འཇིག་རྟེན་སྒོ་འབྱེད་པ།

རྩོམ་མཁན་ངོ་སྤྲོད།

        མི་ཁེ་ཧོ་ལེང་སེ། (Michael Hollingshead ) 

དབྱིར་ཇིར་སྐྱེས་པའི་སྐུ་ཞབས་མི་ཁེ་ཧོ་ལེིང་སེ་དང་ཐེ་མོ་ལེ་རྱ (Timothy Leary)རེ་ཋ་ཨ་ཕེར(Richard Alpert)བཅས་ཀྱིས་དུས་རབས་ཉི་ཤུ་པའི་དུས་བར་དུ་ཧ་ཧྥུ་སློབ་ཆེན་ནས་འཁྲུལ་སྨན་དང་འཁྲུལ་སྣང་སྐྱེ་བཅུག་པའི་རྫས་གཞན་ལ་མཉམ་དུ་ཞིབ་འཇུག་བྱས་ཤིང་།

བཤད་ཚུལ་ལྟར་ན་ཁོང་གིས་མིང་གྲངས་ཅན་གྱི་མི་སྣ་མང་པོ་ཞིག་ལ་LSDགཙོས་པའི་འཁྲུལ་སྨན་ཚོད་ལྟ་བྱས་བཅུག་པར་གྲགས། 

གཞན་ཡང་ཁོང་གིས་དཔེ་ཆ་འགའ་ལྗགས་རྩོམ་མཛད་མྱོང་བ་ལས། འཇིག་རྟེན་སྒོ་འབྱེད་པ། (1997ལོར་པར་སྐྲུན་བྱས།ཞེས་པར་བལ་ཡུལ་ནས་ཀརྨ་པ་བཅུ་དྲུག་པ་དང་ཁོང་གཉིས་ཐོག་མར་མཇལ་བའི་སྐོར་བྲིས་ཡོད་པ་རེད། 


  གཞུང་ཚབ་པ་མཆོག་དང་ཚོགས་འདུ་མཇུག་སྒྲིལ་རྗེས། སྐུ་ཞབས་རཱ་མཱ་ཕརཱ་སཱ་ཏ་(Rama Prasad)མཆོག་བདག་གི་གམ་དུ་ཁམས་འདྲི་ལ་བཅར་བྱུང་ཞིང་། ཁོང་གིས་ཁོ་བོ་དང་སངས་རྒྱས་པའི་བཙུན་པ་མིང་གྲགས་ཅན་ཀརྨ་པ་དང་མཇལ་འཕྲད་ཞུ་རྒྱུའི་བཀོད་སྒྲིག་གནང་སོང་། དུས་སྐབས་དེར་ཀརྨ་པ་མཆོག་ནི་བལ་ཡུལ་རྒྱལ་ས་ཡམ་བུ་གྲོང་(ཀ་ཐ་མན་ཌུ།Kathmandu ) དང་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་(Swayambhunath)རྣམས་སུ་གཟིགས་སྐོར་ལ་ཕེབས་མུས་དང་མ་ཚད་དེ་གའི་དགེ་འདུན་རྣམས་དང་ལྷན་དུ་བཞུགས་གདའ། རཱ་མཱ་ཕརཱ་སཱ་ཏ་མཆོག་དང་ཀརྨ་པ་གཉིས་ཕན་ཚུན་ཞལ་འཚོ་ཡི་འདུག་ལ། ཐེངས་ཤིག་ཁོས་ཀརྨ་པ་སོ་སོའི་གྲོང་གསེབ་ཀྱི་སྡོད་ཁང་དུའང་གདན་འདྲེན་ཞུ་མྱོང་ཡོད་འདུག། 

  ངས་སྔོན་ནས་ཀརྨ་པ་དང་འབྲེལ་བའི་གཏམ་རྒྱུད་མང་ཙམ་ཞིག་མཐོང་ཐོས་མྱོང་བས་ཁོང་དང་མཇལ་འདོད་ཀྱི་འདུན་པ་ནི་ཧ་ཅང་ཆེན་པོ་ཡོད། ཀརྨ་པ་ཁོང་ནི་ཐེག་པ་ཆེན་པོ་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་དབུ་ཁྲིད་ཡིན་ཞིང་། ཀརྨ་པ་བཅོ་ལྔ་པའི་ཡང་སྲིད་སྤྲུལ་སྐུ་ཡང་ཡིན་པ་རེད། 

  མཇལ་འཕྲད་དུས་ཚོད་ནི་ཉིན་གཉིས་པའི་ཐོ་རེངས་སུ་གཏན་ཁེར་བྱུང་ཞིང་། རཱ་མཱ་ཕརཱ་སཱ་ཏ་མཆོག་གིས་གསུང་རྒྱུ་ལ་ཁོང་རླངས་འཁོར་བསྐོར་ནས་ཁོ་བོའི་ཁྱིམ་དུ་བསུ་ལ་ཐོན་ཡོང་ཟེར།ངས་ཉིན་གཉིས་པར་དགོན་པའི་ནང་ནས་ཀརྨ་པ་དང་མཇལ་འཕྲད་ཞུ་ཆེད། ནུབ་མོ་དེར་གཏན་ནས་མ་ཉལ་བར་ཉལ་ཐ་དང་འཁྲུལ་སྨན་འཐེན་ནས་བསྡད་པས། ཕྱི་ཉིན་རཱ་མཱ་ཕརཱ་སཱ་ཏ་ང་རང་བསུ་ལ་ཐོན་དུས་ངའི་ལུས་པ་སོགས་ཧ་ཅང་ཐོམ་ཐོམ་པོར་གྱུར་འདུག་ཅིང་། མེ་ཏོག་ར་བ་ནས་ཕར་རླངས་འཁོར་གམ་དུ་འགྲོ་སའི་ལམ་ཡང་རྙེད་དཀར་བར་གྱུར་འདུག། 

དེ་རྗེས་རླངས་འཁོར་དེ་མུན་ནག་གིས་ཁྱབ་པའི་ལམ་ཆེན་ཞིག་བརྒྱུད་དེ་ཡུན་གྱིས་སོང་མཐར། ཉི་ཟེར་གྱི་འོད་སྣང་རི་རྩེ་ནས་འཆར་བའི་སྐབས་སུ་ད་གཟོད་འཕགས་པ་ཤིན་ཀུན་ལ་འབྱོར་སོང་། སྐབས་དེ་དུས་ཀྱི་ཡུལ་ལྗོངས་ནི་དངོས་གནས་བརྗིད་ཉམས་དང་ལྡན་པ་ཞིག་རེད། གནས་མཆོག་དེར་དམིགས་བསལ་གྱིས་གུས་བཀུར་དགོས་པ་ལྟ་བུའི་སྔར་བྱུང་མ་མྱོང་བའི་སེམས་ཚོར་ཞིག་ང་རང་ལ་བྱུང་། དེ་ནི་སྔོན་ས་གནས་འདིར་ཐོན་པའི་ཚོར་བ་ལས་ཀྱང་རྒོད་པ་དང་། ངའི་ཀླད་ཁམས་དང་ནང་སེམས་གཉིས་ཀས་ཕྱི་གསལ་ནང་གསལ་གྱིས་དེ་ལྟར་ཚོར་གྱི་འདུག  

   དེ་ནས་ང་རང་ཁྲིད་དེ་སྐས་ཐེམ་ཞིག་བརྒལ་ནས་ཁང་ཐོག་ཏུ་འབྱོར་བ་དང་དེ་འོག་བཀོད་སྒྲིག་བཞིན་འདུན་ཁང་དུ་སླེབས་པར། བཙུན་པ་ཞིག་གིས་དར་རས་ལི་མདོག་ཅན་ཞིག་ཁོ་བོའི་མགུལ་དུ་བཀོན་ནས་ཁོ་རང་གི་རྗེས་སུ་ཤོག་ཅེས་བརྡ་བསྟན་བྱུང་། བཙུན་པ་དེས་ཁོ་བོ་མདུན་ཁང་བརྒྱུད་དེ་ཐང་ཀ་རྙིང་པ་དང་ལྡེབས་རིས། སྐུ་འདྲ་སོགས་ཀྱིས་ཁེངས་པའི་འདུ་ཁང་ཞིག་ཏུ་ཁྲིད་པ་དང་། འདུ་ཁང་དེའི་ཕྱོགས་གཅིག་ཏུ་ཁྲི་ཆེན་པོ་ཞིག་གི་ཐོག་ལ་ཀརྨ་པ་བཞུགས་འདུག་ཅིང་། དེའི་ཟུར་དུ་རཱ་མཱ་ཕརཱ་སཱ་ཏ་མཆོག་ཀྱང་སྟན་ཞིག་གི་ཐོག་ཏུ་དཀྱིལ་ཀྲུང་བཅས་ནས་བསྡད་སོང་། 

  ང་རང་གིས་མིག་གཉིས་ཀྱིས་ས་གདན་ལ་བལྟས་ཏེ་ག་ལེར་ཀརྨ་པའི་སྐུ་མདུན་དུ་གོམ་པ་རེ་གཉིས་རྗེས་སུ་གུས་ཕྱག་རེ་ཕུལ་ནས་བཅར་བ་ཡིན། 

ངས་མགོ་བོ་དགྱེ་དུས་འོད་ཟེར་ཞིག་ཁོང་གི་དངུལ་མདོག་གི་དབུ་ཞྭའི་དཀྱིལ་ནས་མར་ཟགས་ཡོང་གི་འདུག  གཅིག་བྱས་ན་དེ་ནི་སྒེའུ་ཁུང་གི་འོད་ཟེར་དབུ་ཞྭ་རུ་ཕོག་པ་ཡིན་སྲིད་ཀྱང་།དངོས་གནས་དེ་ནི་ངོ་མཚར་དང་ལྡན་པ་རེད་ལ། ཁོང་གི་ཡ་ཐོད་ཀྱི་སྤྱན་གསུམ་པ་ལས་འཕྲོས་པའི་འོད་ཟེར་དང་ཨ་ན་མ་ན་རེད། ང་རང་དེ་ལྟ་བུའི་ངོ་མཚར་བའི་འཁྲུལ་སྣང་གི་ཁྲོད་ནས་ག་ལེར་སད་དེ་ཀརྨ་པ་ཁོང་ལ་མཆོད་པའི་ཚུལ་དུ་ཁ་དར་དཀར་པོ་ཞིག་ཕུལ་གྲུབ་རྗེས། ཁོང་གིས་སྐད་སྒྱུར་བ་བརྒྱུད་དེ་གསུངས་དོན། “སངས་རྒྱས་ཀྱི་དུས་ནས་བྱུང་བའི་ལུགས་སྲོལ་བཞིན། མི་ཞིག་གི་ནང་སེམས་ཀྱི་དགེ་བ་མཚོན་བྱེད་དུ་ང་ཚོས་མཆོད་རྫས་ཀྱི་ཞིབ་ཐོ་སོགས་ཉར་ཚགས་བྱ་རེད། འདི་ཆོས་ཀྱི་ལོ་རྒྱུས་ཐོ་ཡིག་ལ་ངོས་འཛིན་བྱས་ནའང་ཆོག། དེ་བས་སྲོལ་རྒྱུན་ཁྲོད་བྱས་རྗེས་འཇོག་མྱོང་མཁན་གྱི་མཚན་ཐོ་འདིར་ཁྱེད་ཀྱི་མཚན་ཡང་བཀོད་ངེས།ཞེས་གསུངས་བྱུང་།

  དེ་ནས་ཁོང་རྣམས་ཀྱིས། ཁྱོད་ཀྱིས་ཅི་ཞིག་བཤད་འདོད་རུང་ཀརྨ་པ་ལ་ཞུ་ཆོག་གི་རེད་ཅེས་ང་ལ་ཟེར། ང་རང་གིས་ཞུ་འདོད་པ་ནི། མ་འོངས་པར་སྔར་ལས་མང་བའི་བླ་མ་དང་ཆོས་ཀྱི་སྲོལ་རྒྱུན་གཏིང་ཟབ་པའི་ཁྱིམ་ཚང་རྣམས་ནུབ་ཕྱོགས་སུ་ཕེབས་ཐུབ་པའི་རེ་བ་དང་། ལས་ཀ་དེ་འདྲ་ཞིག་བྱང་ཨ་རིའི་ཧོར་ཕེ(Hopi)ཨན་ཏེ་ཨན་པའི་ཚོ་དཔོན་དང་རྒན་རབས་བར་ལ་ཁ་བརྡ་ནུས་པའི་བླ་མ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་ང་རང་ལའང་ཤེས་འདོད་འདུག   སྔོན་གྱི་དུས་སུ་ང་རང་ཨ་མེ་རི་ཁའི་ཨེར་ཟོ་ནཱ་མངའ་སྡེའི་(Arizona亚利桑那州ཧོར་ཕེ(Hopi)ཨན་ཏེ་ཨན་པའི་རུ་ཚོ་ནང་དུ་འགྲོ་མྱོང་ཞིང་། བྱང་ཨ་རིའི་ཨན་ཏེ་ཨན་པའི་ས་ཆ་ནི་ཁཱ་ན་ཏ་ནས་བརྒྱུད་དེ་མེར་སེ་ཁིང་(Mexico墨西哥)གྱི་མཐའ་མཚམས་བར་ཁྱབ་ཡོད་ལ། ས་ཁོངས་འདིའི་ནང་དུ་འཛམ་གླིང་གི་ཆེས་མཛེས་པའི་ཡུལ་ཚོ་ཁག་ཚུད་ཅིང་། དེའི་ཁྲོད་ཀྱི་ས་ཆ་འགའ་ཤས་ནི་བོད་ཡུལ་དང་འདྲ་བོ་རེད། ལྷག་པར་ཁོ་ལོ་རཱ་ཏོ་(Colorado)མངའ་སྡེ་དང་མེར་སེ་ཁིང་གསར་པ་མངའ་སྡེ་བཅས་སུ་དེ་འདྲ་མང་ཙམ་ཡོད། འོན་ཀྱང་། ས་གནས་འདི་དག་ཏུ་རིག་གནས་བཙན་འཛུལ་ཐེབས་མུས་སུ་འདུག་སྟེ། གདོད་མི་ཨན་ཏེ་ཨན་པ་ཚོ་ཡབ་མེས་ཀྱི་ས་གནས་དང་ཁ་བྲལ་ཏེ་རིགས་གཞན་མི་དཀར་གྱི་རིག་གནས་ལ་ཞུགས་དགོས་པའི་གླེང་སློང་བཞིན། ཨན་ཏེ་ཨན་པའི་མི་རབས་གསར་པ་རྣམས་བློ་ཡུལ་ལས་འདས་པའི་མྱུར་ཚད་ཀྱིས་གཞན་འགྱུར་བྱུང་གི་འདུག། དེ་བས་གནས་མཆོག་དེ་དག་ཀྱང་མི་རིང་བར་ཨ་རི་སྲིད་གཞུང་གིས་བདག་བྱེད་ངེས་ཤིང་། དེ་འོག་ཚོང་པ་རྣམས་དེ་གར་གནས་སྤོ་ཡོང་། འོན་ཀྱང་། ཨན་ཏེ་ཨན་པ་དེ་རྣམས་ལ་མ་འོངས་པར་ཨ་རིའི་སྙིང་སྟོབས་ཀྱི་མཚོན་བྱེད་དུ་འགྱུར་བའི་སྦས་ནུས་ཆེ་ཙམ་ཡོད་པ་རེད།ཅེས་སོགས་ཞུས་པ་ཡིན། 

  ཁོ་བོས་སོ་སོའི་བསམ་ཚུལ་འདོན་སྐབས་ཀརྨ་པས་ཅིའང་མི་སྨྲ་བར་བཞུགས་སོང་ལ། ངས་བཤད་ཚར་མ་ཐག་ད་གཟོད་ཁོང་སྒུར་སྒུར་མཛད་བྱུས་བས་ངས་ཀྱང་རང་གི་མགོ་བོ་བསྒུར་བ་ཡིན། དེ་སྐབས་ཁོང་གི་ཕྱག་ལག་ངའི་མགོ་ཐོག་ཏུ་བཞག་པར། གློ་བུར་ཏུ་གློག་བརྒྱབ་པ་ནང་བཞིན་ངས་ཏིང་ངེ་འཛིན་གྱི་ཚོར་བ་མྱོང་བྱུང་། དེ་ནི་མིའི་རིགས་ཀྱི་བསམ་བློས་མྱོང་ཐུབ་པའི་ཆེས་མཐོ་རིམ་གྱི་བར་སྐབས་ཤིག་རེད། དུས་ཡུན་སྐད་གཅིག་དེར་ངའི་ཚོར་བར་ང་རང་དངོས་གནས་སྡུག་བསྔལ་ཀུན་རྩ་བ་ནས་དག་པར་གྱུར་པ་ལྟ་བུ་བྱུང་། དེ་ནི་དཔེར་ན་ཤུགས་ཚད་ཁྲི་བརྒྱ་ལས་བརྒལ་བའི་མཆོག་ཏུ་གྱུར་པའི་གློག་ཅིག་གིས་ངའི་ལུས་པོ་འཛེར་བ་དང་འདྲ་བོ་རེད། ཉིན་འགའ་ཞིག་ལ་ཚོར་བ་དེས་ང་རང་ཡོངས་སུ་བཟུང་སོང་། 

  བློ་འབྱེད་ཀྱི་དྲན་ཤེས་དེ་ད་ལྟ་ཡང་རང་རྒྱུད་དུ་གནས་འདུག། ཀརྨ་པ་མཇལ་བའི་དམིགས་བསལ་གྱི་ཞོགས་པ་དེར་ངའི་ཚེ་སྲོག་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པར་ང་རང་ཡིད་ཆེས་ཡོད་ལ།འགྱུར་བ་དེ་ནི་ད་ལྟ་གཟོད་ནས་ཧ་གོ་ཐུབ་པའི་རྣམ་པ་ལྟ་བུ་ཡིན། འོན་ཀྱང་། འགྱུར་བ་འདི་འདྲ་ནི་ཡུན་གྱིས་ཡོང་བ་ཞིག་རེད། འགྱུར་བ་འདི་ཐོག་མར་སྦས་པའི་ཚུལ་གྱིས་དུས་ཡུན་གང་འཚམས་གནས་རྗེས་ད་གཟོད་རང་ལུས་ཀྱིས་ཕྱི་རུ་མངོན་པའི་སྣང་ཚུལ་བྱུང་། གང་ཏེ་འཇིག་རྟེན་འདིར་ལྷ་གསོན་པོ་ཞིག་ཡོད་ན། དེ་ནི་ཀརྨ་པ་རེད། དོན་འདི་ངས་རང་མྱོང་གིས་རྟོགས་བྱུང་། 

  ད་སྔོན་གཤེགས་ཟིན་པའི་ཀརྨ་པ་གཞན་རྣམས་ལྟར། ཀརྨ་པ་བཅུ་དྲུག་པ་ཁོང་ཡང་སྐུ་ཡོན་དང་རྩ་རླུང་གི་ཉམས་ལེན་ངོས་ནས་གྲགས་པ་ཆེན་པོ་རེད། 

  ཀརྨ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེས་གྲུབ་པའི་མི་ཡི་ཤ་གཟུགས་སུ་ཕེབས་པའི་སྤྲུལ་སྐུ་ཡིན་པས། ཁོང་གིས་མི་ཐམས་ཅད་ལ་བྱམས་པ་དང་བརྩེ་བ་སྐྱོང་འདུག མི་རྣམས་ཀྱི་བདེ་སྐྱིད་ཆེད་དུ་ཁོང་གིས་དཀའ་སྤྱད་མཛད་ཀྱི་འདུག། 

  ཁོང་ལ་རྒྱལ་པོ་དང་བླ་མ་ཁྱིམ་པ་ཕོ་མོ་བཅས་ཀྱིས་དད་གུས་རྗེས་འབྲང་བྱེད་ཀྱི་འདུག་ལ། འཛམ་གླིང་གི་ས་ཆ་གང་ས་སྟེ་བོད། རྒྱ། སོག་པོ། རྒྱ་གར། བལ་ཡུལ། འབྲས་ལྗོངས། འབྲུག་པ་བཅས་དང་། ཡ་གླིང་ཤར་ལྷོ་དང་གཞན་ཡང་ཉི་ཧོང་། འབར་མ། ཐེ་ལེན་ཌི། ཁཱ་ན་ཏ། དབྱིན་ཇི། ཨ་མེ་རི་ཁ། སི་ཝི་ཙེ། ཏེ་མག། སི་ཕན། སིང་གྷ་ལ། བཅས་ནས་ཀྱང་དེ་ལྟར་རེད། ད་ལྟ་ཁོང་གིས་ཉི་མ་རེ་རེ་བཞིན་འཇིག་རྟེན་འདི་འི་སྐྱེ་འགྲོ་སྣོད་བཅུད་ཀུན་བདེ་ནས་བདེ་བའི་སྨོན་ལམ་མཛད་ཀྱི་འདུག། 

ཕྱི་ལོ2022/8/4ཉིན་གདན་ས་བར་པ་ཀརྨ་ནས་ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས། <<སྦས་པའི་བདེ་སྐྱིད། >>ཅེས་པའི་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེའི་འབྲེལ་ཡོད་སློབ་མ་རྣམས་ཀྱི་རྗེས་དྲན་ཕྱོགས་སྒྲིག་དཔེ་ཆ་ལས་ཚན་བསྒྱུར་ཞུས་པའོ།།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1826