རྩོམ་འབྲི་བ། ཆུ་སྒང་ཤཱཀྱ་ཤེས་རབ།

 

གཅིག། གླེང་སློང་།

 

སངས་རྒྱས་ཆོས་ལུགས་ལ་བསྟན་རྩ་དགེ་འདུན་གྱི་སྡེ་ཕོ་མོ་གཉིས་སུ་ཡོད་པ་དང་། དེ་ནས་རིམ་གྱིས་བོད་དུ་བསྟན་པ་དར་བ་དང་བསྟུན་ནས་བཀའ་བརྒྱུད་ཅེས་པའི་ཐེག་ཆེན་གྱི་ཆོས་བརྒྱུད་འདི་བྱུང་ཞིང་། འདི་ལའང་བསྟན་རྩ་དགེ་འདུན་གྱི་སྡེ་ཕོ་མོ་གཉིས་སུ་དར་ཁྱབ་ཕྱིན། དེ་གཉིས་ཀ་ཡང་ཚེ་སྔོན་གྱི་ལས་འབྲས་དང་ད་ལྟའི་བསོད་ནམས་ཀྱི་མཐུན་རྐྱེན་གྱིས་བསྟན་པ་འདི་ཉིད་ཀྱི་ལྷ་འབངས་སུ་སྐྱེས་པ་སྨོས་མ་དགོས། གྲུབ་མཆོག་མར་པ་ལོ་ཙཱས་བསྒྱུར། རྗེ་བཙུན་མི་ལས་སྒོམ། དྭགས་པོ་ཆོས་རྗེས་སྤེར་ཞིང་རྒྱས་པར་མཛད་པའི་ཆོས་བརྒྱུད་འདི་ཉིད་ལ་གང་ས་སྤྱིའི་ཐད་ནས་རང་གི་ལུགས་དང་བརྒྱུད་པ་ཞིག་ཡོད་ཅིང་། དེ་ཁོ་ན་ལ་བསྟེན་པས་ཀྱང་རྣམ་མཁྱེན་གྱི་གོ་འཕང་བླ་ན་མེད་པ་ཐོབ་རུང་བ་ནི་བཀའ་བརྒྱུད་གྲུབ་ཐུབ་བརྒྱ་རྩ་ཞེས་ཡོངས་སུ་གྲགས་པའི་གྲུབ་བརྙེས་རྣམས་ཀྱིས་ལག་ལེན་དངོས་ཀྱི་ངོས་ནས་བདེན་པ་ར་སྤྲོད་བྱས་ཡོད་མོད། དེང་གི་ཆར་ལོ་རྒྱུས་ཀྱི་འཕེལ་རིམ་དང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྟན་པ་འདིའི་ཁོངས་སུ་སྐྱེས་པའི་བསྟན་རྩ་དགེ་འདུན་གྱི་སྡེ་སྤྱི་དང་ལྷག་པར་བཙུན་མ་རྣམས་ནི་མིང་ཙམ་ལས་དོན་གྱི་ཆ་ནས་ཆོས་བརྒྱུད་འདི་པ་དང་ཤིན་ཏུ་འཕྲད་དཀའ་བར་གྱུར་པའི་སྣང་ཚུལ་མངོན་པས་ན། ཁོ་བོས་རྩོམ་འདི་བྲི་བའི་དགོས་པ་ཡང་གནས་སྟངས་དེར་ཕྱིར་རྟོག་དང་དཔྱད་ཞིབ་ལ་བརྟེན་ནས་ཀྱག་ཀྱོག་གི་ལོ་རྒྱུས་དེ་ལ་མ་འོངས་པར་འགྱུར་བ་ཅུང་ཙམ་ཕྱིན་ཏེ། རྗེ་བཙུན་མར་མི་ཡབ་སྲས་ཀྱི་རིང་ལུགས་འདི་ཉིད་བཀའ་བརྒྱུད་ཀྱི་བསྟན་ཞབས་སུ་སྐྱེས་པའི་སྐྱེ་འགྲོ་ཕོ་མོ་ཀུན་གྱི་བགོ་སྐལ་དུ་སྨིན་ཆེད་བྲིས་པ་ལགས། དེ་བས་ན་བསམ་ཡོད་ཤེས་ལྡན་རྣམས་ཀྱིས་གོ་བ་གཞན་དུ་མི་ལེན་པར་ཞུ།

 

གཉིས། བཀའ་བརྒྱུད་པའི་བཙུན་མའི་ལོ་རྒྱུས་ཀྱི་དབུ་ཁྱུད།

 

གོ་ལ་འདིའི་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་སོ་སོར་དབྱེ་ན་རྩ་བའི་ཆ་ནས་ཕོ་དང་མོ་གཉིས་སུ་འདུ་བ་དང་། ཕོ་མོ་གཉིས་ལས་ཀྱང་བུད་མེད་ཀྱི་གྲངས་ཀ་བརྒྱ་ཆའི་མང་ས་ཟིན་ཡོད་པའི་ཐོ་མཐོང་དུ་འདུག་ན། བུད་མེད་ཀྱི་གནས་སྟངས་ལ་དོ་སྣང་བྱེད་པ་ནི་འཛམ་གླིང་འདིའི་མི་གྲངས་ཕྱེད་ལ་དོ་སྣང་བྱེད་པ་ཡིན། དེ་བཞིན་འཛམ་གླིང་ཆོས་ལུགས་སོ་སོའི་རྗེས་འཇུག་ལའང་ཕོ་མོ་གཉིས་སུ་དབྱེ་རུང་བ་དང་། ལྷག་པར་སངས་རྒྱས་ཆོས་ལུགས་ལ་མཚོན་ན་ཐོག་མར་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་དུས་ནས་བུད་མེད་རབ་ཏུ་བྱུང་བའི་སྲོལ་བྱུང་བས། དེ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གྱི་གྲལ་དུ་བུད་མེད་དངོས་སུ་ཚུད་ཅིང་། ནང་པའི་བཙུན་མའི་ལས་དབང་དང་སངས་རྒྱས་ཆོས་ལུགས་ཀྱི་ལས་དབང་གཉིས་ཀྱང་དམ་པོར་འབྲེལ་བ་གྲུབ། དེ་རྗེས་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་རྗེས་སུ་ཐོག་མར་རྒྱལ་པོའི་ཕོ་བྲང་ནས་དབུ་བཟུང་སྟེ་བཙུན་མ་བྱུང་བར་གྲགས་པ་དང་། དེ་ནས་བཟུང་བོད་བརྒྱུད་ནང་བསྟན་དང་བཙུན་མའི་བར་ལ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་བྱུང་། ཕྱི་དར་སྐབས་བོད་དུ་ཆོས་བརྒྱུད་སྣ་ཚོགས་དར་ཞིང་། དེ་དག་ལ་བསྟན་རྩ་དགེ་འདུན་གྱི་སྡེའི་ཁྲོད་བཙུན་མ་བྱུང་ཡོད་པས་མ་ཚད། བཙུན་མ་ལ་ཤས་ཀྱིས་བསྟན་པར་ཞབས་ཞུ་བླ་ན་མེད་པ་ཞུས་པར་མངོན།

ཕྱི་དར་གྱི་དུས་སུ་དབུ་བརྙེས་པའི་བཀའ་བརྒྱུད་ཀྱི་གྲུབ་མཐའ་འདི་ལ་སྔོན་གྱི་དུས་ནས་བཙུན་མ་བྱུང་ཡོད་མོད། འོན་ཀྱང་། དུས་ཚོད་ག་དུས་ནང་དར་བའི་སྐོར་ནི་ད་ལྟ་དཔྱད་དགོས་པར་མཐོང་སྟེ། བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་པའི་རྗེ་བཙུན་མར་པའི་གདན་ས་ལྷོ་གྲོ་བོ་ལུང་དུ་བཙུན་མ་ཐོག་མར་བྱུང་བའི་དུས་ནི་ཡུམ་བདག་མེད་མ་སྐུ་འཚོ་ཞིང་བཞུགས་པའི་སྐབས་ཡིན་པའི་ངག་རྒྱུན་མཆིས་ཤིང་། གླིང་སྟོད་སྨད་བར་གསུམ་ལས་གླིང་སྨད་ནི་བཙུན་མའི་གླིང་ཡིན་པ་དང་དེར་བཙུན་མ་བརྒྱད་བརྒྱ་ནས་དགུ་བརྒྱའི་བར་འདུས་སྡོད་མྱོང་བའི་ངག་རྒྱུན་ཡང་ཡོད་པའི་སྐོར་དང་། བཙུན་མ་དེ་འདྲ་མང་པོ་འདུས་པའི་དུས་ནི་གདན་རབས་གང་གི་སྐབས་ཡིན་པ་ལ་གསལ་ཁ་ད་དུང་མ་བྱུང་ཞེས་ཁོ་བོར་དེ་གའི་དགེན་ཞིག་གིས་གསུངས། ལོས་ཡིན། སྐབས་དེར་བོད་ཕྱི་དར་གྱི་བསྟན་པ་དབུ་བརྙེས་སྐབས་ཡིན་པས་ན་བོད་ཡུལ་དུ་རབ་བྱུང་ཡོད་པས་རྗེ་བཙུན་མར་པའི་སློབ་མའི་ཁྲོད་དུ་རབ་བྱུང་བཙུན་པ་བྱུང་བ་དང་མ་ཚད་བཙུན་མ་ཡང་ཡོད་མི་ཆོག་པ་ནི་ག་ལ་ཡིན། འོན་ཀྱང་། རྗེ་བཙུན་མར་མི་ཡབ་སྲས་ཀྱི་དུས་ལ་ཁོང་གི་ཆོས་བརྒྱུད་འཛིན་པའི་དགེ་བསྙེན་མ་དང་ཆོས་དྲུག་དང་འཕྲུལ་འཁོར་ཉམས་སུ་ལེན་པའི་རས་མ་བྱུང་བ་ནི་དོན་དངོས་ཡིན་ཡང་། སོར་སྡོམ་དངོས་སུ་ཞུ་མཁན་གྱི་བཙུན་མ་བྱུང་ཡོད་མེད་ནི་ད་དུང་དཔྱད་དགོས་པའི་གནས་སུ་མཐོང་། གང་ལྟར་དུས་ཚོད་ལ་གསལ་ཁ་བྱུང་མིན་ཙམ་ལས་གོང་གི་ངག་རྒྱུན་ལ་བལྟས་ན་གདན་ས་གྲོ་བོ་ལུང་དུ་སྔ་མོ་ནས་བཙུན་མ་བྱུང་ཡོད་པ་ནི་ཏན་ཏན་རེད་འདོད་དོ། །

རྗེ་བཙུན་མར་མིའི་དུས་སུ་བཀའ་བརྒྱུད་འདིར་བཙུན་མ་བྱུང་ཡོད་པའི་བདེན་དཔང་ད་ལྟ་ཁོ་བོས་དངོས་སུ་བསྟན་བརྒྱུ་མ་རྙེད་རུང་། དྭགས་པོའི་དུས་ནས་རིམ་གྱིས་བཀའ་བརྒྱུད་པ་ལ་རབ་བྱུང་འབོར་ཆེན་བྱུང་བ་དང་བསྟུན་ནས་བུད་མེད་བཙུན་མ་ཡང་བྱུང་ཡོད་པ་ནི་ཚོད་དཔག་བྱེད་ཆོག་པར་འདོད་དེ། གོང་ཞུས་བཞིན་གདན་ས་གྲོ་བོ་ལུང་དུའང་སྔོན་ནས་བཙུན་མ་བྱུང་བ་དང་། ཀརྨ་བཀའ་བརྒྱུད་དང་འབྲི་འབྲུག་སོགས་སུའང་སྔོན་ནས་བཙུན་མ་བྱུང་ཡོད་པའི་རྗེས་ཤུལ་གསལ་ཏེ། དཔེར་ན། དཔལ་ཆེན་རྒ་ལོ་དགོན་ནི་ཀརྨ་བཀའ་བརྒྱུད་ཀྱི་བཙུན་དགོན་རྙིང་གྲས་ཡིན་པ་དང་། དེ་བཞིན་ཀམ་ཚང་གསེར་ཕྲེང་གི་བླ་མའི་རྣམ་ཐར་མཇལ་དུས་ཀྱང་ད་ལྟ་གནས་མ་ངེས་པའི་བཙུན་དགོན་འགའ་ཞིག་མཐོང་དུ་འདུག། ལོ་རྒྱུས་ཀྱི་རྗེས་ཤུལ་མཇལ་ན་དུས་འགྱུར་སྔོན་ཙམ་དུ་ནང་ཆེན་གད་ཆག་དགོན་ཞེས་པའི་འབྲུག་པ་ཚེས་བཅུ་སྒར་གྱི་གྲུབ་དབང་ཚོགས་གཉིན་རིན་པོ་ཆེའི་སློབ་མའི་གདན་ས་དེ་རུ་བཙུན་མ་དགུ་བརྒྱ་ཙམ་ཡོད་ཅེས་ཀརྨ་པ་རིག་པའི་རྡོ་རྗེའི་རྣམ་ཐར་རྒྱ་ཡིག་ཅན་མཐོང་གྲོར་ཞེས་པར་གསལ། དགོན་འདི་ཉིད་འབྲོང་པ་སྤྲུལ་སྐུ་ངལ་དབང་བློ་གྲོས་འཕྲིན་ལས་ཀྱིས་མཛད་པའི་སྨད་འབྲུག་ཁམས་སྒར་གྱི་ལོ་རྒྱུས་སུའང་བཀོད་འདུག། འོན་ཀྱང་། ད་ལྟ་ནི་གཙོ་བོ་གཏེར་ཆོས་བརྒྱུད་འཛིན་བྱེད་ཀྱིན་པའི་སྐོར་གོ་བས་དུས་འགྱུར་སྔོན་ཆོས་བརྒྱུད་བཀའ་བརྒྱུད་ཡིན་མིན་དཔྱད་འཚལ། གལ་ཏེ་འདི་ཉིད་སྔོན་འབྲུག་པ་བཀའ་བརྒྱུད་ཀྱི་ཁོངས་གཏོགས་ཡིན་ཚེ། བཀའ་བརྒྱུད་པའི་བཙུན་དགོན་ཆེ་ཤོས་ཀྱི་གྲལ་དེ་ཡིན་སྲིད་པ་རེད།

གོང་གསལ་ལྟར་བཀའ་བརྒྱུད་ཀྱི་ཁྲོད་དུ་སྔོན་ནས་བསྟན་རྩ་དགེ་འདུན་གྱི་སྡེ་རུ་བཙུན་མ་བྱུང་ཡོད་པར་འདུག། འོན་ཀྱང་། བཙུན་མའི་སྡེ་ནི་གཞི་རྒྱ་ཆེན་པོ་མིན་པ་དང་བཙུན་མ་རྣམས་ཀྱི་ཁྲོད་དུའང་དམིགས་བསལ་མི་སྣ་དེ་ཙམ་བྱུང་མེད་པར་མངོན་ཏེ། བཀའ་བརྒྱུད་གསེར་ཕྲེང་གི་ཁྲོད་དུ་བཙུན་མ་བྱོན་མེད་པ་དང་། གསེར་ཕྲེང་རྣམ་ཐར་ལས་བླ་མ་རྣམ་པའི་སློབ་ཆེན་གྱི་ཁྲོད་དུའང་བཙུན་མ་ནི་ཉིན་མོའི་སྐར་མའི་ཚུལ་རེད། ང་རང་གིས་རྒྱུན་པར་བསམ་བློ་འདོན་དུས། བཀའ་བརྒྱུད་པའི་ཁྲོད་དུ་བཙུན་མ་རྒྱ་ཁྱབ་ཆེན་པོ་མ་དར་བ་དང་། ལུང་པ་གཅིག་གི་ནང་དུ་གྲྭ་ཇོ་མཉམ་གནས་དང་། འདུ་ཁང་གཅིག་གི་ནང་དུ་གྲྭ་ཇོ་མཉམ་འཚོག་གི་ལུགས་སྲོལ་རྒྱ་ཁྱབ་ཏུ་མ་བྱུང་བ་ནི། ཐད་ཀར་དྭགས་པོ་བཀའ་བརྒྱུད་དང་འབྲེལ་ཆེ་བར་འདུག་བསམས་བྱུང་། དྭགས་པོ་རིན་པོ་ཆེའི་དུས་ཕྱིས་ནས་བཟུང་བཀའ་བརྒྱུད་པས་འདུལ་བ་ལ་དཔེ་མེད་གལ་ཆེན་གནང་བས་ན། ས་གནས་གཅིག་ཏུ་གྲྭ་པ་དང་བུད་མེད་མཉམ་གནས་ལ་བཀག་འགོག་ཡོད་དེ། སྔོན་ཀརྨ་སྒར་ཆེན་དུ་བུད་མེད་དང་ཤ་ཆང་ཁྱེར་ས་མེད་ཅིང་། དེ་བཞིན་སྟག་ལུང་པའི་གླིང་གི་འདུལ་ཁྲིམས་བཅུ་གསུམ་གྱིས་ཀྱང་བུད་མེད་དགོན་ནང་དུ་ཡོང་བར་བཀག་གི་ཡོད་པ་རེད། ད་ལྟ་ཡང་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་ཁག་ན་མོ་ཁྲིམས་ཡོད་ཅིང་། དུས་ཚོད་དེའི་ནང་དགོན་པར་བུད་མེད་གཏན་ནས་འགྲོ་མི་ཆོག། དེ་ནི་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་དང་འབྲེལ་མེད་པར། དེང་གི་སློབ་ཆེན་ཁག་ནས་སྐྱེས་པའི་ཉལ་ཁང་དུ་བུད་མེད་འགྲོ་མི་ཆོག་པ་དང་གོ་བ་གཅིག་པར་མཐོང་ཞིང་། བཙུན་པའི་འདུལ་ཁྲིམས་དམ་པས་རེད། མཁྱེན་གསལ་ལྟར་དུས་ཕྱིས་བཀའ་བརྒྱུད་པ་ཧྲིལ་པོའི་ཁྲོད་དྭགས་པོ་བཀའ་བརྒྱུད་ཀྱི་འཛིན་སྐྱོང་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་། མར་མི་དྭགས་གསུམ་གྱི་གདན་ས་ཁག་ཀྱང་དྭགས་པོ་བཀའ་བརྒྱུད་ཀྱིས་དོ་དམ་བྱས་པ་རེད།དེའི་ཤུགས་རྐྱེན་གྱིས་བཙུན་མ་གསོ་སྐྱོང་གི་ལུགས་སྲོལ་རྒྱ་ཆེར་མ་བྱུང་བར་སེམས། ལོས་ཡིན་འདི་ལ་ད་དུང་སྤྱི་ཚོགས་གནས་སྟངས་དང་དཔལ་འབྱོར། ཆབ་སྲིད། མང་ཚོགས་ཀྱི་དད་མོས་སོགས་ཀྱི་རྒྱུ་རྐྱེན་གཞན་ད་དུང་ཡོད་ངེས་པ་རེད། མདོར་ན་དུས་འགྱུར་སྔོན་བཀའ་བརྒྱུད་ལ་བཙུན་མ་ཡོད་རུང་། དེ་ནི་རྒྱ་ཁྱབ་ཆེན་པོ་གཏན་ནས་མ་རེད།

 

གསུམ། ཡང་དར་རྗེས་སུ་བྱུང་བའི་བཀའ་བརྒྱུད་ལྷ་སྡེའི་ཁྲོད་ཀྱི་བཙུན་མ་རྣམས་ཀྱི་ཕེབས་ལམ།

 

དེ་ནས་རིག་གསར་གྱི་ཡོ་ལང་ཆེན་མོའི་ཁྲོད་ནས་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་མཇུག་རྫོགས་པ་དང་། ཕྱི་ལོ་༡༩༨༠ལོར་གཞི་ནས་བཅོས་སྒྱུར་སྒོ་འབྱེད་བྱུང་བ་དང་བསྟུན། སླར་ཡང་ཆོས་ལུགས་ཡང་དར་བྱུང་བ་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སོ་སོར་བསྟན་རྩ་གྲྭ་པ་ཇེ་མང་བྱུང་རུང་བཙུན་མ་དེ་ཙམ་འཕེལ་རྒྱས་བྱུང་མེད། དེ་ནི་དུས་སྐབས་དེར་བོད་ཀྱི་ཆོས་བརྒྱུད་ཚོའི་དགོན་རྙིང་ཁག་གིས། ཕྱིའི་བཀོད་པ་ཞིག་གསོ་བྱེད་པའི་དུས་ཡིན་པས་དགེ་འདུན་ཚོས་ངལ་རྩོལ་ཤུགས་ཆེན་དགོས་པས་ན་བུད་མེད་ལས་ཀྱང་སྐྱེས་པ་དགོས་མཁོ་ཆེ་བས་ཨེ་ཡིན་ནམ་སྙམ།དེ་འོག་བསྟན་བཞེང་གང་འཚམས་གྲུབ་རྗེས་སུ་སྒྲུབ་ཁང་དང་བཤད་གྲྭ་རིམ་པས་བྱུང་བས་ན། འགྲོ་གྲོན་སོགས་དེ་གར་མངགས་རྐྱེན་ཟུར་དུ་བཙུན་མའི་དགོན་པ་བཞེངས་སྐྲུན་གྱི་འགྲོ་གྲོན་གྱིས་འདང་མེད་པའི་གནད་དོན་ཡང་འདུག། གལ་གནད་གཙོ་བོ་གཅིག་ནི་དགོན་པ་ཞིག་ལ་བཙུན་མ་འདུས་དགོས་ཚེ། གནས་དེར་ཆོས་ཁྲིད་གནང་མཁན་གྱི་ཆ་རྐྱེན་གང་འཚམ་ཡང་དགོས།ཆ་རྐྱེན་ཕྱི་མ་འདི་ནི་བཙུན་མ་ངང་གིས་འཁོར་བའི་རྐྱེན་གཙོ་བོ་རུ་མཐོང་། བཀའ་བརྒྱུད་ཀྱི་དགོན་སྡེ་མང་ཤོས་ཀྱང་གོང་གི་གནས་སྟངས་དང་འདྲ་སྟེ། དགོན་སྡེ་མང་ཤོས་ཀྱི་སྤྲུལ་སྐུ་རྣམ་པས་རྒྱུན་ཆོས་གསུང་སྲོལ་མེད་པ་དང་། མཁན་པོ་ནི་ཤིན་ཏུ་གྲངས་ཉུང་བ། ཉམས་ལེན་པ་རྣམས་ནི་རི་པ་མཛད་པས་ན་རྒྱུན་པར་དགོན་སྡེར་བཞུགས་ནས་ཆོས་ཁྲིད་གསུང་མཁན་མེད་ཕྱིར། བཙུན་མ་འཁྲི་སའི་ཐོག་མའི་ཆ་རྐྱེན་མེད་པའི་སྣང་བ་བྱུང་ཞིང་། བཀའ་བརྒྱུད་ལ་བཙུན་མ་རྒྱ་ཆེར་འཕེལ་རྒྱས་མ་བྱུང་བའི་རྐྱེན་གཙོ་བོ་ནི་དུས་འགྱུར་སྔོན་ནས་བཀའ་བརྒྱུད་དགོན་པ་མང་ཤོས་ལ་བཙུན་མ་དེ་ཙམ་མེད་པས་ན། རྩ་བའི་ཆ་ནས་གྲྭ་བཙུན་ཕོ་མོ་མཉམ་སྐྱོང་གི་ལུགས་སྲོལ་མེད་རྐྱེན། དེ་ལ་ཐོད་བརྒལ་གྱི་ཕྱག་ལས་གནང་མཁན་ཡང་དེ་ཙམ་བྱུང་མི་འདུག།

དེ་ནས་རིམ་གྱིས་རྙིང་མའི་ཆོས་སྒར་གསར་པ་ཁག་ནས་མགོ་ཚུགས་ཏེ་བཙུན་མ་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། སྒར་ལ་ལར་མཚོན་ན་གྲྭ་པ་ལས་ཀྱང་བཙུན་མ་མང་བའི་གནས་སྟངས་བྱུང་ཡོད་པ་རེད། དེ་ནི་གནས་དེར་གཅིག་ནས་ཆོས་ཁྲིད་གནང་མཁན་ཡོད་པ། གཉིས་ནས་གྲྭ་བཙུན་ཕོ་མོ་ས་གནས་གཅིག་ཏུ་གསོ་སྐྱོང་བྱེད་པའི་ལུགས་སྲོལ་ཡོད་པ། ཕྱིའི་བཀོད་པ་གཙོ་བོ་མི་བྱེད་པར་ཆོས་ཀྱི་སློབ་གསོ་སྤེལ་རྒྱུ་ལ་ནུས་ཤུགས་འདོན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་མཆིས། དུས་མཚུངས་སུ་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་ཆེན་ཀརྨ་ནོར་བུ་རིན་པོ་ཆེ་དང་། ཟུར་མང་ཀརྨ་ཚེ་བརྟན་སོགས་ཀྱི་ཆོས་རར་ཡང་བཙུན་མ་འགའ་ཤས་བྱུང་ཡོད་པར་འདུག། ཡིན་ནའང་ཁོང་རྣམས་བཅོས་སྒྱུར་རྗེས་ཀྱི་དུས་ཚོད་རིང་མིན་ནང་འདས་པ་དང་། ཁོང་ཅག་གི་སློབ་མའི་ཁྲོད་དམིགས་བསལ་བཙུན་མ་གསོ་སྐྱོང་ལ་ནུས་པ་ཤུགས་ཆེན་འདོན་མཁན་ནི་མ་བྱུང་།

རྙིང་མའི་སྒར་ཆེན་ཚོར་བཙུན་མ་ཤུགས་ཆེན་འཕེལ་རྒྱས་བྱུང་བ་ལ་ཕྱི་རྐྱེན་ནང་རྐྱེན་མང་དུ་མཐོང་ཞིང་། དེ་དག་ཕྱོགས་ཙམ་འགྲེལ་བཤད་བྱས་ན། ནང་རྐྱེན་ནི་སྒར་རང་ངོས་ནས་བཙུན་མ་ལ་དགའ་བསུ་ཡོད་པ་དང་། གྲྭ་པ་དང་འདྲ་བར་སྒར་རང་དུ་བསྡད་ཆོག་པ། ཆོས་ཁྲིད་གསུང་མཁན་ཡོད་པ་སོགས་རེད། ཕྱི་རྐྱེན་ནི་བཅོས་སྒྱུར་རྗེས་སུ་ཀྲུང་གོའི་དཔལ་འབྱོར་གང་འཕེལ་སོང་བ་དང་བསྟུན་རྙིང་མའི་སྒར་ཆེན་ཁག་གི་མཁན་པོ་མང་པོ་ཞིག་ལ་རྒྱ་མི་འབྱོར་ལྡན་སློབ་མ་མང་པོ་བྱུང་བས་ན། དེ་དག་གིས་དཔལ་འབྱོར་གྱི་འགྲོ་གྲོན་གང་འཚམས་བསྒྲིགས་རྐྱེན། གྲྭ་པ་དང་བཙུན་མ་མང་རུང་སྒར་གྱི་ངོས་ནས་ཡོན་ཁ་སོགས་ཀྱིས་མཚོན་པའི་དངོས་པོའི་ཆ་རྐྱེན་མཁོ་འདོན་ནུས་ཀྱི་ཡོད་པ་རེད་ལ། ཡང་སྐབས་དེར་སྒར་ལ་ལས་ནི་འདས་ལོག་དང་མངོན་ཤེས་སོགས་བརྒྱུད་དེ། བོད་གཙོས་པའི་མི་རིགས་ཁག་ནས་ཡོན་ཁ་འབོལ་ཆེན་བྱུང་ཡོད་པས་ན། དཔལ་འབྱོར་གྱི་ཆ་རྐྱེན་དང་ཁྱིམ་ཚང་མེད་པའི་བཙུན་མ་མང་པོ་ཞིག་ལ་འཚོ་གནས་ཀྱི་རྩ་བའི་ཆ་རྐྱེན་བསྐྲུན་ཡོད། དེ་ལ་བརྟེན་ཏེ་ས་གནས་མང་པོ་ཞིག་ནས་ཁྱིམ་ཚང་དབུལ་པོ་ཡིན་རུང་། དགོན་པར་འགྲོ་ཐུབ་པ་དང་དེར་གནས་སྡོད་ཐུབ་པ་བྱུང་། ཞིག་འབྲོག་གི་བུ་མོ་མང་པོ་ཞིག་ཁྱིམ་མི་ལ་གསང་བའི་ངང་བཙུན་མ་བྱས་པའང་ཁྱིམ་གྱི་དཔལ་འབྱོར་མེད་རུང་སྒར་རང་ངོས་ནས་མུ་གེས་མི་ཤི་བའི་དཔལ་འབྱོར་གྱི་མཐུན་རྐྱེན་ཡོད་པས་རེད་བསམས་བྱུང་།གལ་ཏེ་དེ་ལྟར་མེད་ན་སུས་ཀྱང་རང་ཉིད་མུག་ཤི་ཐེབས་བཅུག་རྒྱུ་མ་རེད། དུས་སྐབས་དེའི་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་ནི་དེ་ལས་ལྡོག་སྟེ། དགོན་པའི་དཀོར་ཆོག་ཀྱང་དགེ་འདུས་སྤྱི་ལ་བགོ་སྲོལ་མེད། ཐ་ན་ད་ལྟ་ཡང་དགོན་པ་ལ་ལས་དགོན་པའི་དཀོར་དགེ་འདུན་སྤྱི་ལ་བགོ་སྲོལ་མི་འདུག། དེ་ནས་དཔལ་འབྱོར་གྱི་མཐུན་རྐྱེན་མེད་པའི་ས་གནས་དེ་འདྲ་ལ་བཙུན་མ་འབོར་ཆེན་གནས་ཐབས་ཅི།

འོ་ན། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བཀའ་བརྒྱུད་པའི་ལྷ་སྡེ་འབོར་ཆེན་གྱི་ཁྲོད་ཀྱི་བུད་མེད་རྣམས་རབ་བྱུང་བྱ་དུས་ཐབས་ལམ་ག་འདྲ་ཞིག་བརྒྱུད་པ་ཡིན་ནམ། ཡང་ན། བཀའ་བརྒྱུད་ཀྱི་ལྷ་སྡེའི་ཁྲོད་ཀྱི་བུད་མེད་རྣམས་གཏན་ནས་བཙུན་མ་མ་བྱས་པ་ཡིན་ནམ། མཚམས་འདིར་ཐོན་དུས་དྲི་བ་འདི་ཟློག་མེད་དུ་ཐོན་ཡོང་བ་རེད་ལ། དྲི་བ་འདི་ལ་ལན་ཞིག་ཀྱང་མ་ཕུལ་ཐབས་མེད་དུ་འདུག། ཁོ་བོའི་བསམ་པར་ཡང་དར་རྗེས་སུ་བཀའ་བརྒྱུད་པའི་ལྷ་སྡེའི་ཁྲོད་ཀྱི་བུད་མེད་རབ་བྱུང་བྱེད་མཁན་མང་ཤོས་དེ། རང་ལུགས་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་ཐུབ་མེད་པར་གཞན་ལུགས་ཆོས་སྡེའི་ཁྲོད་དུ་སོང་བ་རེད། ངོ་མཚར་བའི་ལོ་རྒྱུས་ཀྱི་གནས་སྟངས་འདི་ལ་རྒྱུ་རྐྱེན་བཞི་ཙམ་མཐོང་སྟེ། གཅིག། རང་ཡུལ་གྱི་བཀའ་བརྒྱུད་དགོན་པ་ཁག་ལ་བཙུན་མ་ཞུགས་སའི་ཆ་རྐྱེན་མེད་པ། གཉིས། སྐབས་དེ་དུས་ཀྱི་བཀའ་བརྒྱུད་པའི་གྲྭ་པ་མང་པོ་ཞིག་གཞན་ལུགས་ཆོས་སྡེར་ཡོད་རྐྱེན། དེ་རྣམས་ཀྱིས་ཕ་ཡུལ་གྱི་བུད་མེད་རབ་བྱུང་གི་ལམ་དུ་འགྲོ་འདོད་ཅན་རྣམས་ཐད་ཀར་གཞན་ལུགས་ཆོས་སྡེར་ངོ་སྦྱོར་ཞུས་ཡོད་འདུག། དེ་མ་གཏོགས་ལུང་པ་ཕུ་མདའ་ཙམ་ལས་མི་ཤེས་པའི་ཞིང་འབྲོག་གི་བུད་མེད་རྣམས་ཐད་ཀར་ས་ཆ་གཞན་དུ་གཞིས་ཆགས་ཐུབ་པ་མ་རེད།  དེ་ནས་རིམ་བཞིན་ཐོག་མར་ཆོས་སྡེ་གཞན་དུ་སོང་བའི་བཙུན་མ་མི་རབས་དང་པོ་དེས། སླར་ཡང་ཕ་ཡུལ་གྱི་བུད་མེད་རབ་བྱུང་བསྒྲུབ་འདོད་ཅན་མི་རབས་གསར་པ་རྣམས་ཁྲིད་དེ་ཆོས་བརྒྱུད་གཞན་གྱི་ཆོས་སྒོར་བཅུག་པ་རེད། བརྒྱུད་རིམ་དེ་ལུགས་སྲོལ་འདྲ་བོར་གྱུར་རྗེས། ཕྱིས་སུ་བཀའ་བརྒྱུད་དགོན་པ་ཚོས་བཙུན་དགོན་རེ་བརྒྱབ་ཟིན་དུས་ཀྱང་། དེ་གར་བཙུན་མ་འདུག་མཁན་མི་རྙེད་པའི་དཀའ་ངལ་འཕྲད་ཡོད་དོ། །གསུམ། ཉེ་བའི་ཆར་བཀའ་བརྒྱུད་དགོན་སྡེ་རྣམས་སུ་གཙོ་ཆེར་བཙུན་མ་དང་འབྲེལ་བའི་ཆོས་སྒྱུར་ལས་འགུལ་གྱི་རྙོག་དྲ་ཡ་ང་བ་བྱུང་རྗེས། གུས་པ་བཀའ་བརྒྱུད་ཀྱི་མཁན་པོ་རྒན་གྲས་མང་པོ་དང་དགོན་བདག་རྙིང་པ་མང་པོ་ཞིག་དང་བར་བཀའ་བརྒྱུད་བཙུན་མའི་སྐོར་གྱི་ཁ་བརྡ་བྱུང་ཞིང་། ཁོང་རྣམ་པའི་ཁྲོད་ནས་མང་མང་ཞིག་གིས་གསུང་དོན་ལ་ང་ཚོས་སྔ་མོ་ཡུལ་སྡེ་ལ་སློབ་གསོ་སོགས་གང་མང་བྱས་ནས་བཙུན་མ་བྱ་འདོད་ཡོད་ན་ཆོས་སྡེ་གན་དང་གན་དུ་སོང་ཞེས་བཤད་པ་དང་། མ་ཚད་གང་མང་ཞིག་ལ་རོགས་རམ་སོགས་བྱས་མྱོང་ཡོད་ཅེས་བཤད་བྱུང་བས། ཡང་དར་རྗེས་སུ་བཀའ་བརྒྱུད་ལྷ་སྡེའི་ཁྲོད་ཀྱི་བཙུན་མ་མང་པོ་ཞིག་གཞན་ལུགས་ཆོས་བརྒྱུད་ལ་ཞུགས་པའི་མཐུན་རྐྱེན་གཙོ་བོ་གཅིག་ནི། སྐབས་དེ་དུས་ཀྱི་བཀའ་བརྒྱུད་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཡོད་པ་རེད། བཞི། གཞན་ལུགས་ཆོས་སྡེ་ཚོས་རང་ཉིད་ཧ་ལས་དྲིལ་བསྒྲགས་བྱས་ཡོད་ཅིང་། དྲིལ་བསྒྲགས་བྱེད་སྟངས་ཐད་སྐབས་དེ་དུས་ཀྱི་མིང་གྲགས་ཆེ་བའི་གླུ་པ་རྣམས་གདན་འདྲེན་ཞུས་ཏེ་སྒར་དགོན་ལ་བསྟོད་པའི་སྒོ་ནས་སྒྲ་ཐག་དང་གློག་བརྙན་རྒྱ་ཁྱབ་ཏུ་སྤེལ་བ་དང་། མཁན་སྤྲུལ་འདུས་སྡེའི་ཆོས་ལུགས་བྱེད་སྒོ་ཁག་པར་རིས་དང་པར་དེབ་སོགས་བརྒྱུད་དེ་འགྲེམ་སྤེལ་བྱས་པ་ལྟ་བུ་རེད།  འདི་དག་ཞིང་འབྲོག་གི་ས་གནས་ཁག་ཏུ་ཐོན་རྗེས། མི་ཚོའི་སེམས་ལ་གནས་དེ་ནི་དག་ཞིང་སྒོ་མོའི་འདུ་ཤེས་བྱུང་ནས། ངམ་ངམ་ཤུགས་ཀྱིས་ཡིད་དབང་འཕྲོག་ཡོད།

ད་ལྟ་བལྟས་ན་ཆེས་དགོད་བྲོ་བ་ནི་སྐབས་དེ་དུས་ཀྱི་བཀའ་བརྒྱུད་དགོན་པ་ཚོས་བཙུན་མའི་ཤུགས་རྐྱེན་ལ་ངོས་ཟིན་བྱུང་མེད་པ་དང་། རང་གི་དགོན་པར་བཙུན་མ་སྡོད་གནས་གྲ་སྒྲིག་མ་བྱས་པར། ཐད་ཀར་གཞན་དུ་བསྐྱལ་ཅི་ཐུབ་བྱས་པའི་ཕྱག་ལས་དེ་རེད། རྩ་བའི་ཆ་ནས་རྒྱུ་རྐྱེན་དེ་འདྲ་ཞིག་ལ་བརྟེན་ནས་ཡང་དར་གྱི་བཀའ་བརྒྱུད་ལྷ་སྡེའི་བཙུན་མ་རྣམས་གཞན་ལུགས་ཆོས་སྒོར་ཞུགས་པ་རེད་ལ། ལོ་རྒྱུས་ཀྱི་འཕོ་འགྱུར་འདིས་བཀའ་བརྒྱུད་པའི་ལྷ་སྡེ་ལས་ཕྱེད་ཙམ་གྱི་དད་པ་ལ་འགྱུར་བ་བྱུང་ནས། ད་ལྟའི་ཆར་བཀའ་བརྒྱུད་ལས་ཀྱང་གཞན་ལུགས་ལ་དད་པ་ཆེ་བར་གྱུར་འདུག།

 

བཞི། བཀའ་བརྒྱུད་བཙུན་དགོན་རྣམས་སུ་རང་ཡུལ་གྱི་བཙུན་མ་ཉུང་བའི་རྒྱུ་རྐྱེན།

 

ཡང་དར་རྗེས་ཀྱི་ཐོག་མའི་བཙུན་མ་རྣམས་དེ་ལྟར་གཞན་ལུགས་ཆོས་སྒོར་ཞུགས་རྗེས་སུ། དེ་ནས་རིམ་གྱིས་བཀའ་བརྒྱུད་ཀྱི་ལྷ་སྡེའི་ཁྲོད་བུད་མེད་ཅིག་བཙུན་མ་བྱས་ནས་བཟུང་།  ཐད་ཀར་གཞན་ལུགས་ཆོས་སྒོར་ཞུགས་པའི་སྲོལ་རྒྱུན་འདྲ་བོ་ཆགས་ཤིང་། ཐ་ན་ད་ལྟ་བཀའ་བརྒྱུད་པ་ལ་སྔར་དང་བསྡུར་ན་བཙུན་དགོན་གང་མང་བྱུང་ཡོད་རུང་། ད་དུང་ཡང་བཀའ་བརྒྱུད་ལྷ་སྡེའི་ཁྲོད་ཀྱི་བུད་མེད་བཙུན་མ་བྱེད་མཁན་མང་ཤོས་ནི་གཞན་ལུགས་ཆོས་སྒོར་ཞུགས་མུས་སུ་འདུག། ཁོ་ཚོ་དེ་ལྟར་ད་ལྟ་ད་དུང་ཡང་གཞན་ལུགས་ཆོས་སྒོར་ཞུགས་པའི་རྒྱུ་རྐྱེན་ནི་ཐད་ཀར་བལྟས་ན་གོ་བ་ལོན་དཀའ་བར་འདུག། འོན་ཀྱང་ཞིབ་དུ་བརྟགས་ན། གཅིག་ནས་སོ་སོའི་ཁྱིམ་ཚང་དང་འབྲེལ་བ་དམ་ཟབ་ཡོད་པར་མཐོང་། དེའང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་པའི་ནང་ནས་བཟུང་གཞན་ལུགས་ཆོས་སྒོར་ཞུགས་པའི་བཀའ་བརྒྱུད་པའི་བཙུན་མ་མང་པོའི་ཁྲོད་མང་མང་ཞིག་ད་ལྟ་བཙུན་མའི་ཁོར་ཡུག་ལ་གནས་ཡོད་ཅིང་། ལ་ལ་ཞིག་ཕྱིས་ཆོས་མགོ་མ་ཐོན་པར་ཇོ་ལོག་བྱས། དུད་ཚང་ཞིག་ལ་མཚོན་ན་བཙུན་མའི་ཤུགས་རྐྱེན་ནི་གྲྭ་པ་ཚོས་སྡུར་ཐབས་མེད་དེ། གྲྭ་པ་ཚོ་རྒྱུན་པར་ཆོས་གྲྭ་འགྲིམས་ནས་གཏན་ཚིགས་རིག་པ་ལ་སྦྱོང་ཞིང་འགའ་ཞིག་ནི་གྲོང་ཆོག་སོགས་ལ་ཕེབས་རྐྱེན། སྤྱིའི་ཆ་ནས་དད་ལྡན་མང་ཚོགས་ཀྱི་འཚོ་བ་དང་ཁ་ཐག་རིང་པོ་རེད། དུད་ཚང་ཕལ་བའི་ཁྱིམ་འཛིན་གྱི་བུད་མེད་རྣམས་དང་དེ་བས་ཀྱང་ཁ་ཐག་རིང་པོ་རེད།བཙུན་མ་ནི་དེ་ལས་ཡོངས་སུ་ལྡོག་སྟེ་ཁྱིམ་ཚང་དང་བར་ཐག་ཉེ་ཞིང་ཁྱིམ་འཛིན་ཨ་མ་རྣམས་དང་སྔོན་གྲོགས་མོ་ཡིན་པ་སོགས་ཀྱིས་འབྲེལ་བ་ཆེ། ལྷག་པར་ཁྱིམ་ཚང་སོ་སོར་ན་ཚ་བྱུང་དུས་གཤིན་པོའི་སྐྱེ་གནས་དང་གསོན་པོའི་བདེ་རིམ་སོགས། ཆོས་བརྒྱུད་གཞན་གྱི་ལྷ་རིག་འདྲེ་མཐོང་ཅན། འདས་ལོག། མངོན་ཤེས་ཅན་རྣམས་ལ་ཐད་ཀར་བཙུན་མ་དག་བརྒྱུད་ནས་རང་གི་གཉེན་ཉེ་དང་ཁྱིམ་མིའི་བར་འབྲེལ་བ་བྱུང་ཡོད་ལ། བཙུན་མ་རྣམས་ཕ་ཡུལ་ལ་ཐོན་དུས་ཆུང་ས་ནས་སྐུ་པར་འགྱེད་པ། དགེ་བསྐུལ་བྱེད་པ། ཆོས་བྲོ་སྤེལ་བ་སོགས་ཀྱི་སྒོ་ནས་རང་ཁྱིམ་དང་དེ་འབྲེལ་ཁོར་ཡུག་ལ་ཐད་ཀར་ཤུགས་རྐྱེན་བྱེད་ཀྱིན་ཡོད། ལོས་ཡིན་འདི་ནི་བཙུན་མ་ཁོ་རང་ཚོ་བཞུགས་ཡུལ་གྱི་དགོན་སྒར་གྱིས་ཐོག་མར་བཙུན་མ་སྐྱེད་སྲིང་བྱ་དགོས་པའི་དམིགས་ཡུལ་དང་འབྲེལ་ནས་རང་བསྟན་གཞན་ཡུལ་བཀའ་བརྒྱུད་ཀྱི་སྡེ་དགོན་ཁྲོད་ཤུགས་ཆེན་དར་སྤེལ་གྱི་ཕྱག་ལས་ཀྱང་ཡིན་པ་རེད། གང་ལྟར་བཙུན་མས་གང་ཐད་ནས་དུད་ཚང་ཕལ་བ་མང་པོ་ལ་ཐད་ཀར་དད་མོས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མངོན་གསལ་རེད།

ཕྱི་མ་ཆོས་མགོ་མ་ཐོན་པ་དེ་དག་ལས་བྱེ་བྲག་འགའ་ཕུད་མང་ས་ནི་སོ་སོའི་ཕ་ཡུལ་རང་དུ་མི་ཚེ་བསྐྱལ་ཡོད་ཅིང་། ཇོ་ལོག་མ་དེ་ཚོའི་རྩ་བའི་བླ་མ་དང་དད་ཡུལ་སོགས་བཀའ་བརྒྱུད་མིན་རྐྱེན།ཨ་མའི་དད་མོས་ནི་བཀའ་བརྒྱུད་དང་འབྲེལ་མེད་འདྲ་བོ་ཆགས་པས་དེའི་བུ་ཕྲུག་ཚོའང་ཆུང་དུས་ནས་ཨ་མའི་དད་མོས་ཀྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། འདི་ནི་ཨ་མའི་སློབ་གསོའི་ནུས་ཤུགས་རེད།  དེ་ཡང་ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པའི་སྐད་ཆ་གཞིར་བཞག་བྱས་ན། ཇོ་ལོག་མའི་དད་མོས་སློབ་གསོ་ནི་བྱིས་པའི་ཆེས་ཐོག་མའི་དད་མོས་སློབ་གསོ་རེད། གནས་དོན་འདི་ཐོག་མར་ཕྱི་ལོ་༢༠༡༦ལོར་གུས་པར་ཆོས་གྲོགས་ཤིག་གིས་གསུངས་བྱུང་། དེ་ནས་ད་བར་ཡུན་གྱིས་དཔྱད་པ་བྱས་པས་མ་རེད་ཅེས་བཤད་ཐབས་མ་བྱུང་། དེ་ལྟར་བཀའ་བརྒྱུད་པའི་ལྷ་སྡེའི་ཁྲོད་ཀྱི་དུད་ཚང་མང་པོ་ཞིག་གི་བྱིས་པ་ལ་སྐྱེས་ཙམ་ནས་གཞན་ལུགས་ཆོས་བརྒྱུད་ཀྱི་དད་མོས་སློབ་གསོ་ཐེབས་བཞིན་ཡོད་ལ། རྒྱུ་རྐྱེན་དེས་ཀྱང་བུ་ཕྲུག་དེ་རྣམས་རབ་ཏུ་བྱུང་བའི་ཐོག་མའི་སེམས་ཀྱི་གཏད་སོ་ནི་ཕ་ཡུལ་གྱི་དགོན་པ་མིན་པར་གཞན་ལུགས་ཆོས་བརྒྱུད་ཀྱི་སྒོ་ཆེན་རེད། གཞན་ཡང་བཀའ་བརྒྱུད་དགོན་པ་ཁག་གི་བཙུན་མ་དགོན་པའི་ཆ་རྐྱེན་དང་བསྡུར་ན། གཞན་ལུགས་ཆོས་སྡེའི་ཆ་རྐྱེན་ལེགས་པ་དང་། གཞན་ལུགས་ཆོས་སྡེར་བསྡད་ན་རྒྱུན་པར་ལས་ཀ་ཉུང་ཞིང་ཡོན་ཁ་སོགས་ཀྱི་ཡོང་སྒོ་ཁྱེར་ནས་རང་གི་འདོད་པ་ལྟར་སྐྱིད་པོ་འགྲོ་ཆོག་གི་ཡོད། དེ་ལྟ་བུའི་རྒྱུ་མཚན་གྱིས་བཀའ་བརྒྱུད་ལྷ་སྡེའི་བཙུན་མ་ཚོ་གཞན་ལུགས་ཆོས་སྒོར་ཞུགས་པས་མ་ཚད། དེའི་ཤུགས་རྐྱེན་གྱིས་ཚེ་ཚེ་རབས་རབས་སུ་བཀའ་བརྒྱུད་ཀྱི་ལྷ་སྡེར་གྱུར་པའི་ཁྱིམ་ཚང་མང་པོ་ཞིག་གི་དད་མོས་ལ་གཡོ་འགུལ་བཟོས་ཡོད་པ་ནི་དཔེར་མཚོན་ན། གྲུབ་བརྒྱའི་གཙུག་རྒྱན་མི་ལ་རས་པ་ནི་རྩོད་མེད་ཀྱི་སངས་རྒྱས་ཡིན་པ་ཡོངས་སུ་གྲགས་པ་དང་། ཉིད་ཀྱིས་ཁོང་གི་མཚན་ཙམ་ཐོས་ན་སྐྱེ་བ་བདུན་བརྒྱུད་དུ་ངན་སོང་ལ་མི་འགྲོ་བའི་ཞལ་བཞེས་ཡོད་ནའང་། ཆོས་བརྒྱུད་གཞན་དུ་ཕེབས་པའི་བཙུན་མའི་ཁྱིམ་ཚང་མང་ཆེ་ཤོས་ཀྱིས། ད་ལྟའི་དུས་སུ་ཁོང་གི་མཚན་སྔགས་དང་གསོལ་འདེབས་ཚིག་བཞི་ཙམ་ཡང་བློ་ལ་མི་འགྲོ་མོད། སོ་སོའི་ཁྱིམ་མི་བཙུན་མ་རྣམས་ཀྱི་དད་ཡུལ་དེང་སང་གི་བླ་སྤྲུལ་གྱི་གསོལ་འདེབས་ཚིག་བཞི་དང་མཚན་སྔགས་སོགས་ནི་འབུམ་ནས་འབུམ་དུ་གསོག་གི་འདུག་པ་དང་། ཀརྨ་བཀའ་བརྒྱུད་ཀྱི་ལྷ་སྡེར་མཚོན་ན་༢༠༠༠ལོའི་སྔོན་དུ་མི་མང་ཤོས་ཀྱི་དགོང་མོའི་ངག་འདོན་ནི་ཀར་མཁྱེན་དང་། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཀརྨ་པ་ན་རིམ་གྱི་གསོལ་འདེབས་ཚིག་རྐང་བཅུ་ཕྲག་ཅན་དག་འདོན་མི་ཤེས་པ་དང་མི་འདོན་མཁན་མེད་ཅིང་། དུད་ཚང་དེ་དག་གི་མཆོད་ཁང་དུ་རྗེ་བཙུན་མར་མི་ཡབ་སྲས་ཀྱི་སྐུ་བརྙན་དང་ཀརྨ་པའི་སྐུ་པར་མེད་མཁན་ནི་མེད་པ་ལྟ་བུ་ཡིན་མོད། རིམ་གྱིས་བཙུན་མའི་ཁྱིམ་ཚང་ཁག་ནས་དབུ་བཟུང་ཀར་མཁྱེན་མཚན་འདོན་ཇེ་ཉུང་དུ་སོང་བ་དང་ཡབ་མེས་ནས་བརྒྱུད་པའི་གསོལ་འདེབས་ཀྱང་ད་ཆ་ལོ་ན་མཐོན་པོར་སོན་པའི་རྒད་པོ་རྒད་མོ་ལ་ཤས་ལས་གཞན་གྱིས་འདོན་ཤེས་དཀའ་བར་གྱུར། མཆོད་ཁང་གི་ནང་ནས་ཀྱང་རྗེ་བཙུན་མར་མི་ཡབ་སྲས་ནི་དབུས་ནས་ཟུར་དང་ཟུར་ནས་མཐའ་རུ་ལྷུང་ཟིན་ཞིང་། ཀརྨ་པའི་སྐུ་པར་ཡང་དེང་གི་ཆོས་བརྒྱུད་གཞན་པའི་བླ་སྤྲུལ་མཁན་པོའི་སྐུ་པར་ཁྲོད་ནས་མཐོང་ཤིན་ཏུ་དཀོན་པའི་ཚད་དུ་ཐོན་ཡོད། དེ་བཞིན་དགེན་ར་སེ་དཀོན་རྒྱམ་གྱི་གསུངས་པའི་སྒྲ་ཐག་ལས་ཐོས་གསལ་ལྟར་ན། འབྲི་གུང་གི་ཕྱོགས་ནས་འབྲི་སྡེ་རྣམས་ཀྱིས་ཀྱང་འབྲི་གུང་སྐྱོབ་པ་རིན་པོ་ཆེ་ནི་སུ་ཡིན་མི་ཤེས་པའི་ཚད་དུ་ཐོན་ཡོད་པའི་སྐོར་གོ་ཐོས་བྱུང་ལ། འབྲུག་པ་བཀའ་བརྒྱུད་ནས་ཀྱང་རྒྱལ་དབང་འབྲུག་པའི་ཞལ་ཐང་ཞིག་མཇལ་དགོས་ན། གྲོང་ཚོ་འགའ་ཞིག་གི་དུད་ཁྱིམ་སྒོ་རྡུང་ངེས། གུས་པས་འདི་གར་སྐུ་པར་སྐོར་གྱི་སྣང་ཚུལ་འདི་གླེང་བར་འགའ་ཞིག་གིས་ད་ནི་སྐུ་པར་གཤོམ་སྟངས་ལ་རྩོད་ཀྱིན་འདུག་སྙམ་ངེས་མོད། ཏག་ཏག་སྐུ་པར་གཤོམ་སྟངས་འདིས་ནང་སེམས་ཀྱི་དད་པའི་འགྱུར་བ་མཐོང་ཐུབ་ཀྱི་ཡོད་པ་རེད། འགྱུར་བ་འདི་མངོན་གསལ་ཆེ་ཤོས་ཀྱི་ས་གནས་ནི་ཆོས་བརྒྱུད་གཞན་དུ་བཙུན་མ་ཡོད་པའི་བཀའ་བརྒྱུད་ལྷ་སྡེ་ཁག་རེད་ལ། ད་ཆ་འགྱུར་བ་འདི་བཀའ་བརྒྱུད་ཀྱི་དགོན་སྡེ་ལ་ལའི་ཁྲོད་དུ་ཐེབས་བཞིན་འདུག་མོད། སྐབས་སུ་མ་བབ་པས་གཞན་དུ་གླེང་བར་བྱ།

ད་སྐབས་གནས་སྟངས་དེ་འདྲ་ཞིག་ལགས་པས། མི་རབས་ཕྱི་མའི་དད་མོས་རྩ་བ་ཉིད་ནས་འགྱུར་བའི་ཉེན་ཁ་འཕྲད་ཀྱིན་པ་ནི་ཐད་ཀར་མངོན་སུམ་གྱི་ཡུལ་དུ་གྲུབ་འདུག། ཡང་དཔེར་མཚོན་ན། ཉེ་བའི་དུས་ཚོད་ནང་གི་སྔོན་བཀའ་བརྒྱུད་ལྷ་སྡེ་རང་ནས་སྐྱེས་ཤིང་ཕྱིས་གཞན་ལུགས་ཆོས་སྒོར་ཞུགས་པའི་བཙུན་མ་མང་པོ་ཞིག། ཚུར་རང་རང་གི་ཕ་ཡུལ་དུ་ཐོན་ནས་ས་གནས་དགོན་པར་ཞུགས་རྗེས། ཁོ་ཚོའི་ཡབ་མེས་ནས་བརྒྱུད་པའི་དད་པ་ལ་འགྱུར་བ་སོང་བས་ན། ས་གནས་ཀྱི་མཁན་སྤྲུལ་འདུས་སྡེ་དང་དགོན་པ་ལ་དད་པ་མེད་པས་མ་ཚད་ས་གནས་དགོན་པའི་ཆོས་བརྒྱུད་དང་ལེན་མི་འདོད་པར། དེ་ཉིད་རང་གི་དད་ཡུལ་གྱི་ཆོས་བརྒྱུད་དུ་བསྒྱུར་རྒྱུའི་བསམ་བློ་ཡ་ང་བ་འཁོར་བ་དང་། ས་གནས་དགོན་པའི་འདུ་ཁང་གི་གསེར་ཁྲི་ལས་བཀའ་བརྒྱུད་པའི་སྐྱབས་མགོན་རྣམས་ཀྱི་སྐུ་པར་ཕབ་པ་དང་། ཡུལ་ལུང་ལ་ལ་ནས་ས་གནས་དགོན་པའི་གྲྭ་ཤག་གི་ཁ་མདོག་བསྒྱུར་བ། སྒོ་བྱང་བརྗེ་བ།  ས་གནས་དགོན་པའི་ལུགས་སྲོལ་ལ་འགྱུར་བ་བཏང་བའི་ལས་འགུལ་བྱུང་སོང་བ་ལྟ་བུ་རེད། འདི་ནི་དད་མོས་ལ་འགྱུར་བ་ཐེབས་པའི་མཐའ་འབྲས་ལས་གཞན་ཅིའང་མ་ཡིན། ཆོས་ལུགས་ཤིག་ལ་མཚོན་ན་དད་མོས་ནི་ཤིན་ཏུ་གལ་ཆེན་ཡིན་ཏེ།གལ་སྲིད་དད་མོས་བྱེད་མཁན་མེད་ན། དེ་ནས་བཟུང་ཆོས་ལུགས་དེ་ཉིད་གནའ་རྫས་བཤམས་སྟོན་ཁང་ལས་འགྲོ་ས་གཞན་མེད། དེ་བས་དད་མོས་ཀྱི་འགྱུར་བ་ནི་དེ་ལྟར་གལ་ཆེན་ཞིག་རེད།ལོ་རྒྱུས་ཐོག་དད་མོས་འགྱུར་བ་ལ་རིགས་འགའ་ཡོད་ཅིང་། དེ་དག་ལས་དད་མོས་ཚབ་འགྱུར་ནི་ཉེན་ཁ་ཆེ་ཤོས་ཏེ། དཔེར་ན་དེང་གི་ཤིང་ཅང་ཞིང་ཆེན་ལྟ་བུར་མཚོན་ན་སྔོན་ནང་པ་སངས་རྒྱས་པ་དར་རྒྱས་ཆེ་བའི་ཡུལ་ལུང་ཡིན་མོད། དེར་དབྱི་སི་ལམ་གྱི་ཆོས་ལུགས་བཙན་སྤེལ་བྱས་རྐྱེན་ས་གནས་མི་སེར་གྱི་དད་མོས་ལ་ཚབ་འགྱུར་བྱུང་ནས་མཐར་ཚང་མ་དབྱི་སི་ལམ་པར་འགྱུར་ཞིང་། ས་གནས་མི་སེར་གྱི་དད་པ་འགྱུར་རྗེས་ནང་པ་ཡང་གནས་ཐབས་མེད་པས་ན། ད་ལྟ་གནས་དེར་ཆོས་སྒྲ་ཐོས་སུ་མེད། འདི་ནི་དད་མོས་ཚབ་འགྱུར་གྱི་ཡ་ང་བའི་ངོ་གདོང་དངོས་རེད། ཚབ་འགྱུར་ཟེར་བ་ནི་གཅིག་ཚབ་གཅིག་གིས་བྱས་ནས་འགྱུར་བ་སོང་བའི་དོན་ཏེ། སྔོན་སངས་རྒྱས་ཆོས་ལུགས་ལ་སྐྱོང་བའི་དད་པ་དེའི་ཚབ་ཏུ་དབྱི་སི་ལམ་དད་པ་བྱུང་ནས་རིམ་གྱིས་སྔོན་མ་མེད་པར་གྱུར་པ་ལ་གོ། །ཆོས་ལུགས་ཤིག་ལ་མཚོན་ན་འདི་ནི་འཆི་བདག་ཅིག་ཡིན་ཞིང་། ཏག་ཏག་ཀླད་པ་བདེ་ཐང་ཅན་གྱི་མི་ཞིག་ཡིན་ནས་བཟུང་འཆི་བདག་འདིས་ལོ་འདི་ཚོར་བཀའ་བརྒྱུད་པའི་སྒོ་མོ་རྡུང་བཞིན་པའི་སྣང་ཚུལ་ཧ་གོ་ཚོད་ཡིན།

གཉིས་ནས། ད་ལྟ་ཡང་བཀའ་བརྒྱུད་བཙུན་དགོན་ནང་བཀའ་བརྒྱུད་ལྷ་སྡེའི་བཙུན་མ་འདུག་མཁན་ཉུང་བའི་ཐད། རྒྱུ་མཚན་གཙོ་བོ་གཅིག་ཡོད་པ་ནི། བཙུན་དགོན་ཡོད་པའི་བཀའ་བརྒྱུད་དགོན་པ་མང་པོས་བཙུན་མ་ནི་དགོན་པར་ཞབས་བསུ་བྱེད་མཁན་གྱི་ཚད་དུ་བཞག་པས་རེད་འདོད་དེ། སུ་ཡིན་ཡང་གཡོག་བྱེད་རྒྱུ་ལ་དགའ་མཁན་ནི་ཉུང་ཉུང་རེད་ལ། ལས་ཀ་དེས་གྲྭ་བཙུན་བར་འདྲ་མཉམ་བྱུང་མེད་པས་དུས་རབས་འདིའི་མི་རབས་གསར་པའི་བུད་མེད་ཁག་ཆེས་སྡང་བ་ཆེ་ཤོས་ནི་འདིའི་རིགས་ཡིན་ཕྱིར། གནས་སྟངས་དེ་ལ་ལེགས་བཅོས་མ་བྱས་ན་ཡར་རྒྱས་ཟེར་བ་ནི་ནུབ་ཕྱོགས་ནས་ཤར་བའི་ཉི་མའི་གཟི་མདངས་རེད།  སྔར་དང་བསྡུར་ན་བཀའ་བརྒྱུད་དགོན་སྡེ་ཁག་གིས་བཙུན་མའི་དགོན་པ་གང་མང་བསྐྱར་གསོ་བྱས་པ་དང་། དེ་དག་ལ་ཕྱོགས་གང་ཐད་ནས་ཆ་རྐྱེན་བསྐྲུན་འདུག་མོད། ད་དུང་ཡང་མ་འདང་བའི་ཆ་ཤིན་ཏུ་མང་སྟེ་བཙུན་དགོན་ཤིག་ལ་མེད་ཐབས་མེད་པ་ནི་བུད་མེད་འཕྲོད་སྟེན་སྨན་ཁང་ཡིན་མོད། ཉེ་ཆར་གུས་པ་བཀའ་བརྒྱུད་བཙུན་དགོན་ཞིག་ཏུ་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་བྱེད་སར་ཕྱིར་པར། དེར་བཙུན་མ་བརྒྱ་ལྷག་འདུག་ནའང་ཡིད་སྐྱོ་འོས་པ་ནི་ཆམ་སྨན་ཟ་ཐུན་གཅིག་ཀྱང་ཉོ་རྒྱུ་མི་འདུག།གནས་དེ་དང་ཐག་ཉེ་ཤོས་ཀྱི་ཡུལ་ཚོ་ལ་འགྲོ་དགོས་ན་འཕྲུལ་རྟ་སྐར་མ་ཉི་ཤུ་ཙམ་འགོར། དེ་དང་དེ་ལ་སོགས་པ་ད་དུང་ཡང་ངེས་པར་དགོས་པའི་འཚོ་གནས་ཀྱི་ཆ་རྐྱེན་མང་པོ་ཞིག་གིས་བཙུན་དགོན་རྣམས་ལ་འདང་མི་འདུག། མ་འོངས་པར་གནས་སྟངས་འདི་ལ་འགྱུར་བ་འགྲོ་བའི་རེ་བ་ཆེ་ཞིང་། བཀའ་བརྒྱུད་བཙུན་མའི་དགོན་སྡེའི་སྐྱིད་སྡུག་ནི་བཀའ་བརྒྱུད་བསྟན་པའི་དོན་ཡིན་པ་ངོས་ཟིན་མཐོ་དམན་ཀུན་ལ་ཡོང་བའི་སྨོན་པ་ལྷག་ཏུ་ཆེ།

 

ལྔ། ད་ལྟའི་བཀའ་བརྒྱུད་བཙུན་མ་དང་དགོན་པའི་གནས་སྟངས།

 

དེང་སང་རྒྱལ་ཁམས་བདེ་ཞིང་མི་རྣམས་ཀྱི་འཚོ་བ་མྱུར་ཚད་ཆེན་པོས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར། ཆོས་བརྒྱུད་གཞན་དག་དང་འདྲ་བར་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་གི་ཕྱིའི་དངོས་པོ་དང་ནང་གི་འདུས་སྡེ་སོགས་གང་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་སྨོས་མེད་ཡིན་ཞིང་། དགོན་སྡེ་ཡར་རྒྱས་ལ་སོང་བ་དང་བསྟུན་ནས་དགོན་སྡེ་མང་མང་ཞིག་གིས་བཙུན་མའི་སྡོད་གནས་སོགས་ཀྱང་གང་ལ་གང་འཚམ་འཛུགས་སྐྲུན་བྱས་འདུག་ལ། ས་གནས་གང་ས་ནས་ད་ལྟའི་ཆར་སྤྱིར་སྔར་དང་མི་འདྲ་བར་བཙུན་མའི་གནས་སྟངས་ཀྱང་ཇེ་ལེགས་སུ་སོང་ཡོད་དེ།ཆ་རྐྱེན་ཧ་ཅང་འཛོམ་པོ་མིན་རུང་མ་མཐའ་རང་ལ་མོས་པ་ཡོད་ན་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཏུ་བཙུན་མ་བྱེད་ཆོག་ཆོག་རེད། འདི་ནི་དུས་རབས་སྔོན་མ་དང་བསྡུར་ན་ལོ་རྒྱུས་ཀྱི་ཡར་རྒྱས་རེད། འོན་ཀྱང་དེ་ཉིད་ཆོས་བརྒྱུད་གཞན་གྱི་བཙུན་སྒར་ཁག་དང་བསྡུར་ཐབས་ནི་རྩ་བ་ཉིད་ནས་མི་འདུག་སྟེ། དཔེར་ན། བཀའ་བརྒྱུད་པས་ད་ཆ་སྔར་མེད་བཙུན་དགོན་མང་ཙམ་ཚུགས་ཡོད་རུང་། བཙུན་དགོན་དེ་དག་མང་ཤོས་སུ་ཆོས་ཕྱོགས་ནས་མར་ལུགས་རྒྱུད་སྡེ་ཁག་མིག་གིས་མཐོང་རྒྱུ་ཕར་བཞག་རྣ་བས་ཀྱང་ཐོས་པའི་སྐལ་བ་མེད་ཅིང་། གཞན་ལུགས་གཏེར་ཆོས་རེ་གཉིས་ཀྱིས་ཆོག་ཤེས་བྱས་པ་དང་། སྒྲུབ་ཁང་སོགས་ཀྱང་གཅོད་དང་གཏོ་སོགས་ཀྱི་ལྟེ་གནས་སུ་གྱུར་ནས་སེང་གེའི་བུ་ཡིས་ཁྱི་ཡི་འོ་མ་མཐུང་བའི་ངང་ཚུལ་རང་དུ་གནས་འདུག་ལ། དེར་བཞུགས་བཙུན་མ་རྣམ་པར་རྒྱུན་དུ་སློབ་སྦྱོང་གི་གོ་སྐབས་ཤིན་ཏུ་ཞེན་ཞིང་། ཅུང་ཟད་ཡོད་པའང་གཞན་ལུགས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཙམ་ལ་མགོ་འཁོར་བ་ལས། བཀའ་བརྒྱུད་པའི་ལམ་རིམ་ཐར་རྒྱན་སོགས་འཁྲིད་མཁན་མེད། གནས་སྟངས་དེ་འདྲས་ནི་ད་ལྟའི་དུས་རབས་ཀྱི་བཙུན་མ་རྣམས་ཀྱི་མ་མཐའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་དེ། དུས་རབས་ལ་འཕོ་འགྱུར་སོང་ཟིན་པས་ན་ཕོ་མོ་སུ་ཡིན་རུང་སློབ་སྦྱོང་གི་ཁོར་ཡུག་ནི་ཅིས་ཀྱང་ཡོད་དགོས། རང་གི་དགོས་མཁོ་གང་འཚམས་སྐོང་མི་ཐུབ་པའི་ཁོར་ཡུག་ཏུ་མི་སུ་ཡིན་རུང་འདུག་སེམས་ཡོད་པ་མ་རེད། དེའི་ཕྱིར་ད་ཡོད་བཙུན་དགོན་བརྒྱ་ལས་བཅུ་ཙམ་ལ་མ་གཏོགས་སློབ་སྦྱོང་གི་ཁོར་ཡུག་མེད་པའི་གནས་སྟངས་འདི་ནི་བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་ཡར་རྒྱས་ཀྱི་གེགས་རྐྱེན་གཙོ་བོར་མཐོང་། དགོན་བདག་ཁག་ཅིག་གིས་སྐད་ཆ་སྦོམ་པོ་བཤད་དེ། སློབ་སྦྱོང་དགོས་དོན་མེད། ངེད་ཅག་སྒོམ་སྒྲུབ་པ་ཡིན་ཞེས་སྨྲ་ངེས་མོད། སྒོམ་སྒྲུབ་པས་བླུན་སྒོམ་བྱེད་ཀྱིན་ཡོད་ན་མ་གཏོགས་སྔགས་ཀྱི་རྣམ་གཞག་ལ་སློབ་སྦྱོང་དགོས་པ་རེད། དེ་བས་ན་གནས་དེར་ངེས་པར་དུ་རྒྱུད་གྲྭ་མེད་ཐབས་མེད། སློབ་སྦྱོང་ཟེར་བ་ནི་མཐའ་གཅིག་ཏུ་ཐ་སྙད་རིག་གནས་ཁོ་ན་ལ་གོ་དགོས་པ་ག་ལ་ཡིན། ཕྱི་ལོ་༢༠༡༠ལོར་དཔལ་སྤུངས་དགོན་པས་ས་གནས་བཙུན་མ་སྡོད་གནས་ལེགས་གྲུབ་བྱུང་རྗེས། དང་ཐོག་བཙུན་མའི་མཚན་ཉིད་གྲྭ་ཚང་ཚད་ལྡན་ཞིག་གཟུགས་རྒྱུའི་འཆར་གཞི་ལ་འགྱུར་བ་བཏང་ནས། བོད་ཡུལ་བཀའ་བརྒྱུད་བཙུན་མ་རྣམས་ལ་རང་ལུགས་ཀྱི་རྒྱུད་སྡེ་སློབ་སྦྱོང་གི་གོ་སྐབས་ནི་མཚན་ཉིད་ཆོས་སྐོར་ལས་ཀྱང་དམན་པའི་དོན་ལ་གཟིགས་ཏེ། བཙུན་དགོན་དེ་ཉིད་གཙོ་བོ་ནཱ་རོ་ཆོས་དྲུག་དང་རང་ལུགས་རྒྱུད་སྡེ་ཐོས་བསམ་ལ་ཁ་ཕྱོགས་པ་རེད་ཅེས་གུས་པས་ཐོས་ཤིང་། དེ་ཉིད་བདེན་པའི་དབང་དུ་བཏང་ན་ཕྱག་ལས་དེའི་དམིགས་ཡུལ་ནི་རྗེས་སུ་ཡིད་རང་དགོས་པ་ཞིག་རེད་བསམས་བྱུང་། གཞན་ཡང་བོད་ལྗོངས་ལྷོ་ཁའི་ལྷོ་གྲོ་བོ་ལུང་དགོན་གྱི་བཙུན་དགོན་རྡོ་རྗེ་བདག་མེད་གླིང་ལྟ་བུར་མཚོན་ན། ཆོས་གྲྭ་དང་སྒྲུབ་གྲྭ་གཉིས་ཆར་འདུག་པ་མ་ཚད། སྒྲུབ་གྲྭའི་ཉམས་ལེན་གྱི་ཆོས་སྐོར་ཡང་མར་རྔོག་གི་རྒྱུད་སྡེ་རང་དུ་གནས་ཤིང་། བཤད་གྲྭའི་ཡིག་ཆ་ནི་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་ཀུན་མཁྱེན་པདྨ་ཀར་པོ། ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པ་བཅས་ཀྱིས་མཛད་པའི་བཀའ་བརྒྱུད་རང་ལུགས་ཀྱི་ཡིག་ཆ་ཁག་སློབ་དེབ་གནང་བར་མཐོང་། བཙུན་དགོན་གྱི་གཞུང་འཚོག་ཁག་ཀྱང་མ་ཧཱ་མ་ཡཱ། འཇམ་དཔལ་གསང་འདུས། སངས་རྒྱས་ཐོད་པ། ཕག་མོ་ལྷ་ལྔ། བདག་མེད་ལྷ་མོ་བཅོ་ལྔ། གདན་གཞི་ཡུམ་བཀའ།  འཁོར་ལོ་བདེ་མཆོག་བཅས་དང་། ལོ་མཐའི་དགུ་ཆེན་ལའང་བཀའ་བརྒྱུད་པའི་ཐུན་མིན་བསྟན་སྲུང་ལྷ་མོ་དུལ་སོལ་མའི་སྒྲུབ་ཆེན་འཚོགས་པར་མངོན།

ཕྱི་ནང་གང་ཐད་ནས་འཐུས་སྒོ་ཚང་བའི་བཙུན་དགོན་འདི་འདྲ་ནི་བཀའ་བརྒྱུད་པ་ཧྲིལ་པོར་ཡང་རེ་གཉིས་ལས་མེད་པ་གཏན་ཁེལ་རེད། རླབས་ཆེན་གྱི་བྱ་བས་རླབས་ཆེན་གྱི་མི་སྣ་མཚོན་ཞེས་པ་ལྟར། གང་ནས་བསམ་རུང་ད་ལྟ་གྲོ་བོ་ལུང་དགོན་པའི་གདན་ས་པ་གྲུབ་དབང་ཉི་མ་མཆོག་ནི་མར་རྔོག་གི་བསྟན་པ་ལ་བཀའ་དྲིན་ཆེ་བར་འདུག། གཞན་ཡང་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པའི་མཛེས་རྒྱན་མཁན་ཆེན་བླ་མ་བསྟན་པ་རབ་རྒྱས་མཆོག་དང་། འབྲི་གུང་བཀའ་བརྒྱུད་ཀྱི་གསལ་བྱེད་དམ་པ་གྲུབ་དབང་བླ་མ་སྒྲུབ་བརྒྱུད་པ་བཅས་ཀྱིས་ད་ལྟའི་དུས་འདིར་བཀའ་བརྒྱུད་བསྐྱར་གསོ་ལ་ཕྱག་ལས་གནང་བཞིན་པ་དང་། ཁོང་རྣམས་ཀྱི་འཛིན་སྐྱོང་འོག་གནས་པའི་བཙུན་དགོན་ཁག་ཀྱང་གང་ཐད་ནས་མཐུན་རྐྱེན་ལེགས་པ་འདྲའོ།། ཁོ་བོའི་བསམ་པར་བཙུན་དགོན་འདི་དག་ནི་ང་ཚོས་མིག་དཔེ་བྱ་རུང་བར་འདོད་དེ། གང་ཡིན་ཟེར་ན། བཀའ་བརྒྱུད་པའི་བཙུན་དགོན་གྱི་མིང་ཡོད་ཀྱང་ནང་གི་ཆོ་ག་ཆོས་སྤྱོད། གདངས་དབྱངས་གར་ཐིག་སོགས་ཚང་མ་གཞན་ལུགས་ཆོས་བརྒྱུད་ཀྱི་རྗེས་སུ་སོང་ན། དེ་ནི་རུས་པ་མེད་པའི་ཤིག་དང་འདྲ་བས་རང་ཅག་གི་བསྟན་པ་ལ་ཕན་ཐོགས་ཅིའང་མེད་པས་མ་ཚད། མ་འོངས་པར་གནས་གཞི་དེ་དག་ནས་ནར་སོན་པའི་མི་ཡིས་རིས་མེད་ཁ་ལ་ཁྱེར་ནས་ཆོས་སྒྱུར་དང་འབྲེལ་བའི་སྨྱོན་པའི་ཕྱག་ལས་མཛད་སྲིད་ན། དེས་སངས་རྒྱས་ཀྱི་བསྟན་པ་ལའང་ཞབས་བསུ་འགྲུབ་དཀའ་བས་མཐའ་གཅིག་ཏུ་བཀའ་བརྒྱུད་དགོན་པར་བཀའ་བརྒྱུད་པའི་ཆོས་ཀྱི་སྟོང་ཆ་མཆིས་པའི་གནས་སྟངས་དེ་ལ་འགྱུར་བ་གཏོང་ནུས་དགོས་འདུག། མདོ་ཕྱོགས་ནས་ཀྱང་དེ་བཞིན་ཡིན་ཏེ། བཀའ་བརྒྱུད་བཙུན་མ་ལ་བཀའ་བརྒྱུད་རང་ལུགས་ཀྱི་མདོ་ཕྱོགས་གཞུང་ཆེན་ཁག་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་མ་ནུས་ཚེ། མ་འོངས་པར་རང་ལུགས་ཆོས་བརྒྱུད་ཀྱི་ལྟ་གྲུབ་ལ་ཆ་རྒྱུས་མེད་པའི་མཁན་མོ་གདན་འདྲེན་ཞུ་དགོས་ཐུགས་ངེས་པས། དེ་དག་གིས་སླར་ཡང་བཀའ་བརྒྱུད་གཞན་འགྱུར་ལ་ཉེན་ཁ་བཟོ་ངེས། ལོ་རྒྱུས་ཀྱི་དོན་རྐྱེན་འདི་ནི་ད་སྔོན་བཀའ་བརྒྱུད་ཀྱི་གྲྭ་དགོན་རྣམས་ལ་བྱུང་ཟིན་ཞིང་། དེས་ཕམ་ཁ་ཡང་ཆེན་པོ་ཉོས་ཏེ་ཀུན་ལ་མྱོང་བ་ཐོབ་ཡོད་རྐྱེན་འདིར་མང་དུ་བཤད་འདོད་མི་འདུག།

བདག་གི་མཐོང་ཐོས་ལ་ད་སྐབས་བཀའ་བརྒྱུད་པར་མཚན་ཉིད་བཤད་གྲྭ་ཡོད་པའི་བཙུན་མའི་དགོན་སྡེ་ནི་འདི་དག་ལགས་ཏེ།

ཟུར་མང་བྱ་བྲལ་བཙུན་མའི་བཤད་གྲྭ། ཟུར་མང་བཀའ་བརྒྱུད། (ཀརྨ་བཀའ་བརྒྱུད།) ནང་ཆེན།

ཟུར་མང་དབེན་ཆེན་བཙུན་མའི་བཤད་གྲྭ། ཟུར་མང་བཀའ་བརྒྱུད། (ཀརྨ་བཀའ་བརྒྱུད།) ཆབ་མདོ།

ཟུར་མང་རིག་གསུམ་རྩེ་བཙུན་མའི་བཤད་གྲྭ། ཟུར་མང་བཀའ་བརྒྱུད། (ཀརྨ་བཀའ་བརྒྱུད།) ཡུལ་ཤུལ།

གོ་ཆེ་ཁ་ལ་རོང་མགོ་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ནང་ཆེན།

ཇ་དགོན་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ནང་ཆེན།

དིལ་ཡག་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ནང་ཆེན།

འདམ་དཀར་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ཡུལ་ཤུལ།

ཚ་བ་ཡག་དགོན་བཙུན་མའི་བཤད་གྲྭ།    ཀརྨ་བཀའ་བརྒྱུད།   ཆབ་མདོ།

ཚ་བ་ཡེ་ཆེན་བཙུན་མའི་བཤད་གྲྭ།   ཀརྨ་བཀའ་བརྒྱུད།  ཆབ་མདོ།

མཛོད་རྩེ་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ཆབ་མདོ།

ཚ་བ་སྒྲོལ་མ་ལྷ་ཁང་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ཆབ་མདོ།

བཀའ་འབུམ་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། ནང་ཆེན།

རྒ་ལོ་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། འདམ་གཞུང་།

ཚབ་ཚ་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། གླིང་ཚང་རྫ་རྒྱུད།

རྡོ་རྗེ་གླིང་དགོན་བཙུན་མའི་བཤད་གྲྭ། ཀརྨ་བཀའ་བརྒྱུད། འདམ་གཞུང་།

 

རྩེ་རེ་བཙུན་མའི་བཤད་གྲྭ། འབྲི་གུང་བཀའ་བརྒྱུད། སེར་ཤུལ།

སྒྲུབ་བརྒྱུད་དགོན་བཙུན་མའི་བཤད་གྲྭ། འབྲི་གུང་བཀའ་བརྒྱུད། ཁྲི་འདུ་རྫོང་།

མགར་དགོན་བཙུན་མའི་བཤད་གྲྭ། འབྲི་གུང་བཀའ་བརྒྱུད། ནང་ཆེན།

 

ལྷོ་གྲོ་བོ་ལུང་བཙུན་མའི་བཤད་གྲྭ། མར་པ་བཀའ་བརྒྱུད།  ལྷོ་བྲག་རྫོང་།

 

ཕྱག་ཆེན་གླིང་བཙུན་མའི་བཤད་གྲྭ། འབྲུག་པ་བཀའ་བརྒྱུད། ནང་ཆེན།

ལྷ་རི་བྱང་ཆུབ་ཆོས་གླིང་བཙུན་མའི་བཤད་གྲྭ། འབྲུག་པ་བཀའ་བརྒྱུད།     སྡེ་དགེ།

 

རྔ་རོང་བཙུན་མའི་ཆོས་གྲྭ། འབར་རོམ་བཀའ་བརྒྱུད། ནང་ཆེན།

གོང་གསལ་ཐོ་ཡིག་འདི་ནི་གུས་པས་དྲ་ལམ་ནས་བསྡུ་རུབ་བྱས་པ་ཞིག་ཡིན་ལ། གུས་པ་རང་འབྲི་འབྲུག་སོགས་ཀྱི་དགོན་སྡེ་ལ་ཆ་རྒྱུས་ཆེན་པོ་མེད་པས་འདིར་དེ་རྣམས་ཀྱི་བཙུན་མའི་ཆོས་གྲྭའི་མཚན་ཐོ་ཉུང་ངུ་ལས་མ་རག་ཕྱིར། འདིར་མ་འཁོད་པའི་བཙུན་མའི་བཤད་གྲྭ་ཡང་ད་དུང་ཡོད་ངེས་བསམ། འོན་ཀྱང་། འདི་ཙམ་ལས་ཐོ་ཡིག་མ་རག་པས་གནས་སྐབས་སུ་འདི་ལ་གཞི་བཟུང་ནས་གླེང་རྒྱུ་ལས་ཐབས་གཞན་མ་རྙེད། ཐོ་ཡིག་འདི་ལ་བལྟས་ན་སྟག་ལུང་བཀའ་བརྒྱུད་དང་གནས་མདོ་བཀའ་བརྒྱུད་སོགས་ཀྱི་མ་དགོན་ཆགས་ཡུལ་གྱི་སོགས་སུ་བཀའ་བརྒྱུད་བཙུན་མ་ལ་སྟོང་ཆེ་བ་དང་། འབྲི་འབྲུག་རྣམས་ཀྱི་ལྷ་སྡེ་དང་དགོན་གྲངས་སོགས་ལ་བསམས་ན་ད་དུང་སྟོང་ཆ་ཆེན་པོ་ཡོད་པར་ཚོད་དཔག་བྱེད་ནུས་ཤིང་། ཀརྨ་བཀའ་བརྒྱུད་ལ་ནང་ཁུལ་དུ་ཀམ་ཚང་གཞུང་མ་དང་། ཡན་ལག་ཟུར་མང་བཀའ་བརྒྱུད་དང་གནས་མདོ་བཀའ་བརྒྱུད་གཉིས་ཡོད་པས་འདིར་གྲངས་ཀ་ཡང་མང་ཤོས་ཟིན་འདུག་མོད། འོན་ཀྱང་། ག་ལེར་བསམས་ན་གནས་མདོ་བཀའ་བརྒྱུད་ལ་བཙུན་མའི་ཆོས་གྲྭ་ཤིན་ཏུ་ཉུང་བར་མངོན་ཞིང་། ཀམ་ཚང་གི་གདན་ས་ཆེན་མོ་ལྔ་ལས་དཔལ་སྤུངས་མ་གཏོགས་གཞན་ལ་བཙུན་མའི་ཆོས་གྲྭ་ཕར་བཞག་ཐ་ན་བཙུན་དགོན་ཚད་ལྡན་ཞིག་ཀྱང་ཡོད་དཀའ་བར་འདུག་ཅིང་། མདོ་སྨད་དུ་ཀརྨ་བཀའ་བརྒྱུད་ཀྱི་དགོན་ཆེན་གཡུ་ཐོག་སོགས་དགོན་ཁག་མི་ཉུང་བ་ཡོད་ནའང་། དེ་དག་ཏུ་བཙུན་མའི་དགོན་སྡེ་ད་དུང་ཡང་བསྐྱར་གསོ་བྱུང་མི་འདུག། མཁྱེན་གསལ་ལྟར་དེང་གི་ཆར་མདོ་སྨད་ནི་བོད་བརྒྱུད་ནང་བསྟན་གྱི་བཙུན་མའི་བསྟན་པ་ཆེས་དར་རྒྱས་ཆེ་བའི་ཡུལ་ཡིན་ནའང་། གནས་དེ་དག་ཏུ་ང་ཚོ་བཀའ་བརྒྱུད་ཀྱི་བཙུན་དགོན་ཞིག་ཀྱང་མཐོང་ཡུལ་དུ་མེད་པ་ནི་བསམས་ཤིང་བསམས་ན་ཡིད་སྐྱོ་བའི་དོན་ལས་མ་འདས། འཇང་ཡུལ། ལི་ཐང་། འདབ་པ། མི་ཉག། དར་མདོ། རྒྱ་རོང་སོགས་སུའང་སྤྱིར་ན་བཀའ་བརྒྱུད་དགོན་པ་དང་ཡང་སྒོས་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ནི་གང་འཚམ་ཡོད་རུང་། བཙུན་དགོན་ཆོས་གྲྭ་ཅན་ནི་ཉི་མ་ལོག་ཆར་ཁྲོད་ཀྱི་རྡོ་ལེབ་སྐོམ་པོ་ཞིག་དང་འདྲ།ཟུང་མང་བཀའ་བརྒྱུད་ལ་མཚོན་ན་གདན་ས་གསུམ་ལས་གཉིས་ལ་བཙུན་དགོན་ཡོད་པ་དང་། ལྷག་པར་ཟུང་མང་རྣམ་རྒྱལ་རྩེ་ལ་བཙུན་དགོན་དང་མ་ཚད་བཙུན་མའི་བཤད་གྲྭ་མངའ་ཞིང་།བཙུན་དགོན་འདིས་ཕྱོགས་གང་ཐད་ནས་ཁམས་སྟོད་ཀྱི་བཀའ་བརྒྱུད་བཙུན་མའི་དགོན་པ་གཞན་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཀྱིན་པའི་སྣང་བ་བྱུང་ལ། ཕྱི་ལོ་༢༠༡༦ལོ་ཙམ་ནས་འདིར་གངས་ལྗོངས་བཙུན་མའི་བགྲོ་གླེང་ཞེས་པ་ཚུགས་ཤིང་། ད་བར་མི་ལོ་དྲུག་གི་ཡུན་ལ་བཀའ་བརྒྱུད་བཙུན་དགོན་རྣམས་ཀྱི་དཔེ་མཚོན་དགོན་པར་གྱུར་ཡོད་པ་མངོན་སུམ་རེད།

གོང་གསལ་བཙུན་མའི་ཆོས་གྲྭ་འདི་དག་གི་སློབ་གཉེར་པའི་གྲངས་ཀ་དང་གཞི་རྒྱ་ཆེ་ཆུང་སོགས་ནི་ད་དུང་ང་ཚོའི་རེ་སྨོན་ནང་བཞིན་བྱུང་མེད་དེ། མང་ཤོས་ལ་བརྒྱ་ཚོ་གཉིས་ཙམ་ཡང་མི་འདུག་ཅིང་ཉུང་ཤོས་ལ་བཅུ་ཚོ་གཉིས་མ་ཟིན་ཙམ་མོ།། གྲངས་ཀ་དང་གཞི་རྒྱ་གང་ནས་བསམས་རུང་བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་ཀྱི་ཡར་རྒྱས་ནི་ད་དུང་ཡང་ཐབས་སྐྱོ་བོ་རེད་ལ། ཆོས་བརྒྱུད་གཞན་གྱི་བཙུན་མའི་ལོ་རྒྱུས་དང་བསྡུར་ན་བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་ལ་རྗེས་ལུས་ཀྱི་གནས་སྟངས་ཆེ་ཙམ་འདུག་པ་གུས་པས་གསལ་འདེབས་མ་བྱས་རུང་མཚམས་འདི་ནས་ཧ་གོ་ཚོད་ཡིན་ཞིང་། གནས་སྟངས་འདི་བཀའ་བརྒྱུད་སྐྱབས་མགོན་རྣམས་ཀྱིས་ཀྱང་ཟག་མེད་ཡེ་ཤེས་ཀྱིས་མཁྱེན་གྱི་ལོས་ཡོད་འདོད། འོན་ཀྱང་། སྣ་བཅད་པའི་ཚོད་ཀྱི་མཛེས་མོ་ཞེས་པའི་དཔེ་ལྟར་དགའ་འོས་པའི་དོན་བཟང་ཉག་གཅིག་ཡོད་པ་ནི་ལོ་རབས་སྔོན་མ་རྣམས་དང་བསྡུར་ན། བཀའ་བརྒྱུད་བཙུན་མའི་འཕེལ་རྒྱས་ཀྱི་ས་བོན་ལ་ད་ལྟ་སྨྱུ་གུ་འཁྲུངས་བཞིན་པའི་སྐབས་ལ་ཁེལ་ཞིང་། མ་མཐའ་ཡང་ད་སྐབས་རེ་བ་བྱེད་ཡུལ་ཞིག་ཡོད་འདུག།

གོང་གསལ་བཤད་གྲྭ་འདི་དག་ནི་ཡང་དར་རྗེས་ཀྱི་བཀའ་བརྒྱུད་བཙུན་མའི་བཤད་གྲྭ་ཐོག་མའི་གྲལ་རེད་ལ། ཁོང་རྣམས་ཀྱིས་ད་ལྟ་མདོ་ཕྱོགས་ནས་དབུ་བཟུང་སྟེ་མཆན་ཉན་ལ་འབད་བརྩོན་བྱེད་མུས་སུ་ལགས། དགོན་པ་དེ་རྣམས་ཀྱི་འཆར་གཞི་ལྟར་ན་མ་འོངས་པར་སྔགས་ཕྱོགས་རྒྱུད་སྡེ་ཡང་བཤད་གྲྭ་རང་ནས་སྦྱོང་ཆོག་པ་བྱེད་རྒྱུ་ཡིན་ཞེས་གསུང་གིན་འདུག། མ་འོངས་པར་འདི་དག་ལས་མཐར་ཕྱིན་པའི་མཁན་མོ་མང་པོ་ཞིག་གིས་བཀའ་བརྒྱུད་ཀྱི་བཙུན་མ་རྣམས་སྐུ་ཡོན་གྱི་ལམ་དུ་སྣེ་ཁྲིད་བྱེད་ངེས་ཡིན་ན། འདི་རྣམས་ཀྱི་སློབ་གསོ་དང་ཁ་ཕྱོགས་ལ་ད་ལྟ་དོ་སྣང་བྱེད་པ་ནི། མ་འོངས་པའི་བཀའ་བརྒྱུད་ཀྱི་བཙུན་མའི་སློབ་གསོ་ལ་དོ་སྣང་བྱེད་པ་ཡིན་པས་ན། ས་གནས་སོ་སོའི་དགོན་བདག་གིས་ཅིས་ཀྱང་དོན་ཚན་གསུམ་ལ་འབད་དགོས་པར་སྣང་། གཅིག་ནས་མདོ་སྔགས་གང་གི་ཕྱོགས་ཡིན་རུང་ལྟ་བ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ལ་གནས་པ་ཞིག་དང་། གཉིས་ནས་སྐྱབས་ཡུལ་དཀོན་མཆོག་གསུམ་གཞིར་བྱས་རྗེས་བརྟེན་ཡུལ་གྱི་བླ་མ་དང་དད་ཡུལ་གྱི་སྐྱབས་མགོན་གཙོ་བོ་ངེས་པར་བཀའ་བརྒྱུད་རང་ཡིན་དགོས་པ། གསུམ་ནས་ཀུན་སྤྱོད་ཐད་གཞན་ལུགས་ཆོས་བརྒྱུད་ཀྱི་ཤན་ཞུགས་ངན་པ་ཐེབས་ནས་བྲོ་རྡུང་གླུ་ལེན་ལ་མགོ་འཁོར་བ་དང་སྐྱ་བོའི་སྤྱི་ཚོགས་སློབ་གླིང་གི་ཤུགས་རྐྱེན་ཐེབས་ཏེ་ཀུན་སྤྱོད་ཆོས་ལས་ལོག་པར་མ་གྱུར་པ་ཞིག་བྱ་རྒྱུ་གལ་ཆེ་བར་སེམས། གལ་ཏེ་དོན་ཚན་འདི་གསུམ་ལས་འདས་ཚེ་མི་དེས་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཞབས་ཞུ་འགྲུབ་མིན་ཐད་ང་ཚོ་ལ་ལོ་རྒྱུས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་དོ།།

དུས་རབས་འདི་ནི་འགག་རྩའི་དུས་ཤིག་སྟེ། སྤྱི་ཚོགས་ཧྲིལ་བོ་ཡར་རྒྱས་འགྲོ་བའི་དུས་ཤིག་ལགས་པས། གལ་ཏེ་ང་ཚོས་དམ་འཛིན་ལེགས་པོ་ཤིག་ཐུབ་ན་ཡར་རྒྱས་ཀྱི་གོ་སྐབས་ནི་ང་ཚོ་ལའང་ཡོད་བསྡད་པ་རེད། ཡིན་ནའང་གོ་སྐབས་ནི་གྲ་སྒྲིག་ཅན་ལ་དབང་བ་ལས་གྲ་སྒྲིག་མེད་ན་གོ་སྐབས་ཀྱིས་སྒོ་རྡུང་རུང་ང་ཚོས་ཕྱེ་ཐབས་བྲལ། འགག་རྩ་འདི་ལ་དགོངས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་རྗེ་བཙུན་མར་མི་ཡབ་སྲས་ཀྱི་རིང་ལུགས་འདི་ཉིད་བཀའ་བརྒྱུད་ཀྱི་བསྟན་ཞབས་སུ་སྐྱེས་པའི་སྐྱེ་འགྲོ་ཕོ་མོ་ཀུན་གྱི་བགོ་སྐལ་དུ་སྨིན་ཆེད་བསྟན་པའི་མཛེས་རྒྱན་ན་གཞོན་སྐུ་ཡོན་ཅན་རྒྱལ་དབང་༧ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཞལ་ནས།

“བཀའ་བརྒྱུད་པའི་འདས་པའི་ལོ་རྒྱུས་རིང་མོའི་ནང་བསམ་བློ་བཏང་ན། སྤྱིར་བཀའ་བརྒྱུད། ཡང་སྒོས་སུ་ཀརྨ་ཀཾ་ཚང་ལ་གོད་ཆག་མང་པོ་ཞིག་བྱུང་ཡོད་པ་རེད། དཔེར་ན་སོག་པོའི་གུ་ཤྲི་ཡིས་དམག་བརྒྱབ་ནས་ཀཾ་ཚང་གི་དགོན་སྡེ་མང་པོ་གཏོར་བཤིག་ཕྱིན། བཤད་པའི་རྒྱུན་དང་སྒྲུབ་པའི་རྒྱུན་མང་པོ་ཞིག་ཉམས་ནས་གང་ལྟར་རིག་གནས་གསར་བརྗེ་ཆེན་པོ་འདྲ་ཞིག་བྱུང་བ་རེད། དེ་ནས་དེའི་རྗེས་སུ་ལྔ་བཅུ་ང་དགུའི་རྗེས་ནས་རིག་གནས་གསར་བརྗེ་ཆེན་པོ་བྱུང་པ་རེད། དེར་བརྟེན་ད་ལྟ་གཞི་ནས་བསྟན་པ་ཡང་དར་ཡོང་བའི་གོ་སྐབས་གཅིག་རེད། གོ་སྐབས་དེ་དམ་འཛིན་བྱས་ནས་ཚང་མས་འབད་བརྩོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།“(༢༠༡༨ལོའི་བཀའ་བརྒྱུད་སྨོན་ལམ་ཐོག་ནས་གསུངས།)

ཞེས་གསུངས་འདུག། གསུངས་པ་ནང་བཞིན་ཁོང་གིས་སྤྱིར་བཀའ་བརྒྱུད་ཀྱི་བསྟན་རྩ་དགེ་འདུས་སྤྱི་དང་། ཡང་སྒོས་བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་འཕེལ་རྒྱས་ལ་བླ་ན་མེད་པའི་བྱས་རྗེས་བཞག་འདུག་སྟེ། བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་ཐོག་གི་བདེ་བྱེད་མའི་བཙུན་མ་དགུན་ཆོས་ཞེས་སུ་གྲགས་པའི་ཆོས་ཚོགས་ཐོག་མར་བཙུགས་ཤིང་། དེར་ཟླ་ཕྱེད་ཙམ་གྱི་ཡུན་ལ་བཙུན་དགོན་སོ་སོའི་ཆོས་གྲྭ་ནས་ཕེབས་པའི་བཙུན་མ་མཉམ་དུ་འཚོགས་ཏེ་བགྲོ་གླེང་དང་རྩོད་པ་བྱེད་ཆོག་ལ། ཐབས་ལམ་དེ་འདྲ་ཞིག་ལ་བརྟེན་ནས་བཀའ་བརྒྱུད་བཙུན་མ་རྣམ་པར་ནང་བསྟན་མཚན་ཉིད་རིག་པའི་སློབ་གསོ་མྱོང་རོལ་གྱི་གོ་སྐབས་བསྐྲུན་འདུག། ཕྱི་ལོ་༢༠༡༤ནས་ད་བར་མི་ལོ་བརྒྱད་ཀྱི་ཡུན་ལ་བཀའ་བརྒྱུད་བཙུན་མའི་སྐུ་ཡོན་འཕེལ་རྒྱས་ལ་ཕན་འབྲས་ཆེ་ཙམ་སྨིན་པའི་སྐོར་གོ་ཐོས་བྱུང་། ཁོང་གིས་ལོ་རྒྱུ་རང་བཞིན་གྱི་བཙུན་མའི་དགུན་ཆོས་ཆོས་ཚོགས་དེ་ཉིད་ངོ་སྤྲོད་གནང་སྐབས་སུ་གསུང་དོན།

“བུད་མེད་ཁྲོད་ཀྱི་ཆོས་ལུགས་དད་ལྡན་གྱི་གྲངས་ཚད་མཐོན་པོ་རེད། བུད་མེད་རྣམས་ཀྱི་གནས་སྟངས་དང་ཆོས་ལུགས་ཀྱི་སྒོམ་སྒྲུབ་ལ་སེམས་ཁུར་བྱེད་རྒྱུ་ནི།  ངས་བསམས་ན་ཧ་ཅང་གལ་ཆེན་རེད་དྲན་བྱུང་། ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ལ་མཚོན་ན་མོ་རང་ཚོའི་ཆོས་ཀྱི་སྒོམ་སྒྲུབ་ལ་སེམས་ཁུར་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་དུ་མཐོང་། སྔོན་བོད་ཡུལ་ལ་བཙུན་མ་རྣམ་པར་བཙུན་པ་ནང་བཞིན་གྱི་ཆོས་ཀྱི་གཞུང་ཆེན་ཁག་དང་ནང་པའི་མཚན་ཉིད་རིག་པར་སློབ་སྦྱོང་གི་གོ་སྐབས་ཡོད་པ་མ་རེད། ཕྱིས་སུ་འཕགས་ཡུལ་དུ་ཐོན་རྗེས་ག་ལེར་ག་ལེར་ད་ལྟའི་གོ་སྐབས་འདི་བྱུང་བ་རེད། འོན་ཀྱང་བཀའ་བརྒྱུད་ཀྱི་བརྒྱུད་པ་འདིའི་ནང་དུ་ད་བར་དངོས་གནས་དྲང་གནས་ཀྱི་རྩོད་པའི་ཆོས་ཚོགས་སམ། བཙུན་དགོན་ཚང་མའི་བཙུན་མ་སློབ་གཉེར་པ་རྣམས་མཉམ་དུ་འཚོགས་ནས་མཚན་ཉིད་རིག་པ་དང་ནང་པའི་གཞུང་ཆེན་ཁག་བགྲོ་གླེང་གི་གོ་སྐབས་མེད་པ་རེད། དེ་བས་ན་གང་ནས་བསམ་རུང་དེ་ལ་རྗེས་ལུས་ཀྱི་རྣམ་པ་འདུག། མོ་རང་ཚོའང་སངས་རྒྱས་ཆོས་ལུགས་ཀྱི་དོན་ཆེན་འདི་འདྲ་ཞིག་ཏུ་མཉམ་ཞུགས་ཐུབ་པ་དང་། སློབ་སྦྱོང་དང་ཉམས་ལེན་གང་ཐད་ནས་བཙུན་པ་རྣམས་དང་འདྲ་བོ་ཞིག་ཡོང་བར། ངས་གོ་སྐབས་ཤིག་སྦྱིན་བསམ་པ་ཡིན།”(གུས་པས་རྒྱ་སྐད་ལས་བོད་འགྱུར་ཞུས།)ཞེས་གསུངས།

གཟིགས་རྒྱང་རིང་བའི་ཕྱག་ལས་འདི་ཏན་ཏན་མ་འོངས་པར་ལོ་རྒྱུས་ཀྱི་འཕེལ་རྒྱས་ཤིག་ལ་སུས་ཀྱང་ངོས་འཛིན་བྱེད་ངེས། ད་དུང་ཡང་ཁོང་གི་ཐུགས་བཀོད་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་དང་བཀའ་བརྒྱུད་བཙུན་མའི་ནང་བསྟན་མཐོ་རིམ་སློབ་གླིང་གཟུགས་འཆར་ཡོད་པའི་སྐོར་ཡང་གོ་ཐོས་བྱུང་། འདི་ནི་དུས་རབས་འདིའི་བསྟན་པ་འཛིན་ཚུལ་རེད་ལ་སངས་རྒྱས་ཀྱི་བསྟན་པ་ཡར་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱེད་སྟངས་ཤིག་ཀྱང་རེད་བསམས་བྱུང་། སྤྱི་ཚོགས་ཀྱི་དངོས་པོ་འཕེལ་རྒྱས་ཆེ་བའི་དུས་འདིར་ང་ཚོས་ཀྱང་རང་ལ་འགྱུར་བ་གཏོགས་ཙམ་མ་བཏང་ན། མི་རྣམས་ཆོས་སྒོར་ཞུགས་རོགས་མི་བྱེད་པའི་དཀའ་ངལ་འཕྲད་ངེས་པས་ན། སྔོན་བཙུན་མ་རྣམས་ལ་གང་ཐད་ནས་ཆ་རྐྱེན་ལེགས་པོ་མིན་རུང་། དེ་ཉིད་ངན་གོམས་མི་བྱེད་པར་མི་རབས་གསར་པའི་བུད་མེད་འབོར་ཆེན་ཞིག་ཆོས་སྒོར་ཞུགས་སའི་ཆ་རྐྱེན་ང་ཚོས་སྔོན་ནས་བསྐྲུན་ན་བཟང་། འབྲེལ་ཡོད་དགོན་བདག་རྣམས་ཀྱིས་མཁྱེན་གསལ་ལྟར། དེང་སང་གི་བཙུན་མའི་འབྱུང་ཁུངས་ནི་རྩ་བའི་ཆ་ནས་ཞིང་འབྲོག་གི་བུད་མེད་རྣམས་དང་། སྤྱི་ཚོགས་སློབ་གྲྭ་ཁག་ནས་སློབ་གནས་རིམ་བགྲོད་བྱས་ཏེ་སློབ་ཆེན་མཐར་ཕྱིན་གྱི་རིགས་གཅིག། ཡང་མཐོ་རྒྱུགས་མ་འཕྲོད་ནས་ཆོས་སྒོར་ཞུགས་པའི་རིགས་གཅིག། ཡང་སློབ་གྲྭ་ནས་ལོ་རིམ་གང་འཚམས་བཏོན་རྗེས་བཙུན་མ་བྱས་པའི་རིགས་སོགས་ཡོད་ཅིང་། སྔ་ཕྱི་གང་ཡིན་ཡང་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། སྤྱི་ཚོགས་གི་མཐུན་རྐྱེན་སོགས་གང་ལ་གང་འཚམ་ལོངས་སྤྱོད་ཟིན་པའི་རིགས་ཡིན་པས་ན། བཙུན་དགོན་དུ་ཐོན་རྗེས་ཧ་ཅང་ཆ་རྐྱེན་ཞེན་པོའི་ངང་ནས་ཡུན་རིང་འདུག་མི་ཐུབ་པ་རེད་ལ།  དེ་རྣམས་རྗེས་སུ་སྐྱ་སར་འབབ་པ་དང་ཡང་ན་ཆ་རྐྱེན་ལེགས་པའི་བཙུན་མའི་དགོན་པ་གཞན་དུ་འགྲོ་རྒྱུ་རེད། གལ་ཏེ་བཙུན་དགོན་གྱི་ཆ་རྐྱེན་ཞེན་པའི་དབང་གིས་སྐྱ་སར་འབབ་པ་དང་ཆོས་བརྒྱུད་གཞན་དུ་ཕེབས་དགོས་བྱུང་ཚེ། ཇི་ལྟར་བཤད་ཀྱང་དེ་ནི་དགོན་པའི་ངོས་ནས་མ་འཇོན་པ་ཡིན་པས་ན། བཙུན་དགོན་རྣམས་ངེས་པར་ཕྱི་དངོས་པོའི་ཆ་རྐྱེན་ཐད་དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། ནང་བསམ་བློའི་སྐུ་ཡོན་ཐད་མདོ་སྔགས་གཉིས་ཀ་དང་ཐུན་མོང་རིག་གནས་སོགས་ལ་སློབ་སྦྱོང་དང་སྒོམ་སྒྲུབ་རུང་བའི་ཁོར་ཡུག་ཏུ་བསྐྱོད་རྒྱུ་ནི་ཡར་རྒྱས་ཀྱི་ལམ་ཆེན་ཉག་གཅིག་ཏུ་འདོད། གལ་ཏེ་བཙུན་མ་རྣམས་པར་ཆོས་ལ་སློབ་སྦྱོང་གི་གོ་སྐབས་མ་བསྐྲུན་ན། མོ་རང་ཚོས་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་འཛིན་ཤེས་ཨང་། དེ་བཞིན་བཀའ་བརྒྱུད་བཙུན་དགོན་ནང་དུ་བཀའ་བརྒྱུད་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གྱི་ཆ་རྐྱེན་མ་བསྐྲུན་ན། མོ་རང་ཚོས་ཇི་ལྟར་བྱས་ཀྱང་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་ཤེས་རྒྱུ་མ་རེད། དེ་བས་བཀའ་བརྒྱུད་བཙུན་དགོན་རྣམས་སུ་བཀའ་བརྒྱུད་པའི་ཐུན་མིན་གྱི་མན་ངག་དང་དབང་ལུང་། གཞུང་ཆེན་ཁག་གི་བཞེད་པ་སོགས་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་རྒྱུ་ནི་བསྟན་དོན་དང་འབྲེལ་བའི་གལ་ཆེན་གྱི་ཕྱག་ལས་ཤིག་ཡིན།

མདོར་ན་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ནོར་བ་བསླུ་གསུམ་མེད་པར་བཙུན་དགོན་རྣམས་སུ་གནས་ཐུབ་པ་ཞིག་དང་། བཀའ་བརྒྱུད་བཙུན་མ་རྣམས་ཀྱིས་ཀྱང་བཀའ་བརྒྱུད་ཀྱི་བསྟན་པ་དག་མ་ཞིག་ཟིན་པར་བྱ་རྒྱུ་ནི་ལོ་བརྒྱའི་ཇུས་ཆེན་ཡིན་པ་མ་ཚད། ཁ་བཀའ་བརྒྱུད་ཁོག་བཀའ་བརྒྱུད་ཅིག་ཏུ་གྱུར་ཚེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའང་མི་དེས་ཟིན་ཡོད་པ་ལགས་པས། འདི་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡར་ངོའི་ཟླ་ལྟར་རྒྱས་ཤིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་སྨོས་ཅི་དགོས། རྒྱུ་འབྲས་བདེན་པའི་གནས་ལུགས་ལ་བསླུ་བ་མེད་པས་ན། བསྟན་པ་འཛིན་ན་བསྟན་པ་རྒྱས་རྒྱུ་ཡོད་པ་ནི་རྒྱུ་འབྲས་ཀྱི་རྣམ་གཞག་ཏུ་འདུག་གོ།།

 

དྲུག། མཇུག་གི་རེ་སྨོན།

 

སྔ་ལོ་སྟེ་༢༠༢༡ལོར་གུས་པས་ 《བསྟན་པ་ཡང་དར་སྐབས་ཀྱི་བཀའ་བརྒྱུད་བསྐྱར་གསོ་ལ་ཐོག་མའི་ཕྱིར་རྟོག།》ཞེས་པའི་རྩོམ་ཐུང་སྤེལ་སྐབས། ཆ་རྒྱུས་དང་དཔྱད་ཞིབ་ཀྱིས་མ་འདང་ནས་བཀའ་བརྒྱུད་བཙུན་མའི་སྐོར་འབྲི་མ་ནུས་ཤིང་། དེ་ནས་ད་བར་རང་གིས་གང་ནུས་ཉམས་ཞིབ་བྱས་ཤིང་ས་གནས་གང་སར་བཞུགས་པའི་གྲོགས་མང་པོ་ཞིག་དང་བགྲོ་གླེང་ཡང་གང་མང་བྱས་ཏེ་ད་གཟོད་གཞི་ནས་འདི་ལྟར་ཡིག་ཐོག་ཏུ་ཕབ་རྒྱུ་བྱུང་། ད་དུང་མཐོང་ཐོས་ཀྱིས་མ་ཁེབས་པ་དང་རྣམ་དཔྱོད་ཀྱིས་མ་འདང་བ། ཉམས་ཞིབ་ཀྱིས་མཐའ་མ་ཆོད་པའི་ཆ་ཡོད་ངེས་པས་དགོངས་གསོལ་ཞུ་འོས། ཚད་ངེས་ཅན་ནས་བཤད་ན་རྩོམ་འདི་ནི་མི་མང་པོ་ཞིག་གི་བློ་གྲོས་ལས་བྱུང་བ་ཡིན་ཕྱིར་རྩོམ་མཁན་ལ་རང་གི་མིང་འགོད་པར་བག་ཚ་ཡང་བྱུང་ངོ།།

དེ་ལྟར་ཅུང་ཟད་ཉེ་རབས་བཀའ་བརྒྱུད་བཙུན་མའི་གནས་སྟངས་ལ་དཔྱད་པའི་གླེང་སློང་བགྱིས་ཁུར་བྱས་མོད། རྩོམ་ཐུང་འདིས་ཀྱང་མི་ཚོར་བཀའ་བརྒྱུད་བཙུན་མའི་ལོ་རྒྱུས་ལ་ཕྱིར་འདང་ཡོང་བ་དང་། བཀའ་བརྒྱུད་པའི་སྐྱ་སེར་ཀུན་གྱིས་བརྗོད་གཞི་འདི་ལ་བགྲོ་གླེང་དང་དོ་སྣང་མང་ཙམ་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ལ། གལ་གནད་ཆེ་བའི་གླེང་གཞི་འདིའི་ཐད་མཁྱེན་ལྡན་ཚོས་མུ་མཐུད་བགྲོ་གླེང་ཡོང་བའི་ཡིད་ཆེས་ཀྱང་ཡོད་དོ།།

མཐར་བཀའ་བརྒྱུད་ཀྱི་བསྟན་ཞབས་སུ་སྐྱེས་པའི་གྲྭ་བཙུན་ལྷ་སྡེ་དད་ལྡན་ཀུན་གྱིས་བཀའ་བརྒྱུད་རིན་པོ་ཆེ་འདི་ཉིད་ནོར་བུ་རང་ལག་ནས་མི་ཤོར་བར་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་ལན་བརྒྱར་ཞུའོ།།

 

རབ་བྱུང་༡༧་པའི་ཆུ་སྟག་དང་ཕྱི་ལོ་༢༠༢༢ལོ་ཟླ་བ་༣པའི་རྗེ་བཙུན་མི་ལ་རས་པ་འདས་ནས་མི་ལོ་༩༠༠སོན་པའི་རྗེས་དྲན་དུ་མདོ་ཁམས་ལྷོ་ཟླ་ཟལ་མོ་སྒང་ནས་ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་བྲིས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1747