ལྷ་རིས་པ་རྡོ་ལྷས་བྲིས་པའི་ཁྲོ་ཕུ་བསོད་ནམས་སེང་གེའི་ཞལ་ཐང་གསར་པ།

 

སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་། །
བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང་། །
དམིགས་མེད་སྙིང་རྗེས་འགྲོ་ལ་ཅི་ཕན་བརྩོན།
ཁྲོ་ཕུ་བསོད་ནམས་སེང་གེའི་ཞབས་ལ་འདུད། །

དེ་ཡང་གུས་པས་སྙིང་གཏམ་སུམ་ཅུ་པ་དང་ཁ་བརྡ་གློད་པ་ཞེས་པའི་རྩོམ་ཡིག་གང་དེ་ལེགས་གྲུབ་བྱུང་བའི་རྗེས་སུ། ནང་གྲོགས་ལྷ་རིས་པ་རྡོ་ལྷ་དང་ལྷན་དུ་བགྲོ་གླེང་མང་པོ་བྱས་པའི་ཡིན། ཁོ་རང་གིས་ཁྲོ་ཕུ་བསོད་ནམས་སེང་གེའི་ཞལ་ཐང་ཞིག་བྲིས་ན་ཅི་འདྲ་འདུག་ཅེས་བཤད་སོང་།
དེ་འདྲ་ཞིག་ལེགས་འགྲུབ་བྱུང་བ་ཡིན་ན་ཧ་ཅང་བཟང་། ང་རང་གིས་བཙལ་འཚོལ་མང་དུ་བྱས་པ་ཡིན་ཡང་། ཁྲོ་ཕུའི་བླ་བརྒྱུད་གཞན་གྱི་བླ་ཐང་འགའ་ཞིག་ལས་སེམས་དཔའ་ཆེན་པོའི་ཞལ་ཐང་ནི་མ་རྙེད། སྤྱིར་ཡོད་སྲིད་ཀྱང་ཀུན་པོས་མཇལ་ཆོག་པའི་སྟབས་བདེ་ཞིག་ནི་མེད་པ་འདྲ།
གང་ལྟར་ཛམ་ལྷ་དང་འོད་དཔག་ཞིང་བཀོད་སོགས་ཀྱི་ཐང་ག་མང་པོ་ཞིག་བསྐྱར་སྤེལ་གྱི་བཤུས་འབྲི་གནང་བ་ལས་དགེ་མཚན་ཆེ་བར་སེམས་ཞེས་བཤད་པ་ཡིན།

ཁོང་གིས། ཕུགས་བསམ་ཞིག་ལེགས་འགྲུབ་ཡོང་བ་ལ་ཕྱོགས་མང་པོ་ཞིག་ནས་མཐུན་རྐྱེན་འཛོམས་དགོས་པ་ཡིན་དུས། རང་གི་བསམ་པ་ཞིག་གིས་མ་འོངས་པའི་བཀོད་པ་བསྟན་མི་ནུས་པ་གསལ་པོ་རེད། འོན་ཀྱང་མི་སུ་ཡིན་ན་ཡང་རང་རང་དགའ་བའི་བྱ་བ་ཞིག་ལ་འཇུག་དུས། ཕུགས་འདུན་ཞིག་མེད་པ་མི་སྲིད་པ་ནང་བཞིན། ང་ཡང་ལྷ་རིས་ཀྱི་ལམ་དུ་ཞུགས་དུས་བསམ་པ་འདི་འདྲ་ཞིག་འཆང་མྱོང་། གཅིག་ནས་བཤད་ན། སྒེར་གྱི་ཁེ་ཕན་གྱི་ཡོང་སྒོ་ལ་གཙོ་བོ་ལྟོས་པ་མེད་པའི་སྒོ་ནས་ཆོས་རིག་སྤྱི་ལ་ཕན་པའི་ཐང་ག་སོགས་འབྲི་བ་དང་། གཉིས་ནས་ལྷ་རིས་དོན་དུ་གཉེར་བའི་གང་ཟག་དག་ལ་རྒྱུད་སྤེལ་གྱི་མཁོ་སྤྲོད་ཞུས་ཏེ། ཀརྨའི་སྒར་རིས་ལ་ཞབས་འདེབས། ལྷ་རིས་དོན་གཉེར་བ་རྣམས་ལ་ཕན་ཞིག་ཐོགས་ན་བསམ་ནས་ཞུགས་པ་ཡིན།
དེ་འདྲ་ཡིན་དུས། ཁྲོ་ཕུ་སེམས་དཔའ་ཆེན་པོའི་རྣམ་ཐར་དང་ཞལ་ཐང་གི་སྟོང་ཆ་ལ་སྨན་པའི་རྒྱུ་རུ་སོང་ན། དུས་ཚོད་དང་དཀའ་ངལ་གང་འཚམས་འགྲོ་གྲོན་གཏང་བ་ལ་ཧ་ལས་རྒྱུ་ཅི་མི་འདུག་ཅེས་བཤད་སོང་།

དེ་ནས་ངེད་གཉིས་ཀྱིས་ཇི་ལྟར་འབྲི་བའི་སྐོར་ནས་གྲོས་སྡུར་བྱས་པ་ཡིན། གནུབས་སྟོན་ཆོས་རྒྱལ་གྱིས་མཛད་པའི་མཉམ་མེད་སེམས་དཔའ་ཆེན་པོ་ཁྲོ་ཕུ་བའི་རྣམ་ཐར་ཡོན་ཏན་ཕྲེང་བ་གཞིར་གཟུང་ཞིང་། བཀའ་བརྒྱུད་པའི་བླ་ཐང་གཞན་ལས་ལེགས་ཆ་བླངས་ཏེ། རྣམ་ཐར་ལས་བྱུང་བའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་དག །གཞན་ཕན་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཚོན་པའི་དཔག་བསམ་གྱི་ཞིང་དང་། ན་བཟའ་སྒོམ་ཆིངས། བཞུགས་སྟངས་ཚུན་ཆད་ལ་བསམ་བློ་ཞིབ་ཏུ་བཏང་སྟེ་རྣམ་ཐར་གྱི་བསྡུས་གཟུགས་ཀྱི་ཚུལ་དུ་འབྲི་བར་ཐག་བཅད་པ་ཡིན།
སྐུ་ཡི་རྣམ་པའི་ཐད་ནས་ཀྱང་རྣམ་ཐར་གཞིར་བཞག་སྟེ། མཐོང་ན་མི་མཐུན་པ་མེད་ཅིང་དད་པས་མོས་པ་རྣམས་མངོན་པར་དགའ་བའི་མཚན་དཔེ་ཡོན་ཏན་མངའ་བར་བཤད་པ་ནང་བཞིན་དུ་ང་འདྲ་མའི་ཚུལ་དུ་བྲིས་པ་ཡིན།

སྤྱིར་རང་རང་གི་དངོས་ཉམས་གཙོ་བོར་བཟུང་སྟེ་ཆ་ཚད་ལ་མི་ལྟོས་པའི་འདྲ་ཐང་འབྲི་བའི་ལུགས་སྲོལ་ཡོད་པ་ཙམ་དུ་མ་ཟད། བཀའ་བརྒྱུད་ཀྱི་བླ་མ་མང་པོ་ཞིག་གི་ང་འདྲ་མ་རྣམས་ནི་སྐུ་ཚེའི་གཞུག་གི་བགྲེས་པའི་ང་འདྲ་མ་བྲིས་པ་མང་ཡང་། འདི་ནི་གཞོན་པའི་ང་འདྲ་མ་གང་ཞིག་ལ་ཞི་བ་དང་བྱམས་པའི་ཚོར་སྣང་སྦྱིན་པའི་ཉམས་གཙོ་བོར་བྱས་ཏེ་བྲིས་པ་ཞིག་ཡིན།
དེ་ནི་བགྲེས་པའི་ང་འདྲ་མ་འབྲི་མཁན་དག་ལ་མ་རངས་པའི་ཚུལ་གྱིས་ལོགས་སུ་བྱོལ་བ་ཞིག་ནི་མིན། དགག་དགོས་མངོན་སུམ་དུ་མཁྱེན་པའི་དཔང་གྱུར་གྱི་སྐྱེས་བུ་དམ་པ་ཁོང་རྣམས་ཀྱིས་དམ་པ་གང་དེའི་ཞལ་ཐང་འབྲི་བ་ལ་གཟིགས་པ་སྔོན་དུ་བཏང་སྟེ། ཞལ་བཀོད་དང་འབྲི་བའི་ཕྱག་ལས་གནང་བ་ཡིན་ངེས་པས། ཚང་མ་དེ་ཡི་རྗེས་སུ་འབྲང་བ་ཡིན་ན་སེང་གེའི་ཕྱིི་བཞིན་དུ་ཝ་མཆོངས་བའི་མཇུག་འབྲས་ཀྱི་རྣམ་པ་མི་འབྱུང་བའི་ངེས་པ་མེད་གཤིས།

དེ་ལྟས་རྗེ་མི་བསྐྱོད་ཞབས་ཀྱིས་བླ་མའི་ཞལ་ཐང་འབྲི་བ་དང་འདྲ་སྐུ་མགར་བའི་སྐབས་སུ་མཚན་དཔེའི་ཡོན་ཏན་ལྡན་པ་ཞིག་གལ་ཆེ་ཞིང་། གཞན་དུ་བླ་མའི་སྤྱན་ལ་སྐྱོན་ཡོད་པ་ལྟ་བུ་རྒྱུ་མཚན་དུ་བྱས་ཏེ་ཞལ་ཐང་སོགས་སུ་བྲིས་པ་ཡིན་ན། ཡན་ལག་ཉམས་པ་བརྗོད་པ་དང་འདྲ་བའི་སྟབས་ཀྱིས། བླ་མ་ལ་བརྙས་པའི་ལྟུང་བ་སོགས་ཀྱང་འབྱུང་བའི་ཞལ་བརྡ་མང་དུ་གནང་ཡོད་ལ།
གྲོ་མགོན་གཙང་པ་རྒྱ་རས་ཀྱིས་བླ་རྣམ་བསྒོམ་པ་སོགས་ཀྱི་སྐབས་སུ་ཡང་བླ་མ་མཚན་དཔེའི་ཡོན་ཏན་ལྡན་པ་ཞིག་གལ་ཆེ་ཞིང་། གཞན་དུ་ན་མཚན་དཔེའི་ཡོན་ཏན་མེད་པ་ལྟ་བུ་སོགས་སུ་བྱས་ན་གཟུགས་སྐུའི་ས་བོན་འདེབས་པ་ལ་རྟེན་འབྲེལ་མི་ལེགས་པའི་ཚུལ་གསུངས་པ་སོགས་ཀྱིས་མཚོན་ཏེ། ང་ཚོ་སོ་སྐྱེ་རང་ག་བ་རྣམས་ཀྱི་འགྲོ་ལམ་གསལ་བར་བསྟན་ཡོད་པ་དེ་བཞིན་དུ་བསྐྱོད་པ་ཡིན་ན་གོལ་ས་འབྱུང་བའི་སྐྱོན་མེད་པར་སེམས་ནས། ཁྲོ་ཕུ་སེམས་དཔའ་ཆེན་པོའི་ཞལ་ཐང་འདི་ནི། ཁོང་གི་རྣམ་ཐར་གཞིར་བཞག་སྟེ་གཞོན་པའི་ང་འདྲ་མའི་ཚུལ་དུ་ཀརྨའི་སྒར་རིས་པ་རྡོོ་ལྷ་ལགས་ཀྱིས་བྲིས་པ་ཞིག་ཡིན།
སྨོན་པ།

བཟང་པོའི་རྣམ་ཐར་ཡིད་ཀྱི་ངོས་སུ་སྦྱར། །
ཡིད་བརྙན་སྒྱུ་འཕྲུལ་པིར་གྱི་རྩེ་ལས་དྲངས། །
རྣམ་ཐར་བསྡུས་གཟུགས་གཞོན་པའི་ང་འདྲ་མས། །
སྲིད་ཞིའི་དཔལ་གྱི་གཡང་རྣམས་ཤིས་གྱུར་ཅིག །

གནམ་གསས་དར་རྒྱལ་གྱིས་གསལ་བཤད་ཅིག་གི་དོད་དུ་བྲིས་པའོ། །


ཁྲོ་ཕུ་བསོད་ནམས་སེང་གེའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ་བདུན།

སྤང་གཉེན་རོ་གཅིག་པར་རྟོགས་ཀྱང་། དགེ་སྡིག་ཆུང་ངུ་ནས་བླང་དོར་མཛད་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

བསླབ་གསུམ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་ལ། སྐུ་གསུང་ཐུགས་ཀྱི་སྤྱོད་པ་གང་མཛད་གཞན་ལ་ཕན་ཞིང་། མཐོང་ཐོས་དྲན་ཚད་དང་བའི་མོས་པ་འདྲེན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

སེམས་ཅན་ཐམས་ཅད་ལ་བདག་བས་གཅེས་པར་འཛིན་ཅིང་། འཇིགས་པ་དང་སྡུག་བསྔལ་བའི་དུས་ན་གཡེལ་བ་སྐད་ཅིག་ཀྱང་མི་མངའ་བར་ཕན་འདོགས་ལ། ནམ་ཕྱེད་ཡིན་ཡང་གཞན་གྱི་སྐྱབས་ལ་བྱོན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

མཐོ་དམན་འབྲིང་གསུམ་ཐམས་ཅད་ལ་ཐུགས་གཏིང་ནས་སྙོམས་པས། ཡོན་ཏན་གྱི་ཕྱོགས་ལ་བལྟས་ནས་སུ་ལའང་སྐྱོན་མི་བརྗོད་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

མཚན་མོ་ཡང་དབུ་སྔས་ལ་མི་འཇོག་པར་ཐུགས་དམ་མཛད་ཅིང་། ཐམས་ཅད་དུ་ཆོས་ཀྱི་བྱ་བ་དང་གཞན་དོན་དུ་མ་གཏོགས་པ་དོན་མེད་ལ་དུས་ཅུང་ཟད་ཀྱང་མི་འདའ་བའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

གསེར་འབུམ་ཆ་བདུན། རིན་པོ་ཆེའི་གླེགས་བམ་བརྒྱ་ཕྲག་ལྷག་པས་ཐོག་དྲངས། གསེད་སྐུ་ལུགས་སྐུ་ལ་སོགས་རྟེན་གསུམ་དཔག་ཏུ་མེད་པ་བྱུང་བ་རྣམས་མཆོད་པ་བཟང་ས་དང་། འགྲོ་དོན་གང་ཆེ་བར་བཞུགས་ནས་སྤྱིའི་མཆོད་གནས་སུ་མཛད་པ་དང་། གསེར་དངུལ་ལ་སོགས་ནོར་ཟས་དཔག་ཏུ་མེད་པ་ཅི་འདུས་པ་ཡང་། བསོད་ནམས་ཆེ་བའི་མཆོད་སྤྲིན་སྦྱིན་ལ་གཏོང་ཞིང་། རང་ཆེད་དུ་རྡུལ་ཙམ་ཡང་མི་འཛིན་པའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

ཐམས་ཅད་ཀྱི་བློ་དང་མི་འགལ་བར་ཐབས་མཁས་པས་མཐུན་འཇུག་ཆེ་ཞིང་། ལྷག་པར་ཡང་ནད་པ་མཛེ་སྤྲང་ལ་སོགས་པའི་དམན་པའི་སེམས་ཅན་ལ་ཐུགས་རྗེ་ཤིན་ཏུ་ཆེ་བའི་ངོ་མཚར་བའི་ཡོན་ཏན་གྱི་ཆེ་བ།

གནུབས་སྟོན་ཆོས་རྒྱལ་གྱིས་མཛད་པའི་མཉམ་མེད་སེམས་དཔའ་ཆེན་པོ་ཁྲོ་ཕུ་བའི་རྣམ་ཐར་ཡོན་ཏན་ཕྲེང་བ་ལས་ཁོལ་དུ་ཕྱུང་བའོ།


ཁྲོ་ཕུ་སེམས་དཔའ་ཆེན་པོའི་སྤྲིངས་ཆོས།

 

ཚོང་འདུས་ཚོགས་པའི་མགྲོན་པོ་དང་། །

ཤིང་ཕུང་འདུས་པའི་བྱ་བྱེད་ཀུན། །

ལྷན་ཅིག་འདུས་ཀྱང་སོ་སོར་གྱེས། །

འདུས་བྱས་ཐམས་ཅད་དེ་དང་འདྲ། །

རྨི་ལམ་སྣང་བ་བཟང་ངན་ལ། །

དགའ་དང་མི་དགའ་གང་བྱུང་ཡང་། །
གཉིད་སད་དུས་ན་གཏད་ས་མེད། །

སྣང་བ་འདི་ཡང་དེ་དང་འདྲ། །

སྒྱུ་མ་མཁན་གྱི་མིག་འཕྲུལ་ལ། །

ལྟད་མོ་སྣ་ཚོགས་མཐོང་ལགས་ཀྱང་། །
རྟེན་འབྲེལ་ནུས་པ་བཤིག་པའི་ཚེ། །

བདེན་ཞེན་རྣམ་རྟོག་རང་སར་གྲོལ། །

འཇིག་རྟེན་སྣང་བ་བསླུ་བྲིད་ལ། །

བདག་འཛིན་འཆིང་བ་དམ་པོས་བཅིངས། །

ཤུགས་བྱུང་སྡུག་བསྔལ་ཤིན་ཏུ་མེད། །

རིག་པ་ཁོང་ནས་གློད་པར་ཞུ། །

ད་ལྟའི་སྣང་བ་འདི་ཀུན་ཀྱང་། །

སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ། །
ཕྱི་ནས་བདེན་པར་གྲུབ་པ་མེད། །

གཏད་མེད་དྲན་པས་འཛིན་པར་ཞུ། །

བཅོས་སུ་མེད་པའི་ཆོས་ཉིད་ལ། །

སྡུག་བསྔལ་བྱས་པས་མི་ཕན་གྱི། །
མྱ་ངན་སེམས་ལ་མི་འཆང་བར། །

སེམས་ལ་སེམས་ཀྱིས་བལྟ་བར་ཞུ། །

སྤྱི་གཙུག་དུས་གསུམ་སངས་རྒྱས་བཞུགས། །

གདུང་སེམས་དྲག་པོས་གསོལ་བ་ཐོབ། །

སྙིང་དཀྱིལ་རང་གི་ཡི་དམ་བཞུགས། །

སྙིང་པོ་སྔགས་ཀྱི་བཟླས་བརྗོད་མཛོད། །

མ་བཅོས་ངང་དུ་ལྷན་གྱིས་ཞོག །

སྡུག་བསྔལ་རང་སར་གྲོལ་བར་འགྱུར། །
རང་གི་སེམས་ལ་ཅེར་གྱིས་ལྟོས། །

བདེ་བ་ནང་ནས་རྙེད་པར་འགྱུར། །

གང་བྱེད་སེམས་ཅན་དོན་དུ་གྱིས། །

གཞན་དོན་ལྷུན་གྱིས་འགྲུབ་པར་ངེས། །
བསྔོ་དང་སྨོན་ལམ་རྒྱ་ཡིས་ཐོབ། །

མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །

ཞེས་དཔོན་ཤཱཀྱ་མགོན་བཟའ་ཟླ་གཉིས་ཀྱི་ཡིད་ལ་བཅགས་པའི་སྲས། དཔོན་ཤཱཀྱ་དཔལ་དམག་དཔོན་དུ་དབུས་སུ་ཕྱིན་པས་ཚེ་ལས་འདས་ཏེ། ཕ་མ་གཉིས་མིའི་སྡུག་བསྔལ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་གྱིས་མནར་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་དུས་སུ། སེམས་དཔའ་ཆེན་པོ་ཁྲོ་ཕུ་པས་གནང་བའི་ཞལ་གདམས་ཀྱི་སྤྲིངས་ཆོས་འདི་ལ་བརྟེན་ཏེ་སྡུག་བསྔལ་ལས་གྲོལ་ནས་སེམས་ལ་བདེ་བ་རྙེད་པའི་ལོ་རྒྱུས། གནུབས་སྟོན་ཆོས་རྒྱལ་གྱིས་མཛད་པའི་མཉམ་མེད་སེམས་དཔའ་ཆེན་པོ་ཁྲོ་ཕུ་བའི་རྣམ་ཐར་ཡོན་ཏན་ཕྲེང་བ་ལས་བྱུང་ངོ་། །


ཁྲོ་ཕུ་ཟངས་ལུང་གི་ལྡུམ་བུ་པ་བསོད་ནམས་སེང་གེའི་ཞལ་གདམས་སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། །

ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་སྨོན་ལམ་སྤྲིན་ཆེན་ལས། །
ཐུགས་རྗེའི་གསུང་ཟེར་བདུད་རྩི་ཡི་ནི་ཆུ་རྒྱུན་ལེགས་ཕབ་ནས། །

གདུལ་བྱའི་ཞིང་དུ་སྐུ་གསུམ་མྱུ་གུ་སྨིན་མཛད་པའི། །

སྐྱབས་ཀྱི་མཆོག་གྱུར་སྐྱོབ་མཛད་བླ་མའི་ཞབས་ལ་འདུད། །

སྨོན་ལམ་སྟོབས་ཀྱིས་སྒྲུབ་བརྒྱུད་དང་མཇལ་དམ་པས་རྗེས་བཟུང་ཡང༌། །

རང་ཉིད་མི་བརྩོན་དུ་མས་དུས་འདས་ཚེ་འདི་གྲིབ་སོར་གཏུགས། །

རང་སྤྱོད་བསམ་པས་རང་ལ་ཡི་མུག་དེ་བཞིན་ཡང་དག་མཐོང༌། །

དེ་ཕྱིར་རང་བློ་བསྐུལ་ཕྱིར་སྙིང་གཏམ་སུམ་ཅུ་བརྗོད། །

ཀྱེ་ཧོ་སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །
མཐུན་རྐྱེན་འཛོམ་པའི་དགོན་གཞིས་འཛིན་པ་ཡང༌། །
རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །
གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །

གྲོང་ཆོག་སྲིའུ་གསོ་འདྲེ་འདུལ་ལ་སོགས་ཀྱིས། །
ཡོན་ཏན་སྐྱེ་བོའི་དབུས་སུ་བྲིན་གྱུར་ཀྱང༌། །
ཟས་ནོར་སྲེད་པས་བློ་ནི་བདུད་ཀྱིས་བསླུས། །
རང་སེམས་འདུལ་བ་ཁོ་བོའི་སྙིང་གཏམ་ཡིན། །

དབུལ་ཕོངས་རྣམས་ལ་ཁྲལ་ཆེན་བསྡུས་ནས་ནི། །
སྡེ་ཆེན་གཞིས་དང་ལོངས་སྤྱོད་ཡོ་ལང་བྱེད། །
དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །
རང་སེམས་དགེ་བ་ཁོ་བོའི་སྙིང་གཏམ་ཡིན། །

རང་ཆེ་འདོད་ཕྱིར་གཞན་ལ་ཆོས་བཤད་དང༌། །
ཐབས་ཁ་ཆེ་མཆོག་འཁོར་མང་སྐྱོང་བ་ཡང་། །
དངོས་འཛིན་སེམས་ཀྱི་ང་རྒྱལ་སྐྱེ་བའི་རྒྱུ། །
བློ་སྣ་སྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །

ཚོང་དང་བུན་སྐྱེད་གཡོ་སྒྱུ་ལ་སོགས་ཀྱི། །
ལོག་འཚོས་བསགས་པའི་ནོར་རྫས་བརྒྱ་འབུལ་ཡང༌། །
ལོ་འདོད་ཚོགས་གསོག་ཆོས་བརྒྱད་དག་གི་རྒྱུ། །
ཞེན་ལོག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །

གཉའ་དང་དཔང་པོ་ཞལ་ལྕེ་ལ་སོགས་ཀྱིས། །
གཞན་རྩོད་བསྡུམ་པ་འགྲོ་ཕན་ཡིན་སྙམ་ཡང༌། །
དེ་ལ་བརྟེན་ནས་ཞེ་འདོད་འབྱུང་བ་མང་། །
ཐེ་ཐོགས་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །

མངའ་རིས་ལོངས་སྤྱོད་འཁོར་དང་བསོད་ནམས་དང༌། །
སྙན་པའི་གཏམ་གྱིས་འཛམ་གླིང་གང་གྱུར་ཀྱང༌། །
རང་ཉིད་འཆི་ཚེ་ཕན་པ་གཅིག་ཀྱང་མེད། །
སྒྲུབ་ལ་བརྩོན་པ་ཁོ་བོའི་སྙིང་གཏམ་ཡིན། །

གཉེར་པ་ཉེ་གནས་གཙོ་བོ་ལ་སོགས་པ། །
ཐབས་ཀ་གྲྭ་སའི་སྲོག་ཤིང་ཡིན་མོད་ཀྱང༌། །
གཟུང་འཛིན་དང་ནི་སེམས་ཁྲལ་འབྱུང་བའི་རྒྱུ། །
འདུ་འཛི་བསྐྱུང་བ་ཁོ་བོའི་སྙིང་གཏམ་ཡིན། །

རྟེན་མཆོད་དཔེ་ཆ་ལྷ་རྟེན་་ལ་སོགས་པ། །
ཅི་དགོས་ཁུར་ནས་རི་ཁྲོད་འགྲིམ་པ་ཡང༌། །
འཕྲལ་ལ་འཛོམ་སྟེ་སེམས་ཁྲལ་སྐྱེ་བའི་རྒྱུ། །
དགོས་མེད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །

སྙིགས་མའི་དུས་འདིར་དམུ་རྒོད་འཁོར་རྣམས་ལ། །
བཀའ་བཀྱོན་ལ་སོགས་ཕན་སེམས་ཡིན་མོད་ཀྱང༌། །
དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བ་མང་། །
ཞི་བར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །

ཕན་པའི་སེམས་ཀྱིས་རང་འདོད་མེད་པའི་གཏམ། །
བརྩེ་བའི་མི་ལ་མཚང་ནས་སྨྲ་བ་ཡང༌། །
དྲང་པོ་ཡིན་ཀྱང་སྙིང་སྐྲན་ཞུགས་པའི་རྒྱུ། །
སྙན་པར་སྨྲ་བ་ཁོ་བོའི་སྙིང་གཏམ་ཡིན། །

རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པ་ཡི། །
བགྲོ་གླེང་ཆོས་ཀྱི་གད་བདར་ཡིན་སྙམ་ཡང༌། །
དེ་ལ་བརྟེན་ནས་ཁོང་ཁྲོ་སྐྱེ་བའི་རྒྱུ། །
སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །

བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །
ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང༌། །
རང་བསྟོད་གཞན་སྨོད་ཆགས་སྡང་སྐྱེ་བའི་རྒྱུ། །
ཐམས་ཅད་བཀུར་བ་ཁོ་བོའི་སྙིང་གཏམ་ཡིན། །

ཐོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། །
གཞན་སྐྱོན་སྟོན་པ་ཤེས་རབ་ཡིན་སྙམ་ཡང༌། །
དེ་ལ་བརྟེན་ནས་རང་ལས་གསོག་པའི་རྒྱུ། །
རང་སྐྱོན་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །

སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་དེ། །
བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང༌། །
ཚོགས་གཉིས་སྤངས་པས་ཉམས་ལེན་སྐལ་བ་ཆད། །
ཟུང་འཇུག་སྒོམ་པ་ཁོ་བོའི་སྙིང་གཏམ་ཡིན། །

གསུམ་པའི་དོན་དུ་ཐིག་ལེ་དབབ་པ་སོགས། །
གཞན་ལུས་ལམ་གྱི་བོགས་འདོན་ཡིན་སྙམ་ཡང༌། །
ཟག་བཅས་ལམ་གྱིས་སྒོམ་ཆེན་བསླུས་པ་མང༌། །
གྲོལ་ལམ་སྦྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །

སྐལ་མེད་དག་ལ་དབང་བསྐུར་བྱེད་པ་དང༌། །
སྐྱེ་བོའི་དབུས་སུ་དམ་རྫས་བསྟེན་ལ་སོགས། །
གཤེ་སྐུར་གཞི་དང་དམ་ཚིག་ཉམས་པའི་རྒྱུ། །
བཙུན་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །

སྐྱེ་བོའི་དབུས་སུ་གཅེར་བུར་རྒྱུག་ལ་སོགས། །
ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང༌། །
འཇིག་རྟེན་པ་རྣམས་མ་དད་སྐྱེ་བའི་རྒྱུ། །
བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །

ས་ཕྱོགས་འདི་ན་བདག་ཉིད་མཆོག་འདོད་ཕྱིར། །
རང་ཉིད་བཙུན་དང་བཟང་པོར་འདོད་པ་ཡང༌། །
མཐོན་པོའི་གནས་ནས་དམའ་སར་ལྷུང་བའི་ཕྱིར། །
ཐང་ལྷོད་མེད་པ་ཁོ་བོའི་སྙིང་གཏམ་ཡིན། །

གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །
གང་དུ་སྡོད་ཀྱང་སྒོས་མཛའ་མི་འཚོལ་ཞིང༌། །
སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །
རང་ཚུགས་ཐུབ་པ་ཁོ་བོའི་སྙིང་གཏམ་ཡིན། །

དད་ལྡན་མོས་པས་འཚོ་བ་སྦྱར་བྱས་ཏེ། །
བཟང་པོར་བསྐུར་བའི་ཚུལ་འཆོས་སྤྱོད་པ་ཡང་། །
གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །
རོ་སྙོམས་སྤྱོད་པ་ཁོ་བོའ་ིསྙིང་གཏམ་ཡིན། །

བཟོ་རྩིས་སྨན་དང་ཡིག་སྣ་དཔག་མེད་པའི། །
རྟེན་འབྲེལ་ཐབས་ཀུན་གཞན་ཕན་ཡིན་སྙམ་ཡང་། །
སྣ་ཚོགས་མང་པོས་བསམ་གཏན་ཆག་པའི་རྒྱུ། །
ཆོས་འགོ་འདོན་པ་ཁོ་བོའི་སྙིང་གཏམ་ཡིན། །

གང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་དང༌། །
དབེན་པའི་ཁོང་ནས་ཕུན་ཚོགས་སྒྲུབ་པ་ཡང༌། །
དོན་ཆུང་ངང་ལ་མི་ཚེ་འཛད་པའི་རྒྱུ། །
བྱ་བ་གཏོང་བ་ཁོ་བོའི་སྙིང་གཏམ་ཡིན། །

མཁས་དང་བཙུན་དང་སྒྲུབ་ལ་བརྩོན་པ་སོགས། །
ཕྱོགས་རིས་ཡོན་ཏན་ཕུལ་ཏུ་ཕྱིན་གྱུར་ཀྱང༌། །
གང་ལ་ཞེན་པ་དེ་དག་འཆིང་བའི་རྒྱུ། །
ཕྱོགས་མེད་ཁྲོལ་ཤེས་ཁོ་བོའི་སྙིང་གཏམ་ཡིན། །

མཐུ་སེར་བསྲུང་བཟློག་བསྟན་སྲུང་ལ་སོགས་ཀྱི། །
གདུལ་དཀའ་འདུལ་བ་ཕྲིན་ལས་ཡིན་སྙམ་ཡང༌། །
གཞན་རྒྱུད་བསྲེགས་ཤིང་རང་ཉིད་ངན་འགྲོའི་རྒྱུ། །
དམན་ས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །

གཞུང་དང་ཞལ་གདམས་ཟིན་བྲིས་ལ་སོགས་པ། །
ཟབ་མོའི་དཔེ་ཆ་དགོས་རྒུ་འཛོམས་གྱུར་ཀྱང་། །
ཉམས་ལེན་མེད་ན་འཆི་ཁར་དཔེ་ལ་ལུས། །
སེམས་ལ་ལྟ་བ་ཁོ་བོའི་སྙིང་གཏམ་ཡིན། །

སྒྲུབ་པ་བྱེད་ཚེ་ཆོས་སྟོན་གོ་བསྡུར་དང༌། །
བསྟན་བཅོས་རྩོམ་དང་ཉམས་དབྱངས་ལ་སོགས་པ། །
རྩལ་སྣང་ཡིན་ཡང་རྟོག་པ་འཕེལ་བའི་རྒྱུ། །
བློ་བྲལ་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །

དབེན་པའི་གནས་སུ་རྟོག་པའི་རྒྱུན་བཀག་ནས། །
མི་རྟོག་ཏིང་འཛིན་གཉེན་པོ་སྒོམ་པ་ཡང་། །
རྩེ་གཅིག་ཉམས་ཀྱི་ཞེན་པས་འཆིང་བ་མང་། །
གང་ཤར་རང་གྲོལ་ཁོ་བོའི་སྙིང་གཏམ་ཡིན། །

རྣམ་རྟོག་སྐྱེས་ཚེ་གཅེར་གྱིས་ལྟ་བ་གཅེས། །
སེམས་ཐག་ཆོད་ཚེ་ཐོག་ཏུ་བཞག་པ་གཅེས། །
སྒོམ་དུ་མེད་པ་གོམས་སུ་གཞུག་པ་གཅེས། །
ཡེངས་མེད་སྐྱོང་བ་ཁོ་བོའི་སྙིང་གཏམ་ཡིན། །

སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང༌། །
བྱར་མེད་རྟོགས་ཀྱང་སྡོམ་གསུམ་བསྲུང་བ་དང༌། །
དམིགས་མེད་སྙིང་རྗེས་འགྲོ་ལ་ཅི་ཕན་བརྩོན། །
ཚོགས་གཉིས་དབྱེར་མེད་ཁོ་བོའི་སྙིང་གཏམ་ཡིན། །

མཁས་གྲུབ་བླ་མ་མང་བསྟེན་གདམས་ངག་ཟབ་མོ་ཐོས། །
མདོ་རྒྱུད་ཟབ་མོ་མང་ཐོས་ནང་དུའང་སེམས་ལ་བརྟགས། །
ཤེས་བཞིན་མི་སྤྱོད་རང་གིས་རང་ཉིད་བསླུས་པར་འགྱུར། །
བདག་དང་བདག་འདྲའི་ཚུལ་ལ་སྙིང་གཏམ་སུམ་ཅུ་བརྗོད། །

ངེས་འབྱུང་ཡིད་ཀྱིས་འདི་བརྩམས་དགེ་དེས་འགྲོ་བ་ཀུན། །
སྲིད་པའི་དགོན་པ་ལས་བརྒལ་བདེ་ཆེན་ལམ་ལ་རབ་བཀོད་དེ། །

དུས་གསུམ་རྒྱལ་བ་རྣམས་དང་དེ་སྲས་དྲང་སྲོང་ཆེ་རྣམས་ཀྱི། །
རྗེས་སུ་སྤྱོད་པའི་སྲས་ཀྱི་ཐུ་བོ་ཉིད་དུ་བདག་གྱུར་ཅིག །

སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་ཁྲོ་ཕུ་ཟངས་ལུང་གི་ལྡུམ་བུ་པ་བསོད་ནམས་སེངྒེས་རྗེས་འཇུག་རྣམས་ལ་གདམས་པ་རྫོགས་སོ།། །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1875