_རྩོམ་འདི་བོད་ཀྱི་དགོན་སྡེའི་སློབ་གསོ་ལེགས་བཅོས་ཡོང་ཕྱིར་དུ་ཕུལ།
སྔོན་གླེང་།
ཉེ་བའི་ལོ་ཤས་རིང་རྒྱལ་དབང་ཀརྨ་པས་དྲ་ལམ་ནས་དྭགས་པོའི་ཆོས་བཞི། སེམས་ཙམ་སུམ་ཅུ་པ། ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར། གསང་སྔགས་ཀྱི་བྱུང་བ་སོགས་འཆད་ཁྲིད་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་གནང་སོང་། དེ་སྔོན་ཕྲན་ནི་ཁོང་གི་རྗེས་འཇུག་ཏུ་རློམ་པ་ཞིག་ཡིན་ཡང་ཁོང་གི་བཀའ་སློབ་ལ་ཉན་པའི་གོམས་གཤིས་མེད་པས། ཁོང་གི་ཞལ་ནས་ལེགས་བཤད་ཅི་ཞིག་འཆད་ཀྱིན་ཡོད་པ་དང་། འཆད་པའི་ཚུལ་ཇི་ལྟར་ཡིན། བཤད་ནས་བློ་སྐྱེད་གང་ཡོད་སོགས་ལ་མནོ་བསམ་འཁོར་མ་མྱོང་། བདག་གི་སེམས་ཀྱི་འཆར་སྣང་ཞིག་ལ་བོད་ཀྱི་བླ་ཆེན་གཞན་དག་གི་ཆོས་འཆད་སྟངས་ལྟར་ཚིག་དོན་ཐམས་ཅད་ཧ་ཅང་གོ་དཀའ་ཞིང་། ལུང་ཚིག་མང་པོ་ལྷུ་བསྒྲིགས་ཏེ་གེ་སར་གྱི་སྒྲུང་བཤད་བཤད་ལྟ་བུ་ཞིག་གནང་གི་ཡོད་ཤག་བྱས་ཏེ། ཉན་པའི་སྤྲོ་བ་དེ་ཙམ་ཞིག་སྐྱེ་མྱོང་མེད་ཅིང་ཅུང་ཟད་ཉན་པ་དག་གི་ཚིག་དོན་ལའང་དེ་ཙམ་དོ་སྣང་བྱ་མྱོང་མེད། འོན་ཀྱང་ན་ནིང་ཤག་དྲ་ལམ་གང་ས་ནས་དཔྱོད་ལྡན་གཟུར་གནས་པ་མང་པོས་ཁོང་གི་འཆད་ཁྲིད་ཀྱི་ཡོན་ཏན་ལ་ཚད་མཐོའི་གདེང་འཇོག་དང་བསྔགས་པ་འབུལ་བཞིན་པར་མཐོང་བས། རང་ཉིད་ཀྱིས་ཀྱང་ཁོང་གི་འཆད་ཁྲིད་དག་ལ་སྔོན་མེད་ཀྱི་མཇལ་འདོད་དམིགས་བསལ་བ་ཞིག་སྐྱེས་སོང་། དེར་བརྟེན། ཐོག་དང་པོ་དྭགས་པོའི་ཆོས་བཞིའི་འཆད་ཁྲིད་དེ་སྒྲ་ལམ་ནས་ཆ་ཚང་ཞིག་ཉན་པ་ཡིན། ཉན་གྱིན་ཉན་གྱིན་ཁོང་གི་མཁྱེན་རྒྱ་ལ་ཧང་སང་ཡོང་ཞིང་། དྭགས་པོ་རིན་པོ་ཆེའི་ལོ་རྒྱུས་གཅིག་པུ་ལ་དཔེ་མི་འདྲ་བ་བཅུ་ཕྲག་ཁ་ཤས་ཤིག་དང་། དྭགས་པོའི་ཆོས་བཞིའི་འགྲེལ་བ་ཁག་མང་པོ་ཞིག་ཞིབ་སྡུར་མཛད་དེ་འཆད་ཁྲིད་གནང་འདུག་པས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གཞུང་ལུགས་ཀྱི་སྤྱི་ཁོག་འགྲེམ་སྟངས་ལ་ཡིད་སྨོན་དབང་མེད་དུ་ཤོར། ལྷག་ཏུ་བར་བར་ལ་མིའི་ཉིན་རེའི་བདེ་སྡུག་གི་གནས་སྟངས་དང་ཆོས་ཀྱི་གོ་བ་གཉིས་ཟུང་འབྲེལ་གྱིས་འགྲེལ་བཤད་སེམས་ཀྱི་གཏིང་རུམ་དུ་ཟུག་འགྲོ་བ་རེ་བསྐྱོན་གྱིན་འདུག་པས། ཁོང་ལ་ཐོས་པའི་ཤེས་རབ་ཙམ་མིན་པར་བསམ་བྱུང་གི་ངེས་པ་དང་སྒོམ་བྱུང་གི་མྱོང་བ་ཡང་ཧ་ཅང་གིས་ཕྱུག་པོ་ཡོད་པའི་ཚོར་བ་སྐྱེས།
གང་ལྟར་ཡང་བརྗོད་མི་ཤེས་པའི་འགུག་ཤུགས་ཤིག་གིས་ཁོང་གི་འཆད་ཁྲིད་ལ་མཇལ་འདོད་ཀྱི་འདུན་པ་ཇེ་ཆེར་སོང་ཞིང་། རིམ་གྱིས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལེགས་སྤྱད་མའི་འཆད་ཁྲིད་ཡིན་ནའང་ཆོག །སེམས་ཙམ་སུམ་ཅུ་པའི་འཆད་ཁྲིད་ཡིན་ནའང་རུང་། མར་རྔོག་དབྱར་ཆོས་ཀྱི་གསང་སྔགས་ཀྱི་བྱུང་བ་ཡིན་ནའང་ཆོག །ཚང་མ་ལ་མི་མཇལ་རང་མཇལ་གྱི་སྤྲོ་བ་ཞིག་ངང་གིས་སྐྱེས་ཏེ། ད་བར་ཁོང་གི་འཆད་ཁྲིད་ཐམས་ཅད་དུས་ཚོད་ཀྱི་ཁོམ་པ་བཙལ་ཏེ་མཇལ་དང་མཇལ་བཞིན་ཡོད།
མ་གཞི་བདག་གིས་དྲ་ལམ་ནས་མཁན་པོ་དགེ་བཤེས་དང་། བླ་མ་སྤྲུལ་སྐུ་མང་པོ་ཞིག་གི་འཆད་ཁྲིད་ཉན་མྱོང་ཡོད་མོད། ཁྱད་མཚར་བ་ཞིག་ལ་ཁོང་རྣམ་པའི་འཆད་ཁྲིད་ཕལ་མོ་ཆེ་ཞིག་ཉན་གྱིན་ཉན་གྱིན་མཉན་འདོད་ཀྱི་འདུན་པ་ཇེ་ཆུང་དང་།དོ་སྣང་བྱེད་ཀྱིན་བྱེད་ཀྱིན་ཉོབ་སྣང་ཆེ་རུ་འགྲོ་གིན་འདུག །འོན་ཀྱང་རྒྱལ་དབང་ཀརྨ་པའི་འཆད་ཁྲིད་ནི་དེ་ལས་ལྡོག་སྟེ་གླེང་བྱའི་ནང་དོན་རྒྱ་ཆེ་ཡང་དཀའ་སྣང་མི་འཆར་བ། བཤད་བྱའི་ཆོས་ཚན་རྣམ་གྲངས་མང་ཡང་ཉོབ་སྣང་གི་ཚབ་ཏུ་སྤྲོ་སྣང་འདྲེན་ཡོང་པ་ཞིག་འདུག །དེ་ནི་ངས་ཕྱོགས་ཞེན་གྱིས་ཁོང་ལ་བསྟོད་འདོད་དེ་སྨྲས་པ་ཞིག་མིན་པར་རང་གི་མྱོང་བ་ངོ་མ་ཞིག་ཡིན། དེའི་རྒྱུ་མཚན་གྱིས་ངས་ད་བར་སུས་ཀྱང་སྐུལ་མ་མེད་པར་ཁོང་གི་དྲ་ལམ་གྱི་འཆད་ཁྲིད་ཡོད་དོ་ཅོག་ཕལ་ཆེར་ཉན་ཟིན་པ་ཡིན།
འཆད་ཁྲིད་དེ་དག་མཇལ་བའི་བརྒྱུད་རང་ཉིད་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་ཕ་ས་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་རྒྱུས་རགས་ཙམ་ཤེས་སོང་ལ། ནང་བསྟན་ལའང་གདོད་མའི་ནང་བསྟན་གྱི་དུས་རབས། སྡེ་པའི་དུས་རབས། བྱང་སེམས་དུས་རབས། གསང་སྔགས་དུས་རབས་བཅས་དུས་རིམ་བཞི་ཡོད་པ་དང་། དུས་རིམ་སོ་སོའི་སྐབས་ཀྱི་ནང་པའི་ལུང་རྟོགས་ཀྱི་བསྟན་པའི་གནས་བབ་སོགས་ལའང་རྒྱུས་ལོན་རོབ་ཙམ་བྱུང་སོང་། ལྷག་ཏུ་དེང་དུས་ཀྱི་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་གི་གནས་སྟངས་དང་། སྐད་རིགས་སྣ་མང་དུ་བཞུགས་པའི་གསུང་རབ་ཁག་གི་བརྗོད་བྱའི་ཁྱད་པར། བོད་ཀྱི་ནང་བསྟན་སློབ་གཉེར་པ་དག་གི་ཐོས་བསམ་གྱི་ཁ་སྟབས་སོགས་ལའང་བློ་ཁ་ཅུང་ཟད་རེ་ཕྱོགས་སོང་། དེར་མ་ཟད། ཀརྨ་བཀའ་བརྒྱུད་ལ་མཚོན་ན། འདས་པའི་བྱུང་བ་རིང་མོའི་ཁྲོད་ཀརྨ་པ་སྐུ་ཕྲེང་རིམ་བྱོན་དང་མཁས་གྲུབ་དམ་པ་དག་གི་མཁས་པའི་ལག་རྗེས་དང་། གྲུབ་པའི་ལོ་རྒྱུས་སོགས་ལའང་དོ་སྣང་ཆེན་པོ་བྱུང་། མདོར་ན། ཁོང་གི་འཆད་ཁྲིད་ཇི་ཙམ་ཉན་པ་དེ་ཙམ་གྱིས་ད་ལྟའི་དུས་ཀྱི་བདག་ལྟ་བུའི་དགོན་སྡེའི་རིགས་སྨྲ་བར་རློམ་པ་དག་གིས་ནང་ཆོས་ཀྱི་བྱུང་རིམ་དང་། གསུང་རབ་སོགས་ཀྱི་ཟུར་ཆ་གཅིག་ཙམ་ཡང་ཤེས་མེད་པ་དང་། ད་ལྟའི་སློབ་གཉེར་བྱེད་སྟངས་འདི་ཙམ་གྱིས་མཁས་པའི་གོ་ས། བཙུན་པའི་ལག་རྗེས། བཟང་པོའི་ཉམས་མྱོང་ཞིག་ཧ་ཅང་འབྱུང་དཀའ་བའི་ངེས་ཤེས་སྐྱེས་སོང་།
ད་དུང་འཆད་ཁྲིད་དེ་དག་ལས་འཕྲོས་ཏེ། ཤེས་བྱའི་གནས་སྐད་ཡིག །བརྡ་སྤྲོད། ལོ་རྒྱུས། ས་ཁམས་སོགས་མང་པོ་ཞིག་ལ་དོ་སྣང་དགོས་པའི་ཚོར་བ་ཤུགས་ཆེན་བསྐྱེད་ཡོང་གིན་འདུག་པས། ཕྲན་གྱིས་དུས་དང་དུས་སུ་ཁོང་གི་འཆད་ཁྲིད་འདིས། བསླབ་གཞི་ལ་སྤྲོ་བ་ཆེན་པོ་འདྲེན་པ། སུན་སྣང་དང་ཉོབ་སྣང་མི་སྐྱེ་བ། འདི་སྦྱོངས། དེ་ལྟོས་ཞེས་སྡིགས་མོའམ་གཤེ་གཤེ་ཕར་ཞོག །སྐུལ་མ་ཙམ་ཡང་མ་གནང་ཡང་མང་པོ་ཞིག་ལ་དོ་སྣང་ངང་གིས་འབྱུང་བ། འཁྲིད་བྱའི་ནང་དོན་ཧ་ཅང་རྒྱ་ཆེ་ཡང་མགོ་རྙོག་པའི་ཚོར་བ་མི་འབྱུང་བར་གོ་བ་ལེན་བདེ་བ། འཆད་ཁྲིད་སྔ་མ་ཉན་ཟིན་རྗེས་ཕྱི་མ་ཉན་འདོད་ཀྱི་འདུན་པས་བསྒུག་མི་ཐུབ་པ། དེ་དང་དེ་ལ་སོགས་པའི་ཡོན་ཏན་མང་པོ་ཞིག་འདུག་པས། ཁོང་ལ་དགོན་སྡེའི་དགེ་རྒན་གཞན་དང་མི་འདྲ་བའི་འཆད་ཐབས་ཁྱད་པར་བ་གང་འདུག་གམ་སྙམ་ནས་ཡུན་རིང་བསམ་གཞིག་དང་དོ་སྣང་བྱས་པ་ཡིན། བསམ་གཞིག་དང་དོ་སྣང་བྱས་བྱས་མཐར་ཁོང་གི་འཆད་ཐབས་ཁྱད་པར་བ་མང་པོ་ཞིག་ངོས་ཟིན་བྱུང་ལ། འཆད་ཐབས་དེ་དག་ནི་དེང་རབས་སློབ་གསོའི་མ་ལག་ནས་འབྱུང་བའི་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་ཡང་ཤིན་ཏུ་མཐུན་པའི་ཚོར་བ་བྱུང་ཞིང་། ལྷག་ཏུ། ད་ལྟའི་བོད་ཀྱི་དགོན་སྡེའི་དགེ་རྒན་དག་གིས་འདི་ལྟ་བུའི་ཐབས་ལམ་རེ་ཙམ་ཤེས་ན་ཅི་མ་རུང་སྙམ་ནས་རྩོམ་ཡིག་འདི་བྲིས་པ་ཡིན།
དང་པོ། བསླབ་གཞི་ལ་ནང་བྱན་ཆུད་པ།
ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་བཤད་བྱ་གཞུང་གང་ཞིག་ཡིན་ཡང་འཆད་པ་པོ་རང་ཉིད་ཀྱིས་གཞུང་དེའི་སྤྱི་ཁོག་དང་ཡན་ལག །དེའི་བརྡ་ཆད་དང་འབྲེལ་ཡོད་ཤེས་བྱ་ཁག་ལ་ནང་བྱན་ཆུད་པ་ཞིག་མ་བྱུང་ཚེ། གཞུང་དེ་གཞན་ལ་འཆད་དཀའ་ཞིང་། བཤད་ཀྱང་གཞན་གྱིས་གོ་དཀའ་བས། ཕ་རོལ་ཉན་པ་པོའི་རྒྱུད་ལ་གཞུང་འདི་ཇི་འདྲའི་གོ་དཀའ་ཨང་སྙམ་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་བསྐྱེད་འགྲོ་ཞིང་། དེའི་དབང་གིས་བསླབ་གཞི་དེར་སྦྱོང་འདོད་ཀྱི་འདུན་པ་ཇེ་ཆུང་དུ་འགྲོ་བ་ནི་སྨོས་མི་དགོས་པ་ཞིག་རེད་འདུག །དེར་བརྟེན་དེང་དུས་སློབ་གསོའི་དཔེ་དེབ་མང་པོ་ལས། “དཔེ་དེབ་སྟེང་གི་ཤེས་བྱ་དེ་རང་ཉིད་ཀྱི་རྩལ་ནུས་སམ་རང་རྒྱུད་ནས་ཐོན་པའི་ཤེས་བྱ་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ་དགོས།”ཞེས་བཀོད་འདུག་ཅིང་། དེ་ལ་བརྟེན་ནས་བསླབ་ཚན་གང་ཞིག་འཁྲིད་དགོས་ཀྱང་། མ་ཁྲིད་གོང་དུ་བསླབ་གཞི་ལ་ནང་སྦྱོང་ཡག་པོ་བྱེད་པ་དང་། སློབ་ཚན་དེ་ཁྲིད་སྐབས་ཉེ་བར་མཁོ་བའི་རྒྱུ་ཆ་རྣམས་བསྡུ་རུབ་ཡག་པོ་དགོས་པ་ནི་དེང་དུས་དགེ་རྒན་དག་གི་རྒྱུན་ཤེས་ཤིག་ཏུ་གྱུར་ཡོད། འོན་ཀྱང་། ང་ཚོའི་དགོན་སྡེའི་དགེ་རྒན་དག་ལ་མཚོན་ན་དེ་ལྟ་བུའི་གོམས་གཤིས་ཡོད་མཁན་ཤིན་ཏུ་ཉུང་ཞིང་། ཐ་ན། བསླབ་གཞི་གང་ཡིན་དང་དེའི་འབྲེལ་ཡོད་ཀྱི་ཤེས་བྱ་ཁག་ལ་བལྟ་ཀློག་དང་དོ་སྣང་བྱས་པའང་ཉུང་ཉུང་ཞིག་ཡིན། དེའི་དབང་གིས་དངོས་གཞི་སློབ་ཚན་འཁྲིད་སྐབས་སུ་གཞུང་གི་ཚིག་དོན་གཉིས་ཀ་དཔྱིས་ཕྱིན་པར་འཁྲིད་མི་ཐུབ་པས། ས་བཤད་རྡོ་བཤད་ལྟ་བུས་དུས་ཚོད་རྫོགས་འགྲོ་བའང་མང་དུ་ཡོད་པར་འདུག །
འོན་ཀྱང་རྒྱལ་དབང་ཀརྨ་པ་ནི་དེ་ལས་ལྡོག་སྟེ། བཤད་བྱ་སེམས་ཙམ་སུམ་ཅུ་པ་ལྟ་བུ་ཞིག་འཆད་སྐབས་སུའང་། དེའི་གོང་ནས་སྤྱིར་སེམས་ཙམ་པའི་ལོ་རྒྱུས་ཀྱི་བྱུང་རིམ་ལ་ཤེས་རྟོགས་མཛད། བྱེ་བྲག་བཤད་བྱ་སུམ་ཅུ་པའི་རྒྱ་འགྲེལ། བོད་འགྲེལ། རྒྱ་ནག་གི་འགྲེལ་བ། དེང་རབས་མཁས་པས་བྲིས་པའི་དཔྱད་རྩོམ་སོགས་ལ་གཟིགས་རྟོག་གནང་། དེ་ཉིད་འཆད་པ་ལ་ཉེ་བར་མཁོ་བའི་མཁས་པའི་ལོ་རྒྱུས། རྒྱ་བོད་ལོ་ཙཱ་པ་སོ་སོའི་འགྱུར་གྱི་ཁྱད་པར། སུམ་ཅུ་པའི་བཤད་བྱ་རྩ་བའི་མདོ་བཅུ་ཡི་དཔེ་མི་འདྲ་བ་གང་དག་ཡོད་མེད། དེ་དག་ལ་དེང་དུས་མཁས་པའི་འགྲེལ་བཤད་རྒྱག་ཚུལ་སོགས་འབྲེལ་ཡོད་ཤེས་བྱ་ཀུན་ལ་རྒྱུས་ལོན་གནང་གྲུབ་འདུག་པས། དངོས་གཞི་གཞུང་ལུགས་འཆད་ཁྲིད་ཀྱི་སྐབས་སུ་བསླབ་གཞི་ལ་ནང་བྱན་ཆུད་པས་གང་ནས་གསུངས་ཀྱང་ཐགས་ཐོགས་མེད་པ་དང་། གཞུང་དོན་གསལ་ཞིང་གོ་བདེ་བ། སྔོན་མེད་ཀྱི་ལེགས་བཤད་གསར་པ་མང་བས་ཉན་པ་པོ་མཁས་བླུན་སུ་ཡིན་ཡང་སྤྲོ་བ་འདྲེན་པ། འཆད་ཐབས་མགོ་རྙོག་པོ་མིན་པས་གཞུང་དོན་རྒྱ་ཆེན་པོ་ཡང་ཧ་ཅང་སྟབས་བདེ་པོས་ངོ་སྤྲོད་མཛད་ཐུབ་པས། ཉན་པ་པོ་དག་གི་སེམས་སུ་གཞུང་ལུགས་འདི་དག་དེ་འདྲའི་གོ་བདེ་ཨང་སྙམ་པའི་ཚོར་བ་ངང་གིས་སྦྱིན་པར་བྱེད། དེའི་དབང་གིས་དེ་ལ་སྦྱོང་འདོད་ཀྱི་འདུན་པ་ཡང་ཤུགས་ཆེ་རུ་འགྲོ་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་དུ་གྲུབ་འདུག་གོ། །
གཉིས་པ། གོ་བདེ་ཞིང་ཁ་གསལ་བ།
ང་ཚོ་བོད་ཀྱི་དགེ་བཤེས་མཁན་པོ་དང་། བླ་མ་སྤྲུལ་སྐུ་ཕལ་མོ་ཆེས་ཆོས་ཁྲིད་གནང་སྐབས་ཉན་མཁན་དག་ལ་གཞུང་དོན་གོ་བདེ་པོ་ཞིག་ཇི་ལྟར་ཡོང་བའི་ཐད་ལ་ཐུགས་བསམ་མི་བཞེས་པར། དང་ཐོག་ནས་གསུང་རབ་ཀྱི་ཐ་སྙད་རྒྱུན་སྤྱོད་མིན་པ་དག་ལྷུ་བསྒྲིགས། རྒྱ་བོད་མཁས་པ་ཚོས་གསུངས་པའི་ལུང་ཚིག་རིང་པོ་དག་གཅིག་རྒྱབ་ཏུ་གཅིག་བསྐྱོར་ཏེ། མཁས་ཉམས་གདོན་རྒྱུར་ཤིན་ཏུ་དགའ་བས། ཆུ་ཚོད་གཉིས་གསུམ་རིང་བཤད་བཤད་ཀྱང་བསྡུ་རྒྱུ་ཉར་རྒྱུ་དང་། གཟུང་རྒྱུ་འཁྱེར་རྒྱུ་གང་ཡང་མི་རྙེད། ཅི་ཞིག་གོ་ཡོད་མེད་མ་ངེས་ཀྱང་ལྷ་བབ་པ་ལྟ་བུའི་གཏམ་བཤད་རིང་པོ་དེས་བསླུ་བྲིད་ཐེབས་པའི་བླུན་པོ་ལ་ལ་ཞིག་གིས། ཨ་ལ་ལ་དེ་འདྲའི་མཁས་པ། དེ་འདྲའི་བླ་མ་ཟེར་ནས་ཟོལ་བསྟོད་བྱེད་པའང་མང་དུ་མཐོང་རྒྱུ་ཡོད། འོན་ཀྱང་དེའི་གྲས་ལ་བླ་མས་གང་གསུངས་ཡོད་པ་དང་། དེས་རང་ལ་གོ་བ་གསར་པ་ཅི་ཞིག་སྦྱིན་བྱུང་བ་སོགས་ཀྱི་ཐད་ནས་དྲིས་ན། མང་ཆེ་ཤོས་ཁ་རུ་མཛུབ་མོ་བརྒྱུས་ཏེ་བསྡད་རྒྱུ་ལས་དམིགས་བསལ་བ། ཁྱད་པར་ཅན། གང་ཡང་གསུང་རྒྱུ་མེད། ནང་དོན་གོ་རྒྱུ་མེད་པའི་གཏམ་བཤད་དེ་འདྲ་མཁས་པས་བཤད་ཀྱང་ཁྱོད་ལ་འབྲེལ་བ་ཅི་ཞིག་ཡོད་དེ་མེད་དོ། །
ཡང་དགོན་སྡེའི་དགེ་རྒན་མང་པོ་ཞིག་ནི་གཞུང་དོན་ཅུང་ཟད་བཤད་མ་ཐག་ཚིག་དོན་གང་རུང་ཞིག་ལ་འཇུ་ས་ལྟ་བུ་ཞིག་མཐོང་ཚེ། དེ་ལ་རྩོད་པ་ཡང་སྐོར་བསྐྱར་སྐོར་བརྒྱབ་སྟེ། སློབ་མ་རིག་པ་ཅུང་རྣོ་བ་རེ་ཁ་གཏད་ལྟ་བུ་བཅག་སྟེ། དུས་ཚོད་ཕལ་མོ་ཆེ་དེར་གཡེངས་ནས་སློབ་མ་གཞན་ཉོབ་སྣང་ཇི་ཙམ་བསྟན་ཀྱང་སྣང་བ་ཙམ་ཡང་མི་གཏོང་བར་ཁོ་རང་མི་གཉིས་ཕར་རྩོད་ཚུར་རྩོད་བྱས་བྱས་མཐར་ཆུ་ཚོད་ཁ་ཤས་འདས་ཀྱང་བསླབ་གཞི་ལས་ཤོག་ངོས་ཕྱེད་ཀ་ཡང་འཁྲིད་མི་ཐུབ་པར་དཔེ་ཁྲིད་གྲོལ་འགྲོ་བའང་མང་དུ་ཡོད་པར་འདུག །
དེ་ལྟ་བུའི་སློབ་ཚན་ཁྲིད་ཐབས་ཀྱིས་ཡུན་རིང་བསྐྱངས་པའི་སློབ་མ་རྣམས་ནི་སློབ་སྦྱོང་གི་འདུན་པ་ཇེ་ཆུང་ནས་ཇེ་ཆུང་དང་། སློབ་ཚན་ལ་ཉོབ་སྣང་ཇེ་ཆེ་ནས་ཇེ་ཆེ་རུ་སོང་སྟེ། མཐར་སློབ་ཚན་ཐེངས་རེ་ཙམ་མེད་པས་ཀྱང་དགའ་བསུའི་འཕག་འཚག་རྒྱག་མཁན་དུ་འགྱུར་འགྲོ་གིན་ཡོད། འོན་ཀྱང་ཤེས་དགོས་པ་ཞིག་ལ་དགེ་རྒན་དེ་དག་ལ་ལྷག་བསམ་མེད་པ་དང་སློབ་མ་ལ་བརྩེ་བ་མེད་པ་སོགས་གང་ཡང་མིན་པར་སློབ་ཁྲིད་ཀྱི་ཐབས་ལམ་ཡག་པོ་མི་མཁྱེན་པ་འམ། དེའི་སྐོར་ལ་དོ་སྣང་བྱེད་མ་མྱོང་བའི་ལན་པར་འདུག །
འོན་ཀྱང་། རྒྱལ་དབང་ཀརྨ་པས་འཆད་ཁྲིད་གནང་སྐབས་བརྡ་ཆད་གོ་དཀའ་བ་མང་པོ་ཞིག་སྡེབ་སྦྱོར་མཛད་དེ་ཚིག་གི་འཇའ་ཚོན་སླ་གིན་མི་འདུག་ལ། ལུང་ཚིག་འཛིན་དཀའ་བ་མང་པོ་ཞིག་ངག་ནས་བསྐྱོར་ཏེ་མཁས་པའི་སྒྲོབ་ཉམས་ཀྱང་ངོམ་གྱིན་མི་འདུག །ཁོང་གིས་ཆེས་གོ་སླ་བའི་མིང་ཚིག་དག་བཀོལ་སྤྱོད་མཛད་གང་ཐུབ་དང་། ཆེས་ཉན་སྤྲོ་ཞིང་གོ་རྒྱུ་ཟབ་པའི་གཏམ་རྒྱུད་དག་གང་ནུས་ཀྱིས་གསུངས་ཏེ། ཉོབ་སྣང་དང་སུན་སྣང་ཡོད་ཚད་བསལ་རྗེས། གོ་དཀའ་བ་དང་གནད་ཆེ་བའི་དོན་དག་ཡོད་དོ་ཅོག །དཔར་དང་རི་མོ། བརྡ་དང་རེའུ་མིག་སོགས་ཀྱི་ལམ་ནས་འགྲེལ་བཤད་ཁ་གསལ་རེ་བསྐྱོན་ཐེངས་རེར། དཀའ་གནད་ཀྱི་མདུད་པ་གྲོལ། ཚིག་དོན་གྱི་འཆིང་རྒྱ་ཞིག་ནས་ལོ་རྒྱུས་ཀྱི་དོན་དངོས་དང་། མི་སྣའི་སྣང་བརྙན། ཆོས་དངོས་ཀྱི་གནས་ལུགས་སོགས་འཆད་ཁྲིད་ཀྱི་བརྗོད་བྱ་ཐམས་ཅད་ཉན་པ་པོའི་ཀུན་རྟོག་གི་རས་ཡོལ་ངོས་སུ་གསལ་ལྷམ་མེར་འགོད་ཐུབ་ཀྱིན་འདུག་པས། འདི་ཡང་ཁོང་གི་འཆད་པའི་རྩལ་ནུས་ཤིག་དང་། ཁོ་བོ་ཁོང་གི་འཆད་ཁྲིད་ཀྱིས་ཡིད་འཕྲོག་པའི་རྒྱུ་མཚན་གཅིག་ཡིན་པར་འདུག །
གསུམ་པ། འཆད་ཁྲིད་ཀྱི་ཡུན་ཚད་རན་ལ་འོས་པ།
དེང་དུས་ཆེད་མཁས་པ་དག་གིས་ཞིབ་འཇུག་གི་ལམ་ནས་ཤེས་གསལ་ལྟར་ན། ང་ཚོ་མིའི་ཀླད་ཆེན་གྱིས་དོན་དག་གང་རུང་ཞིག་ལ་བསྒྲིམས་ཏེ་བསམ་གཞིག་བྱེད་སྐབས། མི་དར་མ་ཡུན་ཚད་སྐར་མ་དྲུག་ཅུ་དང་གཞོན་ནུ་སྐར་མ་བཞི་བཅུ་ལས་བརྒལ་ཚེ། རང་བཞིན་གྱིས་ཀླད་པར་ངལ་དུབ་སླེབས་ཏེ། རིམ་པ་གཅིག་ཏུ་སྒྲིམ་མི་ནུས་པ་དང་། ཡིད་འཛིན་གྱི་ནུས་པ་སྐྱོ་རུ་འགྲོ་བར་བཤད། དེའི་དབང་གིས། དེང་དུས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུའང་སློབ་ཁྲིད་ཀྱི་ཡུན་ཚད་སྐར་མ་བཞི་བཅུ་ཞེ་ལྔ་ལས་བརྒལ་བའི་ལུགས་སྲོལ་མེད་པ་ནི་རྒྱུན་མཐོང་གི་དོན་དག་ཅིག་ཡིན་མོད། འོན་ཀྱང་དགོན་སྡེ་ཁག་གི་སློབ་ཚན་འཁྲིད་ཡུན་ནི་ཉུང་མཐར་ཡང་ཆུ་ཚོད་གཉིས་མ་ཟིན་ཙམ་ཞིག་ཡིན་ཞིང་། དགེ་རྒན་འགའ་རེས་ཆུ་ཚོད་གསུམ་བཞི་ཙམ་ལ་སློབ་ཚན་མི་གྲོལ་བར་བར་མཚམས་མེད་པར་སློབ་ཁྲིད་བྱེད་པའི་ལུགས་སྲོལ་བོད་ཀྱི་དགོན་སྡེ་ཆེ་ཁག་གང་ས་རུ་མཐོང་རྒྱུ་ཡོད། དེས་བློ་སྐྱེད་ཁྱད་པར་ཅན་ཞིག་ཐོན་ན་དེར་ཟད་མོད་ཀྱང་། བློ་སྐྱེད་ཐོན་རྒྱུའི་ཚབ་ཏུ་སློབ་མ་མང་ཆེ་ཤོས་ཉོབ་ཏོ་ཆགས། ལ་ལ་གཅིན་པ་ཡང་འཆོར་རན་ཏེ་བསྲན་མི་ཚུགས་པའི་གནས་སུ་གྱར་ཡོད། དེ་འདྲ་ཐེངས་རེ་ཙམ་ཡིན་ན་དེ་ཙམ་མི་སྐྱོན་ཡང་། ལན་མང་པོ་གནས་ཚུལ་དེ་འདྲ་བྱུང་དུས་སློབ་མ་ཐམས་ཅད་སློབ་ཚན་ལ་སྤྲོ་བ་ཉམས་པ། སུན་སྣང་སྐྱེ་བ། ཐ་ན། ཆོས་འཆད་མཁན་ལ་ཁོང་ཁྲོ་དང་ངན་སྨོད་བྱེད་པའི་སྣང་ཚུལ་ཡང་གང་ས་ནས་མཐོང་རྒྱུ་ཡོད། དེ་ལ་མང་པོ་ཞིག་གིས་སྔོན་ཆད་ཉིན་གང་པོར་ཆོས་ཁྲིད་བྱེད་པ་ཡང་ཡོད་མོད། ཉོབ་སྣང་མི་སྐྱེ། ད་ལྟ་ཆུ་ཚོད་གཉིས་གསུམ་ཙམ་ཡང་སྡོད་མི་ཚུགས་པ་འདི་དད་པ་མེད་པའི་སྐྱོན་ཡིན་ཞེས་སྡིགས་སྲིད་མོད། འོན་ཀྱང་སྔོན་ཆད་ཀྱི་སློབ་མ་དང་ད་ལྟའི་སློབ་མའི་ཁམས་དབང་མི་མཐུན་པ་དང་། ད་ལྟ་ཡོད་ཚད་སྟབས་བདེ་དང་མགྱོགས་ཚད་ཅན་ལ་མོས་པས། དེར་མཐུན་གྱི་སློབ་ཁྲིད་བྱ་མ་ཤེས་ན་སྨན་དུག་ཏུ་འགྱུར་བའི་ཉེན་ཁ་ཡང་ཤིན་ཏུ་ཆེ་བར་སྙམ་མོ། །
རྒྱལ་དབང་ཀརྨ་པའི་འཆད་ཁྲིད་ཐམས་ཅད་སྐར་མ་བཞི་བཅུ་ཞེ་གྲངས་སམ། ཇི་ཙམ་རིང་ཡང་ཡུན་ཚད་སྐར་མ་ལྔ་བཅུ་ལས་བརྒལ་གྱིན་མི་འདུག་པས། སློབ་ཁྲིད་ཡུན་ཚད་ཀྱི་ཆ་ནས་མིའི་ཀླད་ནུས་དང་། དེང་རབས་ཀྱི་ཁྲིད་སྟངས་དང་མཐུན་ཞིང་། སློབ་ཚན་གཉིས་རེ་འཁྲིད་དགོས་ཚེ་བར་སྟོང་སྐར་མ་སུམ་ཅུ་ཙམ་འཇོག་གིན་འདུག་པས། འཆད་ཁྲིད་ཕྱི་མ་ཉན་སྐབས་རྣམ་རིག་དྭངས་ཤིང་། ཉོབ་སྣང་མི་སྐྱེ་བའི་སོགས་ཐབས་མཁས་ཀྱི་མཛད་པ་ཞིག་ཏུ་མཐོང་སོང་། མ་གཞི་ཁོང་གི་དཔྱིད་ཆོས་དབྱར་ཆོས་གང་རུང་རེའི་བསླབ་གཞི་རེ་ལ་སྐར་མ་སྟོང་ཕྲག་བཞི་ལྷག་གི་འཆད་ཁྲིད་ཡོད་པས། ཧོབ་སྟེ་བསམས་ན་ཆ་ཚང་ཞུ་གང་ནས་ཐུབ་སྙམ་པ་ཞིག་ཡོང་ངེས་ཀྱང་། དངོས་སུ་མཉན་སྐབས་སློབ་ཐུན་རེ་རེར་སྐར་མ་བཞི་བཅུ་ཙམ་ལས་མེད་པས། སྔར་གྱི་དཀའ་སྣང་དེ་ངང་གིས་སེལ་འགྲོ་ཞིང་། འཆད་ཁྲིད་ཕྱི་མ་དག་ལ་མཉན་པའི་འདུན་པ་ཇེ་ཆེར་སོང་སྟེ། ཉིན་ཤས་ཤིག་ནས་སློབ་ཚན་ཆ་ཚང་སྣང་བ་མེད་པར་ཞུ་གྲུབ་ཀྱིན་འདུག་པས། འདི་ནི་གཅིག་ནས་ཁོང་རང་ཉིད་གཞུང་དོན་འཆད་མཁས་པས་ཡིན་ངེས་ཀྱང་། གཙོ་བོ་སློབ་ཐུན་རེ་རེའི་ཚུགས་ཡུན་རན་ལ་འོས་པས། ཀླད་པ་ལ་དཀའ་སྣང་དང་ཉོབ་སྣང་མི་སྦྱིན་པའི་དབང་གིས་ཡིན་པའང་མཐོང་ཆོས་མྱོང་གྲུབ་རེད་འདུག་གོ། །
བཞི་པ། བསླབ་གཞི་དང་འབྲེལ་མེད་ཀྱི་ཉོག་གཏམ་མེད་པ།
ངའི་རྩོམ་གྲོགས་ཐོས་རྒྱ་ཅན་ཞིག་གིས་”ང་ཡོད་སའི་ཁོར་ཡུག་འདིའི་མཁན་པོ་དགེ་བཤེས་རྣམ་པས་དཔེ་ཁྲིད་ཆུ་ཚོད་གཉིས་ལྷག་ཁྲིད་ཀྱང་། བསླབ་གཞིའི་གཞུང་ངོ་མ་སྐར་མ་སུམ་ཅུ་ཙམ་ཡང་ཁྲིད་གནང་གི་མི་འདུག །ལྷག་མའི་དུས་ཚོད་ཚང་མ་འབྲེལ་མེད་དོན་གཞན་ཤ་སྟག་བཤད་ནས་བཞུགས་ཀྱི་འདུག །སྔོན་ཆད་ངས་དེ་དག་ལ་འཁང་ར་བྱེད་མྱོང་མོད། ད་ལྟ་བསམས་ན་ཁག་མི་འདུག །ཁོང་ཚོ་སུ་ཡང་སྐད་ཆ་བཤད་སྟངས་ཀྱི་སྦྱོང་བརྡར་ཆུ་ཚོད་གཅིག་ཙམ་ཡང་བྱེད་མ་མྱོང་ཞིང་། སྐད་ཆ་ཤོད་སྟངས་ལ་སློབ་སྦྱོང་ཉིན་གཅིག་ཀྱང་བྱེད་མ་མྱོང་བས། ཁག་མི་འདུག །”ཟེར། ཤིན་ཏུ་བདེན་ཏེ། དེ་ལྟ་བུའི་གནས་ཚུལ་ནི་ཁོང་བཞུགས་སའི་དགོན་པ་ཙམ་ལ་མ་ཡིན་པར་མདོ་དབུས་ཁམས་གསུམ་གྱི་དགོན་པ་མང་ཆེ་བར་ཁྱབ་ཡོད་པ་མངོན་སུམ་ཡིན་ལ། དེའི་དབང་གིས་གྲྭ་གཞོན་ལོ་ཆུང་ཕལ་མོ་ཆེ་མཁན་པོ་དགེ་བཤེས་དང་། བླ་མ་སྤྲུལ་སྐུ་དག་གི་བཀའ་ཆོས་དང་སློབ་ཚན་ལ་དགོས་དབང་ཙམ་ཞིག་གིས་མ་གཏོགས་ཉན་པའི་སྤྲོ་བ་ཆེས་ཆེར་ཉམས་འདུག་ལ། ཚབས་ཆེ་ས་ནས་དེ་དག་ལ་སུན་སྣང་དང་ཉོབ་སྣང་གིས་རྒྱབ་ནས་ངན་སྨོད་སྣ་ཚོགས་བྱེད་པའང་མཐོང་རྒྱུ་ཡོད་པར་ཐོས།
སྤྱིར་དེང་སྐབས་རིག་གནས་སྣ་མང་གི་དུས་རབས་ཤིག་ཡིན་པས། ཚད་ལྡན་གྱི་སློབ་གསོ་ཡོད་པའི་ཁོར་ཡུག་གི་དགེ་རྒན་དག་ལ་མཚོན་ན། བསླབ་གཞི་གོ་བ་ལོན་ཙམ་གྱིས་མི་ཆོག་པར་སློབ་མ་རེ་རེའི་ཁམས་དབང་དང་བསྟུན་ནས་སློབ་ཁྲིད་བྱ་ཐབས་དང་། སློབ་ཚན་རེ་རེའི་སྐབས་སུ་སྐད་ཆ་ཤོད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཚུད་ཆད་སྦྱོང་བརྡར་བྱ་དགོས་པ་དང་། དེ་འབྲེལ་གྱི་ཤེས་བྱ་དང་དཔེ་ཀློག་ལ་བརྩོན་ནས་རང་ཉིད་སློབ་མ་གསོ་སྐྱོང་བྱེད་པའི་ཐབས་རྩལ་གྱིས་ཕྱུག་པ་ཞིག་ཏུ་བསྒྱུར་དགོས་པ་ནི་དགེ་རྒན་བྱེད་པའི་སྔོན་འགྲོའི་བྱ་བ་ཞིག་ཡིན་པར་འདུག་ཀྱང་། ང་ཚོ་ལ་དེ་ལྟ་བུའི་ལམ་ལུགས་དང་ཁོར་ཡུག་གཉིས་ཀ་དཀོན་པས་དགོན་སྡེའི་གྲྭ་བཙུན་དག་གིས་འདིའི་ཐད་ཀྱི་སློབ་གསོའི་ཕམ་ཁ་ཡང་མྱངས་དང་མྱོང་བཞིན་ཡོད་པ་མཐོང་ཆོས་སུ་གྱུར་ཡོད།
སྐད་ཆ་གང་ཞིག་སྔོན་ལ་བཤད་དགོས་པ་དང་གང་ཞིག་རྗེས་སུ་ལབ་དགོས་པ། གང་ལ་གཏམ་རྒྱུད་མཁོ་བ་དང་གང་ལ་ཀུ་རེ་མཁོ་བ། དུས་ཇི་ཙམ་བཤད་ན་འཚམ་པ་དང་འཆད་ཡུལ་གང་ལ་སྐད་ཆ་གང་བཤད་དགོས་པ་སོགས་ལ་བསྟུན་ནས་གཏམ་བཤད་ཚད་ལྡན་ཞིག་བྱ་ཐུབ་རྒྱུ་ནི། ཁེ་ལས་པ། འགོ་འཛིན་པ། ཚོང་པ། ཞབས་ཞུ་པ་སོགས་མི་ཕལ་མོ་ཆེར་ཤིན་ཏུ་མཁོ་བར་བཤད་ན། མི་ཚེ་གཅིག་གཞན་ལ་སྐད་ཆའི་ལམ་ནས་སློབ་སྟོན་བྱེད་དགོས་པའི་མཁན་པོ་དང་བླ་མ། དགེ་རྒན་སོགས་ལ་དེ་བས་ཀྱང་སྨོས་ཅི་དགོས། དེའི་དབང་གིས། མདོ་སྡེ་རྒྱན་ལས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཅུ་གསུང་སྐབས་”དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །”ཞེས་སྨྲ་མཁས་པ་དེ་དགེ་བའི་བཤེས་གཉེན་ལ་འཛོམས་དགོས་པའི་མཚན་ཉིད་གཅིག་ཏུ་བསྟན་པ་མིན་ནམ། དེར་མ་ཟད། སྨྲ་མཁས་ཀྱི་ཡོན་ཏན་ནི་ཤིན་ཏུ་གལ་ཆེ་བའི་དབང་གིས་དེ་རིང་ཁ་སང་མི་རིགས་གཞན་གྱི་སྐད་ཡིག་ཏུ་སྐད་ཆ་ཤོད་སྟངས་སྐོར་གྱི་དཔེ་དེབ་ཀྱང་གྲངས་ཀྱིས་མི་ལོན་པ་བྱུང་འདུག་ལ། སྐད་ཆ་ཤོད་སྟངས་ལ་ཞིབ་འཇུག་གནང་མཁན་ཡང་དེ་བས་མང་པོ་ཡོད་པར་འདུག་མོད། འོན་ཀྱང་འུ་ཚོའི་དགོན་སྡེའི་དགེ་རྒན་མང་ཤོས་ནི་དེ་དག་ལ་བློ་ཁ་ཙམ་ཡང་ཕྱོགས་མེད་པས། གཞུང་ཆེན་མོར་བྱང་ཆ་ཆེ་ཞིང་ཚིག་འཁྲི་ལ་ཇི་ཙམ་གོམས་ཀྱང་སློབ་མའི་སེམས་པ་བཀུག་མི་ཐུབ་པ་དང་། སློབ་མ་རིག་གཞུང་ལ་དབྱིངས་སྤར་མི་ཐུབ་པར་དུས་ངན་སྙིགས་མའི་སེར་གཟུགས་འདི་དག་ལ་ཆོས་དང་རིག་གཞུང་གི་སྐལ་བ་མེད་དོ་ཞེས་ཡོད་ཚད་དུས་ལ་ཁག་གཡོགས་ཏེ་ཐུགས་སེམས་སྐྱོ་སྐྱོའི་ངང་དུ་བཞུགས་ཡོད་པ་མ་ཡིན་ནམ།
རྒྱལ་དབང་ཀརྨ་པའི་འཆད་ཁྲིད་ལ་མཇལ་སྐབས་ང་ལ་ཚོར་སྣང་ཞིག་འབྱུང་བ་ནི། ཁོང་གིས་གོང་སྨོས་རྒྱུན་ཤེས་དེ་དག་ལ་ཧ་ཅང་དོ་སྣང་མཛད་ཡོད་པ་རྗེས་སུ་དཔོག་ནུས་ཀྱིན་འདུག་སྟེ། ཁོང་གིས་ལོ་རྒྱུས་དང་གཞུང་ལུགས་གང་ཞིག་འཆད་ཀྱང་དེ་དང་འབྲེལ་ཡོད་འབའ་ཞིག་འཆད་པ་མ་གཏོགས། ལ་བཤད་ལུང་བཤད་དང་། ས་བཤད་རྡོ་བཤད་ཀྱི་ཉོག་གཏམ་དག་གཏན་ནས་ཐོས་རྒྱུ་མི་འདུག་ཅིང་། སྟོན་པའི་རྣམ་ཐར་ལྟ་བུ་ཞིག་འཆད་པའི་སྐབས་སུའང་དང་པོ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྲེལ་བརྗོད་མཛད། དེ་ནས་སྟོན་པ་གཞན་གྱི་མཛད་སྤྱོད་ངོ་སྤྲོད་བྱེད། དེ་རྗེས་རང་རེའི་སྟོན་པའི་ཐུན་མོང་མིན་པའི་ཐུགས་གཤིས་དང་ལྟ་སྤྱོད་དག་ངོ་སྤྲོད་གནང་དུས། ད་གཟོད་གློག་བརྙན་རིང་མོ་ཞིག་ལ་བལྟས་པ་ལྟར་མི་སྣ་གཙོ་བོའི་ཁྱད་ཆོས་དང་འགུག་ཤུགས་ཐམས་ཅད་རང་གི་ཡིད་ངོར་འཕོས་པ་ལྟ་བུའི་ཚོར་བ་སྦྱིན་གྱིན་འདུག་པས། འདི་ཡང་ཁོང་གི་སྨྲ་མཁས་ཀྱི་ཡོན་ཏན་ཞིག་དང་ང་རང་ཁོང་གི་འཆད་ཁྲིད་ལ་སེམས་པ་ཤོར་བའི་རྒྱུ་མཚན་གཅིག་ཉག་གཅིག་ཡིན་ནོ།།
ལྔ་པ། བཤད་བྱ་དང་ཉན་མཁན་བར་ཐག་ཉེ་རུ་གཏོང་ཐུབ་པ།
ནམ་རྒྱུན་ང་ཚོའི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་སུ་སྟོན་པ་དང་རྒྱན་དྲུག་མཆོག་གཉིས། བོད་ཀྱི་ལོ་པཎ་མཁས་གྲུབ་སུ་ཞིག་གི་རྣམ་ཐར་བཤད་ཀྱང་། དེ་དག་གི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཏེ། མངོན་ཤེས་དང་རྫུ་འཕྲུལ། སྟོབས་སོགས་ཡོན་ཏན། བདེན་གཉིས་ཅིག་ཅར་དུ་གཟིགས་པ། ཀུན་རྫོབ་ཀྱི་སྣང་བ་ནུབ་པ། མཚན་དཔེ་གསར་རྫོགས་ཀྱིས་སྤྲས་པ་སོགས་ཕལ་པའི་བློ་ཡུལ་དུ་འཆར་དཀའ་བ་ཤ་སྟག་གསུང་སྲོལ་ཡོད་པས། དབང་རྟུལ་དད་པའི་རྗེས་འབྲང་པ་རེ་ཟུང་གཏམ་དེ་ཚོས་དང་བ་འདྲེན་ནུས་སུ་ཆུགས་ཀྱང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ངམ་རྟོག་དཔྱོད་ལ་དགའ་བའི་དེང་གི་སློབ་མ་དང་གདུལ་བྱ་དག་ལ་མཚོན་ན། ཡོན་ཏན་དེ་དག་རང་ལ་ཆ་རྒྱུས་གཏན་ནས་མེད་པ་ཙམ་དུ་མ་ཟད། དེ་ལྟའི་ཡོན་ཏན་ཞིག་ཡོད་ངེས་པའི་རྒྱུ་མཚན་ཙམ་ཡང་གསལ་པོ་མཐོང་རྒྱུ་མེད་པས། ཇི་ཙམ་བཤད་ཀྱང་གཏམ་དེ་དག་གིས་རང་ཉིད་དང་སྔོན་བྱོན་དམ་པའི་བར་ཐག་ནི་གནམ་སའི་བར་ཐག་བཞིན་ལེ་དབར་ཁྲི་སྟོང་མང་པོས་ཆོད་ཡོད་པའི་ཚོར་བ་སྦྱིན་པར་བྱེད་པས། ཁོང་རྣམ་པ་ནི་གསོལ་འདེབས་བྱ་སའི་ཡུལ་ཙམ་ཞིག་ལས་རང་ཉིད་ཁོང་རྣམ་པ་ལྟ་བུ་ཞིག་ལ་ནམ་ཡང་མ་གྱུར། མི་འགྱུར། འགྱུར་བར་མི་སྲིད་དོ་སྙམ་པའི་བློ་ཐག་ཅིག་ངང་གིས་ཆོད་ཡོད། དེའི་རྒྱུ་མཚན་ནི། ང་ཚོས་དམ་པ་གོང་མ་དག་ཚིག་གི་སྒྱུ་རྩལ་དང་རྟོག་པའི་འཆར་སྣང་གིས་ནམ་མཁའ་རུ་བཀྱག་དྲགས་པས། ཁོང་རྣམ་པའང་དངོས་ཡོད་ཀྱི་མི་ཞིག་ཡིན་པ་དང་། འདས་པའི་ལོ་ཟླ་ག་གེ་མོ་རུ་རང་གི་ཕུགས་བསམ་གྱི་ཕྱིར་དུ་དཀའ་སྡུག་དང་རྔུལ་ཆུས་ལུས་སེམས་བརླན་མྱོང་བའི་ཚོར་བ་སྐྱེ་རྒྱུ་མེད་ལ། ཕྱི་རོལ་པ་དག་གིས་འཆད་བཞིན་པའི་འཇིག་རྟེན་བཀོད་པ་པོ་ལྟར་རྟག་པ་རང་བྱུང་གི་རྣམ་པར་བསྐྲུན་ཡོད་པས། ད་ལྟའི་ང་རང་ཚོ་ཁོང་རྣམ་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ནི་སྒོ་ཁྱི་སེང་གེ་ལ་འགྱུར་མི་སྲིད་པའི་དཔེ་ལྟར་རེ་ཐག་སེམས་གཏིང་ནས་ཆོད་ཡོད་པའང་སློབ་ཁྲིད་བྱེད་སྟངས་འདིས་བསྐྱེད་པའི་མཇུག་འབྲས་སུ་མཐོང་གི་འདུག །
དེ་བཞིན་དུ་བྱམས་སྙིང་རྗེའམ་བྱང་ཆུབ་ཀྱི་སེམས་ལྟ་བུ་ཞིག་ལ་འགྲེལ་བཤད་རྒྱག་སྐབས་སུ་ཡང་། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་སེམས་ཁྱད་པར་ཅད་དེ་དེའི་མཚན་ཉིད། དེ་ལ་དབྱེ་ན་སེམས་བསྐྱེད་ཉེར་གཉིས། དང་པོ་གསུམ་གྱི་ས་མཚམས་གཅིག་གཅིག །དེ་ཡིན་ན་སེམས་བསྐྱེད་ཡིན་པས་ཁྱབ་མ་ཁྱབ་སོགས་ཚིག་སྐམ་པོའི་འགྲེལ་བཤད་ཁོ་ན་རྒྱག་པ་ལས། བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཞེས་པའི་བློ་རིག་འདི་དག་ལ་རིན་ཐང་ཅི་ཞིག་ཡོད་པ། སེམས་བྱུང་དེ་དག་གིས་འགྲོ་བ་མིའི་རིགས་ལ་ཞི་བདེ་འཆམ་མཐུན་གྱི་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་མིན་དང་། མི་དང་རང་བྱུང་ཁམས། མི་དང་སྲོག་ཆགས་གཞན་གྱི་བར་མཉམ་གནས་ཀྱི་མཐུན་རྐྱེན་གང་ཞིག་བསྐྲུན་ཐུབ་པ། ཡང་ན་གང་ཟག་སྒེར་པ་ཞིག་གིས་བློ་རིག་དེ་དག་རང་རྒྱུད་ལ་བསྐྱེད་ནུས་ན་མི་ཚེ་ལ་བདེ་སྐྱིད་ཅི་ཞིག་སྤྲོད་ཐུབ་མིན་དང་འཚོ་བ་ལ་སྤྲོ་སྣང་གང་ཞིག་སྤེལ་ཐུབ་མིན། རང་གི་མི་ཚེ་ལ་བྱམས་བརྩེ་དང་འབྲེལ་བའི་སེམས་བྱུང་དེ་དག་གིས་འགྱུར་བ་གང་ཞིག་བཏང་སོང་བ་དང་དྲོད་སྐྱིད་ཅི་ཞིག་སྟེར་སོང་བ་སོགས་མདོར་ན་བློ་རིག་དེ་དག་གི་རིན་ཐང་ལས་སླ་པོའི་ངོས་འཛིན་ཐུབ་པ་དང་། དེར་མ་ཟད། དེ་འདྲ་བའི་བློ་ཞིག་ང་ཚོས་ཀྱང་རང་རྒྱུད་ལ་བསྐྱེད་ཐུབ་པ། བསྐྱེད་ན་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཡོད་པ་སོགས་ལ་གོ་བ་རྣལ་མ་སྤྲོད་ཐུབ་མཁན་ཤིན་ཏུ་དཀོན་པས། དཔེ་ཆ་ལོ་མང་བལྟས། གཞུང་ལུགས་བྱང་ཆ་ཕུད། རྩོད་པ་ཉིན་མཚན་སྦྲེལ་ནས་བརྒྱབ་ཀྱང་འཚོ་བ་དངོས་ཀྱི་ཐོག་ཏུ་སླེབས་སྐབས་མི་དང་མིའི་བར་དུ་བསམ་ཤེས་མི་ཐུབ་པ། རང་ལྟ་མཆོག་འཛིན་ཆེ་བ། ཉམས་ཐག་ནད་པ་དང་། མགོན་མེད་དུད་འགྲོ །ཐ་ན། ཕ་མ་དང་ནང་མིའི་སྐྱིད་སྡུག་ཙམ་ལའང་བརྩེ་བ་ཕར་ཞོག་ཚོར་བ་གང་ཡང་མེད་པའི་དགོན་སྡེའི་གྲྭ་བཙུན་ཤིན་ཏུ་མང་། དེའི་རྒྱུ་མཚན་ཡང་ཁོང་ཚོའི་མི་ཚེ་ལ་ནང་ཆོས་ཀྱི་བསླབ་བྱ་ངོ་མ་སེམས་རྒྱུད་དུ་འཇོག་ཤེས་མཁན་གྱི་དགེ་རྒན་ཐབས་མཁས་ཅན་ཉམས་མྱོང་ཅན་ཞིག་མ་འཕྲད་པ་དང་། སྦྱངས་ཚད་ཚིག་ཙམ་དུ་སོང་བའི་ལན་པར་འདུག་སྙམ།
འོན་ཀྱང་། རྒྱལ་དབང་ཀརྨ་པས་ཉེ་བའི་ལོ་འདི་དག་ལ་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། གནས་བརྟན་འོད་སྲུང་ཆེན་པོ། ཀུན་དགའ་བོ། ཐོགས་མེད་སྐུ་མཆེད། དྭགས་པོ་རིན་པོ་ཆེ། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱི་རྣམ་ཐར་སྙན་ལ་འཇེབས་པ། ལོ་རྒྱུས་རིག་པ་དང་མཐུན་པ་མང་པོ་ཞིག་གསུངས་སོང་བས། དེ་དག་རྣ་བས་མཉན་ཅིང་སེམས་ཀྱིས་མྱོང་བའི་སྐབས། དམ་པ་ཁོང་ཅག་ཚང་མ་མི་མཐོང་ནམ་མཁའི་དབྱིངས་རུམ་དུ་བཞུགས་པའི་ལྷ་ཞིག་དང་། ངོ་མཚར་སྤྲུལ་པའི་ཆོ་འཕྲུལ་རྩེན་པའི་དངོས་མེད་ཅིག་མིན་པར་ཁོང་ཚོ་ཐོག་མར་ངེད་ཅག་དང་འདྲ་བར་ཆགས་སྡང་ཚོར་བས་བཟི་མྱོང་ཞིང་། སྐྱིད་སྡུག་མིག་ཆུས་སྐྱོམ་མྱོང་བའི་སྐྱེ་བོ་རང་འགའ་བ་ཞིག་ཡིན་ནའང་། དང་པོ་རླབས་ཆེན་གྱི་ཕུགས་འདུན་འཁྲུངས། བར་དུ་དཀའ་སྡུག་གི་ལ་མོ་བརྒལ། ཐ་མ་རྒྱལ་ཁའི་ས་ཚིགས་སུ་འབྱོར་བའི་མི་བུ་སྙིང་རུས་ཅན། རྒྱུན་འཁྱོངས་ཅན། ལྷག་བསམ་ཅན་ཤ་སྟག་ཡིན་པའི་ཚོར་བ་དབང་མེད་དུ་སྦྱིན་པར་བྱེད་ཅིང་། སྦྱིན་ནས་ཀྱང་ང་ཚོ་ད་ལྟའི་མི་དག་གིས་དེ་ལྟ་བུའི་ལམ་ཁ་ཞིག་བདམས་ནས། བརྩོན་པ་དང་རྒྱུན་འཁྱོངས་བྱས་ཚེ་བྱ་གཞག་རླབས་པོ་གང་ཡིན་ཡང་འགྲུབ་སྲིད་པའི་གནས་ལུགས་ཤིག་བློ་ངོར་རང་བཞིན་གྱིས་འཆར་ཡོང་། དེར་མ་ཟད། སྟོན་པ་དང་གནས་བརྟན་ཆེན་པོ་དེ་དག་གཤེགས་ནས་ལོ་ངོ་བརྒྱ་ཕྲག་མང་པོ་འདས་ཟིན་ཀྱང་། ད་དུང་ཉེ་འཁོར་ཞིག་ནས་གསུང་གླེང་མཛད་བཞིན་པའི་སྣང་བ་སྦྱིན།
དེ་བཞིན་དུ་ཁོང་གི་ཆོས་ཀྱི་ནང་དོན་གང་ཞིག་གསུངས་ཀྱང་། ཧ་ཅང་གོ་སླ་ཞིང་སེམས་ལ་བཟུང་བདེ་བ། འཚོ་བའི་ཁྲོད་འཁྱེར་བདེ་བའི་ཁྱད་ཆོས་འདུག་པས། ཁོང་གི་འཆད་ཁྲིད་ཉན་རྗེས་རང་ཉིད་ཀྱིས་མང་པོ་ཞིག་ཤེས་སོང་སྙམ་པའི་སེམས་བྱུང་ཞིག་རྟག་ཏུ་སྐྱེ་ཡོང་གིན་འདུག །དེ་ནི་ང་རང་ཉན་མཁན་ཤེས་རབ་ཆེ་དྲགས་པས་མིན་པར་འཆད་མཁན་གྱི་ལོ་རྒྱུས་ངོ་མའི་བཞིན་རས་དང་གཞུང་དོན་གསོན་པོ་ཞིག་འགྲེལ་བརྗོད་བྱེད་ཐུབ་པས་ཡིན་པར་འདུག །དེར་བརྟེན། དགེ་རྒན་བྱེད་མཁན་ཞིག་ལ་མཚོན་ན་གཞུང་ལུགས་གང་འཆད་ཀྱང་། དོན་དངོས་དང་མཐུན་ཞིང་ང་ཚོ་དང་བར་ཐག་ཉེ་རུ་གཏོང་ཐུབ་རྒྱུ་ནི་ཇི་འདྲའི་གལ་ཆེ་ཨང་སྙམ།
མཇུག་གི་གཏམ།
མདོར་ན་བདག་གིས་ལོ་འདི་དག་གི་རིང་ལ་རྒྱལ་དབང་ཀརྨ་པའི་རིག་གཞུང་འཆད་ཁྲིད་ལ་རྒྱུན་རིང་མཉན། བོད་ཀྱི་མཁན་པོ་དགེ་བཤེས་གཞན་གྱི་སློབ་ཁྲིད་ལའང་དོ་སྣང་བྱས། དགོན་པ་མང་པོ་ཞིག་གི་འབྲེལ་ཡོད་གྲོགས་པོ་དག་ལ་དེ་འབྲེལ་གྱི་ཁ་བརྡ་ཡང་ཡང་བྱས་པས། རྒྱལ་དབང་ཀརྨ་པ་ལ་མཁན་པོ་དགེ་བཤེས་གཞན་མང་པོ་ཞིག་ལ་མེད་པའི་འཆད་ཁྲིད་གནང་སྟངས་གྱི་ཁྱད་ཆོས་སམ་ཡོན་ཏན་མང་པོ་ཞིག་ཡོད་པར་མཇལ་སོང་ལ། མཇལ་ནས་ཀྱང་ཡོན་ཏན་འདི་དག་ང་ཚོའི་དགོན་སྡེའི་དགེ་རྒན་གཞན་ལའང་བྱུང་ན། གཅིག་ནས་ཁོང་རྣམ་པའི་ཐུགས་ཀྱི་ཟབ་ས་རུ་ཉར་བའི་ལེགས་བཤད་དང་གདམས་ངག་དག་སློབ་མ་རྣམས་ཀྱི་རྒྱུད་ལ་འཇོག་སླ་བ་དང་། གཉིས་ནས་བོད་ཀྱི་གྲྭ་བཙུན་ལོ་གཞོན་རྣམས་ཀྱང་རང་རང་གི་བཤེས་གཉེན་དག་ལ་གུས་པ་འཕེལ་ནས་ཆོས་ཁྲིད་ལ་ཉོབ་སྣང་དང་སུན་སྣང་གི་སྡུག་བསྔལ་དག་མེད་པར་གྱུར་ཏེ། རིག་གཞུང་ལ་དབྱིངས་འཕར་བ་དང་། དེའི་རང་རྒྱུད་ལ་ཆོས་ཀྱི་ཡོན་ཏན་བསྐྱེད་པ་སོགས་ཀྱི་དགོས་པ་མང་དུ་མཐོང་ནས་རྩོམ་ཐུང་འདིར། གཙོ་ཆེ་བའི་དབང་དུ་བྱས་ཏེ་རྒྱལ་དབང་ཀརྨ་པ་ལ་ཡོད་པའི་འཆད་ཁྲིད་ཀྱི་ཡོན་ཏན། ༡ བསླབ་གཞི་ལ་ནང་བྱན་ཆུད་པ། ༣ ཁ་གསལ་ཞིང་གོ་བདེ་བ། ༣ འཆད་ཁྲིད་ཀྱི་ཡུན་ཚད་རན་ལ་འོས་པ། ༤ བསླབ་གཞི་དང་འབྲེལ་མེད་ཀྱི་ཉོག་གཏམ་མེད་པ། ༥ བཤད་བྱ་དང་ཉན་མཁན་བར་ཐག་ཉེ་རུ་གཏོང་ཐུབ་པ་བཅས་དོན་ཚད་ལྔའི་ཐད་ནས་ད་ལྟའི་དགོན་སྡེའི་སློབ་གསོའི་མ་འདང་བའི་ཆ་དང་ཅུང་ཟད་སྦྱར་ཏེ་སྤེལ་བ་ཡིན།
སྐབས་འདིར་ངེས་དགོས་པ་ཞིག་ལ་ངས་འདིར་རྒྱལ་དབང་ཀརྨ་པའི་སློབ་ཁྲིད་གནང་སྟངས་དང་སྦྱར་ནས་བཤད་དགོས་དོན་ནི། རང་ཉིད་བཀའ་བརྒྱུད་པ་ཞིག་ཡིན་པ་དང་། རང་ལ་ཆ་རྒྱུས་ཡོད་པ་དག་གི་ཁྲོད་ནས་ཁོང་གི་འཆད་ཁྲིད་གནང་སྟངས་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་མཐོང་སྟེ། སྨྲས་པ་ལས་ཕྱོགས་ཞེན་དང་དྲིལ་སྒྲོག་གི་ཆེད་དུ་འུད་བསྟོད་བྱས་པ་ལར་ནས་མིན་ཏེ། ཐུགས་ཡིད་མ་ཆེས་ན་རང་ཉིད་ཀྱིས་བློ་ཞིབ་མོས་མཇལ་ན་ངས་བཤད་པ་དག་རྫུན་དུ་མི་འགྲོ་ལས་ཆེ། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་གང་དུའང་གྲྭ་བཙུན་ལོ་ཆུང་དག་ལ་སྤྲོ་སྣང་འདྲེན་ཐུབ་ཅིང་། རང་རེའི་རིག་གཞུང་ལ་སློབ་ཁྲིད་བྱེད་ཐབས་གསར་པས་གསོན་ཤུགས་སྦྱིན་ནུས་མཁན་གྱི་མཁན་པོ་དགེ་བཤེས་སུ་འདྲ་ཞིག་ཡོད་ཀྱང་། ང་ཚོས་དེར་སློབ་སྦྱོང་བྱ་འོས་པ་ལས། ཆོས་བརྒྱུད་གང་ཡིན་གྱིས་རེས་གཅོད་དང་ཕྱོགས་ལྷུང་བྱས་ཏེ་མིག་བཙུམ་ནས་བསྡད་བཞག་ན་ནམ་ཡང་རྗེས་ལུས་ཀྱི་གཡང་ནས་སྐྱོབ་མི་ནུས་པའི་གནས་ལུགས་ནི། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བསློགས་པས་ཤེས་ནུས་སོ། །
ཡང་རྩོམ་འདིར་རང་རེའི་དགོན་སྡེའི་དགེ་རྒན་གྱི་སྐྱོན་ཆ་འགའ་རེ་ཞིག་གླེང་ཡོད་པ་དེ་དག་ནི། བོད་ཀྱི་དགོན་སྡེའི་དགེ་རྒན་སྤྱི་ལ་ཡོད་པའི་མ་འདངས་པའི་ཆ་དག་ལེགས་བཅོས་ཀྱི་སླད་དུ་སྨོས་པ་ཡིན་གྱི། གང་ཟག་སྒེར་པ་རེ་ཙམ་ལ་མི་འདོད་པའི་ཟུར་ཟ་བྱས་པ་གཏན་ནས་མིན་པས། ཞུ་སྟངས་ནོར་ཡང་གསན་སྟངས་མི་ལོག་པའི་རེ་བ་སྙིང་ནས་ཞུའོ།། །།
ཞེས་གསོན་མིག་ཏུ་འབོད་པའི་ཐོོས་བསམ་ལ་སྤྲོ་བ་ཅུང་བརྟས་པའི་སློབ་གཉེར་པ་དེས་ལོ་ཤས་རིང་རྒྱལ་དབང་ཀརྨ་པའི་འཆད་ཁྲིད་གང་མང་ཞིག་ལ་མཇལ། བོད་ཀྱི་དགོན་སྡེའི་སློབ་ཁྲིད་བྱེད་སྟངས་ལའང་དོ་སྣང་ཅུང་ཟད་བྱས་པས། ཐུགས་གཟུ་བོར་གནས་ཤིང་རང་གི་མ་འདངས་པའི་ཆ་ལ་ལེགས་བཅོས་བྱེད་འདུན་ཡོད་པའི་དགོན་སྡེའི་དགེ་རྒན་དག་ལ་༼ཀརྨ་པའི་སློབ་ཁྲིད་གནང་སྟངས།༽འདི་འདྲ་ཞིག་ངོ་སྤྲོད་ཞུས་ན། ཕན་ཐོགས་ཡོད་ལས་ཆེ་སྙམ་སྟེ་ཕན་པའི་བསམ་པས་སྤྱི་ལོ་ ༢༠༢༢.༠༩ .༠༣ ཉིན་བྲིས་པའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1848
དཔྱད་མཆན་སྤེལ།