སྒྲ་སྙན་རྡུང་ལེན[1]་གྱི་སློབ་གསོའི་ནུས་པ་ལ་རགས་ཙམ་དཔྱད་པ།
【ནང་དོན་གནད་བསྡུས།】
དཔྱད་རྩོམ་འདིའི་ནང་གླུ་གཞས་སྤྱིའི་སློབ་གསོའི་ནུས་པ་དང་སྒོས་སུ་སྒྲ་སྙན་རྡུང་ལེན་གྱི་སློབ་གསོའི་ནུས་པར་རགས་ཙམ་ལྟ་ཁུལ་བྱས་ཡོད་ཅིང་སྔོན་ཆད་ཀྱི་སྤྱི་ཚོགས་ནང་དུ་རོལ་མོ་དང་སྒྲ་སྙན་རྡུང་ལེན་གྱིས་དམངས་ཁྲོད་ལ་བཞག་པའི་ཤུགས་རྐྱེན་དང་སློབ་གསོའི་ནུས་པ། དེང་སྐབས་རྡུང་ལེན་སྒྱུ་རྩལ་གྱི་སློབ་གསོའི་ནུས་པ་ཉམས་ཆག་ཏུ་སོང་བའི་རྒྱུ་རྐྱེན་དང་བཅས་མ་འོངས་པའི་རྡུང་ལེན་སྒྱུ་རྩལ་གྱི་ཁ་ཕྱོགས་ལ་འབོད་སྐུལ་ཙམ་བྱས་ཡོད། སྤྱི་ཚོགས་ལ་ཅུང་ཙམ་ཕན་པའི་རྒྱུར་འགྱུར་བའི་སླད་དུ་རྩོམ་འདིའི་བརྗོད་བྱའི་ཁ་གཏད་ཡུལ་ནི་ཉེ་ས་ནས་གླེང་ཡོད་པ་ལས་འགོ་དང་ཁུངས་སོགས་དེད་ནས་སོང་མེད་པས་ཀུན་ལ་ཕན་པར་གྱུར་ཅིག
【བརྡ་ཆད་གཙོ་བོ།】
སྒྲ་སྙན་རྡུང་ལེན། རྡུང་ལེན་གྱི་སློབ་གསོའི་ནུས་པ། འདོགས་ར། ཉམས་ཆགས།
དང་པོ། གླུ་གར་གྱི་རྣམ་པ་སྤྱིར་བཤད་པ།
གདོད་མའི་མི་རྣམས་ཀྱི་འཚོ་བ་དང་ངལ་རྩོལ་ཁྲོད་ཀྱི་བྱ་བ་འགྲོས་རིམ་ཆེན་པོ་གཉིས་ཀྱིས་གྲུབ་ཡོད་ལ། དེ་ནི་ལུས་ཀྱི་རྣམ་པ་དང་ངག་གི་འགྱུར་བ་གཉིས་སོ། ། དེ་གཉིས་ནི་རིམ་གྱིས་འཕེལ་འགྱུར་བྱུང་བས་གླུ་དང་གར་བྱུང་བ་ཡིན་ལ། དེ་ལས་གླུ་ནི་མི་རིགས་གང་ཡིན་ཡང་གདོད་མ་ནས་ཡོད་པའི་སྐད་ཆའི་བརྡ་སྤྲོད་ཅིག་ཡིན་པར་བཤད་ཆོག དེ་ནི་གདོད་མའི་མིའི་ངལ་རྩོལ་གྱི་རྣམ་པ་རིམ་གྱིས་འགྱུར་ནས་སྒྱུ་རྩལ་གྱི་ངོ་བོར་འགྱུར་བ་གར་དང་། གླུ་ནི་གདོད་མའི་མིའི་སྐད་ཆ་བཤད་སྟངས་རིམ་གྱིས་འགྱུར་ནས་སྒྱུ་རྩལ་གྱི་ངོ་བོར་འཕོ་འགྱུར་བྱུང་བ་རེད། གླུ་ནི་སྒྱུ་རྩལ་རྩོམ་རིག་སྟེ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་དང་ཟློས་གར་གྱི་རང་བཞིན་འཛོམས་པའི་ངག་ཐོག་གི་རྩོམ་རིག་ཅིག་ཡིན་པ་ཀུན་གྱིས་ཁས་ལེན་པ་ལྟར་རོ། །
བོད་རང་གི་གླུའམ་རོལ་མོ་ནི་རིག་གནས་ཆེ་བ་ལྔ་སྟེ་སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་བཅས་ལས་མ་འདས་ལ། དེ་ལ་སྒྲ་བ་ཤེས་རབ་རིན་ཆེན་གྱིས། བཟོ་ནི་ལུས་དང་ངག་དང་ཡིད་བཟོའོ། །ཞེས་གསུངས་པ་ལྟར་དུ་བཟོའི་བྱེ་བྲག་ལ་ལུས་ངག་ཡིད་གསུམ་གྱི་བཟོ་གསུམ་ལས་ལུས་བཟོ་སངས་རྒྱས་ཀྱི་སྐུ་བརྙན་སོགས་རྣམ་པའི་འགྱུར་བ་མངོན་སྟངས་དང་། ངག་བཟོ་དེ་ལ་བསྟོད་པ་འབུལ་བ་སོགས་ངག་གི་བརྗོད་པ་བྱུང་སྟངས། ཡིད་བཟོ་དེ་ལ་སེམས་བཟང་པོ་སྒོམ་པ་སོགས་ཡིད་ཀྱི་བསམ་པ་འཛིན་སྟངས་བཅས་ལས་ངག་བཟོ་སྟེ་ངག་གི་རྣམ་འགྱུར་བྱུང་སྟངས་ཀྱི་ཁོངས་སུ་བགྲངས། དེ་བས་སྐབས་བབ་ཀྱི་གླེང་གཞིར་གྱུར་བའི་རྡུང་ལེན་ཡང་ངག་བཟོའི་ཁུངས་སུ་བསྡུ་བ་ཡིན་ནོ། །
གཉིས་པ། སྒྲ་སྙན་རྡུང་ལེན་གྱི་བྱུང་རིམ་མདོར་བསྡུས།
རྡུང་ལེན་ཞེས་པ་འདི་ངག་ཏུ་གྱེར་བའི་ཚིག་ལ་འབུད་རྡུང་གི་རོལ་མོ་གཉིས་ལས་གཙོ་ཆེར་བརྡུང་བྱའི་རིགས་འདི་སྤྱད་ནས་སྙན་འགྱུར་གྱི་དབྱངས་རྟ་ལ་དྲངས་ཏེ་ཚིག་གི་འགྱུར་བ་ངག་ཏུ་ལེན་པ་ཞིག་ཡིན། དེ་ལ་དགའ་སྐྱོ་བར་མ་ཅི་རིགས་ཀྱི་བརྗོད་བྱ་འདུས་པའི་སྒོ་ནས་ལེན་ཆོག་པས་གོང་དུ་བརྗོད་ཟིན་པ་ལྟར་སྐད་ཆའི་ནུས་པ་ལྡན་པའི་སྒྱུ་རྩལ་རིགས་ཤིག་ཡིན།
ཆུ་འགོ་གངས་དང་ཆོས་འགོ་རྒྱ་གར་ཟེར་བ་ལྟར་འདི་ལ་ཡང་དར་བའི་ཁུངས་ཤིག་ཡོད་ལ་དེ་ནི་ཀུན་མཁྱེན་སྐུ་ཕྲེང་དང་བོ་ངག་དབང་བརྩོན་འགྲུས་ཚང་དབུས་གཙང་ནས་མདོ་སྨད་དུ་གདན་དྲངས་པའི་དུས་སུ་རོལ་དབྱངས་རིགས་བརྒྱད་གདན་དྲངས་པར་གྲགས་ལ། མ་ཟད་ཁོང་གི་སྐུ་འཁོར་གྱི་ནང་དུ་འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆ་ལ་མཁས་པ་དུ་མ་ཡོད་པས་སྒྲ་སྙན་རྡུང་བའི་སྲོལ་ཡང་དུས་དེ་ནས་དར་བར་བཤད། དེ་ནས་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱིས་མདོ་དར་དང་རྣམ་ཐར་འཁྲབ་སྟོན་ལ་བརྟེན་ནས་རིག་གནས་འདིའི་རྒྱུན་བསྐྱངས། དེ་བས་མངའ་རིས་སྒྲ་སྙན་རྡུང་ཡུལ་ཐོག་མའམ་དར་ཡུལ་གྱི་ཁུངས་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་པ་ཀུན་ལ་གྲགས།
གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་མཛུབ་སྟོན་འོག་རྡུང་ལེན་པ་དཔལ་མགོན་མཆོག་གིས་སྦྱངས་བརྩོན་རྒྱ་ཆེར་གནང་བ་ལས་དམངས་ཁྲོད་དུ་དར་ཁྱབ་བྱུང་ལ། དུས་རབས་ཉི་ཤུ་བའི་ནང་དུ་ཨ་མདོ་གཙོ་བྱས་ནས་བོད་ཀྱི་ས་གནས་སོ་སོར་དར། དམངས་ཁྲོད་ནས་དགའ་བསུ་ཚད་མཐོན་པོ་ཐོབ་ཅིང་རིམ་གྱིས་དེ་ནི་རིག་གནས་ཀྱི་ངོ་བོར་གྱུར་ནས་རྒྱུན་འཛིན་དང་དར་སྤེལ། དེ་ལ་འཆད་ཉན་དང་སློབ་གཉེར་བྱེད་མཁན་ཡང་མང་དུ་བྱུང་།
ཨ་མདོའི་དམངས་ཁྲོད་ཀྱི་སྒྲ་སྙན་རྡུང་ལེན་པ་ཐོག་མ་ནི་ཨ་ཁུ་འཇིགས་མེད[2]་ཅེས་པ་ཁོང་ཡིན་ལ། ཁོང་གིས་སྤྱི་ལོ་༡༩༧༥ལོ་ནས་བཟུང་མང་ཚོགས་ལ་སྒྲ་སྙན་རྡུང་ལེན་གྱི་རིག་རྩལ་འཁྲབ་སྟོན་བྱས། དེ་རྗེས་སྤྱི་རྒན་དཔལ་མགོན་མཆོག་གི་⟪གངས་དཀར་པོ་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བོ།⟫ སོགས་སྒྲ་སྙན་རྡུང་ལེན་སྐོར་ཞིག་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ལས་བཏང་བ་དང་བསྟུན་ནས་སྒྲ་སྙན་རྡུང་ལེན་འདི་ཉིད་ཕྱོགས་སུ་ཁྱབ་པར་གྱུར། ཨ་མདོའི་སྒྲ་སྙན་རྡུང་ལེན་ཆེས་ཐོག་མར་རླུང་འཕྲིན་ལས་བཏང་བ་ནི་སྤྱི་ལོ༡༩༧༨ལོ་རེད།[3] དེ་ནས་བཟུང་རྒྱང་སྒྲོག་དང་རླུང་འཕྲིན་ལས་སྒྲ་སྙན་རྡུང་ལེན་ལ་གོ་གནས་ངེས་ཅན་ཞིག་ཐོབ།
སྒྲ་སྙན་རྡུང་ལེན་ནི་ཐོག་མར་ཨ་མདོའི་ཕྱོགས་སུ་བླ་བྲང་བཀྲ་ཤིས་འཁྱིལ་ནས་དར་བ་ཡིན་ལ་སྒྲ་སྙན་རྡུང་ལེན་ལ་ཐུགས་ཤིན་ཏུ་དགྱེས་པའི་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་དུས་སུ་དར་ཁྱབ་ཆེ་བ་ནས་བཟུང་། བརྡ་སྤྲོད་ཀྱི་ལག་ཆ་གསར་བ་འདིས་སྒྱུ་རྩལ་ཀུན་དང་འདྲ་བར་སྐྱེས་བུའི་འདོད་འདུན་མང་བོ་ཞིག་བསྐངས་ཤིང་དམངས་ཁྲོད་དུ“ལོ་ཙཱའི”[4] ནུས་པ་ཡང་ཆེན་པོ་ཐོན་ཡོད་ཅེས་རྒན་པ་དག་གིས་བཤད། དེ་ལ་“ལོ་ཙཱ”ཟེར་དགོས་དོན་ནི་སྐད་ཡིག་ཅིག་གི་ནང་དོན་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བ་ལྟ་བུ་མ་ཡིན་ན་ཡང་། སྐབས་དེའི་སྤྱི་ཚོགས་ཀྱི་ཤེས་ཡོན་པའི་སྡེ་དང་ཞིང་འབྲོག་དཀྱུས་མ་སྟེ་ཡིག་རྨོངས་པའི་བར་གྱི“ལོ་ཙཱ”ཞིག་ཡིན་པར་བཤད་ཆོག་པར་འདོད། དེ་ལྟར་བཤད་དགོས་དོན་ཡང་དམངས་ཁྲོད་དུ་དར་བའི་དུས་སུ་ཨ་མདོ་རང་གི་དམངས་གླུ་དང་རྣམ་ཐར། དམངས་ཁྲོད་ངག་རྩོམ་སོགས་ཀྱི་རྣམ་པའི་སྟེང་ནས་གསར་རྩོམ་བྱས་ཤིང་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གིས་ཨ་མདོ་རང་གི་ལེན་སྟངས་དང་རྡུང་རྟའི་རྡུང་ལེན་གསར་རྩོམ་གནང་ཞིང་སྒྲ་སྙན་རྡུང་ལེན་ལ་རྨང་གཞི་བརྟན་པོ་བཏང་། སྐབས་དེར་བོད་ཀྱི་ཤེས་ཡོན་པ་སྟེ་བླ་མ་དང་གྲྭ་བ། དཔོན་པོ་དང་ཁ་བ་འགོ་བ་སོགས་བསམ་ཤེས་རྒན་པོ་དག་གིས་བོད་ཀྱི་འདུ་ཤེས་དང་འཚོ་བ་རོལ་སྟངས་སོགས་བརྗོད་བྱ་ཡིན་པའི་བསླབ་བྱ་དང་ཉམས་མྱོང་གི་གཏམ་མང་བོ་ཞིག་ཡིག་ཐོག་ཏུ་ཕབ་ཡོད་པས་ཡི་གེ་འབྲི་ཀློག་མི་ཤེས་པའི་མང་ཚོགས་མང་བོ་ཞིག་ལེགས་བཤད་དེ་དག་དང་བར་ཐག་ཤིན་ཏུ་རིང་། ཡིན་ན་ཡང་སྟོང་ཆ་དེ་སྒྲ་སྙན་རྡུང་ལེན་གྱིས་བསྐངས་ཐུབ་སོང་བ་ནི་བསྙོན་དུ་མེད་པའི་དོན་དངོས་རང་ཡིན་པས་འདིར་གཞིག་ན་སྒྲ་སྙན་རྡུང་ལེན་གྱི་རིན་ཐང་ནི་གཞལ་དུ་མེད་པ་ཞིག་ཡིན་པ་ཤེས་སླ་ཞིང་ཁོང་རྣམ་པའི་མཛད་རྗེས་ཀྱང་བླ་ན་མཐོའོ། །
གསུམ་པ། སྒྲ་སྙན་རྡུང་ལེན་གྱི་སློབ་གསོའི་ནུས་པ།
དེ་ཡང་⟪རྡོ་རྗེ་བཀོད་པ་⟫ལས། “གླུ་ཡི་ཡོན་ཏན་བསམ་མི་ཁྱབ། །སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་འདྲེན། །བདུད་དང་སྲིན་པོ་གླུ་ཡིས་འདུལ། །དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབེབས། ། ཞེས་རྡོ་རྗེ་གླུ་ཡི་ཡོན་ཏན་ནི་གསང་བརྒྱུད་མཐའ་ཡས་པ་ནས་བསྟན།” ཞེས་གསུངས།
སྒྱུ་རྩལ་རྩོམ་རིག་གི་ནུས་པ་ལྡན་པའི་སྒྲ་སྙན་རྡུང་ལེན་གྱི་བརྩམས་ཆོས་རེ་རེའི་བརྗོད་བྱ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ། ལས་འབྲས་བརྩི་ལུགས། སྔོན་བྱོན་མཁས་པའི་རྣམ་ཐར་དང་ལེགས་བཤད། འཇིག་རྟེན་མི་ཆོས་ཀྱི་བླང་དོར་རྣམ་བཞག་དང་སྲིད་པ་རྒན་པོའི་མི་ཚེའི་ཉམས་མྱོང་སྟེ་འཇིག་རྟེན་མི་ཆོས་སོགས་གཙོས་མིའི་བཟང་སྤྱོད་ཀྱི་ནང་དོན་མང་བོས་མང་ཚོགས་ལ་བློ་ཡུལ་ལས་འདས་པའི་ངེས་ཤེས་དང་སློབ་གསོ་ཐེབས་ཡོད།
སློབ་གསོ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཀྱི་གོ་བ་བླངས་ནས་སྒྲ་ཡངས་འཇུག་སྟེ་སློབ་གསོའི་གཞུང་ལུགས་ཙམ་ལས་བརྒལ་ནས་སྒྱུ་རྩལ་སྣ་ཚོགས་ཀྱིས་སློབ་གསོ་འགྲུབ་པ་ལྟར་བྱས་ན། སྒྲ་སྙན་རྡུང་ལེན་ནི་སློབ་གསོ་དང་དམ་དུ་འབྲེལ་ལ་སློབ་གསོའི་རྣམ་པ་བྱེ་བྲག་པ་ཞིག་ཏུ་བརྩི་ཆོག་ལ་དེ་ལྟར་བཤད་དོན་ཡང་སྔོན་གྱི་སྒྲ་སྙན་རྡུང་ལེན་གྱི་བརྗོད་བྱ་ལ་ཕྱིར་ལྟ་བྱས་ཚེ་བསམ་བློ་འདི་ངང་གིས་འཁོར་སྲིད་པ་ཡིན།
སྒྲ་སྙན་རྡུང་ལེན་དར་བའི་དུས་རིམ་ནི་སྔ་ཕྱི་བར་གསུམ་དུ་ཕྱེས་ཆོག་སྟེ་སྔ་དར་རྡུང་ལེན་ནི་ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་ལྔ་བ། སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་དང་ཨ་ལགས་གླིང་ཚང་སོགས་ཀྱི་དུས་སྐབས་སུ་བཤད་ཆོག་ལ་སྐབས་དེར་སྒྲ་སྙན་རྡུང་ལེན་གྱི་བརྗོད་བྱའི་ནང་དོན་གཙོ་བོ་མགུར་གླུ་དང་རྣམ་ཐར་གྱི་རྨང་གཞིའི་སྟེང་ནས་གསར་རྩོམ་བྱས། དེ་བས་དུས་སྐབས་དེར་སྒྲ་སྙན་རྡུང་ལེན་ནི་རྣམ་ཐར་ཁྲོད་ཀྱི་རྒྱལ་བོ་དང་བློན་པོའི་བར་གྱི་ཁ་བརྡ་ལྟ་བུ་དག་ཡིན་ལ་རྣམ་ཐར་འཁྲབ་སྟོན་ཁྲོད་ཀྱི་འཁྲབ་ཚན་དེས་ལྟད་མོ་བའམ་མང་ཚོགས་ལ་ལེགས་བཤད་ཀྱི་སྐྱེས་མང་དུ་གནངས།
བར་དར་རྡུང་ལེན་ནི་བླ་བྲང་འཇིགས་མེད་དམ་ཨ་ཁུ་འཇིགས་མེད་མཆོག་གི་རྗེས་ཀྱི་རྡུང་ལེན་པ་དཔལ་མགོན་སོགས་ཏེ་ལོ་རབས་བརྒྱད་ཅུ་བའི་ཡན་གྱི་རྡུང་ལེན་པ་ལ་ཟེར་ཞིང་སྐབས་དེའི་སྒྲ་སྙན་རྡུང་ལེན་གྱི་བརྗོད་བྱ་གཙོ་ཆེ་བ་ནི་བསྟོད་པ་རིགས་སྣ་ཚོགས་སུ་འདུ་བར་འདོད། བསྟོད་པའི་རིགས་དེ་དག་གིས་ཀྱང་སྐབས་དེའི་མང་ཚོགས་ལ་བསམ་པའི་དགོས་མཁོ་མང་བོ་ཞིག་ངང་གིས་བསྐངས།
ལོ་རབས་དགུ་བཅུ་བ་ནས་དུས་རབས་ཉི་ཤུ་བའི་བར་ནི་ཕྱི་དར་རྡུང་ལེན་དུ་འབོད་ཆོག་ལ་སྐབས་དེར་གཙོ་བོ་བདུད་བྷེ་ཞེས་བོས་ན་ཀུན་གྱིས་སེམས་ངོས་སུ་ཝ་ལེར་ཤར་ཡོང་བའི་རྡུང་ལེན་པ་ཁོང་གི་དུས་སྐབས་ཡིན། དེ་དུས་ཀྱི་སྒྲ་སྙན་རྡུང་ལེན་གྱི་བརྗོད་བྱ་གཙོ་ཆེ་བ་ནི་རྩྭ་ས་རྩོད་གླེང་དང་བུ་ཕྲུག་སློབ་གྲྭར་འགྲོ་དགོས་པ་དང་། རིག་གནས་སློབ་པར་སྐུལ་བ་སོགས་ཡིན། ཡིན་ན་ཡང་རྡུང་ལེན་པ་བདུད་བྷེ་མཆོག་གི་བརྩམས་ཆོས་ཀྱི་ནང་དོན་ནི་རྣམ་ཐར་དང་ཞལ་གདམས། མགུར་གླུ་དང་བསླབ་བྱ། རྩྭ་ས་རྩོད་གླེང་སོགས་ཀྱིས་མཚོན་པའི་བརྗོད་བྱ་མཐའ་ཡས་ལ་ཁོང་ནི་སྒྲ་སྙན་རྡུང་ལེན་གྱི་འཕེལ་འགྱུར་ཁྲོད་ལོ་རྒྱུས་དཀྱོག་མཚམས་ཀྱི་མི་སྣ་རླབས་ཆེན་ཞིག་ཡིན་པ་ཀུན་ལ་གྲགས། སྐབས་དེ་ནི་ཚིག་དང་དབྱངས་ཀྱི་སྤུས་ཚད། སྤྱི་ཚོགས་ལ་ཐོན་པའི་ནུས་པ་གང་གི་ཆ་ནས་བཞག་ཀྱང་དེ་ནི་སྒྲ་སྙན་རྡུང་ལེན་གྱི་རྩེར་ཐོན་གྱི་དུས་སྐབས་ཤིག་རེད་ཅེས་བརྗོད་ན་ཆོག དུས་རབས་ཉི་ཤུ་བ་ནས་ད་ལྟའི་བར་དུ་གསར་དར་རྡུང་ལེན་དུ་བརྗོད་ལ་སྐབས་འདིའི་རྡུང་ལེན་གྱི་བརྗོད་བྱ་གཙོ་བོ་ནི་མཐུན་སྒྲིལ་དང་ཕ་སྐད་ཀྱིས་མཚོན་པའི་རིགས་སྣ་ཚོགས་སོ། །
འདི་ལྟར་ཕྱིར་ལྟ་རེ་བྱས་ཚེ་སྒྲ་སྙན་རྡུང་ལེན་ནི་སློབ་གསོ་དང་འབྲེལ་བ་ཆེན་པོ་ཡོད་ཀྱང་བོད་རང་གི་སློབ་གསོའི་གནད་ས་ཞིག་ཀྱང་ཟིན་ཡོད།
སྒྲ་སྙན་རྡུང་ལེན་གྱི་འཕེལ་རྒྱས་ལ་དུས་རིམ་རེ་རེ་ནས་འགྱུར་བ་མང་དུ་བྱུང་ལ་འགྱུར་བ་རེ་རེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བའི་འགྲོས་དང་བསྟུན་ནས་འགྱུར་བཞིན་ཡོད། སྒྲ་སྙན་རྡུང་ལེན་གྱིས་དུས་སྐབས་རེ་རེའི་སྤྱི་ཚོགས་ཀྱི་སློབ་གསོའི་འགན་འཁྲི་ལྕི་མོ་རེ་ཁུར་མྱོང་བས་འདི་ཉིད་དར་བས་དགོས་པ་ཡང་ཤིན་ཏུ་གསལ།
སྒྲ་སྙན་རྡུང་ལེན་གྱི་བརྗོད་བྱ་རྒྱ་ཆེ་ལ་ཕུན་སུམ་ཚོགས་པས་ཉན་མཁན་གྱིས་གོ་སླ་བ་དང་དང་ལེན་བྱེད་བདེ་བ་ཞིག་ཡིན། མང་ཚོགས་ལ་མཚོན་ན་ལེགས་ཉེས་སྟོན་པའི་ལེགས་བཤད་ཅིག་ལས་ཀྱང་སློབ་གསོའི་ནུས་པ་ཆེས་ཆེར་ལྡན་ལ་སྒྱུ་རྩལ་རོལ་མྱོང་གི་བློ་ཁ་ལ་མཐུན་པས་མདོར་ན་དམངས་ཁྲོད་དང་ཆེས་བར་ཐག་ཉེ་བའི་སློབ་གསོ་རིགས་ཤིག་རེད།
རྡུང་ལེན་སྒྱུ་རྩལ་འདི་མང་ཚོགས་ཁྲོད་དུ་ཁྱབ་བརྡལ་བྱུང་བས་མང་ཚོགས་ཁྲོད་རང་གི་མི་རིགས་ཀྱི་ལྟ་བ་དང་ཆོས་ལུགས་ཀྱི་རྣམ་བཞག ལོ་རྒྱུས་དང་ས་ཁམས། སྔོན་བྱོན་དམ་པའི་རྣམ་ཐར་དང་རྟོགས་བརྗོད། མགུར་དང་ལེགས་བཤད་སོགས་གཞི་རིམ་གྱི་ཡིག་རྨོངས་པར་སྟབས་བདེའི་ངོ་སྤྲོད་དང་སྐབས་བབ་ཀྱི་འཚོ་བ་དང་འཚམ་པའི་འགྲེལ་བཤད་བྱས། དེ་ཙམ་དུ་མ་ཟད་དེ་ལས་བསླབ་བྱ་དང་སློབ་གསོ་སོགས་ལ་ཉན་པས་རང་རང་གི་མི་ཚེའི་ཁ་ཕྱོགས་དང་ལྟ་བའི་ལངས་ཕྱོགས་སོགས་ལ་འགྱུར་བ་མང་དུ་ཐེབས་པའི་གཏམ་རྒྱུད་ཤིན་ཏུ་མང་། དཔེར་ན་བདུད་བྷེ་ལགས་ཀྱིས་བླངས་པའི་⟪རི་དྭགས་སྐྱོ་གླུ⟫ལ་ཉན་པས་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་གང་ས་གང་ནས་ཐོས་ཐུབ་པ་ལྟ་བུ་ཡིན་ལ་ཁོང་གིས་ཀྱང་མཚོ་སྔོན་བརྙན་འཕྲིན་ཁང་གི་བཅར་འདྲི་ལས་ལབ་མྱོང་།
བདུད་བྷེས་བླངས་པའི⟪རི་དྭགས་སྐྱོ་གླུ⟫དང་⟪མ་མོའི་སྐྱོ་གླུ⟫སོགས་དུད་འགྲོའི་ལས་དབང་དང་མིའི་འཚོ་བ་དང་རང་བྱུང་ཁམས་ཀྱི་མིས་བསྐྲུན་པའི་གོད་ཆག་སོགས་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་དག་སྒྲ་སྙན་གྱི་རྒྱུད་སྐུད་ལ་དྲངས་ནས་ཉན་མཁན་གྱི་སྣང་ངོར་མངོན་སུམ་འཚོ་བའི་གཟུགས་བརྙན་བཞིན་བྲིས་ཡོད། དེར་བརྟེན་ཉན་མཁན་ལ་ངེས་ཤེས་ཟབ་མོ་བསྐྱེད་པས་རྔོན་བྱེད་མཁན་གྱིས་རྔོན་ལས་དང་གདུག་རྩུབ་ཀྱི་བྱ་སྤྱོད་སོགས་ལ་འགྱུར་བ་བཏང་ཞིང་མི་དང་རང་བྱུང་ཁམས་དང་མི་དང་དུད་འགྲོའི་བར་དུ་འཆམ་མཐུན་མཉམ་གནས་ཀྱི་ལྟ་བ་ངེས་སུ་བཅུག ད་དུང་དད་པའི་སྤུ་ལོང་གཡོ་བའི་བོད་མི་དཀྱུས་མ་སྟེ་བོད་ཡིག་གི་འབྲི་ཀློག་ཁག་པའི་མང་ཚོགས་ལ་གུང་ཐང་ཚང་གི་དབང་བསྟོད་དང་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་གདམས་ལྟ་བུ་སོགས་བརྗོད་བྱ་ཆོས་དང་མཐུན་པའི་སྒྲ་སྙན་རྡུང་ལེན་གྱིས་དད་ལྡན་མང་ཚོགས་ཀྱི་ཡིད་སེམས་ཚིམས་པའི་ཆོས་དང་བསླབ་བྱ། གདམས་ངག་སོགས་ཀྱི་ཆེ་བ་བརྗོད་པས་ཆོས་ཀྱི་རྒྱུན་ཤེས་ཀྱི་རྨོངས་པ་སེལ་བ། གཞོན་ནུ་ཕོ་མོའི་བརྩེ་དུང་ལ་ཤན་ཤུགས་ཆེ་བ་⟪འབུམ་ཚང་བུ་མོ་⟫དང་⟪ཏྭ་ནི་སྟོད་⟫སོགས་ཀྱིས་ཁོ་ཚོའི་བརྩེ་དུང་གི་དྭངས་གཙང་དང་ཕྱི་ཐག་གི་མཛེས་པ། ཞེ་འདང་གི་དྲན་གདུང་དེས་ཡིད་འགུལ་ཐེབས་ཤིང་ཁྲེལ་གཞུང་དང་ཕྱི་ཐག་བརྟན་པའི་ངེས་ཤེས་རྙེད་པ་སོགས་མདོར་ན་རྡུང་ལེན་གྱིས་དུས་སྐབས་རེ་རེའི་སྤྱི་ཚོགས་ཀྱི་འཚོ་བའི་ཟ་དང་ཟུར་ནས་མངོན་པའི་གནད་དོན་མང་བོ་ཞིག་ལ་སྐྱོན་བརྗོད་དང་སུན་འབྱིན་བྱས་ཡོད།
བླ་མ་དང་དཔོན་པོ། ཡོན་ཏན་པ་དང་མི་དམངས་ཀྱི་བདེ་སྡུག དུད་འགྲོ་དང་བྱ་བྱེའུ་སོགས་ཀྱི་ལས་དབང་། རི་ཆུ་ནགས་གསུམ་དང་རྩྭ་རྩི་ཤིང་སོགས་བརྗོད་བྱ་སྣ་ཚོགས་ཀྱི་སྣེ་དང་ཟུར་གང་རུང་ནས་མི་རིགས་རང་གི་ཆོས་ལུགས་ཀྱི་ལྟ་བ་དང་མི་ཆོས་ཀྱི་ལྟ་བ། མཛེས་དཔྱོད་ལྟ་བ་དང་འདུ་ཤེས་འཛིན་སྟངས། རྒན་བཀུར་ཆུང་བྱམས་སོགས་མེས་པོའི་རང་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་རིག་གནས་དང་འདུ་ཤེས་ལེགས་པོ་མང་བོ་ཞིག་སྒྲ་སྙན་རྡུང་ལེན་གྱི་ཐབས་ལམ་འདི་སྤྱད་ནས་ཀུན་ལ་སྤེལ་ཞིང་རྒྱུན་འཛིན་བྱས། དེས་འོས་འཚམ་གྱིས་ནུས་པ་ཐོན་ཏེ་སྤྱི་ཚོགས་ཀྱི་ལས་རིགས་ཀུན་ཏུ་གནས་པའི་རྒན་དར་གཞོན་གསུམ་ལ་ངེས་ཤེས་གསར་བ་རེ་བྱིན་མྱོང་། དེ་ཙམ་མ་ཟད་རྒན་པ་ལ་བློ་བདེ་བག་ཕེབས། དར་མར་ཡིད་ཆེས་དང་བརྩོན་སེམས། གཞོན་པར་ང་རྒྱལ་དང་སྤོབས་པ་བསྩལ་མྱོང་བས་སྒྲ་སྙན་རྡུང་ལེན་ནི་སློབ་གསོའི་ལེགས་བཤད་ཀྱི་བསྟན་བཅོས་ཆེན་པོ་ཞིག་ཡིན་ནོ། །
བཞི་བ། འདོགས་ར[5]་ལས་མཐོང་བའི་སློབ་གསོ།
འདོགས་ར་ནི་རྡུང་ལེན་གཞན་དང་བསྡུར་ན་ཚིག་ཅུང་རིང་ལ་དེའི་ཁྱད་ཆོས་གཙོ་བོ་ཚིག་ལ་མགུར་གྱི་རང་བཞིན་ལྡན་པ་དང་། ཚིག་ལ་གོ་སླ་བ་དང་སྦྱོར་བ་མང་ཚོགས་དཀྱུས་མ་དང་བར་ཐག་ཉེ་བ། གཏམ་རྒྱུད་ཀྱི་བྱུང་རིམ་མམ་ཚིག་གི་སྒྲིག་གཞི་ཆ་ཚང་ཞིང་གཏམ་རྒྱུད་དེས་སྤྱི་ཚོགས་ཀྱི་ངན་སྤྱོད་ལ་སུན་འབྱིན་དང་ཐེར་འདོན་སོགས་བྱས་པ་མངོན་གསལ་དུ་ཡོད་པ། གཏམ་རྒྱུད་དེ་དག་གི་ནང་དོན་ཡང་མཐོ་བ་དཔོན་པོ་དང་བླ་གྲྭ་སོགས་ཀྱི་མི་དམངས་ཀྱི་སྐྱིད་སྡུག་བསམ་པར་སྐུལ་བ། དེ་དག་གི་ཐ་ཤལ་གྱི་ཀུན་སྤྱོད་ལ་ཐེར་འདོན་དང་། ཡང་ན་འཚོ་བའི་ཚད་གཞི་ཆེས་དམའ་བའི་ཇག་རྒྱག་པ་དང་རི་དྭགས་རྔོན་པ། ལས་གཡོག་ཏུ་རྒྱུག་པ་སོགས་མི་ཕལ་བ་སྟེ་འཚོ་བར་ཡང་ཁག་ཐེག་དབེན་པའི་རིགས་ཀྱི་བསམ་བློ་དང་འདུ་ཤེས། སྤྱི་ཚོགས་ལ་ལྟ་སྟངས་དང་འཚོ་བ་རོལ་སྟངས་སོགས་ལ་འབྲེལ་ཏེ་འཇིག་རྟེན་བཟང་སྤྱོད་ཕྱོགས་ཀྱི་སློབ་གསོའི་ནུས་པ་ལྡན་པའི་འདོགས་ར་མང་དུ་ཡོད། དེ་དག་གི་ཚིག་ནི་རྡུང་ལེན་གྱི་རིགས་གཞན་དག་དང་མི་འདྲ་བར་གཏམ་རྒྱུད་ཀྱི་རང་བཞིན་འཛོམས་པ་དང་ཉན་པའི་ཚེ་གོ་སླ་ཞིང་བརྗོད་བྱ་མང་ཚོགས་ཀྱི་འཚོ་བ་དང་ཁ་ཐག་ཉེ་བས་ཆ་ཚང་ཞིག་ཉན་འདོད་སྐྱེ་ཡོང་བ་སོགས་ཁྱད་ཆོས་མང་དུ་ལྡན། མདོར་བསྡུས་ཏེ་བཤད་ན་མང་ཚོགས་ཁྲོད་རྡུང་ལེན་གྱི་སློབ་གསོའི་ཤུགས་རྐྱེན་ཆེན་པོ་ཐེབས་པ་ནི་གཙོ་ཆེར་འདོགས་རའི་རིགས་ཡིན་ཞེས་བཤད་ཆོག
འདིར་ངས་འདོགས་ར་ཞེས་འདིར་བརྗོད་ཡོད་ལ་དོན་ལ་འདིར་ཡོངས་གྲགས་ཀྱི་མིང་ཞིག་བཏགས་མེད་པ་འདྲ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༠༩ཟླ༡༠བར་དཔར་ལ། རིན་ཆེན་རྒྱལ་གྱིས་རྩོམ་སྒྲིག་བྱས་པའི་⟪དམངས་ཁྲོད་རྩོམ་རིག་གཅེས་བཏུས།⟫ཞེས་པར་⟪གནའ་རྒྱའི་ཚེ་ལོ⟫་དང་⟪ཁ་གྱའི་སྐྱབས་ལོ⟫་སོགས་བཀོད་ཡོད་ཅིང་ཚན་པ་“གླེང་ནི”ཞེས་པར་བཀར་ཡོད། དེར་“གླེང་ནི”ཞེས་པ་ནི་ཨ་མདོའི་ཞོན་ཧྭ་ས་ཆའི་ཡུལ་སྐད་དེ་རོགས་མཐུན་དང་དོན་གཅིག་པར་བརྗོད་འདུག ཡིན་ན་ཡང་⟪གནའ་རྒྱའི་ཚེ་ལོ་⟫སོགས་ནི་ལ་གཞས་དང་རི་གླུ་ལས་ཁ་ཕྱོགས་གཞན་དང་ནང་དོན་ཡོད་པས་དེ་དག་ལ་གཞས་ཀྱི་ཁུངས་སུ་བརྩིས་ན་ག་ནས་འགྲིག
མི་འགྲིག་སྟེ་དེ་ལ་ཁོ་རང་གི་རང་ཚུགས་དང་ཆོས་རང་མཚན་པ་ཞིག་ཏུ་གྲུབ་ཆོག་པས་ང་ཚོས་དེ་ལ་གོ་བབ་བྱིན་ནས་རང་རྐྱ་འཕེལ་བར་བྱས་ཆོག་གོ། །
དཔེར་ན་འདོགས་རའི་རིགས་ལས⟪ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ།⟫[6]ལྟ་བུ་མང་ཚོགས་ཁྲོད་དུ་ཤན་ཤུགས་ཆེ་བའི་རྒྱུ་མཚན་གཅིག་ནི་མི་སྣ་ཁོ་རང་གི་ཀུན་སྤྱོད་དང་རང་གཤིས་ལ་འབྲེལ་བ་ཡོད་ལ། ཡང་གཞན་ཞིག་ནས་བཤད་ན་རྡུང་ལེན་སྒྱུ་རྩལ་གྱི་དབྱངས་རྟར་དྲངས་པས་མངོན་དུ་མེད་ལ་སྨྲ་བརྗོད་ཀྱིས་འགྲེལ་ཁག་པའི་སྒྱུ་རྩལ་གྱི་ནུས་པ་གཞན་ཞིག་གིས་ཀྱང་ཡིན་ངེས།
⟪ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ⟫་ཞེས་པའི་རྡུང་ལེན་དེའི་བརྗོད་བྱ་ནི་དྲང་བདེན་དང་གནས་ལུགས་ཚུལ་བཞིན་སྲུང་བའི་མང་ཚོགས་ལ་བྱམས་བརྩེ་དང་ཐུགས་ཁུར་ཆེན་པོས་ཁ་བ་འགོ་བས་རྒྱུན་དུ་གཟིགས་དགོས་པའི་བརྗོད་བྱ་སོགས་ཡིན་པས་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་ཉིད་རྡོ་རེད་སོགས་ཀྱིས་རྡུང་ལེན་དུ་བླངས་པ་དེས་རྒན་པོ་ཡ་རིའི་ཨ་བསོད་ཀྱི་ཉམས་མྱོང་གི་བསླབ་བྱའམ་ངག་རྩོམ་འདི་ཉིད་ཀྱི་འཕྲིན་ལས་མང་ཚོགས་ཁྲོད་དུ་སྔར་ལས་དར་ཁྱབ་ཆེ་བར་གྱུར།
ད་དུང་⟪གནའ་རྒྱའི་ཚེ་ལོ⟫ནི་སློབ་གསོ་དང་འབྲེལ་ལ། གནའ་རྒྱའི་ཚེ་ལོ་ཞེས་པའི་རྒན་པོ་འདི་ནི་ཚེ་སྟོད་རྒྱུ་ནོར་ལོངས་སྤྱོད་ཤིན་ཏུ་འཛོམས་ལ་ཚེ་སྨད་དབུལ་བོར་གྱུར་ནས་སྐྱིད་སྡུག་གི་གཏམ་རྒྱུད་རིམ་པར་བརྒྱུད་མྱོང་། རྒན་དར་གཞོན་གསུམ་བྱིས་པ་དང་བཅས་པར་བཤད་པའི་རྒན་པོ་འདིའི་མི་ཚེ་གཅིག་གི་མྱོང་གྲུབ་ཀྱི་དོན་དག་མང་བོ་ཞིག་གི་རྨང་གཞི་བྱས་པའི་སེམས་གཏམ་འདི་དཔལ་མགོན་སོགས་ཀྱིས་བླངས་ནས་སྤྱི་ཚོགས་ཁྲོད་ཀྱི་ངན་པའི་བྱ་བ་དེ་དག་འཛོམས་པའི་མི་ལ་སློབ་གསོ་དང་ཁ་ཏའི་ཚུལ་དུ་བྱ་སྤྱོད་ངན་པའི་རིགས་ལ་སྨན་དུ་སོང་།
⟪ཁ་གྱའི་སྐྱབས་ལོ།⟫དང་⟪ཡི་དྭགས་སྐེ་རིང་།⟫[7]ལྟ་བུ་ནི་དཔའ་བོའི་སྣང་བརྙན་མཚོན་པའི་སྐོར་ཡིན་ལ་མི་སྣ་དེ་དག་གིས་ཀྱག་ཀྱོག་དང་འགལ་འདུས་གྲུབ་པའི་ལས་དབང་དང་མི་ཚེ་ལ་གོ་བ་ཐེངས་གཅིག་ལོན་པ་དེས་ང་ཚོས་རང་གི་འཚོ་གནས་དང་མི་ཚེའི་དམིགས་འདུན་ལ་ངེས་ཤེས་ཟབ་མོ་བསྐྱེད་ཐུབ་ཡོད་པ་རེད། མི་སྣ་དེ་དག་གི་མི་ཚེའི་བརྒྱུད་རིམ་ནི་ཀྱག་ཀྱོག་ལྡན་ལ་ངོ་མཚར་ཡང་ཆེ། ཁོང་ཚོ་ནི་དཔའ་ངར་ཆེ་ཞིང་ཁ་དན་ཚིག་ལ་གནས་པའི་བུ་རྒོད་རེ་ཡིན་པས་ཡུལ་ཕྱོགས་ཀུན་ན་སྙན་གྲགས་རྒྱས། འདི་རིགས་ཀྱི་བརྗོད་སྙིང་གཙོ་བོ་ནི་ཁྲེལ་གཞུང་དང་ཕྱི་ཐག གཞུང་དྲང་དང་བདེན་པ་གཙུག་ཏུ་བཀུར་བའི་སྟག་ཤ་ར་ཞིག་གི་བློ་སྤོབས་ཡིན་པའི་སྐབས་དེའི་ན་གཞོན་ཙམ་མ་ཟད་མི་རབས་རྗེས་མའི་གཞོན་ནུ་མང་བོ་ཞིག་ལ་སྐུལ་མ་ཐེབས་ཡོད་པ་དེའི་རྗེས་ཀྱི་རྡུང་ལེན་ཁ་ཤས་ཀྱི་སྟེང་ནས་མཐོང་ཐུབ།
⟪རི་དྭགས་སྐྱོ་གླུ།⟫ དང་⟪མ་མོའི་སྐྱོ་གླུ།⟫ ད་དུང་⟪ཁྱི་དོམ་པའི་སྐྱོ་གླུ།⟫སོགས་བོད་རང་གི་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུག་སོགས་ལ་བཅངས་པའི་བརྩེ་བ་དང་སྡུག་བསྔལ་མི་འདོད་ལ་བདེ་བ་འདོད་པའི་སྲོག་ལྡན་ཀུན་འདྲ་མཉམ་ཡིན་པའི་ལྟ་བ་སོགས་དུད་འགྲོའི་ལས་དབང་མཚོན་པ་དང་། བོད་རང་གི་ཚེ་སྲོག་གི་རིན་ཐང་ལྟ་བ་མང་བོ་ཞིག་བརྗོད་ཡོད་པ་འདིས་ཀྱང་འཛམ་གླིང་ཤེས་རིག་རྒྱལ་ཁབ་སྤྱིའི་ཁ་ཕྱོགས་དང་མཐུན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཚེ་སྲོག་འདྲ་མཉམ། ཁོར་ཡུག་སྲུང་སྐྱོབ་སོགས་ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་མང་བོ་ཞིག་གོ་སླ་བའི་སྒོ་ནས་མང་ཚོགས་ལ་ངོ་སྤྲོད་དང་རྒྱུན་ཤེས་ངེས་སུ་བཅུག་ཡོད།
⟪ཨ་ཁུ་དར་རྒྱས་ཀྱི་སྐྱོ་གླུ།⟫དང་⟪འབའ་ཐང་གི་རྩོད་གླེང་⟫ད་དུང་⟪ས་རྩོད་རྒན་པོའི་མིག་ཆུ།⟫སོགས་ཀྱིས་རྩྭ་ས་རྩོད་གླེང་ནི་མི་རིགས་ཀྱི་ངན་འཚང་དང་མང་ཚོགས་ཀྱི་སྐྱོ་སྡུག་ཡིན་པས་སུན་འབྱིན་དང་མི་རིགས་མཐུན་སྒྲིལ། འཆམ་མཐུན་མཉམ་གནས། སྤྱི་ཚོགས་བརྟན་བརླིང་། དཔལ་ཡོན་སྤྱི་ཚོགས་ལ་འབོད་སྐུལ་བྱས་ཡོད།
ད་དུང་དེ་ལས་ཀྱང་མང་བའི་འདོགས་ར་མང་བོ་ཞིག་གི་བརྗོད་བྱ་དང་མི་སྣ་གང་གིས་ཆ་ནས་ཀྱང་མང་ཚོགས་ལ་བསླབ་བྱ་མང་བོ་ཐོབ། དེའི་རྒྱུ་མཚན་ཡང་བརྗོད་བྱ་དེ་དག་ནི་མང་ཚོགས་ཀྱི་འཚོ་བའི་ཁྲོད་རྒྱུན་མཐོང་དུ་ཡོད་པའི་གནད་དོན་ཡིན་པས་བརྗོད་བྱ་གོ་བདེ་བ་དང་དང་ལེན་བྱེད་ཐུབ་པས་རྡུང་ལེན་འདིའི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ནི་སློབ་གསོ་ཡིན་ཞེས་བཤད་ཆོག
སྔོན་གྱི་འདོགས་ར་མང་བོ་ཞིག་གི་ནུས་པ་གཙོ་བོ་ཚིག་གི་སྟེང་དུ་ཡོད་པས་དེ་ནི་ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས “སྔོན་གྱི་དབྱངས་མཁན་ཚིག་ལ་མཁས། །”ཞེས་བསྟན་པ་ནང་བཞིན་མི་རབས་སྔོན་མ་དག་གིས་རྡུང་ལེན་གྱི་ཚིག་དོན་ལ་བསམ་གཞིག་གནད་སྨིན་བྱས་ཡོད་པ་ཞར་དང་ཞོར་ལ་མཐོང་ཡོང་ངོ་། །
ལྔ་བ། སྒྲ་སྙན་རྡུང་ལེན་གྱི་སློབ་གསོའི་ཉམས་ཆག
ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས “སྔོན་གྱི་དབྱངས་མཁན་ཚིག་ལ་མཁས། །ད་ལྟའི་རྣམས་ནི་དབྱངས་ལ་སྦྱོང་། །ཕྱི་མའི་དུས་ཀྱི་དབྱངས་མཁན་རྣམས། །མི་མཁས་བློ་ཆུང་གླུ་ལ་དགའ། །ཅི་ཡང་མེད་ཀྱང་འཚེར་འགྱུར་སྙམ། །”ཞེས་གསུངས་པར་བརྟག་ཚེ་དུས་སྐབས་དེ་ལ་ཡང་སྔོན་རབས་པར་བསྡུར་ན་རྗེས་རབས་པ་ཞན་པའི་སྣང་ཚུལ་ཞིག་མཐོང་ལ་ཏག་ཏག་སྣང་ཚུལ་འདི་ནི་ད་ལྟའི་ང་ཚོའི་གནས་བབ་དང་འཕྲད་པའི་གནད་དོན་ཞིག་ཡིན་འདུག་སྙམ།
སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམ་ནི་ཚིག་དོན་ལ་མཁས་ཤིང་དོན་གྱི་གནད་ཟིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་ཁྲོད་ཀྱི་གླུ་ཚིག་ལ་སྒྲ་སྙན་རྡུང་ལེན་གྱི་དབྱངས་རྟ་སྦྱར་བ་ནི་བླ་བྲང་འཇིགས་མེད་ཀྱིས་དམངས་ཁྲོད་དུ་ལེན་མྱོང་བའི་⟪ཨ་མ་ལེ་⟫སོགས་དང་དམངས་གླུ་སོགས་ཀྱི་ཚིག་སྤྱད་པ་དཔལ་མགོན་གྱིས་རླུང་འཕྲིན་ལས་བླངས་མྱོང་བའི⟪གངས་དཀར་བོ་མཆོད་རྟེན་བཞེངས་འདྲ་བོ⟫སོགས་ཀྱི་སྐོར་ཡིན། དེ་རྗེས་བདུད་བྷེས་བླངས་པའི་⟪རི་དྭགས་སྐྱོ་གླུ་⟫སོགས་ནང་དོན་ཟབ་ཅིང་རྒྱ་ཆེ་བའི་དེ་དུས་ཀྱི་རྡུང་ལེན་ནི་ཆ་འཕྲིན་རིགས་ཤིག་ཡིན། སྐབས་དེར་གཙོ་བོ་ཚིག་དོན་ལ་བསམ་གཞིག་བྱེད་པས་ཚིག་ནི་བརྩམས་ཆོས་ལེགས་པོ་ཞིག་འགྲུབ་པའི་རྒྱུ་ཡིན་པའི་ངོས་འཛིན་བྱེད།
དེ་ལས་ཅུང་ཟད་དམན་པར་འགྱུར་བའི་དུས་སུ་དབྱངས་ལ་སྦྱོང་ཞིང་ཤིན་ཏུ་དམན་པར་གྱུར་བའི་དུས་ཀྱི་དབྱངས་མཁན་ནི་བློ་གྲོས་ཞན་པས་ཚིག་དང་དབྱངས་གཉིས་ཀྱིས་ཤིན་ཏུ་དམན་པར་གྱུར་ཡང་ཡིན་མདོག་སྟོན། གོང་གི་ས་པཎ་གྱི་གསུང་དེ་ནི་ང་ཚོའི་སྒྲ་སྙན་རྡུང་ལེན་གྱི་གནས་བབ་ལ་ཐད་ཀར་ཕོག་པའི་ལེགས་བཤད་ཅིག་ཡིན།
རྡུང་ལེན་སྒྱུ་རྩལ་གྱིས་སྤྱི་ཚོགས་ལ་སློབ་གསོའི་ནུས་པ་བཏོན་ནས་ད་ལ་ཐུག་གི་བར་ཡོང་མོད། སྤྱི་ཚོགས་ཀྱི་འགྱུར་བ་མྱུར་བའི་དུས་ཚོད་འདིར་སླེབས་ཚེ་དེའི་རིན་ཐང་མང་བོ་ཞིག་གཞོན་རབས་པ་དག་གིས་ཤེས་དང་མ་ཤེས་པའི་མཚམས་ནས་འབོར་བཞིན་འདུག དེ་ནི་སྒྲ་སྙན་རྡུང་ལེན་གཅིག་པུ་ཡང་མ་ཡིན་པར་སྤྱིར་བོད་ཀྱི་དམངས་ཁྲོད་རིག་གནས་མང་བོ་ཞིག་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་གྱུར་དང་འགྱུར་བཞིན་ཡོད། ཡང་གཅིག་བཤད་ན་དེ་ནི་བཟློག་དཀའ་བའི་འགྱུར་བ་ཡིན་སྲིད་མོད། ཡིན་ན་ཡང་དེ་ལ་ཁ་གཡར་ནས་རྩ་མེད་དུ་བཟོས་ཚེ་དེ་ནི་ང་ཚོས་ཐེག་པའི་ཉེས་པ་ཞིག་ལར་ནས་མ་རེད།
དེ་ལྟར་རྩ་ཆེན་ལ་སྤྱོད་སྒོ་ཆེ་བའི་རིག་གནས་ཤིག་བོར་སོང་བའི་རྒྱུ་ལ་ཡང་རྐྱེན་མང་དུ་ཡོད་སྲིད་ཀྱང་གཙོ་བོ་ནི་རིག་གནས་སྒྱུ་རྩལ་དེ་ཉམས་སུ་མྱོང་བའི་ལྟད་མོ་བ་དང་མང་ཚོགས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མི་རེ་རེའི་འཚོ་བ་དང་འདུ་ཤེས། རིན་ཐང་ལྟ་བ། མཛེས་དཔྱོད་ལྟ་བ་སོགས་འགྱུར་བ་ལ་རག་ཆེན་པོ་ལས་ཡོད། གོང་དུ་དྲངས་པ་ལྟར་ས་སྐྱ་པཎ་ཆེན་གྱིས“ཕྱི་མའི་དུས་ཀྱི་དབྱངས་མཁན་རྣམས། །མི་མཁས་བློ་ཆུང་གླུ་ལ་དགའ། །ཅི་ཡང་མེད་ཀྱང་འཚེར་འགྱུར་སྙམ། །”ཞེས་གསུངས་པ་ལྟར་རྡུང་ལེན་གྱི་ཚིག་གི་སྟེང་ལ་འགྱུར་བ་ཆེན་པོ་བྱུང་བས་ད་ལྟའི་དུས་ཀྱི་མི་རྣམས་ནི་ཚིག་དོན་གྱི་ཟབ་སར་ཉན་པར་མི་སྤྲོ་བར་ཉ་དང་ཉུང་མ་བསྲེས་ཏེ་ལེན་པའི་ཚིག་དོན་ནི་གདམ་གསེས་མེད་པར་ལེན། དེ་བས་དུས་རབས་ཀྱི་འགྱུར་ལྡོག་ཤིན་ཏུ་མྱུར་བའི་བར་གླགས་འདིར་རྡུང་ལེན་སྒྱུ་རྩལ་གྱི་ངོ་བོའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ལ་འགྱུར་ལྡོག་དེ་ནི་ཕྱི་དངོས་པོའི་འཕེལ་རྒྱས་ལས་བསྐྱེད་པ་ཞིག་ཡིན། ད་ལྟ་སྤྱི་ཚོགས་ཀྱི་འཕེལ་འགྱུར་སྣ་ཚོགས་ཀྱི་དབང་གིས་རྡུང་ལེན་གྱི་སྒྱུ་རྩལ་ཁྱད་ཆོས་དང་། དབྱངས་རྟ། རྡུང་སྟངས་སོགས་ལ་ཕྱོགས་ཡོངས་ནས་བསྲེས་སླད་ཐེབས་ཀྱིན་ཡོད་པ་རྡུང་ལེན་པ་རྒན་པ་དག་གིས་རྒྱུན་དུ་གླེང་བ་འདིའོ། །
མི་རྣམས་ཀྱིས་སྒྲ་སྙན་རྡུང་ལེན་རྙིང་བ་རེ་ཆ་འཕྲིན་གྱི་སྟེགས་བུ་གང་རུང་དུ་སྤེལ་ནས་ད་ལྟའི་སྒྲ་སྙན་རྡུང་ལེན་གྱིས་སྤྱི་ཚོགས་ཀྱི་འདོད་བློ་བསྐུངས་མ་ཐུབ་པ་དང་སྒྲ་སྙན་རྡུང་ལེན་གྱི་སྟོང་ཆ་གང་ཞིག་ལྷག་ཡོད་པའི་ལེ་བདའ་དང་འཁང་ར་བྱེད་པའི་མངོན་རྟགས་མཚམས་དང་མཚམས་སུ་མངོན་རྒྱུ་འདུག འདི་ནི་དེང་གི་སྒྲ་སྙན་རྡུང་ལེན་གྱི་ཉམས་ཆག་དང་དེ་ཉིད་སྔར་བཞིན་གནས་རིན་ཡོད་པའི་བརྡ་རྟགས་གསལ་བོ་ཞིག་ཡིན། ད་དུང་བསྐྱར་ལེན་མང་བའི་གནས་ཚུལ་འདི་ཡང་ད་ལྟའི་རྡུང་ལེན་པའི་གསར་བཏོད་ཀྱི་ནུས་པས་མ་འདང་བས་ཡིན་ལ་བསྐྱར་ལེན་བྱས་པ་དག་ཀྱང་སྔོན་མའི་རྡུང་ལེན་པའི་ཚིག་དོན་ལེགས་པའི་བརྩམས་ཆོས་ཡིན། འདིས་ཀྱང་ད་ལྟའི་རྡུང་ལེན་གྱི་གནས་བབ་འདིས་འབད་ས་གཙོ་བོ་ནི་རང་རིགས་ཀྱི་འདུ་ཤེས་དང་རིག་གནས་རྐང་མར་བྱས་པའི་ཚིག་དང་ངག་གི་ལེན་རྟ་དེ་ཡིན།
དྲུག་པ། མཇུག་བསྡུ་བ།
ཁྱོད་ཀྱིས་གཟབ་ནན་གྱིས་སྔོན་གྱི་སྒྲ་སྙན་རྡུང་ལེན་དེ་དག་ལ་ཉན་ན་ད་གཟོད་རང་ཉིད་དང་བར་ཐག་ཤིན་ཏུ་རིང་བའི་མི་སེམས་གཡའ་དག་ཅིང་སྤྲོ་སྣང་དང་དཔའ་སྤོབས་ཀྱིས་ཁེངས་པའི་སྤྱི་ཚོགས་གཞན་ཞིག་མཐོང་ཐུབ་ལ་ཡང་ན་ལག་ཏུ་རལ་གྲི་དང་མེ་མདའ་ཐོགས་ནས་རྩྭ་ས་རྩོད་གླེང་བྱེད་པའི་རུ་སྡེ་གཞན་ཞིག་ཀྱང་མཐོང་སྲིད། དེ་དག་གང་ཡིན་ཡང་ཁྱོད་ལ་སྟེར་ངེས་པ་དེ་དག་གིས་བསྐྱེད་པའི་སློབ་གསོ་ཡིན།
འདི་ལྟར་བློ་དམན་པས་དཔྱད་པ་ཙམ་བྱས་པའི་རེ་འབྲས་ནི་སྒྲ་སྙན་རྡུང་ལེན་ཞེས་པའི་སྒྱུ་རྩལ་གྱི་རྣམ་པ་འདི་ནི་བོད་ཀྱི་འཚོ་བ་དང་བར་ཐག་ཉེ་ཞིང་སྒྱུ་རྩལ་འདིའི་ཁྲོད་དུ་རང་ཅག་གི་ཆོས་ལུགས་དང་ཆབ་སྲིད། སློབ་གསོ་དང་བརྩེ་དུང་སོགས་བོད་རང་གི་འདུ་ཤེས་དང་མཛེས་དཔྱོད་མང་བོ་ཞིག་གི་བསྡུས་གཟུགས་སུ་གྲུབ་པའི་སྒྱུ་རྩལ་འདིའི་མ་འོངས་པ་ཡིན།
རྡུང་ལེན་པ་དང་འདིའི་ཕྱོགས་ཀྱི་འཇོན་མི་རྣམས་ཀྱིས་འདིའི་སྐོར་ལ་ཕྱིར་རྟོག་དང་བསམ་གཞིག དཔྱད་འཇོག་མང་དུ་བྱས་པས་སྔོན་སྒྲ་སྙན་རྡུང་ལེན་གྱི་རིན་ཐང་མང་བོ་བག་ལ་ཞ་བའི་ཚུལ་དུ་ཡོད་པ་དག་སྔོག་འདོན་བྱེད་ཐུབ་པར་ཡིད་ཆེས་ཡོད། ད་ལྟའི་སྒྲ་སྙན་རྡུང་ལེན་གྱི་གནས་བབ་ལ་འདང་རྒྱག་མཁན་ཞིག་ཡིན་ཚེ་སྔོན་གྱི་སྒྲ་སྙན་རྡུང་ལེན་གྱི་བརྩམས་ཆོས་དག་གིས་མང་ཚོགས་ཀྱིས་དགོས་མཁོ་བསྐངས་པར་བསམ་གཞིག་བྱས་ཏེ་གྲགས་འདོད་ཀྱི་ཧམ་སེམས་རེ་ཞིག་དོར་ཏེ་སྒྲ་སྙན་རྡུང་ལེན་གྱི་མ་འོངས་པའི་རྣམ་པ་གསར་གཏོད་བྱ་བར་གཞོལ་དགོས། སྒྲ་སྙན་རྡུང་ལེན་ལ་ཉན་མཁན་ནམ་མང་ཚོགས་ལ་ཡིད་འགུག་ཐེབས་པའི་ཆ་དེ་གལ་ཆེ་ལ་འགུག་ཤུགས་དེའི་རིགས་ནི་བརྩེ་དུང་ཁོ་ནས་མི་འགྲུབ་ལ་ལ་རྒྱ་དང་བསྟོད་པ་སོགས་ཀྱིས་ཀྱང་མི་འགྲུབ་པས་འཚོ་བའི་ཕྱོགས་མང་བོ་ནས་འགུག་ཤུགས་དེ་རིགས་བརྩོན་ལེན་བྱ་དགོས། སྒྲ་སྙན་རྡུང་ལེན་གྱི་རོལ་མོའི་སྡེབ་སྒྲིག་དང་གླུ་ཚིག་ངག་གི་འགུག་རྟ་སོགས་དེང་གི་མིའི་འདོད་བློ་བསྐུང་ཐུབ་པར་འབད་དགོས་པ་ནི་མ་འོངས་པའི་ལམ་ཁ་ཉག་གཅིག་ཡིན། དེ་ཉིད་དར་བའི་དུས་སུ་ཡང་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་ནས་དར་བ་ཡིན་ལ། འདི་ཉིད་གནས་པ་ཡང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་གནས་པ་ནི་དོན་དང་མཐུན་ལ་རིག་གནས་དང་འདུ་ཤེས། སློབ་གསོ་དང་ཤིན་ཏུ་འབྲེལ་བའི་སྒྱུ་རྩལ་འདི་རྒྱུན་འཛིན་བྱེད་ཐབས་ཤིག་ཀྱང་ཡིན་ནོ། །
ཟུར་ལྟའི་དཔྱད་གཞི།
རོལ་མོའི་བསྟན་བཅོས་གཅེས་བསྡུས་བཞུགས་སོ། །
སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར།
༢༠༡༩ལོའི་ཟླ༦་པར་པར་ཐེངས་དང་བོ་དཔར། དཔེ་རྟགས། lSBN978-7-5700-0263-4
བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ།
ཧོར་གཙང་འཇིགས་མེད་ཀྱིས་བརྩམས། ལྡི་ལི་བོད་ཀྱི་ཁང་པ་ནས་པར་སྐྲུན་བྱས།
དམངས་ཁྲོད་རྩོམ་རིག་གཅེས་བཏུས།
རིན་ཆེན་རྒྱལ་གྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༢༠༠༩ལོའི་ཟླ༡༠་པར་པར་ཐེངས་དང་བོ་དཔར།
གངས་ཅན་དགའ་བའི་སྒྲ་སྙན།
དབྱངས་ཀྱི་ང་རོས་རྩོམ་སྒྲིག་བྱས། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
༢༠༡༩ལོའི་ཟླ་༡༠བའི་ཚེས་༡༦་ལ་དཔར་ཐེངས་པོ་དཔར། དཔེ་རྟགས། ISBN978-5-8976-5663-5
སྒྲོལ་དབྱངས་བོད་གཞས་མངའ་རིས་སྒྲ་སྙན་མཐུན་ཚོགས་ཀྱི་ཚོད་ལྟའི་སློབ་དེབ།
སྒྲ་སྙན་རྡུང་ལེན་ལ་སློབ་གསོའི་ནུས་པ་ཡོད་དམ།
བཅར་འདྲི། ལན་འདེབས་མཁན། དགེ་རྒན་རྒྱ་གྲོལ།
ཨ་མདོའི་རྡུང་ལེན་སྒྱུ་རྩལ་པ་གྲགས་ཅན། དཔལ་མགོན།
ཨ་མདོའི་བརྙན་འཕྲིན་ཁང་གི་དངོས་བྲིས་ལེ་ཚན།
༨༨༠༩ལེ་ཚན་ལྔ་བ་སྒྲ་སྙན་རྡུང་ལེན་རྒྱུད་འཛིན་ཐད་ཀྱི་བགྲོ་གླེང་།
ཚུལ་ཁྲིམས། ཇོ་མོ་གླིང་མ། (འཕྲིན་སྟེགས།)
༨༨༠༩ལེ་ཚན་གཉིས་པ་བོད་ཀྱི་རྡུང་ལེན་སྒྱུ་རྩལ་སྐོར་གྱི་བགྲོ་གླེང་།
རྨ་ཆའི་བསམ་གཏན། ཇོ་མོ་གླིང་མ། (འཕྲིན་སྟེགས།)
༨༨༠༩ལེ་ཚན་གསུམ་པ་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་ངོ་བོ་དང་རིན་ཐང་།
མགོན་པོ་དོན་གྲུབ། ཇོ་མོ་གླིང་མ། (འཕྲིན་སྟེགས།)
རྡུང་ལེན་པ་ཁོ་བསྟན་གྱིས་རྡུང་ལེན་སྐོར་ལ་བཤད་པ་ནང་གཏམ་ཚ་ཤོས་མ།
སྙིང་ཁྲག་རྩོམ་རིག་དྲ་བ། (འཕྲིན་སྟེགས།)
༢༠༡༩ལོའི་ཟླ་༡༢་པའི་ཚེས་༢༦ཉིན་གྲུབ།
[1] རྒན་པདྨ་ལགས་ཀྱི་⟪ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་“རྡུང་ལེན”ཐ་སྙད་གྲུབ་པའི་གསལ་བཤད⟫དུ་“སྔོན་བྱུང་མཁས་པ་དུ་མའི་བཞེད་ཚུལ་གཞིར་བཞག་གིས་“རྡུང་ལེན”ཞེས་པར་ཐ་སྙད་གཅིག་གྱུར་བྱས་ཤིང་། རྒྱལ་ཡོངས་བོད་སྐད་རླུང་འཕྲིན་ཡོད་ཚད་ཀྱིས་གཅིག་མཐུན་གཏན་འཁེལ་བྱེད་བཞིན་ཡོད།”ཅེས་གསུངས་པ་ལྟར་རྡུང་ལེན་གྱི་ཡིག་ཐོབ་དེ་ལྟར་དུ་བྲིས་ཡོད།
[2] ཨ་ཁུ་འཇིགས་མེད་ལགས་ནི་སྤྱི་ལོ༡༩༥༥ལོ་ཙམ་དུ་མཚོ་སྔོན་རེབ་གོང་སེང་གེ་གཞུང་ནས་སྐྱེས། སྤྱི་ལོ་༡༩༧༥ལོ་ཙམ་ནས་བཟུང་མང་ཚོགས་ལ་སྒྲ་སྙན་རྡུང་ལེན་གྱི་རིག་རྩལ་འཁྲབ་སྟོན་བྱས། དུས་དེ་ཙམ་དུ་ཀན་ལྷོ་གླུ་གར་ཚོགས་པར་ཞུགས་ནས་རིམ་བཞིན་༡༩༨༡ནས་༡༩༨༤བར་ཁུལ་གླུ་གར་ཚོགས་པའི་གཙོ་འགན་ཁུར།
[3] རྒན་པདྨ་ལགས་ཀྱི་⟪ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་“རྡུང་ལེན”ཐ་སྙད་གྲུབ་པའི་གསལ་བཤད⟫དུ་གསུངས་པ་ལྟར།
[4]རྨ་ལྷོ་སོག་རྫོང་གི་རྡུང་པ་རྒན་པ་ཚུལ་ཁྲིམས་སོགས་རྒན་པ་འགའ་ཞིག་གིས་བཤད། འདིའི་ནང་དོན་ནི་ཡིག་རིགས་གཉིས་ཕན་ཚུན་གང་རུང་ལ་བསྒྱུར་བར་གོ་མི་རུང་།
[5] འདིར་འདོགས་ར་ཞེས་པ་ནི་⟪གནའ་རྒྱའི་ཚེ་ལོ⟫་སོགས་མགུར་གྱི་རང་བཞིན་ལྡན་པའི་མུ་འབྲེལ་གྱི་རྡུང་ལེན་སྤྱི་ལ་གོ་བ་བླངས་ཡོད།
[6] ཡ་རིའི་ཨ་བསོད་ནི་མདོ་སྨད་རྨ་ཆུའི་དངུལ་རྭའི་འབྲོག་མི་དཀྱུས་མ་ཞིག་ཡིན། ཁོང་ནི་ཁ་ལྕེ་བདེ་ལ་གཞུང་རྒྱུད་དྲང་ཞིང་དྲང་བདེན་ལ་དགའ་བ། རིག་པ་གྲུང་ཞིང་རྩོད་པ་ལ་མཁས་པ། དཔའ་དང་སྙིང་སྟོབས་གང་གི་ཆ་ནས་ཀུན་གྱིས་མགྲིན་གཅིག་ཏུ་དཔའ་མཛངས་ཞེས་ཁས་ལེན་ཆོག་ཆོག་གི་སྟག་ཤ་ར་ཞིག་ཡིན་པར་གྲགས་ཤིང་མི་དམངས་ཀྱི་དོན་དུ་གོང་རིམ་གྱི་དཔོན་པོ་དག་ལ་གཏུག་བཤེར་རྒྱག་ཅིང་རྩོད་པ་བྱེད་པ། ཁོང་ནི་ངག་ལ་རྩལ་རྫོགས་པའི་ངག་རྩལ་བ་ཞིག་ཀྱང་ཡིན་ལ་ཁོང་གི་ངག་རྩོམ་དག་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ། ལྷག་པར་དུ་ཨ་མདོ་ས་ཁུལ་གྱི་མང་ཚོགས་རྣམས་ཁོང་གི་ངག་རྩོམ་ལ་དགའ་ཞིང་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད།
[7] ཡི་དྭགས་སྐེ་ལ་དངོས་མིང་ལ་བསམ་འགྲུབ་ཟེར་ཞིང་ཁོང་ནི་སྤྱི་ལོ་༡༩༥༨སྔོན་ལ་རྨ་ལྷོ་སོག་རྫོང་བེ་སི་ཆུང་བར་སྐྱེས་ཤིང་ཆུང་དུས་ནས་བླ་བྲང་བཀྲ་ཤིས་མཁྱིལ་གྱི་ཆོས་སྒོར་ཞུགས། ཕྱིས་སུ་སྐྱ་སར་བབས་ནས་འཁྱམས་རྐུན་གྱི་ལུས་ལ་ཞུགས། ཁོང་ནི་རང་ལོ་ཉེར་ལྔའི་སྟེང་འདས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1851
དཔྱད་མཆན་སྤེལ།