ཀར་རྒྱམ་གྱིས་བྲིས།

ཤོག་ལྷེ་རེ་རེའི་ལ་ཐུར་བརྒལ་ཏེ། མཚན་ཉིད་གཞུང་ཆེན་ལ་ལྟ་རྟོག་གི་བརྩོན་པ་ལྷུར་བླངས་ཀྱང་། སྐྱོ་ངལ་གྱི་མུན་པས་སེམས་དང་སེམས་བྱུང་གི་རི་ལུང་གཡོགས་ནས། དཔྱོད་ཤེས་ཀྱི་མིག་ཟུང་གོས་ཀྱིས་བཀབ་པ་ལྟར། རྨོངས་པ་མ་རིག་པའི་ལིང་ཏོག་གིས་བཏུམས་པའི་དུས། ཅི་བྱ་གཏོལ་མེད་ངང་ལུས་པའི་སྐབས་ཧ་ཅང་མང་།

ནང་སེམས་ལ་ཉམས་ཉེས་དང་། མི་ཚེའི་མདུན་སྐྱོད་ལ་བར་ཆད་ཀྱིས་ཟིན་པ་ན།

ཤ་ཐང་ཐང་དུ་འབད། རྡོ་རུས་ཐུག་པར་གནང་བའི་སྐུ་ཚེའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་རྒྱུ་ནི། འཕྲལ་དང་ཕུགས་ཀྱི་སློབ་པ་དོན་གཉེར་གྱི་རྒྱུད་རིམ་ནང་། སྔོན་བྱོན་དམ་པ་རྣམས་ཀྱི་བཞུད་ལམ་རིང་མོར། རང་ཉིད་ཀྱི་མི་ཚེའི་གོམ་ཁ་ཕྱོགས་པའི་སྔོན་འགྲོ་ལྟ་བུར་ཅིས་ཀྱང་འཐད།

རྒྱུ་ཡི་སླད་དུ། དབང་གི་ཕྱིར་དུ། བསླབ་པ་སློབ་གཉེར་བློས་མ་བཏང་སྟེ། འཆི་བ་སྲོག་བསྡོས་ཀྱིས་ཆོས་ཕྱིར་དཀའ་བ་སྤྱད་པས། ཁེ་ཕན་ཉི་ཚེ་བ་ཙམ་གྱི་ཆེད་དུ་ལྟ་ག་ལ་ཞིག དེ་ལྟ་བུའི་དམ་པའི་སྐྱེས་བུ་བྱོན་བྱིན་པ་གང་མང་ཞིག ལོ་རྒྱུས་ཀྱི་ཁྲོད་དུ་ད་དུང་གསོན་ཡོད་ཅིང་། ཤེས་རབ་ཀྱི་མི་བོ་ཆེ་དེ་དག་ནམ་ཡང་མིའི་རིགས་ཀྱི་མིག་ཏུ་གྱུར་ཡོད་ཨང་།

དཔེ་ཆ་བརྒྱ་ཕྲག་ལས་གདམ་གསེས་བྱུང་བ་ནི། བུ་སྟོན་ཁ་ཆེའི་རྣམ་ཐར་ཉག་གཅིག་རེད། དེས་ནི་མི་སྒེར་གྱི་དད་པ་དང་ཁ་ཕྱོགས། ཐོས་པའི་བབས་ཆགས་འཇོག་སྟངས་ཤིག་ཀྱང་ལོས་མཚོན་མོད། སྐུ་ཚེ་ཐོས་བསམ་ལ་བསྟིམས་པའི་བུ་རིན་པོ་ཆེ་ནི། ངའི་སེམས་ཁོང་གི་སྨོན་འདུན་གྱི་རི་རྩེ་ན། སྔར་ཡང་སྤྲིན་དཀར་གྱི་འདབ་མ་བཞིན་བཞད་མྱོང་ཞིང་། ད་ཡང་རྣམ་ཐར་གྱི་ཆ་ཤས་ཡང་ཤས་ཙམ་རེ་མཇལ་བས་ཀྱང་དད་པའི་ཐལ་མོ་དབང་མེད་དུ་ཟུམ།

“ད་ལྟའི་གྲྭ་བ་དཀྱུས་མ་ཚོའང་འདུག་མི་སྤྲོ་བའི་ཁང་ཆུང”དེ་ནས། “ཉིན་གྱི་དུས་སུ་ཚ་དྲོ་ཡང་གསོལ་ལོང་མེད། མཚན་གྱི་དུས་སུ་མནལ་ཡང་ལོག་ལོང་མེད་དེ། སྲོད་ལ་ཞུན་མར་གཏེགས་ནས་གཟིགས། ཐོ་རེངས་ཀྱི་དུས་སུ་བློ་བཤར་བ་ལ་འབད་ནས། མནལ་བ་ཡང་མེད་པར་བྱས་པས། ཞལ་རས་ཀུན་གྲོད་པ་མེས་བསྲེགས་པ་ལྟ་བུ། ཕྱག་ངར་ཀུན་ཟ་ཐུར་སྐམ་པོ་བཞིན་དུ་གྱུར”མྱོང་བའི་བུ་རིན་པོ་ཆེ།

སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་སྟེ། དམ་པའི་སྤྱོད་པ་ལས་ནམ་ཡང་འདའ་མ་མྱོང་ཞིང་། དབུ་ནག་བོད་ཀྱི་ཆོས་སྲིད་ཆུ་ཡི་གཉེར་རིས་བཞིན་འཕོ་འགྱུར་བྱུང་དང་འབྱུང་མུས་སུ། ཆོས་ཀྱི་མིང་གིས་བཏེགས་པའི་བླ་ཆེན་ཚོས། གོང་མས་བསྩལ་བའི་ཆོ་ལོ་ལ་བརྩོན་ལེན་བྱེད་པའི་ཐབས་གང་དྲག་ལ་འབད་བཞིན་པའི་དུས། གོང་མ་ཟོན་ཏིས་བཀའ་ལུང་ཡང་མཆིལ་མའི་ཐལ་བཞིན་དོར་ནས། མཁས་པའི་རང་ཚུགས་རི་བཞིན་བརླིང་བ་འདིས་ཀྱང་། ཁོང་གི་ལོ་རྒྱུས་ཡང་སྡོམ་ཚིག་གཅིག་གིས་བསྡུ་ཆོག་པ་ཡིན་ཏེ། ཕུགས་བསམ་གྱི་ཆེད་དུ་མངའ་ཐང་སྙན་གྲགས་ཀུན་ཅམ་གྱིས་བཞག་མཛད་པའོ། །

ཤར་ནུབ་རིག་གཞུང་ཀུན་གྱི་འཚོལ་སྙེག་གི་དམིགས་འབེན་ནི། བདེན་དྲང་གི་མི་ཚེ་དང་། འདྲ་མཉམ་གྱི་ལྟ་བ།  རང་དབང་གི་བདེ་སྐྱིད་བསྐྲུན་རྒྱུ་འདི་ལས་མེད་ཅེས་སྨྲས་ཀྱང་དོན་དུ་གནས་ལ། ཁོང་གི་སྐུ་ཚེའི་མཛད་སྤྱོད་ཀྱི་ཟུར་གང་ནས་ཀྱང་། དྲང་བདེན་མ་ཡིན་པའི་ལྐོག་གཡོ་བཀྲམ་པ་མེད་ལ།  མིའི་ཐོབ་ཐང་ལ་གནོན་པའི་སྦྱོར་བ་སྐྲ་རྩེའི་ཆ་ཤས་ཙམ་བརྩམས་པ་མཐོང་དུ་མེད། རང་གི་བདེ་སྡུག་གི་ལྡེ་མིག་གཞན་ལག་དུ་བཞག་པ་དེ་བས་ཀྱང་ག་ལ་མཐོང་། དེ་ནི།  མི་ཚེའི་དོན་སྙིང་མཚན་ཉིད་གཞུང་ལུགས་ཀྱི་ཁྲོད་ནས་རྙེད་པའི་གཏན་ཚིགས་རྣོ་ངར་ཅན་ཞིག་ཡིན་ཨང་།

དེ་ཡང་«རྣམ་ཐར་རིན་ཕྲེང་»དུ། “ཀུན་གྱི་ཐུན་མོང་དུ་གྱུར་པ་མ་ཡིན་པའི་ཕྱིར་འདིར་རེ་ཞིག་བྲི་བར་མི་བྱའོ། ། ”ཞེས་གསུངས་སྟེ། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བསྐྱུངས་ནས། ཐུན་མོང་འགྲོ་བའི་སྣང་བ་ལ་ཇི་བྱུང་བཀོད་འདུག་ཀྱང་། སྐུ་ཚེ་སྟོད་སྨད་གཉིས་ཆར་སློབ་གཉེར་གྱི་ཕྱག་ལས་མ་གཏོགས། གཞན་པའི་མཛད་སྤྱོད་ཧ་ཅང་ཉུང་བར་སྣང་།

དིང་གི་དུས་སུ། “ཚེ་གང་སློབ་གསོ”ནི་ནུབ་ཀྱི་ཤེས་རིག་ལས་ཚུར་འདྲེན་གྱིན་པ་ཡིན་ན་ཡང་། ངས་བསམ་ན། ང་ཚོ་བོད་ཀྱི་ཤེས་རབ་ཀྱི་བསྡུས་གཟུགས་ལྟ་བུ། བུ་རིན་པོ་ཆེ་སོགས་ཀྱི་སྐུ་ཚེའི་ལོ་རྒྱུས་ལས་གསལ་འགྲེལ་བྱས་ན་དེས་མ་འཐུས་པ་ཅི་ཡང་མི་འདུག་དྲན།

ཆོས་ཉིད་ལ་སྙོན་པའི་གཏམ་སྨྲས་སོ་སྙམ་སྲིད་ཀྱང་། ད་ལྟའི་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་ནི་དུས་རབས་ཀྱི་སྤྱོད་སྒོ་དང་བསྟུན་ནས། འཕེལ་འགྱུར་དང་བསྒྱུར་བཅོས་སྣ་ཚོགས་བྱུང་བཞིན་པ་ནི། རྣམ་པ་ཐམས་ཅད་དུ་ཧ་ཅང་ལེགས་ཞེས་འཆད་དཀའ་སྟེ། སློབ་སྦྱོང་ནི་སྒྲིག་ལམ་ཙམ་གྱི་ཆེད་དུ་འགྱུར་བའི་ཞན་ཆ། ཕུགས་བསམ་ནི་མཁན་པོའི་དཔང་ཡིག་ཙམ་དུ་ལྟ་བའི་སྐྱོན་ཆ།རྒྱུགས་སྐར་གྱིས་མདུན་ལམ་ཐག་གཅོད་པའི་ཉེས་དམིགས། མདོར་ན། སྔོན་བྱོན་དམ་པ་རྣམས་ཀྱི་ལུགས་ལྟར། མི་ཚེ་ཆོས་ཕྱོགས་སུ་ཕུལ་བའི་འདུན་པ་ཉམས་དམས་སུ་འགྲོ་བའི་རྒྱུ་རུ་འགྱུར་མིན་ཆ་མ་འཚལ་ལོ། །

དེ་ཡང་། བུ་རིན་པོ་ཆེའི་ཞལ་ནས། འཕགས་ཆེན་ས་ལ་བཞུགས་པ་རྣམས་ཀྱང་ཐོས་པས་མི་ངོམས་ན། འོ་སྐོལ་ཅིའི་ཕྱིར་ཐོས་པ་རྒྱ་ཆེན་པོ་མི་བྱེད། ཅེས་གསུངས་ཤིང་། གདམས་པ་འདི་ཁོ་ནས་ཀྱང་སྐྱབས་སུ་འཆི་བར་གདའ་མོད། གཙོ་བོར་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཆ་ཚང་ལ་མཇལ་ན། བློ་འབྱེད་བསམ་བློའི་ངོས་ནས་དཔྱད་བཟོད་པའི་ཆ་ཡང་མང་དུ་སྣང་སྟེ། འགྱུར་བ་མེད་པའི་ཕུགས་བསམ་དང་དད་སེམས། མི་གཤིས་སྒམ་བརླིང་གི་མཛེས་པ། དོན་སྙིང་གིས་ཕྱུག་པའི་མི་ཚེའི་ཕྱག་ལས་སོགས། གོང་དུ་སྨོས་པ་བཞིན་དུ། ཁོང་གིས་གནང་བའི་མི་ཚེའི་བསླབ་བྱ་ནི། བསམ་དཀར་གྱི་ཞལ་ཏ་ཙམ་ལས་འདས་ཏེ། ཀུན་ལས་འཕགས་ཤིང་ཀུན་གྱི་རྩ་བར་གྱུར་པའི་མི་ཚེའི་རིན་ཐང་གི་ཕྱོགས་སུ་གཞོལ་བ་ཡིན།

བུ་སྟོན་དང་འབྲེལ་བའི་དཔྱད་རྩོམ་དང་རྣམ་ཐར། ལོ་རྒྱུས་ཧ་ཅང་མང་ཞིང་། དེ་དག་ཏུ་འཁོད་པ་ནི། བུ་སྟོན་ཁ་ཆེ་ཞེས་པའི་མཚན་ཇི་ལྟར་བྱུང་ཚུལ། བཀའ་བསྟན་བསྒྱུར་ཞུས་དང་དག་བསྒྲིགས། ཁོང་གིས་དབུས་སུ་གྲྭ་སྐོར་མཛད་ཚུལ། འགྲན་གྱི་མེད་བུ་དོལ་གཉིས་ཀྱི་ལྟ་གྲུབ་ཀྱི་རྩོད་གླེང་སོགས་བྲིས་པ་མང་ཞིང་། སྤྱིར་ན། ཆོས་རྗེ་བུ་སྟོན་ནི་གསང་སྔགས་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་མངའ་བདག མཚན་ཉིད་གཞུང་བཤད་ཀྱི་ཀ་ཆེན་ལྟ་བུ་ཡིན་པའི་ཁར། ཁོང་མེད་ན་ཞལ་ལུའི་ཆོས་གྲྭ་ཆེན་མོ་དེ་ལྟར་འཕེལ་རྒྱས་འགྲོ་མི་སྲིད་ལ། མཚན་ཉིད་ཀྱི་ཆོས་གྲྭ་ཆེན་མོ་དེ་བསྐྱང་མེད་ན། རྗེ་བཙུན་རེ་མདའ་བ་དང་། རྗེ་ཙོང་ཁ་པ་སོགས་ཀྱང་ཧ་ལམ་མཁས་པ་ཆེན་པོར་འགྱུར་བའི་མཐུན་རྐྱེན་ཞིག་ཚང་མི་སྲིད།

ནང་བསྟན་མཚན་ཉིད་རིག་པའི་འཕེལ་འགྱུར་ཁྲོད་ནས། ཁོང་གིས་ལོ་རྒྱུས་ཀྱི་གདན་ཐོབ་ངེས་ཅན་ཞིག་གཟུང་ཡོད་ལ། ཆོས་བརྒྱུད་ཐུན་མོང་གིས་ཁས་ལེན་ཐུབ་པའི་“སྟོན་པ་”ཞིག་ཀྱང་ཡིན།དེ་བས། ཁོང་གིས་སྐུ་ཚེའི་ཕེབས་ལམ་ལ་ཕྱིར་རྟོག་བྱ་བའི་སྐབས། ཆགས་ཞེན་གྱིས་ལྷ་རུ་བསྒྲུབ་མི་དགོས་ལ། སྡང་སེམས་ཀྱིས་བདུད་དུ་འཆད་མི་དགོས་པར། བྱུང་བ་དངོས་ལ་ཇི་ལྟ་བ་བཞིན་ལྟ་ཐུབ་པའི་ཁྱད་ཆོས་ཀྱང་མཆིས།

སྐྱེས་ཆེ་གྱི་བཞུད་ལམ་འདིས་ཀྱང་། ནང་བསྟན་མཚན་ཉིད་རིག་གཞུང་གི་ལྟ་ཚུལ་ཞིག་བསྟན་ཡོད་པར་སྙམ་སྟེ། ཐོག་མཐའ་བར་གསུམ་གྱི་མི་ཚེ་ནི། ཉོན་མོངས་ཀྱི་དབང་དུ་གྱུར་པ་ལ་སྙིང་པོ་ཅི་ཡང་མེད་ཅིང་། ངེས་པར་མི་ཚེ་ནི་བྱམས་བརྩེ་དང་ཤེས་རབ་ཀྱི་ཀློང་དུ་ཐིམས་དགོས་པའི་ཚེ་སྲོག་གི་ལྟ་བ་ཞིག་ངང་གིས་ཡིད་ལ་འདྲེན་ཡོང་བ་མི་འདུག་གམ།

མཛད་ཕྲིན་ཉི་ཟླ་དང་མཉམ་པའི་བུ་རིན་པོ་ཆེའི། ཐོས་བསམ་སློབ་གཉེར་གྱི་རྒྱུད་རིམ་དང་། མི་ཚེའི་རིན་ཐང་གི་ལྟ་བ་སོགས། དམིགས་སུ་བཀར་ནས་རྩལ་བཤད་བྱ་རྒྱུ་ཡང་དགོས་པ་ཆེན་པོར་མཐོང་བས། སླད་ཀྱི་ཆར་ཡང་ཞིབ་འཇུག་དང་དཔྱད་རྩོམ་གྱི་སྨྱུག་ཁ་འདི་རུ་བསྐོར་དགོས་པའི་གསལ་འདེབས་ཚུལ་དུ། གླེང་ཙམ་སློང་བའི་ཁུར་བླངས་པ་ལགས།

༢༠༢༢/༩/༡༠ལ།