—ཡ་གླིང་གི་སྐྱེས་པ་ཞིག་གིས་ཡ་གླིང་གི་བུད་མེད་ཅིག་ལ་ཕྱག་འཚལ་སྟངས།
གཟུངས་འདུས་སྐྱབས།
ཕུ་བོ་ལགས། ང་ནི་ནར་སོན་རྒྱུ་མེད་པའི་ནུ་བོ་དེ་ཡིན་པ་བདེན་དུ་ཆུགས་ཀྱང་། དེ་རིང་ཡང་འདི་ནས་ཡིག་ལམ་བརྒྱུད་ནས་བསམ་ཚུལ་འགའ་བརྡོལ་དགོས་བྱུང་སོང་བས། ཁྱེད་ཀྱི་མིག་ནང་གི་རྭ་ལིང་དུ་མི་འགྱུར་བའི་རེ་བ་ཡོད།
ཉེ་བའི་ཆར་ཉི་ཧོང་གི་དབུ་བཞུགས་བློན་ཆེན་ཨ་པིས་ཞིས་སན་ལྐོག་གསོད་བཏང་བའི་དོན་རྐྱེན་དེའི་ཆེད་དུ། དགྲ་གྲོགས་གཉིས་ཀྱིས་མྱ་ངན་ངོ་མ་དང་རྫུན་མ་ཞུ་བཞིན་འདུག་ལ། མཁས་བླུན་གཉིས་ཀྱིས་གསར་འགྱུར་ངོ་མ་དང་རྫུན་མ་སྒྲོག་བཞིན་འདུག ལ་ལས་ཐ་ན་དྲ་ལམ་དུ་ཁྱབ་པའི་པར་ཆུང་ཞིག་དཔང་རྟེན་དུ་བཅོལ་ནས། དབུ་བཞུགས་བློན་ཆེན་གྱི་སྐུ་བཅར་སྐུ་སྲུང་མ་ཨེས་ཧྲི་ཏ་མོ་ཛིའུ་ལ་ནུས་པ་མེད་ཚུལ་དང་། རིག་པ་རྟུལ་བོ་ཡིན་ཚུལ་གྱི་ཁ་ཚོན་མདུང་འདྲ་བ་རེ་ཁ་པར་ངོས་དང་དྲ་ལམ་སོ་སོ་རུ་གཡུག་བཞིན་འདུག ངོ་མ་ལུག་ཁྱུ་ཞིག་གི་ལུག་རྣམས་གཅིག་རྗེས་གཅིག་ལ་འབྲངས་ཏེ་མེ་དང་ཆུ་ལ་མཆོངས་ཚུལ་གྱི་ང་ཚོའི་ཡུལ་མི་སྤུན་ཟླ་འདི་དག་ཇི་འདྲའི་མི་བུ་ཕོད་ཚོད་ཅན་ཏག་ཏག་རེད།ཡིན་དང་མིན་ཞེས་པ་དང་། ཡང་ན་རེད་དང་མ་རེད་ཅེས་པའི་ངེས་པར་དུ་གཅིག་ཡིན་དགོས་པའི་ཨུ་ཚུགས་ཀྱི་དྲིས་ལན་ཞིག་གི་སྟེང་དུ་མ་བབས་ན་སེམས་བདེ་ལ་འབབ་ཐབས་མེད་པ་འདྲ། དྲང་མོར་བཤད་ན། འཇིག་རྟེན་དུ་ཡིན་མིན་དང་རེད་དང་མ་རེད་གང་ཡིན་མིན་པར། ཡིན་མིན་གཉིས་ཀྱི་མཚམས་དང་རེད་དང་མ་རེད་གཉིས་ཀྱི་དཀྱིལ་དུ་གནས་པའི་གནས་ལུགས་དང་བྱ་དངོས་ཀྱང་ཡོད་སྲིད་པ་རེད།
ངས་རྒྱུས་ལོན་བྱས་པ་ལྟར་ན། དབུ་བཞུགས་བློན་ཆེན་ཁོང་ལ་ལྐོག་གསོད་ཐེབས་པའི་ཉིན་མོ་དེར། ཁོང་གི་སྐུ་བཅར་སྐུ་སྲུང་མ་ཨེས་ཧྲི་ཏ་མོ་ཛིའུ་ལྐོག་གསོད་ཐེབས་སའི་ཡུལ་དངོས་སུ་ཡོད་མིན་ཡང་ཧ་ཅང་བཤད་དཀའ་མོ་རེད། འོན་ཀྱང་། དགྱ་ནག་གི་དྲ་འབུ་དེ་ཚོ་ཡིན་ན་འདྲ། ཕ་ཡུལ་གྱི་དྲ་བྱིའུ་དེ་ཚོ་ཡིན་ན་ཡང་ཆོག སྐུ་སྲུང་མ་ཨེས་ཧྲི་ཏ་མོ་ཛིའུ་ཉི་ཧོང་གི་སྐུ་སྲུང་བ་ཨང་དང་པོར་བགྲང་བ་ནི་མིང་ཡོད་པ་ཙམ་ལས་དོན་སྟོང་བ་རེད་ཅེས་གང་སར་འུར་སྒྲོག་བྱེད་བཞིན་འདུག སྤྱིར་ན་ངས་གྲོགས་ཚོམས་དང་ང་རང་གིས་བཙུགས་ཡོད་པའི་སྐད་འཕྲིན་སྒང་གི་དྲ་ཚོམས་ཤིག་སྟེ། སྐད་ཆའི་སྟོབས་ཞེས་པའི་ཉེ་སྔོན་དྲ་མི་ཉིས་བརྒྱ་དང་བཞི་བཅུ་ཞེ་ལྔ་ལྷག་གིས་གྲུབ་ཡོད་པའི་ཚོགས་པ་དེ་རུ་སྐུ་སྲུང་མ་འདི་ལ་སྐད་ཆའི་ལམ་ནས་དག་སེལ་ཞིག་བྱེད་ན་འདོད་མོད། འོན་ཀྱང་ཁ་སང་དེ་རིང་གི་སེམས་ཁམས་གསར་བ་ཞིག་གིས་ངས་དེ་ལྟར་བྱེད་མ་ཐུབ།
ཡིན་ན་ཡང་། ངས་སྐུ་སྲུང་མ་ཨེས་ཧྲི་ཏ་མོ་ཛིའུ་ལ་རྒྱུས་ལོན་ཙམ་བྱས་མཐར། ཁོ་མོའི་སྤྱིར་བཏང་མ་ཡིན་པའི་མི་ཚེའི་འགྲུལ་བཞུད་དེས་ང་རང་ཧང་སངས་སུ་བཅུག་སོང་། ངོ་མ་ཧང་སངས་སུ་བཅུག་སོང་། མི་མང་བོ་ཞིག་གིས་ཁོ་མོ་ཉི་ཧོང་གི་ལོ་ན་ཆེས་ཆུང་བའི་སྐུ་སྲུང་བ་ཨང་དང་པོ་རུ་འགྱུར་ཐུབ་དོན་ནི། ཁོ་མོའི་ཁྱིམ་ཚང་གི་ཆ་རྐྱེན་གྱི་སྟབས་ཀྱིས་རེད་ཟེར།ཡང་ན་ཁོ་མོའི་ཨ་མྱེས་དང་ཨ་ཕ་གཉིས་ཀྱི་ལས་གནས་ཀྱང་སྐུ་སྲུང་བའི་ལས་རིགས་ཡིན་པས་རེད་ཟེར། བདེན་གི་སྤྱིར་ན་ཁོར་ཡུག་གིས་མི་ཞིག་གི་མདུན་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་པ་ནི་དོན་དངོས་རེད། འོན་ཀྱང་སྐབས་དེར་ཉི་ཧོང་ལ་མཚོན་ན་ཨེས་ཧྲི་ཏ་མོོ་ཛིའུ་བཞིན་དུ་ཆ་རྐྱེན་གྱིས་ལོངས་ཡོད་པ་དང་། སྐུ་སྲུང་བ་བྱེད་འདོད་མཁན་གྱི་གཞོན་སྐྱེས་ག་ཚོད་ཅིག་ཡོད་དམ།ཧ་ཅང་མང་ནི་རེད། གཙོ་བོ་ཁོ་མོ་རང་སྟེང་གི་ནུས་པ་ཁྱད་འཕགས་ཅན་ཞིག་མེད་ན་ནི། ལས་སླ་མོ་བྱས་ནས་ཉི་ཧོང་གི་སྐུ་སྲུང་བ་ཨང་དང་པོའི་མཚན་སྙན་འཐོབ་དཀའ་རྒྱུ་རེད་སྙམ།ལྷག་པར་དུ་ཁོ་མོར་རང་སྟེང་གི་ནུས་པ་ཁྱད་མཚར་བ་ཞིག་མེད་ན། ཉི་ཧོང་གི་དབུ་བཞུགས་བློན་ཆེན་སྔོན་མ་ནོ་རྡེལ་ག་ཡི་སྐུ་སྲུང་མ་རུ་བདམས་ཐོན་བྱུང་ཁག་ལ། ནོ་རྡེལ་ག་སྲིད་སྟེགས་ལས་བབས་རྗེས། མུ་མཐུད་ནས་ཉེ་སྔོན་ལྐོག་གསོད་བཏང་མ་ཐག་པའི་དབུ་བཞུགས་བློན་ཆེན་ཨ་པིས་ཞིས་སན་གྱི་སྐུ་བཅར་སྐུ་སྲུང་མ་རུ་བདམས་ཐོན་བྱུང་རྒྱུ་དེ་ཡང་ཧ་ཅང་ནས་དཀའ་མོ་ཞིག་ལོས་ཡིན།
མཚམས་འདི་ནས་བཟུང་ངས་སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ཞེས་མཛངས་མ་ཞེས་པའི་ཞེ་ཚིག་དང་ཆེ་བརྗོད་འདི་ཁོ་མོར་ང་རང་གི་ངོས་ཐད་ནས་བཀོལ་ན་འདོད་བྱུང་། འོ་ལེ། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ནི་གཅིག་དགུ་བརྒྱད་ཅུ་གྱ་བརྒྱད་ལོར་ཉི་ཧོང་གི་སྐུང་སྲུང་བའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཉི་ཧོང་རྒྱལ་ཁབ་ལ་ཁྱོན་བསྡོམས་མི་རིགས་ཉི་ཤུ་ཡོད་པ་ལས་པད་ཟིལ་ཀོ་ཞེས་པའི་མི་རིགས་དེའི་ཁྲག་རྒྱུད་དུ་གཏོགས་ཤིང་། ལོ་ན་ཧ་ཅང་ཆུང་བའི་དུས་ཏེ་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་པར་མོ་ལོ་ཉི་ཤུ་རྩ་གསུམ་ལ་སླེབས་མ་ཐག་པའི་སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ཉི་ཧོང་གི་རྒྱལ་ས་ཐོ་ཁེའོ་རུ་ཉེན་རྟོག་ལྟ་ཞིབ་ཐིང་གི་སྐུ་སྲུང་ཚན་ཁག་དུ་བསྡུས་ཤིང་། དེ་མ་ཐག་དབུ་བཞུགས་བློན་ཆེན་ནོ་རྡེལ་ག་ཡི་སྐུ་སྲུང་བྱས་པ་དང་། ནོ་རྡེལ་ག་སྲིད་སྟེགས་ནས་བབས་རྗེས་སླར་ཡང་དབུ་བཞུགས་བློན་ཆེན་ཨ་པིས་ཞིས་སན་གྱི་སྐུ་བཅར་སྐུ་སྲུང་མ་རུ་གྱུར།
ཁོ་མོ་སྐུ་སྲུང་བའི་ལས་ཀར་མ་ཞུགས་སྔོན་ལ། ཁོ་མོའི་ཨ་ཕ་ལགས་ཀྱིས་ཡང་དང་བསྐྱར་དུ་ཉེན་ཁ་ཆེ་ལ་གནོན་ཤུགས་ལྕི་བའི་ལས་ཀ་འདི་ཁོ་མོས་བསྒྲུབ་མི་དགོས་པའི་སྐུལ་མ་ཡང་ཡང་བཏང་ཡང་། ཁོ་མོའི་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་དེའི་སྟབས་ཀྱིས། མཐར་ཕ་ལགས་ཀྱིས་ཀྱང་རང་གི་བུ་མོའི་འདོད་པ་ལྟར་གྱི་མི་ཞིག་བྱེད་པར་རྒྱབ་སྐྱོར་གནང་འདུག རེད་ཡ། ཡང་ཁོ་མོ་སྐུ་སྲུང་བའི་ལས་ཀར་མ་ཞུགས་སྔོན་ལ། གཤིས་ཀ་འཇམ་ཞིང་བབ་ཆགས་པ་ཞིག་ཡིན་ན་ཡང་། དབུ་བཞུགས་བློན་ཆེན་ནོ་རྡེལ་ག་ཡི་སྐུ་སྲུང་མ་རུ་གྱུར་བའི་དུས་དེ་ནས་བཟུང་། ཁོ་མོའི་གཤིས་ཀ་ཅུང་རྩུབ་དྲག་དང་ལྡན་པ་ཞིག་ཏུ་གྱུར་སོང་ཟེར་ལ།ནམ་རྒྱུན་གྱི་ལས་ཀའི་ཁྲོད་དུ་ཤིན་ཏུ་ཞིབ་ཚགས་ཆེ་བ་མ་ཟད། ཞིབ་ཚགས་དེའི་ཁྲོད་དུ་ཅུང་དོགས་ཟོན་རང་བཞིན་དང་གདུག་རྩུབ་ཀྱི་རང་བཞིན་ཞིག་ཀྱང་ཁོ་མོའི་ངོ་གདོང་དང་གཤིས་ཀ་དེ་ལས་མངོན་ཡོང་རབས་བཤད། ངས་བསམ་ན་དེ་ནི་ཁྱད་འཕགས་ཀྱི་སྐུ་སྲུང་མ་ཞིག་ལ་ཡོད་འོས་པའི་གཤིས་ཀ་དེ་རེད་བསམ།
ཡང་ཁོ་མོའི་སྐུ་སྲུང་བའི་ལས་ཞུགས་ཁྲོད་དུ། སྔོན་ཆད་སྟོབས་དང་ལྡན་པའི་ཕོ་རྒོད་བཅུའི་སྐོར་རྒོལ་ལ་ཁོ་མོ་གཅིག་པུས་མེ་མདའ་ཡང་མ་བཀོལ་བར་ལག་པ་གཉིས་ཁོ་ནས་ཁ་གཏད་གཞལ་སོང་བའི་ལོ་རྒྱུས་ཡོད་ལ། སྤྱིར་བཏང་དུ་སྐུ་སྲུང་བ་ཞིག་གིས་དོགས་ཡོད་མི་སྣ་ཞིག་མེ་མདས་ཁ་གཏད་འཇོག་པར་སྐར་ཆ་ལྔ་ནས་བདུན་དགོས་ཀྱང་། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ཡིས་སྐར་ཆ་གཉིས་བཀོལ་ནས་དོགས་ཡོད་མི་སྣར་མེ་མདས་ཁ་གཏད་འཇོག་ཐུབ་པ་མ་ཟད།མེ་མདས་གཟས་ཚད་དམ་ཕོག་ཚད་ཀྱང་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་དུ་སླེབས་ཐུབ་པའི་ཟིན་ཐོ་གསར་བ་བསྐྲུན་འདུག་ཟེར།
འདི་ལྟར་སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ཡི་མི་ཚེའི་ལོ་རྒྱུས་ཐན་ཐུན་ཞིག་བྲིས་ནས་ཡོང་བའི་མོད་ལ།ང་རང་ཁོ་མོའི་གཏམ་རྒྱུད་དེ་དག་ལ་ཞེ་དྲག་དགའ་མགུ་ཐེབས་སོང་། ཁྱད་པར་དུ་ཁོ་མོས་མཚམས་རེར་ནམ་གུང་གི་དུས་སུ་ཡང་། སྐུ་སྲུང་གི་ལས་ཀ་མཚམས་མ་བཞག་པར་ཡར་མར་ལ་སྐོར་རྒྱུག་བྱས་ནས་བསྡད་པ་ཡང་གྲངས་མེད་ཡིན་རབས་བཤད། ངོ་མ་ཁོ་མོའི་མི་ཚེའི་གཏམ་རྒྱུད་དག་གླེང་ཡོང་སྐབས། ངས་ཉིན་གྱི་བྱ་ར་དང་མཚན་མོའི་མེལ་ཚེ་ལྟ་བུའི་ཕ་ཡུལ་གྱི་འབྲོག་ཐང་གི་སྒོ་ཁྱི་རྣམ་རིག་ཅན་དེ་དག་དྲན་ཡོང་། གལ་སྲིད་སྙིང་རྗེ་བའི་སྒོ་ཁྱི་འདི་དག་ཀྱང་ལྕགས་ཐག་གི་སིལ་སྒྲ་ལས་གྲོལ་ནས། མ་ཟད་དུད་དེ་འགྲོ་བའི་ལས་དབང་གི་མདུད་པ་འདི་ལས་གྲོལ་ཏེ། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལྟ་བུའི་མི་སྣ་རེ་རེའི་གཟུགས་སུ་གྲུབ་པ་ཡིན་ན། ཁོ་ཚོ་ཡང་སྐད་གྲགས་ཆོད་པའི་སྐུ་སྲུང་བ་རེ་རེར་མི་འགྱུར་བའི་ངེས་པ་མེད་ན་ཐང་། འདི་ནི་ཚོར་སྣང་ཞིག་ལས་ཚོར་སྣང་གཞན་ཞིག་ལ་འཕྲོས་པའི་ཚོར་སྣང་ཞིག་ཡིན། ངོ་མ། འབྲོག་ཁྱི་འདི་དག་རླབས་ཆེན་ཡིན་པ་ལ།
སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། ངས་ཁྱོད་རང་ང་ཡི་ཕ་ཡུལ་གྱི་འབྲོག་ཁྱི་ཞིག་དང་བསྡུར་དོན་ནི།ཁྱོད་རང་ཁྱི་ལྟ་བུ་ཞིག་རེད་ཅེས་དམའ་འབེབ་གཏོང་འདོད་མ་ཡིན་པར། ཁྱོད་རང་ཁྱི་ལྟ་བུ་ཞིག་རེད་ཅེས་ཁྱོད་ལ་བསྟོད་འདོད་པ་དེ་ཡིན་པ་མ་ཟད། ཕ་ཡུལ་གྱི་མི་རྣམས་ཀྱིས་ཀྱང་མཚམས་རེར་མིག་གིས་རྒྱང་རིང་སར་བལྟ་རྒྱུ་ཡིན་ཞེས་ང་ཚོ་དང་བར་ཐག་ཤིན་ཏུ་རིང་བའི་ཉི་ཧོང་ལྟ་བུའི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་དར་རྒུད་ལ་སེམས་ཚེགས་བྱེད་པ་ལས།རང་གི་ཐག་ཉེ་སར་གནས་པའི་བྱ་དངོས་དག་ལ་ཡང་བསམ་རེ་ཚུགས་དང་། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་དག་ཏུ་ཚ་ཚ་འུར་འུར་དུ་གྲགས་ན་ཡང་། སྙིང་རྗེ་ལ་བློ་དཀར་གཞུང་དྲང་གི་འབྲོག་ཁྱི་འདི་དག་དེའི་བསོད་ནམས་མེད་དོན་ཅི།ཨ་ལ་ཀུ་རེ་ཡིན། མཚམས་འདིར་ངས་དབང་མེད་དུ་ལྷུག་རྩོམ་ལྟ་བུའི་རྩོམ་གཤིས་ཤིག་གིས་ད་རེབ་ཀྱི་བཤད་འདོད་པ་དག་བརྫད་ཡོད་ལས་ཆེ། གང་ལྟར་བྲིས་ཀྱིན་བྲིས་ཀྱིན་འདི་འདྲ་ཞིག་ཀྱང་བཤད་ན་འདོད་སོང་།
མཇུག་མཐར་བཤད་འདོད་པ་ཞིག་ལ། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། འཛམ་གླིང་འདི་གླིང་ལྔ་མཚོ་བཞིའི་བདག་ཉིད་ཅན་གྱི་གོ་ལ་ཞིག་ཡིན་པར་བཤད་ལ། འོ་ན། གླིང་ཆེན་ལྟར་དབྱེ་ན་ང་ཡང་ཡ་གླིང་གི་ཡིན་ལ་ཁྱོད་ཀྱང་ཡ་གླིང་གི་རེད། འོན་ཀྱང་། ང་ཚོའི་བར་ཐག་ཤིན་ཏུ་རིང་ཞིང་རྒྱ་མཚོ་ཆེན་མོ་ཞིག་གིས་བར་ཆོད་ཡོད་ལ། སྐམ་ས་ཆེན་མོ་ཞིག་ཀྱང་འདི་ནས་ཉི་ཧོང་གི་བར་དུ་བརྐྱངས་ཡོད་མོད། འོན་ཀྱང་། ཉིད་ཀྱི་ཁྱད་དུ་འཕགས་པའི་མི་ཚེའི་གཏམ་རྒྱུད་དེའི་ཆེད་དུ། ངས་འདི་ནས་ཁ་ཤར་ཕྱོགས་སུ་གཏད་ནས་ཁྱོད་ལ་བརྐྱངས་ཕྱག་དགུ་དགུ་བརྒྱད་ཅུ་གྱ་གཅིག་འཚལ་ན་བསམ། དེ་ནི་ཁྱོད་རང་ངག་རྒྱུན་ཁྲོད་ཀྱི་ལྷ་མོ་ཞིག་ཏུ་བཀུར་བ་མིན་པར། དངོས་ཡོད་དོན་ཡོད་ཀྱི་བུད་མེད་ཅིག་གིས་ང་ཡི་ཡིད་དབང་འཕྲོག་ཚུལ་ཡིན། ཤུ་རེ་ཁོ། ཕ་ཡུལ་དུ་ཡང་ཁྱོད་ལྟ་བུའི་ལས་རིགས་གང་ཞིག་གི་དོད་དུ་ཁྱད་མཚར་བའི་མི་ཚེའི་གཏམ་རྒྱུད་འབྲི་ཐུབ་མཁན་གྱི་བུད་མེད་སྐོར་རེ་སྐྱེ་ཐུབ་ན་ཅི་མ་རུང་། ཡིན་ན་ཡང་ཕ་ཡུལ་དུ་དེ་ལྟ་བུའི་བུད་མེད་ཤིན་ཏུ་ཉུང་། རབ་ཏུ་ཉུང་།
སྙན་ངག་འབྲི་མཁན་སྐོར་རེ་ཡོད། བྲིས་ཀྱིན་བྲིས་ཀྱིན་སྙན་ངག་གི་བརྗོད་བྱ་ཆོ་མེད་པའི་གསར་བུ་ཞིག་གི་རྣམ་ཐར་དུ་གྱུར་འགྲོ། བརྩེ་དུང་གླེང་མཁན་སྐོར་རེ་ཡོད། གླེང་གིན་གླེང་གིན་ཕ་མས་བཀའ་དང་འགལ་མི་ཐུབ་པའི་སྲོལ་རྒྱུན་བསམ་བློའི་བཙོན་མ་ཞིག་ཏུ་གྱུར་འགྲོ། གླུ་ལེན་པའི་གླུ་མ་སྐོར་རེ་ཡོད། གླུ་བླངས་ཀྱིན་བླངས་ཀྱིན་ཁྲོམ་ར་ཞིག་གི་སྤྱི་ཡོངས་ཀྱིས་སྤྱོད་པའི་གཙང་སྤྱོད་ཁང་ཞིག་ཏུ་གྱུར་འགྲོ། ཚོང་རྒྱག་མཁན་སྐོར་ཞིག་ཡོད། ཚོང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཧེབ་མགོ་མི་གནོན་པའི་འབུ་མེ་ལྕེབས་ཤིག་ཏུ་གྱུར་འགྲོ། སློབ་ཆེན་སྐོར་ཞིག་ཡོད། སློབ་གྲྭ་འགྲིམ་གྱིན་འགྲིམ་གྱིན་ཁ་ནང་གི་སྐད་ཆ་ཡང་སྦྲགས་སྐད་འདྲེས་མའི་བསྐྱར་ཀློག་འཕྲུལ་ཆས་ཤིག་ཏུ་གྱུར་འགྲོ། ཡག་མ་སྐོར་ཞིག་ཡོད། ཡག་བཏོད་ཀྱིན་བཏོད་ཀྱིན་རུ་སྡེ་ཞིག་གི་ཆབ་ཏོ་རུ་གྱུར་འགྲོ།འབྲོག་མོ་སྐོར་ཞིག་ཡོད།འབྲོག་ལས་གཉེར་གྱིན་གཉེར་གྱིན་སྨད་རྒྱ་ནང་གི་བག་མ་གོང་དམའ་ཞིག་ཏུ་གྱུར་འགྲོ། རོང་མོ་སྐོར་ཞིག་ཡོད།ཞིང་འདེབས་ཀྱིན་འདེབས་ཀྱིན་ཞིང་ཚིགས་ཁ་ཡི་ཐོ་ཡོར་ཞིག་ཏུ་གྱུར་འགྲོ།
སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། ང་རང་སྐྱེས་པ་ཞིག་ཡིན་པའི་ཆ་ནས། བུད་མེད་ཅེས་པའི་གང་ཟག་འདི་ལ་ཚོར་བ་ཁྱད་པར་ཅན་ཞིག་ལོས་ཡོད་དེ་ཡོད། དེ་ནི་གསང་ཐུབ་མེད་ལ་གསང་དགོས་པ་ཞིག་ཀྱང་མ་རེད། ཡིན་ན་ཡང་། ད་སྔ་ངས་ཆེད་དུ་བུད་མེད་ལ་བྲིས་པའི་སེམས་འདུན་ཤིན་ཏུ་ཉུང་། ཁོ་རེ་ཡའི་མཛེས་མ་ཨེས་ཅོན་(이지은)ནམ་IUདང་གཅིག ཕ་ཡུལ་ལུང་བ་འདིའི་བདེ་སྡུག་གི་ངུ་ངག་རྩོམ་རིག་ཏུ་བྱོ་མྱོང་བའི་བུད་མེད་རྩོམ་པ་པོ་དཔལ་འབྲུག་མོ་དང་གཉིས། ལོ་ཚོད་ཀྱི་ཐད་ནས་ང་རང་ཁོ་མོའི་ཨ་ཕ་བྱས་ཆོག་ཀྱང་། ངེད་གཉིས་བར་དུ་བརྩེ་དུང་ཆགས་མྱོང་བའི་གླིང་དཀར་སྟོད་ཀྱི་བུ་མོ་Fly(ཁོ་མོའི་དངོས་མིང་གནས་སྐབས་སུ་གབ་དགོས་བྱུང་སོང་།)དང་གསུམ། དྲ་ཐོག་མཛེས་མ་གཡང་སྐྱིད་དང་བཞི། བརྩེ་དུང་གི་ནམ་མཁའ་རུ་བྲིས་པའི་བུད་མེད་དེ་དང་ལྔ། ད་ལྟ་ཁྱོད་རང་འབྲི་བཞིན་ཡོད་པ་དང་དྲུག་བཅས་ཁྱོན་བསྡོམས་བུད་མེད་དྲུག་ཙམ་དང་འབྲེལ་བའི་སེམས་འདུན་མ་གཏོགས་བྲིས་མེད་ལ། ཉེ་ཆར་འབྲི་གྲབས་ཡོད་པའི་བུད་མེད་གཅིག་ཡོད་པ་དེའི་ཕྱོགས་ཀྱི་སེམས་འདུན་ནི་གནས་སྐབས་སུ་བཏང་སྙོམས་སུ་བཞག་ཡོད།
ཡ།ད་ཆོག་ནི་བྱེད། འབྲི་མཚམས་འཇོག་པར་བྱེད། གང་ལྟར་ང་ཚོ་སྐྱེས་པ་དག་ལ་མཚོན་ན། གནམ་འོག་འདིར་བུད་མེད་ཅེས་པའི་ལེགས་སྐྱེས་རྩ་ཆེན་ཞིག་ཡོད་པ་ང་རང་ངོས་ནས་ཁས་ལེན་གྱིན་ཡོད་ལ། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལྟ་བུ་དག་ལ་ལྷག་ཏུ་ནས་བརྩེ་བ་དང་དུང་བ་མཚོན་འདོད། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། ང་ཡང་ཁྱོད་དང་འདྲ་བར་རྐང་རྒྱུག་བྱེད་རྒྱུ་ཤིན་ཏུ་དགའ་བ་མ་ཟད། དུས་ད་ནས་བཟུང་ཁྱོད་ཀྱི་སྟབས་ཀྱིས་ངས་སླར་ཡང་དགའ་ཕྱོགས་གསར་བ་ཞིག་རྙེད་ཐུབ་སོང་སྟེ། དེ་ནི་ང་རང་ད་ནས་བཟུང་ཉི་ཧོང་གི་གླུ་དབྱངས་སྙན་མོ་དེ་དག་ལ་ཉན་འདོད་ཀྱི་འདུན་པ་ཇེ་ཆེར་བུད་སོང་བ་འདྲ། ངས་ཉི་ཧོང་གི་སྐད་ཡིག་མི་ཤེས་ཀྱང་ཉི་ཧོང་གི་གླུ་དབྱངས་ལ་ལ་ཞིག་གི་ཁྲོད་ནས། ཁྱོད་དང་མཉམ་དུ་རིག་གནས་གཅིག་གི་མཁའ་དབུགས་རྔུབ་བཞིན་པ་ལྟ་བུའི་འཁྲུལ་སྣང་བསོར་མོ་བསོར་མོ་ཞིག་སྟེར་ཐུབ་པ་འདྲ། རེད།ཁྱོད་ཀྱི་ཕྱིར་དུ་ང་ལ་འཁྲུལ་སྣང་བསོར་མོ་འདི་ཡོད་པས་ཆོག
སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། ཁྱོད་རང་ཉི་ཧོང་གི་གླིང་ཕྲན་དེའི་སྟེང་དུ་རྐང་རྒྱུག་བགྱིས།ང་རང་ཕ་ཡུལ་འདིའི་རྩྭ་ཐང་དུ་རྐང་རྒྱུག་བྱེད། རྐང་རྒྱུག་ཁྲོད་ཀྱི་ཕན་ནུས་དང་སྐྱིད་སྣང་དེ་འུ་གཉིས་ཀྱིས་ཕན་ཚུན་ལ་བསྩལ་བའི་ལེགས་སྐྱེས་རེ་རེ་ཡིན་པར་བགྱིས། གན། ངས་ཡང་འཁྲུལ་སྣང་བསོར་མོ་ཞིག་དྲན་བཞིན་འདུག གང་ལྟར། སྐུ་སྲུང་མཛངས་མ་ཨེས་ཧྲི་ཏ་མོ་ཛིའུ་ལགས། ཁྱོད་ཀྱི་ཕྱིར་དུ་ང་ལ་འཁྲུལ་སྣང་བསོར་མོ་བསོར་མོ་འདི་ཡོད་པས་ཆོག
དཔྱད་མཆན་སྤེལ།