རྩོམ་པ་པོ། མྱང་གློ་གྲོས་རབ་གསལ།

ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ།

སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའམ་དཔལ་ཁང་ལོ་ཙཱའི་སྐུ་སྐྱེར་གྲགས་པ་ཁོང་གི་རྣམ་ཐར་གཏན་ནས་མ་མཐོང་པས་གང་དུ་སྐྱེས་པ།  ནམ་སྐྱེས་པ།  བླ་མ་གང་ལ་བརྟེན།  སློབ་སྦྱོང་གང་ནས་བྱས་པ།  མཛད་འཕྲིན་གང་འདྲ་བསྐྱངས་པ།  བརྩམ་ཆོས་གང་དག་ཡོད་པ་བཅས་ནི་ཐམས་ཅད་ལ་དྲི་བ་འབའ་ཞིག་ཏུ་གྱུར་ཡོད།

 

འདིའི་སྐོར་བཀའ་རྒྱུད་པའི་ལོ་རྒྱུས་ལ་མཁྱེན་སྤྱན་ཡངས་པ་ཚོས་གཅིག་འབྲི་བར་མཛད་ན་ཧ་ཅང་ཕུན་སུམ་ཚོགས་པ་ཡོང་ངེས་ཡིན་མོད།  ཁོང་རྣམ་པས་དེ་འདྲ་མཛད་པ་མི་སྣང་བས།  ངན་པ་ཁ་མང་ན། བཟང་པོས་བློ་མི་རྙེད་པ་ཡིན་ནམ་ཅི་ཆ། འདིར་བླ་མས་ཅི་གསུང་མ་ཞེས་གོང་གྲྭ་པས་འདོན་སྔགས་རྡོལ་རོ་རོ་ཞེས་པའི་དཔེ་ལྟར་ཅུང་ཞུ་བར་འདོད་པ་ལ་སྤྱིར་ལོ་རྒྱུས་གང་ཞིག་སྤུས་ལེགས་པོ་ཡོང་དགོས་ན་ངེས་པར་དུ་རྒྱུ་ཆ་ཕུན་སུམ་ཚོགས་པ་རེ་ཡོད་དགོས་ལ། འདིར་ཡང་ཁོང་གི་རྣམ་བསྡུས་འབྲི་བར་བྱེད་པའི་རྒྱུ་ཆ་གཙོ་བོ་ནི་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའི་གསུང་འབུམ་ལག་བྲིས་མ་པོད་གཅིག་མཇལ་རྒྱུ་བྱུང་བ་དང་། དེའི་ཁར་སྐྱབས་རྗེ་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་ལས་བྱུང་བའི་མ་ཧཱ་ཤྲི་གསུང་རབ་གླིང་གིས་བསྒྲིགས་པའི་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའི་གསུང་འབུམ་དྲ་དེབ་པོད་ལྔ་པོ་བཅས་ཡིན། །

དེ་ཡང་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ནི་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེ་དང་།  ཞྭ་དམར་དཀོན་མཆོག་ཡན་ལག་བཅས་ཀྱི་སློབ་མ་ཡིན་ཞིང་།  ཁོང་གི་རྣམ་ཐར་མཇལ་ཡུལ་དུ་མེད་པར་འཁྲུངས་ཡུལ་དང་ཡབ་ཡུམ་སོགས་ཀྱི་མཚན་གང་ཡང་མི་གསལ།  ཁོང་ལ་བརྩམ་ཆོས་མང་པོ་བཞུགས་པས་དེ་དག་གི་མཛད་བྱང་ལས་ཁོང་ཕེབས་བཞུགས་དུས་ཀྱི་ལོ་ཚིགས་ཕྱོགས་ཙམ་རྟོགས་ཐུབ་པར་འགྱུར་ངེས་པས་དེའི་སྐོར་ཉུང་ཙམ་ཞུས་ན།

དེ་ཡང་ཁོང་ནམ་སྐྱེས་པ་ནི་ཁོང་གིས་མཛད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་རྡོ་རྗེ་ཐེག་པའི་ཟབ་གསང་འདོད་དགུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ཞེས་པའི་མཛད་བྱང་དུ་“དེ་ལྟར་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་ཐུགས་དམ་ཟབ་པ་ལས་ཀྱང་ཆེས་ཟབ་པ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས། རྡོ་རྗེ་ཐེག་པའི་ཟབ་གསང་འདོད་དགུའི་བུམ་བཟང་ཞེས་པ་འདི་ཉིད་དོན་གཉེར་མང་དག་གིས་བསྐུལ་བར་བརྟེན་སྔ་མོ་ཞིག་ནས་མདོར་བསྡུས་ཙམ་བཀོད་ཅིང་སླར་བརྡ་དོན་རྟགས་ཀྱི་ཕག་མོའི་སྐབས། གཞི་ལམ་འབྲས་གསུམ་གྱི་སྦྱར་བཤད་དང་བཅས་པ་རྒྱས་པར་བཀོད་པ་འདི་ཉིད། གཙོ་བོར་འདི་ཉིད་ཀྱི་རྒྱ་གཞུང་སོགས་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གིས་གླེགས་བམ་དུ་སྒྲིག་པ་གནང་བ་དང་། དཔལ་གཙུག་ལག་ཕྲེང་བས་མཛད་པའི་རྣམ་བཤད་ཆེན་མོ་གཉིས་གཙོ་བོར་བྱས་ཤིང་། གཞན་བརྒྱུད་(༣༣བ)པའི་བླ་མ་རྣམས་ཀྱི་གསུང་རྒྱུན་དང་། ཁྱད་པར་ཀུན་མཁྱེན་རང་བྱུང་བ་དང་། རྒྱལ་མཆོག་མི་བསྐྱོད་ཞབས་ཀྱི་ལེགས་བཤད་དུ་མས་བརྒྱན་ཏེ། རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམས་ཀྱིས་ཐུགས་རྗེས་འཚོ་བའི་བཀའ་འབངས། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ཞེས་བགྱི་བས་རང་ལོ་ལྔ་བཅུ་པ་ཆུ་བྱི་ཧོར་ཟླ་གཉིས་པ་ལ། གྲུབ་པའི་སློབ་དཔོན་པདྨ་སམ་བྷ་བའི་སྒྲུབ་གནས་ཀྱི་འདབས་རིག་འཛིན་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དུ་དབུ་བཙུགས་ནས། ཧོར་ཟླ་དྲུག་པའི་རྒྱལ་མཆོག་ཀརྨ་པའི་མཆོད་པའི་དུས་ཆེན་ཉེར་བརྒྱད་ཀྱི་ཉིན། སྤྲོ་ཞིང་དང་བ་འདྲེན་པ་གྲྭ་ཕྱི་ཐར་པ་གླིང་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །འདིས་ཀྱང་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་བསྔོའོ། །”ཞེས་གསུངས་ཞིང་ལོ་དེར་ཁོང་དགུང་ལོ་ལྔ་བཅུ་ལོན་པ་དང་གནམ་ལོ་དེ་ཆུ་བྱི་ཡིན་པར་གསུང་།  ཆུ་བྱི་ལོར་དགུང་ལོ་ལྔ་བཅུ་ལོན་པ་ཡིན་ན་འཁྲུངས་ལོ་དེ་མགོ་ཐོག་གི་རབ་བྱུང་སྔ་མའི་རབ་བྱུང་གི་ཆུ་ཕོ་ཁྱི་ཡི་ལོ་ཡིན་པ་དང་། ཆུ་ཕོ་ཁྱི་ཡི་ལོ་ནི་རབ་བྱུང་དགུ་པའི་ཆུ་ཁྱི་ལོ་ཡིན་ནམ་རབ་བྱུང་བཅུ་པའི་ཆུ་ཁྱི་ལོ་ཡིན་པ་དཔྱད་ན། གོང་གི་གཞུང་དེ་ཉིད་དུ་“རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འདི་ཉིད་ཀྱི་བསྐྱེད་རིམ་ལྷན་ཅིག་སྐྱེས་མའི་ཉམས་ཁྲིད་ཤིན་ཏུ་སྨིན་པ་རྒྱལ་བ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་དཀོན་མཆོག་འབངས་ཀྱི་དྲུང་དུ་ཐོབ།”ཅེས་གསུང་པས་ཁོང་གིས་ཞྭ་དམར་བ་སྐུ་ཕྲེང་ལྔ་པ་མཇལ་མྱོང་ཞིང་།  ཞྭ་དམར་དཀོན་མཆོག་ཡན་ལག་ནི་རབ་བྱུང་དགུ་པའི་ཤིང་བྱ་ཕྱི་ལོ་ ༡༥༢༥ ལོར་འཁྲུངས། ང་དགུ་པ་རབ་བྱུང་བཅུ་པའི་ཆུ་ལུག་ཕྱི་ལོ་ ༡༥༨༣ ལོར་སྐུ་གཤེགས་པ་ཡིན་པས།  ཀརྨ་མཁས་མཆོག་གཞན་ཕན་དབང་པོ་ནི་ཞྭ་དམར་ལྔ་པ་ལས་སྐུ་ན་ཆུང་ཞིང་། ཞྭ་དམར་ལྔ་པ་མཇལ་མྱོང་མཁན་ཆུ་ཁྱི་ལོར་སྐྱེས་པ་ཞིག་ཡིན་དགོས་ལ།  ཆ་རྐྱེན་དེ་གསུམ་ཀ་ལྡན་པ་ནི་རབ་བྱུང་དགུ་པའི་ཆུ་ཁྱི་ལོ་དེ་ལས་མི་སྣང་བས་ཀརྨ་མཁས་མཆོག་གཞན་ཕན་དབང་པོ་དེ་ཉིད་ནི་སྤྱི་ལོ་༡༥༦༢ལོ་རབ་བྱུང་དགུ་པའི་ཆུ་ཁྱི་ལོར་སྐུ་འཁྲུངས་པ་ཡིན་ནོ། །དེ་ནས་ཚུར་བརྩིས་པའི་ལོ་ལྔ་བཅུའི་རྗེས་ཀྱི་ལོ་གོང་གི་མཛད་བྱང་དུ་གསལ་བའི་ཆུ་བྱི་ལོ་ནི་༡༦༡༢ལོ་རབ་བྱུང་བཅུ་པའི་ཆུ་བྱི་ལོར་ཡིན་པས་སྐབས་དེར་རྗེ་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་ཞི་བར་བཤེགས་ཟིན་ཞིང་། རྗེ་ཀརྨ་བཅུ་པ་ཆོས་དབྱིངས་རྡོ་རྗེ་སྐུ་འཁྲུངས་ཟིན་པ་ཡིན། ཚུལ་དེ་ལྟར་ཡིན་པས་ཁོང་གིས་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་མཇལ་མྱོང་བའང་ཁོང་གིས་མཛད་པའི་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་ཆོག་རྣམ་གྲོལ་སྒོ་ཆེན་ལ་ཉེ་བར་མཁོ་བའི་ཟིན་བྲིས་རིག་པ་འཛིན་པའི་མགུལ་རྒྱན་ཞེས་བྱ་བ་ལས་རྒྱུད་པ་བཤད་སྐབས་“བཅོམ་ལྡན་འདས་ངན་སོང་སྦྱོང་བ། སློབ་དཔོན་ཛེ་ཏཱ་རི་པ། གྲུབ་ཆེན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ནཱ་ཡ་ཀ་ར། མཻ་ཏྲི་པ། རྡོ་རྗེ་གདན་པ། ནི་པ་མཱ་ལོ། ཀ་དྷེ་ཝེ། རེ་ཝནྡྲ་རཀྵི་ཏ། ཝེ་རེནྡྲ་པ། ཆག་ལོ་ཆོས་རྗེ་དཔལ།གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའོ། །དེ་ནས་ཐུགས་སྲས་ལོ་ཙཱ་བ། སློབ་དཔོན་ཙནྡྲ་པ། ཀརྨ་པ་མཐོང་བ་དོན་ལྡན། བན་སྒར་བ་འཇམ་དཔལ་བཟང་པོ། འཛམ་གླིང་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཆེན། རྒྱལ་དབང་མི་བསྐྱོད་རྡོ་རྗེ། རྒྱལ་སྲས་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག །དཔལ་ལྡན་ཆོས་དབྱིངས་རྡོ་རྗེའི་བར་དུ་རིམ་པར་བརྒྱུད་པ་ཡིན་ནོ། །”ཞེས་ཀརྨ་པ་བཅུ་པའི་མཚན་ཐོན་པས་ཀྱང་གསལ་བཤད་བྱས་ཡོད་དོ། ། དེ་བས་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ། འཁྲུངས་ལོ།  སྤྱི་ལོ་༡༥༦༢ལོ་རབ་བྱུང་དགུ་པའི་ཆུ་ཕོ་ཁྱི་ཡི་ལོ། འདས་ལོ་མི་གསལ། མ་མཐའ་ཡང་དགུང་གྲངས་ལྔ་བཅུའི་ཡན་ལ་བཞུགས་ཞེས་བཤད་ཆོག་པ་ཡིན་ནོ། །

ཡང་ཁོང་གིས་མཛད་པའི་ཐར་གླིང་གཙུག་ལག་ཁང་སྟེང་ཤོད་ཀྱི་རྟེན་བཤད་མདོར་བསྡུས་ཙམ་བཞུགས་སོ་ཞེས་པའི་མཛད་བྱང་དུ“ཞེས་པ་འདི་ཡང་ཞྭ་ནག་ཅོད་པན་འཛིན་པ་དགུ་པ་དང་། ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་ལ་སོགས་པ་རྒྱལ་བ་ཡབ་སྲས་ཐམས་ཅད་དང་ཡོངས་འཛིན་དམ་པ་དེ་ཉིད་ཀྱིས་རྗེས་སུ་བཟུང་བ་(༩ན)ཤཱཀྱའི་བཙུན་པ་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ཞེས་བགྱི་བས། འཕགས་པའི་ཡུལ་དུ་གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ་ཆུ་སྟོད་ཟླ་བའི་དམར་པོའི་ཕྱོགས་ཀྱི་དགའ་བ་གཉིས་པ་ལ། གྲུབ་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་བྱིན་གྱིས་བརླབས་པའི་སྒྲུབ་གནས་དང་ཉེ་བ་སྔགས་གྲྭ་རིག་འཛིན་རྒྱལ་བྱེད་ཚལ་དུ་སྦྱར་བའོ།།”ཞེས་གསུང་པའི་མེ་མོ་བྱ་ཡི་ལོ་ནི་རབ་བྱུང་བཅུ་པའི་མེ་བྱ་སྟེ་༡༥༩༧ལོར་ཡིན་ཞིང་སྐབས་འདིར་ཁོང་དགུང་ལོ་སོ་ལྔར་ཕེབས་ཡོད་པ་ཡིན་ནོ། །

ཡང་ཁོང་གིས་མཛད་པའི་དཔལ་ལྡན་ཀརྨ་པའི་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་ལོ་རྒྱུས་ཁོག་འབུབས་མདོར་བསྡུས་པ་ཐེག་མཆོག་རིག་པ་འཛིན་པའི་མགུལ་རྒྱན་གཏུམ་ཆེན་རྔམ་པའི་ང་རོ་འདོད་དགུ་ཀུན་སྩོལ་ཅེས་བྱ་བའི་མཛད་བྱང་ལས“ཆོས་སྐྱོང་བདུན་ཀའི་ལོ་རྒྱུས་ཚང་བར་བཀོད་པ་འདི་ཉིད། མཉམ་མེད་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པའི་རིང་ལུགས་ཀྱི་སྲོལ་ལ་ཞུགས་ཤིང་། རྒྱལ་དབང་ཀརྨ་པ་(༧༣བ)ཞྭ་དམར་ནག་ཡབ་སྲས་ཀྱི་བཀའ་དྲིན་གྱིས་འཚོ་ཞིང་རྗེས་སུ་བཟུང་བ་ཤཱཀྱའི་བཙུན་པ་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ཞེས་བྱ་བར་དོན་གཉེར་མང་པོ་དག་གིས་བསྐུལ་བར་བརྟེན་ནས། སྔ་མོ་ཞིག་ནས་ས་བོན་ཙམ་དང་དེ་ནས་ཀྱང་མཐའ་དཔྱད་སོགས་ཀྱིས་རིམ་གྱིས་བརྒྱན་ཅིང་། ལྷག་པར་ཀོང་ཡུལ་མྱང་ཁ་ཕྱོགས་ཀྱི་སྐུ་སྐྱེར་གྲགས་པ་རབ་འབྱམས་སྨྲ་བ་ཀརྨ་ཆོས་རྒྱལ་གྱིས་ནན་གྱིས་བསྐུལ་བར་བརྟེན་ནས། དོགས་གནས་སོགས་ལ་ཞིབ་ཏུ་དཔྱད་དེ། བདེ་མཆོག་སྟོད་འགྲེལ་དུ་ལོ་དྲུག་ཅུ་སྐོར་གྱི་མིང་ཐ་དད་གསུངས་པ་ལས། འཕགས་ཡུལ་གྱི་སྐད་དུ་པ་ར་བྷ་ཝ་ཞེས་པ། བོད་སྐད་དུ་ཟིལ་གནོན་ཞེས་པ་དང་། རྒྱ་ནག་སྐད་དུ་པིང་འུ་ཞེས་པ་བོད་སྐད་དུ་མེ་ཕོ་རྟའི་ལོ་ཧོར་ཟླ་བཅུ་པའི་དུས་ཆེན་ཉེར་བརྒྱད་ཀྱི་ཉིན། རིག་སྔགས་འཆང་ཀུན་གྱི་གཙུག་རྒྱན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦ་ཝའི་སྒྲུབ་པའི་གནས་ཆེན་གྱི་འདབས། སྔགས་གྲྭ་རིག་འཛིན་མཁའ་སྤྱོད་གླིང་གི་གནས་སྒྲགས་གཡོ་རུ་སྒྲགས་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །”ཞེས་གསུང་པའི་མེ་རྟ་ལོ་རབ་བྱུང་བཅུ་པའི་མེ་རྟ་ལོ་སྟེ་ཕྱི་ལོ་༡༦༠༦ལོ་ཡིན་ནོ། །

ཡང་ཁོང་གིས་མཛད་པའི་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་དབུ་ཞབས་ཀྱི་བརྗོད་དོན་ཡར་དྲངས་པའི་ཚུལ་གྱི་བསྡུས་འགྲེལ་ཟབ་དོན་ཟུང་འཇུག་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ཞེས་པའི་མཛད་བྱང་དུ་“དེ་ལྟར་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་སེམས་དཔའ་བཞིའི་ཞུས་ལན་ཡན་ལ། རྒྱུད་ཀྱི་བཤད་པ་ཕུར་པ་འདོན་པའི་ཚུལ་དུ་དོན་གྱིས་བསྐྱེད་རྫོགས་ཀྱི་གནད་མ་ལུས་པ་རྒྱུད་དབུ་ཞབས་ཀྱི་བརྗོད་དོན་ཡར་དྲངས་པའི་ཚུལ་གྱིས་བསྡུས་འགྲེལ། ཟབ་དོན་ཟུང་འཇུག་གསལ་བའི་སྒྲོན་མེ་ཞེས་པ་འདི་ཉིད། ལྷོ་པ་ཀརྨ་མགོན་པོས་བསྐུལ་བའི་ངོར། རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམས་ཀྱིས་རྗེས་སུ་བཟུང་བའི་བཀའ་འབངས། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་མཁས་མཆོག་པ་གཞན་ཕན་དབང་པོའི་སྡེས། གཙོ་བོར་འགྲེལ་པ་རང་བྱུང་དགོངས་རྒྱན་ལ་བརྟེན་ཅིང་། གཞན་རྗེ་བཙུན་མར་རྔོག་གི་བཤད་སྲོལ། རྒྱལ་དབང་ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་རྒྱལ་མཆོག་མི་བསྐྱོད་ཞབས་ཀྱི་གསུང་དུ་མས་བརྒྱན། རྒྱུད་དང་མན་ངག་སྐྱེས་ཆེན་མཁས་གྲུབ་དུ་མའི་ལེགས་བཤད་ཀྱིས་ཀྱང་ཅུང་(༡༡༡ན)ཟད་བརྒྱན། ཆུ་བྱི་ནག་པ་ཟླ་བའ་ནང་དུ་དབུ་བཙུགས་ནས་ཤིང་སྟག་ས་གས་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ་ཨཽ་ཊི་ཡ་ནའི་སློབ་དཔོན་པདྨ་སཾ་བྷ་ཝ་དང་འགྲོ་མགོན་ཞང་གཡུ་བྲག་པ་ལ་སོགས་པའི་གནས་ཆེན་རྣམས་ཀྱི་འདབས། རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཞབས་ཀྱིས་ཡང་བཅགས་པ་རིག་འཛིན་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །”ཞེས་གསུང་པའི་ནང་གི་ཆུ་བྱི་ལོ་ནི་རབ་བྱུང་བཅུ་པའི་ཆུ་བྱི་སྟེ་ཕྱི་ལོ་༡༦༡༢ལོ་དང་ནས་མར་བརྩིས་པའི་ཤིང་སྟག་ལོ་ཡང་རབ་བྱུང་བཅུ་པའི་ཤིང་སྟག་ལོ་སྟེ་ཕྱི་ལོ་༡༦༡༤ལོ་ཡིན་ནོ། །

ཡང་ཁོང་གིས་མཛད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལྕམ་དྲལ་གྱི་དྲག་པོའི་ལས་རིམ་གྱི་ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་མེའི་སྤུ་གྲི་བསྟན་དགྲ་ཀུན་འཇོམས་ཞེས་པའི་མཛད་བྱང་ལས་“དེ་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཀའ་སྲུང་བེར་ནག་པོ་ཅན་ལྕམ་དྲལ་གྱི་དྲག་པོའི་ལས་རིམ་ལས་པར་པུ་སྐོར་སོགས་ཁྱད་པར་བ་རྣམས་དང་། ལྕགས་ཁང་ཕུར་ཆོག་སོགས་སྒྲུབ་སྐོར་རྒྱས་པ་རྣམས་སུ་གསལ་བར་གསུངས་པས་འདིར་མ་བཀོད་ལ། ལས་འགྲིག་དཀྱུས་མ་རྒྱུན་ཁྱེར་གྱི་ཏིང་ངེ་འཛིན་བསྒོམ་བྱ་ཁོ་ན་གཙོ་བོར་བཏོན་ལ། གཞན་མའང་སྒྲུབ་སྐོར་རྣམས་སུ་ཞལ་གསལ་མེད་པའི་དགོས་གལ་ཆེ་བ་འགའ་ཞིག་དོགས་གནས་མཐའ་ཆོད་དང་བཅས་ནས་བཀོད་པ་རྡོ་རྗེ་ཡེ་ཤེས་མེའི་སྤུ་གྲི་བསྟན་དགྲ་ཀུན་འཇོམས་ཞེས་པ་རྒྱལ་བའི་གསུང་རབ་ཀྱི་དོན་ལ་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པའི་དགེ་སློང་སྤོང་བ་པ་སྐྱབས་གནས་ཀྱིས་བསྐུལ་བའི་ངོར། སློབ་དཔོན་པདྨ་འབྱུང་གནས་(༢༥ན)དང་འགྲོ་མགོན་ཞང་རིན་པོ་ཆེའི་སྒྲུབ་གནས་ཀྱི་འདབས་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དུ། ཤིང་ཡོས་ཀྱི་ལོར་གཞན་ཕན་དབང་པོའི་མིང་ཅན་གྱིས་སྦྱར་བའོ། །འདིའི་དགེ་བས་བསྟན་པའི་རུ་:དགྲ་:(ཏྲ་)ཐམས་ཅད་ཚར་ཆོད་ནས་རྒྱལ་དབང་ཀརྨ་པའི་གོ་འཕང་ཐོབ་པའི་རྒྱུར་བསྔོའོ། །”ཞེས་གསུང་པའི་ཤིང་ཡོས་ནི་རབ་བྱུང་བཅུ་པའི་ཤིང་ཡོས་སྟེ་ཕྱི་ལོ་༡༦༡༥ལོ་སྟེ་སྐབས་འདིར་ཁོང་དགུང་གྲངས་ང་གསུམ་པར་ཕེབས་ཡོད་པ་འདི་ཙམ་གྱིས་ཁོང་གི་དགུངས་གྲངས་ཇི་ཙམ་བཞུགས་པ་ཤེས་ཐུབ་བོ། །

ཁོང་གིས་བླ་མ་གང་ལ་བརྟེན་པ་ནི་ཁོང་གིས་མཛད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་རྡོ་རྗེ་ཐེག་པའི་ཟབ་གསང་འདོད་དགུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ཞེས་པའི་གཞུང་དུ་“རྒྱལ་དབང་མི་བསྐྱོད་རྡོ་རྗེ། དེ་ནས་སྤྲུལ་སྐུ་དཀོན་མཆོག་ཡན་ལག །དེས་རྒྱལ་ཚབ་དམ་པ་གྲགས་པ་དོན་གྲུབ། དཔའ་བོ་སྤྲུལ་སྐུ་གཙུག་ལག་རྒྱ་མཚོ། ཡོངས་འཛིན་ཀར་བསྟན་རྒྱ་མཚོ་གསུམ་ལ་གནང་། དཔོན་སློབ་དེ་གསུམ་ཀས་བདག་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ལ་གནང་བའོ། །ཡང་ན། གོ་ཤྲི་རིན་པོ་ཆེ་ནས། ཞྭ་དམར་ཅོད་པན་འཛིན་པ་བཞི་པ་སྤྱན་སྔ་རིན་པོ་ཆེ། རིན་པོ་ཆེ་ཀརྨ་ཕྲིན་ལས་པའོ། །ཡང་། རྒྱལ་མཆོག་མི་བསྐྱོད་རྡོ་རྗེས་དཔའ་བོ་གཙུག་ལག་ཕྲེང་བ་ལ་གནང་ཞིང་། རྒྱལ་མཆོག་མི་བསྐྱོད་རྡོ་རྗེ། རིན་པོ་ཆེ་ཀརྨ་ཕྲིན་ལས་པ། དཔའ་བོ་གཙུག་ལག་ཕྲེང་བ། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག །དཔོན་སློབ་དེ་བཞི་ཀས་དཔལ་ཁང་པ་ཀརྨ་ཕན་ལས་གཉིས་པ་ལ་གནང་། དེས་གྲུབ་ཆེན་དྷརྨའི་མཚན་ཅན། དེས་བདག་ཀརྨ་མཁས་མཆོག་ལ་གནང་བའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འདི་ཉིད་ཀྱི་བསྐྱེད་རིམ་ལྷན་ཅིག་སྐྱེས་མའི་ཉམས་ཁྲིད་ཤིན་ཏུ་སྨིན་པ་རྒྱལ་བ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་དཀོན་མཆོག་འབངས་ཀྱི་དྲུང་དུ་ཐོབ། ཡང་། རྒྱལ་བ་དཀོན་མཆོག་ཡན་ལག་གིས། རྡོ་རྗེ་རྣལ་འབྱོར་མའི་རྒྱ་གཞུང་ཞལ་གདམས་སོགས་སྒྲུབ་སྐོར་དྲུང་ན་རིམ་གྱི་བཀའ་འབུམ་ན་བཞུགས་པ་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྡེབས་པ་གནང་བའི་ལྗགས་ལུང་། རྒྱལ་མཆོག་ཀརྨ་པ་དགུ་པ་དཔལ་ལྡན་མི་ཕམ་དབང་ཕྱུག་རྡོ་རྗེའི་ཞལ་སྔ་ནས་དང་ཡོངས་འཛིན་ཀར་བསྟན་རྒྱ་(༣༣ན)མཚོ་གཉིས་ཀའི་ཞལ་ལས་ཐོབ། རྗེ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ལྷ་ཁྲིད་དང་གསང་སྒྲུབ་ནཱ་རོའི་རྒྱ་གཞུང་གི་རྣམ་བཤད་ཆེན་མོའི་ལྗགས་ལུང་སྤྲུལ་སྐུ་གཙུག་ལག་རྒྱ་མཚོའི་ཞལ་ལས་ཐོབ། རྗེ་དཔའ་བོས་མཛད་པའི་རྣམ་བཤད་ཆེན་མོའི་ལྗགས་ལུང་ནི་ཡོངས་འཛིན་ཀར་བསྟན་རྒྱ་མཚོའི་དྲུང་དུ་ཡང་ཐོབ་བོ། །དྲུང་མཛད་ཀྱི་སྒྲུབ་དཀྱིལ་ལྗགས་ལུང་ནི། རྒྱལ་མཆོག་དབང་ཕྱུག་རྡོ་རྗེ། སྤྲུལ་སྐུ་གཙུག་ལག་རྒྱ་མཚོ། ཡོངས་འཛིན་ཀར་བསྟན་རྒྱ་མཚོ་རྣམས་ཀྱི་དྲུང་དུ་ཐོབ།”ཅེས་གསུངས་པར་བརྟགས་ན། རྒྱལ་མཆོག་ཀརྨ་པ་དགུ་པ་དཔལ་ལྡན་མི་ཕམ་དབང་ཕྱུག་རྡོ་རྗེ། ཞྭ་དམར་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ། དཔའ་བོ་སྤྲུལ་སྐུ་གཙུག་ལག་རྒྱ་མཚོ། ཡོངས་འཛིན་ཀར་བསྟན་རྒྱ་མཚོ་བཅས་བླ་མར་བརྟེན་པ་དང་།  ཡང་དཔལ་ལྡན་ཀརྨ་པའི་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་ལོ་རྒྱུས་ཁོག་འབུབས་མདོར་བསྡུས་པ་ཐེག་མཆོག་རིག་པ་འཛིན་པའི་མགུལ་རྒྱན་གཏུམ་ཆེན་རྔམ་པའི་ང་རོ་འདོད་དགུ་ཀུན་སྩོལ་ཅེས་བྱ་བ་ལས“རྒྱལ་དབང་མི་བསྐྱོད་རྡོ་རྗེ། སྤྲུལ་སྐུ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། ཞྭ་(༥༡ན)དམར་ཅོད་པན་འཛིན་པ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག །དེའི་བཀའ་དྲིན་ལས་བདག་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ལ་གནང་བའོ། །ཡང་ན། རྗེ་ཆོས་གྲགས་རྒྱ་མཚོ་ནས། རྩེ་ལ་སྒང་གི་གདུང་བརྒྱུད་དྲུང་བཀྲ་ཤིས་དོན་གྲུབ། སྒམ་པོ་མཁན་ཆེན་ཤཱཀྱ་བཟང་པོ། སི་ཏུ་གོང་མ་མི་འཁྲུགས་ཆོས་ཀྱི་གོ་ཆ། རྒྱལ་བ་དབང་ཕྱུག་རྡོ་རྗེའོ། །ཡང་ན། སྤྲུལ་སྐུ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ། དཔོན་སློབ་དེ་གཉིས་གས་ཡོངས་འཛིན་ཀར་བསྟན་རྒྱ་མཚོ། དེས་བདག་ཀརྨ་མཁས་མཆོག་ལ་གནང་བའོ། །ཡང་ན། རྒྱལ་དབང་མི་བསྐྱོད་རྡོ་རྗེས་དཔའ་བོ་གཙུག་ལག་ཕྲེང་བ། རྒྱལ་ཚབ་གོང་མ་གྲགས་པ་དཔལ་འབྱོར་གཉིས་ལ་གནང་། དེ་གཉིས་ཀ་ནས་ཡོངས་འཛིན་ཀར་བསྟན་རྒྱ་མཚོའོ། །ཡང་ན། རྒྱལ་ཚབ་གྲགས་པ་དོན་གྲུབ་ནས། སི་ཏུ་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན། དེས་བདག་ལ་གནང་བའོ། །ཡང་ན། སི་ཏུ་གོང་མ་མི་འཁྲུགས་ཆོས་ཀྱི་གོ་ཆ། རྩེ་ལ་སྒང་གི་གདུང་བརྒྱུད་ཕུན་ཚོགས་རྣམ་རྒྱལ། སི་ཏུ་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན། དེས་བདག་ལའོ། །”ཞེས་གསུངས་པས་ཞྭ་དམར་ཅོད་པན་འཛིན་པ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག ། སི་ཏུ་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་གཉིས་བླ་མར་བརྟེན་ཡོད་པ་བཅས་ནི་བླ་མ་གང་ལ་བརྟེན་པའི་སྐོར་རོ། །

བརྩམ་ཆོས་མཇལ་ཡུལ་དུ་བཞུགས་པ་ལ།

༡བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་རྡོ་རྗེ་ཐེག་པའི་ཟབ་གསང་འདོད་དགུའི་བུམ་བཟང་།

༢སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཀའ་སྲུང་ཆེ་ཆུང་བདུན་གྱི་ལོ་རྒྱུས་མདོར་བསྡུས་རིག་པ་འཛིན་པའི་དགའ་སྟོན།

༣དཔལ་ལྡན་ཀརྨ་པའི་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་ལོ་རྒྱུས་ཁོག་འབུབས་མདོར་བསྡུས་པ་ཐེག་མཆོག་རིག་པ་འཛིན་པའི་མགུལ་རྒྱན་གཏུམ་ཆེན་རྔམ་པའི་ང་རོ་འདོད་དགུ་ཀུན་སྩོལ།

༤ཟབ་མོ་ནང་དོན་གྱི་བསྟན་བཅོས་རྩོམ་པ་པོའི་སྐུའི་ཆེ་བའི་ཡོན་ཏན་དང་བསྟན་བཅོས་འདི་ཉིད་མཛད་ཚུལ་མདོར་བསྡུས།

༥བསྟན་བཅོས་ཆེན་པོ་ཟབ་མོ་ནང་གི་དོན་ཞེས་པའི་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་རྣམས་ཀྱི་རྒྱས་བཤད་གསང་བ་རྡོ་རྗེ་ཐེག་པའི་བརྗོད་དོན་རྒྱ་མཚོའི་སྙིང་པོ་ལེགས་བཤད་ཟབ་དོན་བདུད་རྩིའི་བུམ་བཟང་སྐལ་བཟང་དགོས་འདོད་མཆོག་སྩོལ།

༦བསྟན་བཅོས་ཆེན་པོ་ཟབ་མོ་ནང་དོན་གྱི་སྒྲ་བཤད་མདོར་བསྡུས།

༧ཟབ་མོ་ནང་གི་དོན་གྱི་འཕྲོས་མཚམས་མདོར་བསྡུས།

༨ཀར་ལུགས་ཆོས་སྐྱོང་བདུན་གྱི་གཟུངས་འབུལ་ཚུལ་སྒྲུབ་སྐོར་ལས་བྱུང་བ།

༩དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལྕམ་དྲལ་གྱི་དྲག་པོའི་ལས་རིམ་གྱི་ཏིང་ངེ་འཛིན་རྡོ་རྗེ་ཡེ་ཤེས་མེའི་སྤུ་གྲི་བསྟན་དགྲ་ཀུན་འཇོམས།

༡༠ཕ་མ་གཉིས་མེད་རྒྱུད་གསུམ་གྱི་རྫོགས་རིམ་རྣམས་གཅིག་ཏུ་སྦྱར་བ་ཞིག་དང་ཕྱག་རྒྱ་རྣམ་གསུམ་གྱི་བཤད་པ་མདོར་བསྡུས།

༡༡དཔའ་བོ་རྣལ་འབྱོར་མའི་བཤད་པ་མཐའ་དཔྱད་དང་བཅས་པ།

༡༢ཐར་གླིང་གཙུག་ལག་ཁང་སྟེང་ཤོད་ཀྱི་རྟེན་བཤད་མདོར་བསྡུས།

༡༣ཚེ་དབང་གྲུབ་རྒྱལ་མའི་ལོ་རྒྱུས་མདོར་བསྡུས།

༡༤བར་དོའི་ཆོས་བཤད་མདོར་བསྡུས།

༡༥བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་ཆོག་རྣམ་གྲོལ་སྒོ་ཆེན་ལ་ཉེ་བར་མཁོ་བའི་ཟིན་བྲིས་རིག་པ་འཛིན་པའི་མགུལ་རྒྱན།

༡༦བཅོམ་ལྡན་འདས་ལྷན་ཅིག་སྐྱེས་མ་སྒྲུབ་སྐབས་སུ་ཉེ་བར་མཁོ་བའི་གཏོར་བསྔོས་མདོར་བསྡུས།

༡༧དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྒྱུད་བྱུང་ཚུལ་མདོར་བསྡུས།

༡༨དཔལ་དགྱེས་པ་རྡོ་རྗེའི་རྒྱུད་དབུ་ཞབས་ཀྱི་བརྗོད་དོན་ཡར་དྲངས་པའི་ཚུལ་གྱི་བསྡུས་འགྲེལ་ཟབ་དོན་ཟུང་༡༩འཇུག་གསལ་བའི་སྒྲོན་མེ།དཔལ་དུས་ཀྱི་འཁོར་ལོའི་སྤྱི་བཤད།

༢༠དཔལ་དུས་ཀྱི་འཁོར་ལོའི་ཟིན་བྲིས།

༢༡རྣམ་བཅུ་དབང་ལྡན་སྒྲུབ་ཚུལ།

༢༢དུས་འཁོར་བསྡུས་པའི་རྒྱུད་ཀྱི་འཕྲོས་མདོར་བསྡུས།

༢༣དེ་ཉིད་ཉེར་ལྔ་དབུ་མའི་བསྟན་བཅོས་སུ་དྲངས་པ།

༢༤ཀཱ་ཡིག་གིས་ནི་སོགས་ཡི་གེ་བཞིའི་དོན།

༢༥ཁྱབ་འཇུག་གི་འཇུག་པ་བཅུའི་ལོ་རྒྱུས།

༢༦དམ་པ་རིགས་བརྒྱའི་ལྷ་འདྲེན་ཚུལ།

༢༧སྐྱེས་བུ་ཉེར་ལྔའི་བཤད་པ་སོགས་བཞུགས་སོ། །

ཞེས་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའི་གསུང་འབུམ་ལག་བྲིས་མ་པོད་གཅིག་མཇལ་རྒྱུ་བྱུང་བ་དང་། དེའི་ཁར་མ་ཧཱ་ཤྲི་གསུང་རབ་གླིང་གིས་བསྒྲིགས་པའི་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའི་གསུང་འབུམ་དྲ་དེབ་པོད་ལྔ་པོ་སོགས་ལས་བཏུས་ནས་སྤེལ་བ་པོ་ནི་ཀརྨ་བློ་གྲོས་རབ་གསལ་པའོ། །