ཆུ་སྒང་ཤཱཀྱ་ཤེས་རབ།

 

བཀའ་བརྒྱུད་པའི་དགོན་སྡེ་གཞན་དུ་འགྱུར་བའི་ཐོག་མའི་དུས་ཚོད་ནི་ཧ་ལམ་ས་འབྲི་ཁྲི་སྐོར་ནང་འཁྲུག་གི་དུས་ནས་མ་མཐའ་མགོ་བཟུང་བར་སྙམ་སྟེ། འདིའི་ཡར་སྔོན་དུ་སྲིད་མཐའ་མ་བཀག་ཙམ་རེ་གཞན་དུ་འགྱུར་བ་ཡོད་མྱོང་སྲིད་ནའང་ད་ཆ་ཡིག་ཆའི་དཔང་རྟགས་ཅན་གང་ཡང་མཇལ་མ་སོང་། ས་འབྲི་ཁྲི་སྐོར་གཉིས་ནང་འཁྲུག་གི་སྐབས་དེ་དུས་སུ་སོག་པོས་ས་སྐྱ་ཁྲི་སྐོར་གྱི་རྒྱབ་བྱས་པས་འབྲི་གུང་ཁྲི་སྐོར་ལ་ཕམ་ཉེས་ཚབས་ཆེན་བྱུང་བར་བརྟེན། འབྲི་གུང་གི་ཆོས་སྲིད་ལ་གོད་ཆག་ཆེན་པོ་ཐེབས་པ་དང་། དུས་དེ་ནས་བཟུང་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་སྡེ་བརྒྱ་ཕྲག་དུ་མ་འཐོར་ཞིག་དང་ས་སྐྱ་ལ་བཙན་བསྒྱུར་བྱས་ཡོད་ཅིང་། རྗེས་སུ་མུ་མཐུད་འབྲི་གུང་བཀའ་བརྒྱུད་ཀྱི་ཤུལ་ལུས་དགོན་ཁག་དུ་མ་ཞིག་ཀྱང་གསར་དར་དགེ་ལུགས་པ་ལ་འགྱུར་བ་རེད། ཐེངས་དེའི་འགྱུར་ཡུན་ནི་མི་ལོ་དྲུག་བཅུ་ཙམ་ཡིན་པར་གྲགས།

དུས་ཚོད་ཀྱི་མདའ་མོ་དེ་ལྟར་བར་མེད་དུ་བགྲོད་དེ་རིམ་བཞིན་བོད་ཀྱི་ཡུལ་ཁམས་འདི་གཙང་པ་ཕུན་ཚོགས་རྣམ་རྒྱལ་ཕ་བུ་སོགས་སྐྱ་བོས་དབང་སྒྱུར་བྱས་ཤིང་། རྒྱལ་རྒྱུད་ལམ་ལུགས་ཀྱང་བསྐྱར་གསོ་བྱུང་ནས་ལེགས་པའི་ཕྱོགས་སུ་སྐྱོད་སྐབས། གཙང་པ་རྒྱལ་པོའི་སྲིད་དབང་དེ་ཉིད་དགའ་སོག་མཉམ་འབྲེལ་དམག་གིས་མགོ་རྟིང་བསློགས་ཏེ་དགའ་ལྡན་གཞུང་སའི་སྲིད་དབང་མགོ་ཚུགས་པར། དེ་སྔོན་གཙང་པའི་མཆོད་གནས་སུ་གཏོགས་པ་དང་སོག་པོའི་རྒྱབ་སྐྱོར་འོག་བཙུགས་པའི་སྲིད་དབང་གསར་པ་ལ་ངོས་ལེན་མེད་པའི་རིགས་རྩ་མེད་བཟོ་སྐབས་སུ། ཐོག་མར་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་བརྒྱ་ཕྲག་དུ་མ་གཏོར་བཅོམ་འཕྲོག་གསུམ་གྱི་སྒོ་ནས་ཉམས་ཆག་བཟོས། ལྷག་མའི་དགོན་སྡེ་དུ་མ་དགེ་ལུགས་སུ་བཙན་བསྒྱུར་བྱས། དུས་མཉམ་ལ་ཤུག་གསེབ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད་སོགས་ལའང་ཉམས་གུད་ཆེན་པོ་ཐེབས་ཏེ་ཚལ་པའི་གདན་ས་དང་ཤུགས་གསེབ་ཀྱི་གདན་ས། མར་མིའི་གདན་ས། གཡའ་བཟང་གི་གདན་ས་སོགས་ཀྱང་དགེ་ལུགས་སུ་བསྒྱུར། སྨད་ནས་སྨར་ཁམས་སུ་ཆགས་པའི་སྨར་པ་བཀའ་བརྒྱུད་ཧྲིལ་པོ་དགེ་ལུགས་སུ་བསྒྱུར་བ་དང་། ནང་ཆེན་ཕྱོགས་སུ་ཆགས་པའི་ཡེལ་པ་བཀའ་བརྒྱུད་ཀྱང་སྡེ་སྲིད་ཀྱི་མཐུ་ནུས་འོག་ནག་ཤོད་ཉི་གྲགས་ཀྱིས་རྙིང་མ་ལ་བསྒྱུར། དུས་རབས་དེའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀར་འབྲུག་གཉིས་འཕེལ་རྒྱས་འགྲོ་མི་ཆོག་པའི་ཁྲིམས་ཡིག་ཀྱང་གཏན་འབེབས་བྱས་ནས་མུ་མཐུད་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་འཕེལ་རྒྱས་འགྲོ་བར་དམ་འཛིན་བྱས། འདི་དག་ནི་གཙོ་ཆེར་དགའ་ལྡན་སྲིད་གཞུང་གི་ཡ་ང་བའི་སྲིད་བྱུས་ཤིག་གི་འབྲས་བུ་རེད།  ལོ་རྒྱུས་འདི་དག་ལ་ལྟ་དུས་བཀའ་བརྒྱུད་པ་ནི་ལུག་ཤ་ཞིག་དང་དེ་ཉིད་ཁྱི་སྤྱང་ལྟ་བུའི་དབང་འཛིན་པ་ཆོས་མིང་ཅན་འགས་བག་མེད་དུ་ལོངས་སུ་སྤྱད་པའི་སྣང་བརྙན་ཤར་ཡོང་། ལོ་རྒྱུས་དུམ་བུ་འདི་ནི་མ་མཐའ་དགའ་ལྡན་གཞུང་སའི་དུས་བར་ཡར་སྔོན་གྱི་བཀའ་བརྒྱུད་པ་གཞན་འགྱུར་གྱི་བྱུང་རིམ་མདོར་བསྡུས་སོ།།

དུས་ངན་དེ་འདྲའི་ནང་རིམ་བཞིན་བཀའ་བརྒྱུད་པའི་མི་རྣམས་ཀྱང་རང་ཚུགས་ཤོར་ནས། རང་གི་ཆོས་ལ་བདག་རྒྱག་མ་ནུས་པར་འདུག། ཁོ་ཚོས་རང་ཚུགས་མ་ཟིན་པ་ལ་རྒྱུ་མཚན་གཉིས་སྣང་། དང་པོ་ནི་ཕྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དེས་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་ཡོན་ཏན་ཅན་གྱི་མི་སྣ་མང་པོ་འཕྲོ་བརླག་སོང་བས་དང་། གཉིས་ནས་གཏེར་ཆོས་ཞེས་བཀའ་བརྒྱུད་གོང་མ་ཚོས་ས་ཆོས་རྡོ་ཆོས་སུ་འབོད་པ་དེ་ཉིད་དར་དྲགས་པས་བཀའ་བརྒྱུད་པའི་མི་ཚོའི་དད་པ་ལ་འགྱུར་བ་སོང་སྟེ་རང་ལུགས་ལས་ཀྱང་གཞན་ལུགས་རྩ་ཆེ་བར་གྱུར་པ་རེད། སྐད་ཆ་འདི་དེང་སང་ཆེན་པོ་ཚོའི་མདུན་ནས་བཤད་མི་ཆོག་པར་འདུག་ཀྱང་། མདོར་ན་རྒྱུ་རྐྱེན་འདི་གཉིས་ཀྱི་ལག་ཏུ་འབྲི་སྟག་ཀམ་འབྲུག་ཚང་མ་སོང་འདུག་པ་ནི་ལོ་རྒྱུས་ཀྱི་བདེན་པའོ།།

ལོ་རྒྱུས་ཀྱི་དཀར་ཆག་དགའ་ལྡན་ཕོ་བྲང་གི་དུས་བར་ན་ཐོན་དུས། བཀའ་བརྒྱུད་ཀྱི་དགོན་སྡེ་དུ་མར་ས་ཆོས་རྡོ་ཆོས་སམ་གཏེར་ཆོས་དར་བ་དང་བསྟུན་ནས་དད་པ་ལ་འགྱུར་བ་ཕྱིན་ཏེ་དགོན་སྡེ་ཕལ་ཆེ་བའི་འདོན་ཆ་ལས་བརྒྱ་ཆ་བདུན་ཅུ་ནི་གཏེར་ཆོས་ཀྱིས་ཟིན་ནས་སླར་ཡང་མུ་གེའི་ཐོག་ཏུ་ཟླ་ལྷག་ཤར།  བཀའ་བརྒྱུད་པའི་ཕ་ཆོས་ཉམས་ལེན་གྱི་ལྟེ་གནས་ལྟ་བུར་གྱུར་པའི་སྒྲུབ་ཁང་ཁག་ཀྱང་གཏེར་ཆོས་ཀྱིས་བཟུང་སྟེ། མཐར་ཉེར་ལྔ་ཚེས་བཅུ་སོགས་སུ་མར་ལུགས་རྒྱུད་སྡེའི་ཚོགས་འཁོར་གཏོང་མཚམས་ཆད་པའི་ཡ་ང་བའི་སྐྱོ་གར་འཁྲབ་པ་རེད། ལོ་རྒྱུས་ཀྱི་འཕོ་འགྱུར་དེ་ད་དུང་ཡང་རྒྱུན་ཆད་མེད་དེ། བཀའ་བརྒྱུད་པའི་གདན་ས་ཚོས་བསྒྲིགས་པའི་ཆོས་སྤྱོད་དང་ནང་ཆེན་དུ་འཚོགས་པའི་བཀའ་བརྒྱུད་སྨོམ་ལམ་གྱི་ཞལ་འདོན་ལ་བལྟས་པས་ཀྱང་ཤེས་ནུས།

དེ་ལྟར་སྔ་ཕྱིར་གོད་ཆག་མང་དུ་ཐེབས་རྗེས་དུས་རབས་བཅོ་བརྒྱད་པའི་ནང་བཀའ་བརྒྱུད་པ་ཚོས་རང་ཚུགས་ཤོར་ཏེ་ལོ་རྒྱུས་ཀྱི་ཉམས་གུད་གཞན་ཞིག་དབུ་ཚུགས་པ་བཞིན། བཀའ་བརྒྱུད་ཀྱི་དགོན་སྡེའི་ནང་ལ་ཆེད་དུ་གཞན་ཆོས་སྣ་ཚོགས་སྤེལ་མཁན་དག་གིས་མཚོན་པ་མང་ཙམ་བྱུང་བ་ནི་གོ་སྐབས་དེ་དམ་འཛིན་འདྲ་བོ་བྱེད་མཁན་གྱི་ཆོས་སྒྱུར་པ་ཡིན། དེ་རྣམས་ཀྱིས་ཆོས་སྒྱུར་ཇི་ལྟར་བྱ་སྟངས་ནི། “ཁྱོད་རང་ངའི་ཆོས་བདག་ཡིན་”ཞེས་བཀའ་བརྒྱུད་ཀྱི་དབུ་ཁྲིད་དེ་རྣམས་ཐོག་མར་ལག་འོག་ལ་བཅུག་སྟེ། དེ་འོག་རིམ་གྱིས་དགོན་སྡེ་རྣམས་གཅིག་ནས་གཉིས་བྱས་ཏེ་དབང་དུ་བསྒྱུར་བའི་ཕྱག་ལས་དེ་རེད་སྙམ། ད་ལྟ་མི་འགའ་ཤས་ཀྱིས་“ག་བ་ག་བ་ཁོང་རྣམས་ལ་དེ་འདྲའི་ཆོས་སྒྱུར་གྱི་ཀུན་སློང་ཡོད་མི་སྲིད་”ཅེས་ལབ་ངེས་མོད། གཙོ་བོ་ནི་ཀུན་སློང་ག་འདྲ་ཡིན་མིན་ལ་རག་ལས་པ་མིན་པར། ཕྱག་ལས་ག་འདྲ་གནང་ཡོད་མེད་དེ་རེད། ལོ་རྒྱུས་ཀྱི་ངོས་ནས་ཁོང་རྣམས་ཀྱིས་བཀའ་དགོན་ཕལ་ཆེར་རྙིང་བསྒྱུར་བྱས་པ་དང་ལས་འགུལ་དེ་ལ་ད་བར་ལེགས་གྲུབ་དཔེ་མེད་བྱུང་ཡོད་ཅིང་། བརྒྱུད་རིམ་དེའི་ནང་མི་དབུས་གཙང་སོགས་བོད་ཁམས་ཡོངས་ནས་བཀའ་བརྒྱུད་པའི་དགོན་སྡེ་མང་པོ་རྙིང་མ་ལ་རིམ་གྱིས་འགྱུར་བ་དང་། དངོས་སུ་འགྱུར་མ་ཐུབ་པའི་དགོན་སྡེ་ཁག་ལའང་ཕྱི་ཀོག་ཙམ་ལས་ནང་དོན་མེད་པར་བྱས་ཡོད་འདུག།

དུས་འགྱུར་སྔོན་བར། སྤྱིར་མིང་ཙམ་ལ་བཀའ་བརྒྱུད་ཅེས་པ་ཡོད་རུང་དོན་དུ་བཀའ་བརྒྱུད་ནི་ཡལ་ལ་ཉེ་བའི་འཇའ་དང་རྫོགས་ལ་ཉེ་བའི་སྲོད་ཁའི་ཉི་འོད་ལྟར་བུར་གྱུར་ཚར་བ་འདྲ། དེ་བས་ཆོས་བརྒྱུད་གཞན་གྱིས་ས་དགེ་རྙིང་གསུམ་ཞེས་འབོད་པ་ལས་བཀའ་བརྒྱུད་ཀྱི་མིང་ནི་ཆོས་བརྒྱུད་ཆེན་མོའི་གྲལ་ནས་ཕུད་པའི་གནས་ཚུལ་བྱུང་ཞིང་། བོད་ཀྱི་ཆོས་བརྒྱུད་ཆེན་མོའི་མིང་འབོད་དུས་ས་དགེ་རྙིང་གསུམ་ཞེས་འབོད་པའི་སྡོམ་དེ་ད་ལྟའང་བེད་སྤྱོད་བྱེད་མུས་སུ་གདའ།

དུས་ཚོད་ཀྱི་འཁོར་ལོ་དུས་རབས་ཉི་ཤུ་པ་ལ་ཐོན་དུས་བོད་གངས་ཅན་དུ་དུས་འགྱུར་གྱི་གོད་ཆག་བྱུང་ཞིང་། ཕྱིས་འཇིགས་སུ་རུང་བའི་ཡོ་ལང་དེའང་རིམ་གྱིས་མཇུག་རྫོགས་རུང་། བཀའ་བརྒྱུད་གཞན་འགྱུར་གྱི་ཡོ་ལང་ནི་ད་དུང་ཡང་རྒྱུན་མ་ཆད། གོང་རིམ་གྱི་སྲིད་བྱུས་ལ་འགྱུར་བ་བྱུང་སྟེ་ཡང་དར་བསྟན་པའི་ཉི་ཟེར་ཕྱོགས་བཅུར་འཕྲོས་ནས་བོད་གངས་ཅན་གྱི་ཆོས་བརྒྱུད་སོ་སོས་བསྟན་པ་བསྐྱར་གསོའི་ལས་འགུལ་གང་སར་སྤེལ་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ལ་ཉེ་བའི་དུས་ཡུན་ནང་། ཆོས་བརྒྱུད་སུ་ཡིན་རུང་སོ་སོས་བསྐྱར་གསོའི་རྒྱལ་ཁ་བླངས་ནས་རང་ལུགས་རང་སྐྱོང་བྱུང་ཡོད་པ་ནི། དཔེར་ན་ཇོ་ནང་པ་ལྟ་བུ་རེད། འོན་ཀྱང་། སྔོན་ནས་བསོད་ནམས་ཟད་ཟིན་པ་ལྟ་བུའི་བཀའ་བརྒྱུད་ཀྱི་ཁྲོད་དུ་ད་དུང་ཡང་ཆོས་སྒྱུར་བའི་ཆོ་འཕྲུལ་རྒྱུན་ཆད་མེད་ཅིང་། དགོན་སྡེ་གཞན་འགྱུར་གྱི་ཡོ་ལང་ད་དུང་ཡང་མཚམས་བཞག་མེད། ཡང་དར་བསྟན་པ་དབུ་བརྙེས་དུས་ནས་མུ་མཐུད་བཀའ་བརྒྱུད་པའི་དགོན་ཤུལ་རྣམས་སླར་ཡང་གཞན་ལ་འགྱུར་མགོ་ཚུགས། ཐེངས་དེའི་གཞན་འགྱུར་གྱི་མིང་ཐོའི་ཁྲོད་དུ་རྙིང་མ་དང་དགེ་ལུགས་སུ་འགྱུར་བ་མང་ཤོས་སུ་མངོན། དེ་བས་དུས་རབས་མང་པོའི་བཀའ་བརྒྱུད་གཞན་འགྱུར་གྱི་ལོ་རྒྱུས་རལ་བོ་དེ་ཉིད་ཀྱང་ཤོག་ལྷེ་ཇེ་མང་རེད།

ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་ཐོན་པའི་སྐབས་འདིར། བཀའ་བརྒྱུད་གཞན་འགྱུར་གྱི་རྣམ་པ་དང་རྒྱུ་རྐྱེན་ལ་འགྱུར་བ་ཅུང་ཙམ་བྱུང་བ་ནི། ད་ལྟའི་བཀའ་བརྒྱུད་གཞན་འགྱུར་ནི་སྔོན་གྱི་བཙན་སྒྱུར་ལས་འཕོས་ཏེ་འཇམ་སྒྱུར་གྱི་རྣམ་པ་ཆེས་ཆེར་མངོན་པ་དེའོ།། དེའང་ལོ་འདི་ཚོའི་ཆོས་སྒྱུར་ལས་འགུལ་དག་དཔྱད་གཞིར་བྱས་ནས་འཇམ་སྒྱུར་གྱི་གོ་རིམ་དང་གནས་ཚུལ་ལ་རྒྱུས་ལོན་ཅུང་ཙམ་བྱས་ན།

བཀའ་བརྒྱུད་ཀྱི་དགོན་སྡེའི་ཁྲོད་དུ་ཐོག་མར་ཆོས་སྒྱུར་ལས་འགུལ་སྤེལ་མཁན་རང་ཕྱོགས་བཀའ་བརྒྱུད་ཀྱི་མིང་ཁུར་བའི་མཁན་སྤྲུལ་བན་དྲག་གང་རུང་ཞིག་ཡོང་བ་དང་གཅིག། དེའི་རྒྱབ་ཏུའང་གཞན་ལུགས་ཆོས་སྒར་དང་དགོན་པ་ཞིག་ཡོད་པ་དང་གཉིས། སྒར་དགོན་དེའི་རྒྱབ་སྐྱོར་འོག་མི་དེས་བཀའ་བརྒྱུད་ཀྱི་དགོན་སྡེ་གང་དེར་ཐོག་མར་རིས་མེད་ཀྱི་མིང་ཐོག་ནས་གཞན་ཆོས་སྤེལ་བ་དང་གཞན་ལུགས་ཆོས་བརྒྱུད་ཀྱི་མི་སྣ་ཚོའི་པར་རིས་མང་པོ་འགྲེམས་ནས་དད་པ་སྒྱུར་བ་དང་གསུམ།  རིམ་གྱིས་ཁོ་རང་གི་ཕྱོགས་གཏོགས་མི་སྣ་གསོ་སྐྱོང་བྱས་ཏེ་མི་སྣ་དེ་དག་གི་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་བཀའ་བརྒྱུད་ཀྱི་དགོན་པ་དེའི་འཛིན་སྐྱོང་དབང་ཆ་བཟུང་བ་བཅས་མ་མཐའ་ཡང་བརྒྱུད་རིམ་བཞི་བགྲོད་ཀྱིན་འདུག།  གོ་རིམ་འདི་ནི་ཁམས་ཁུལ་གྱི་བཀའ་བརྒྱུད་པའི་ཇོ་དགོན་མང་པོ་གཞན་གྱིས་འཇམ་སྒྱུར་བྱས་པའི་ལོ་རྒྱུས་ལས་མངོན་པའི་གནས་ཚུལ་དངོས་ལས་བྱུང་བའི་ཉམས་མྱོང་ཡིན།

ཆོས་སྒྱུར་བ་ཚོས་ད་ལྟ་དངོས་སུ་འཇམ་སྒྱུར་མ་ཐུབ་ཅིང་མ་འོངས་པར་བསྒྱུར་འདོད་པའི་བཀའ་བརྒྱུད་པའི་དགོན་སྡེའི་ཁྲོད་དུ་སྔོན་འགྲོ་ལྟ་བུའི་ཇུས་ཆེན་བཀོད་པ་ལ་འདི་དག་མཆིས་ཏེ། བཀའ་བརྒྱུད་པའི་གྲུབ་མཐའ་དང་ཆོས་བརྒྱུད་མི་འཛིན་པའི་གྲྭ་བཙུན་གྱི་སྡེ་ཁག་ཅིག་བཀའ་དགོན་ཚོའི་ཟུར་དང་ཉེ་སར་གནས་བཅས་ཤིང་། ཕྱི་ནས་བལྟ་སར་དེ་ནི་བཀའ་བརྒྱུད་པའི་དགོན་པ་གན་དང་དེའི་ཇོ་དགོན་དང་གྲྭ་ཚང་ཞེས་པའི་མིང་ཁུར་ལ། ནམ་རྒྱུན་རིས་མེད་བཤད་དེ་མང་ཚོགས་འདུ་བ་ལ་ཆེས་ཆེར་བརྩོན་པ་བྱེད། ཁོ་ཚོས་ནམ་རྒྱུན་གོ་སྐབས་བྱུང་མ་ཐག་དགོན་དེ་ཉིད་ཆོས་སྒྱུར་བྱ་རྒྱུའི་གྲ་སྒྲིག་ཨང་སང་རྟག་ཏུ་བྱས་ཡོད་པ་བཅས། ད་ལྟ་བཀའ་བརྒྱུད་པའི་དགོན་སྡེ་དུ་མའི་ཁྲོད་དུ་འདི་འདྲའི་ཚོགས་སྡེ་མང་ཙམ་སྣང་ལ། ལོ་རྒྱུས་ཀྱི་ཉམས་མྱོང་ལྟར་ན་འདི་ནི་ལུག་ཚང་གི་སྒོ་ཁ་ལ་སྤྱང་ཚང་བཅའ་བ་ཡིན་པས་འདི་འདྲའི་གནས་ཚུལ་འདུག་ན་སྔ་ཙམ་ནས་བག་ཡོད་མཛད་འཚལ་ཏེ། མ་འོངས་པར་གནས་ཚུལ་འདི་དག་ལྡན་པའི་དགོན་སྡེ་ཁག་ཀྱང་གཞན་འགྱུར་གྱི་ཉེན་ཁའི་གནས་སུ་ལྷུང་ཟིན་པས་སོ།།

བཀའ་བརྒྱུད་གཞན་འགྱུར་གྱི་ལོ་རྒྱུས་མཚམས་མ་ཆད་བར་དུ་ལོ་རྒྱུས་དེའི་ཟིན་ཐོའང་མཚམས་ཆད་མི་སྲིད་ན། ས་གནས་སོ་སོ་ནས་ད་ལྟ་ཆོས་སྒྱུར་ལས་འགུལ་སྤེལ་མཁན་རྣམས་ཀྱང་བཀའ་བརྒྱུད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ལས་མིང་རུས་འབོར་མི་སྲིད་པར་ཡིད་ཆེས་ཡོད་ལ། ཏག་ཏག་ས་གནས་ལ་ལ་ནས་ད་ལྟ་རང་ལོ་རྒྱུས་སུ་བཀོད་ཟིན་འདུག་པའང་མཐོང་ཐོས་བྱུང་།

གང་ལྟར་ཆོས་སྒྱུར་ལས་འགུལ་དེས་ས་འབྲི་ཁྲི་སྐོར་ནང་འཁྲུག་བྱུང་བ་ནས་ད་བར་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བཟོས་ཡོད་ལ། ད་ལྟ་ད་དུང་ཡང་ལས་འགུལ་དེ་མཚམས་ཆད་མེད་པས་ན། ཆོས་སྒྱུར་བས་མི་སྡེ་ལྷ་སྡེ་ཀུན་པོ་དཀྲུགས་ནས་བོད་ཁམས་འདི་དུམ་བུར་གཏུབ་བཞིན་པ་མཐོང་ཆོས་བཞིན་ལགས།

ཀྱེ་མ། འདུ་བྱས་ཐམས་ཅད་མི་རྟག་པའི་ངང་ཚུལ་ཡིན་རུང་། བཀའ་བརྒྱུད་གཞན་འགྱུར་གྱི་ལོ་རྒྱུས་ནི་རྟག་པ་བཞིན་གཡུང་དྲུང་གི་ངོ་བོར་གནས་འདུག་ལ། ད་དུང་ཡང་མི་རབས་ག་ཚད་ལ་ལོ་རྒྱུས་འདི་རྒྱུན་ཆད་མེད་པར་འགྲོ་སྲིད་དམ།

 

༢༠༢༢ལོའི་འཛམ་གླིང་སྤྱི་བསང་ཉིན་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1801