་བཟང་སྤྱོད་ཀྱི་བསམ་བློ་དང་ངང་རྒྱུད་རིང་བའི་གཤིས་ཀ གཞན་ཕན་ལ་བརྩོན་པའི་སྙིང་སྟོབས།གསར་གཏོད་ཀྱི་སེམས་ཤུགས། རྟེན་ཅིང་འབྲེལ་འབྱུང་གི་སློབ་གསོ་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་མཆིས་ལ། གཏམ་རྒྱུད་སྣ་ཚོགས་དེ་དག་གིས་མིའི་རིགས་ཀྱི་འདས་མ་ད་གསུམ་གྱི་འཚོ་བར་ཤུགས་རྐྱེན་བསམ་ཡུལ་འདས་པ་ཐེབས་ནས་ཆུང་ས་ཚོགས་སྡེ་ནས་འཛམ་གླིང་གོ་ལ་ཧྲིལ་བོའི་སྣོད་བཅུད་གཉིས་ལ་ཞབས་ཕྱི་བྱེད་མཁན་གྱི་རླབས་ཆེན་གྱི་མི་སྣ་གནམ་མཁའི་སྐར་ཚོགས་བཀྲ་བ་ལྟར་མི་ཡུལ་དུ་ཞབས་རྗེས་བཞག་མྱངས་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པ་དང་། ཡང་ཤེས་རབ་དང་སྙིང་རྗེ།བྱམས་བརྩེ། བླང་དོར། བསམ་གཞིག ལག་ལེན། འཇོན་ཐང་།འགན་འཁུར་བཅས་གསོ་བའི་གཏམ་རྒྱུད་དེ་དག་གིས་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་པ་རྒྱ་ཆེན་ཞིག་ཁ་སྐོང་བྱེད་ཀྱིན་ཡོད། དཔེ་ཆོས་ལས་བྱུང་བའི་གཏམ་རྒྱུད་དཔེར་ན་སྤགས་སྔོན་ཝ་ཞེས་པའི་གཏམ་རྒྱུད་དང་ས་སྐྱ་ལེགས་བཤད་ལས་ཝ་སྐྱེས་རྒྱལ་བོར་བསྐོས་པ་ཡིས།། འཁོར་སྡིག་རང་ཡང་བསད་ཅེས་གྲགས།། ཅེས་པའི་གཏམ་རྒྱུད་ཀྱི་བྱུང་རིམ་མི་འདྲ་བའི་ཁྱད་པར་ཆེ་ན་ཡང་གཏམ་རྒྱུད་ཀྱི་ཕུགས་དོན་ནི་གཅིག་ཏུ་འབབ། དེ་བཞིན་རྒྱལ་བའི་བཀའ་འགྱུར་སོགས་ནའང་གདུལ་བྱ་ལ་ཆོས་གསུངས་པ་དཔེ་ཆོས་དང་སྦྱར་ནས་གསུངས་ཡོད་པ་ནི་རུས་སྦལ་དང་ཁྲུང་ཁྲུང་གཉིས་ཀྱི་གཏམ་རྒྱུད་དེ་ཉེ་ལམ་ཞིག་ལ་ཁོ་བོ་གྲོང་ཆོག་ཅིག་འགྲིམས་པའི་སྐབས། ཁོ་བོར་འདོན་སྐལ་དུ་ཕེབས་པའི་གླེགས་ལམ་དེ་ཉིད་ལས་མཐོང་བྱུང་མོད། ད་ལྟའི་དྲན་ཤེས་ཀྱི་རུམ་པ་ཡོད་ན་བརྗེད་ངེས་རྐུན་པོས་རྐང་འཇབ་ལག་འཇབ་བྱས་ནས་འཁྱེར་བས་ད་ལྟ་སྡེ་ཚན་གང་དུ་འདུག་པ་དང་། པོད་གང་དུ་བཞུགས་པ་སོགས་ཀྱི་དྲི་བ་རེ་བྱུང་ཚེ་ང་ནི་ངག་བཅད་དུ་བཞུགས་པའི་སྟངས་ལ་འཛིན་དགོས་ཡོད།་གཏམ་རྒྱུད་འདིའང་ས་སྐྱ་ལེགས་བཤད་དང་དགེ་ལྡན་ལེགས་བཤད་སོགས་སུ་དྲངས་ཡོད། དེ་བཞིན་གཏམ་རྒྱུད་འདི་རྒྱ་ནག་གི་གཏམ་རྒྱུད་དུའང་ཡོད་པར་གྲུབ་པ་ནི་ང་རྒྱལ་ཆེ་བའི་རུས་སྦལ་骄傲的乌龟ཞེས་པའི་གཏམ་རྒྱུད་དེ་ཡང་འདི་དང་བརྗོད་དོན་གཅིག་ཏུ་འདྲེས་པ་དང་། དེ་བཞིན་དེ་དང་རིགས་འདྲེ་བའི་དཔེ་ཆོས་གཏམ་རྒྱུད་ལ་རྒྱ་ནག་ལ་ཡང་མང་དུ་མཐོང་སྟེ།རེ་འགའ་ཙམ་འདིར་འགོད་པའི་ཁུར་བླངས་ན།དཔེར་ན།《亡羊补牢》《狐假虎威》《拔苗助长》ལྟ་བུ་སོགས་ཡོད།གནའ་བོའི་གྷི་རིག་གི་བྱིས་སྒྲུང་རྩོམ་པ་པོ་གྲགས་ཅན་ཡེས་སོའོ་伊索ཡིས་བྱིས་སྒྲུང་ལས་ཨ་ང་ཙི་དང་སེང་གེ་ཞེས་པའི་གཏམ་རྒྱུད་དེ་ཡང་སྐྱེ་བོ་གསོ་ཐིགས་ལས་དྲངས་པའི་ལེགས་བཤད་གཏམ་རྒྱུད་ཞི་ལའི་རྫུན་ཚིག་ཞེས་པ་དང་གཏམ་རྒྱུད་ཀྱི་ངོ་བོ་དང་བྱུང་རིམ་ཁྱད་པར་ཡོད་ཀྱང་གནད་ཀྱི་དོན་པོ་གཅིག་ཏུ་འབབ་ཀྱིན་ཡོད། ད་དུང་ཡང་སྤྲེའུས་ཟླ་བ་ལེན་པའི་གཏམ་རྒྱུད། བོད་ཀྱི་དཔེ་ཆོས་གཏམ་རྒྱུད་རི་བོང་དང་སེང་གེ རྒྱ་ནག་གི་སྟག་དང་ཝ་ཞེས་པའི་གཏམ་རྒྱུད་གཉིས་ནི་རི་བོང་གིས་སེང་གེ་བསད་པ་དང་ཝ་ཡིས་སྟག་བསད་པ་གཉིས་འདྲ་འདྲ་ཡིན་ན་ཡང་འདི་ལ་མི་རིགས་རིག་གནས་ཀྱི་ལྟ་བའི་བསམ་བློ་ཡི་ཁྱད་པར་ཅུང་ཟད་ཨེ་ཡོད་སྙམ། རྒྱུ་མཚན་ནི་བོད་ཀྱི་དམངས་ཁྲོད་དུ་རི་བོང་ཅུང་ཟད་སྤྱང་གྲུང་དང་བློ་གྲོས་ཅན་གྱི་མཚོན་རྟགས་སུ་ངེས་པ་ཤུགས་ཆེ་བ་དང་། རྒྱ་ནག་ལྟ་བུ་ལ་མཚོན་ན་ཝ་ནི་གཡོ་སྒྱུ་ཅན་གྱི་མཚོན་རྟགས་སུ་ངེས་པས་ཡིན་པར་སེམས། དེ་ལྟ་བུའི་དཔེ་ཆོས་གཏམ་རྒྱུད་བར་གྱི་ཉེ་ས་དང་འདྲིས་ཆ་གླེང་ཡོང་དུས་ཁོ་བོས་བསམ་གཞིགས་ཀྱི་སྤྱོད་ཡུལ་དུ་ཤར་ཕྱོགས་ཀྱི་རིག་གནས་ནང་དུ་ནུབ་ཕྱོགས་རིག་གནས་ཀྱི་ཆ་དང་ནུབ་ཕྱོགས་རིག་གནས་ཀྱི་ནང་དུ་ཤར་ཕྱོགས་རིག་གནས་ཀྱི་ཆ་ཡོད་པ་ལ་གདེང་ཐོབ་ཀྱིན་འདུག་པ་དང་། དཔེ་ཆོས་ཀྱི་གཏམ་རྒྱུད་དེ་དག་ནི་རང་རེའི་ལུས་ངག་ཡིད་གསུམ་གྱི་ངང་ཚུལ་དང་། དེའི་སྐྱོན་གསལ་བར་མཐོང་ནུས་པའི་ངོ་སྤྲོད་ལྟ་བུར་ཆགས་ཡོད་ལ།བླང་དོར་ཚུལ་བཞིན་སྟོན་པའི་གཏམ་རྒྱུད་ཕུན་སུམ་ཚོགས་པོ་ཡོད་ལ། དཔེ་ཆོས་ཀྱི་གཏམ་རྒྱུད་དེ་དག་གིས་རང་གི་ནུས་པ་དང་། བག་ཆགས། ཁོར་ཡུག་གི་གནས་བབས་མི་འདྲ་བའི་རྒྱབ་ལྗོངས་ཅི་རིགས་པར་འབྲེལ་བ་དང་། གང་ཟག་སོ་སོའི་དགོས་མཁོ་ལ་སྨན་པའི་གཏམ་རྒྱུད་མང་པོ་མཆིས།་གལ་ཏེ་ཕྲན་གྱི་དཔེ་ཀློག་ཟིན་བྲིས་འདི་ལས་ཁྱོད་ལ་དཔེ་ཆོས་འདི་ལ་གཟིགས་འདོད་ཀྱི་འདུན་པ་ཤ་ཟིན་སྤུ་ཟིན་རེ་བྱུང་ན་དེ་ནི་ད་གཟོད་ཟིན་བྲིས་འདི་འབྲི་བའི་མཐར་ཐུག་གི་ཉིང་དགོས་ཡིན། སེམས་པ་འཁྲུགས་པའི་ཁ་སང་དེ་རིང་ལ། ང་ཚོ་ལ་ཅིས་ཀྱང་བསམ་པའི་དཔལ་ཡོན་གྱི་མ་ལག་གལ་ཆེན་མཁོ་སྟབས། ནང་པའི་ཆོས་ལ་སྡེ་ཚན་གསུམ་ཡོད་པ་ལས་འདུལ་བའི་སྡེ་ཚན། ཆོས་ཀྱི་སྡེ་ཚན།སེམས་ཁམས་རིག་པའི་སྡེ་ཚན་གསུམ་ལས་གསུམ་པ་སེམས་ཁམས་རིག་པར་གཏོགས་པའི་དཔེ་ཆོས་འདི་ནི་རང་སེམས་ཀྱི་སྣང་བརྙན་ངོ་མ་མཐོང་བའི་མེ་ལོང་གལ་ཆེན་ཞིག་ཏུ་ཆགས་ཡོད་དོ།།
2022.9.28ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1899
དཔྱད་མཆན་སྤེལ།