གུ་གྲགས། མན་ཇི་རིགས།
གཅིག ཏིང་ལིས་འདི་སྐད་ཟེར།
ནུབ་ཟས་དང་ས་འདིའི་ཐོན་རྫས་གཉིས་ལ་འབྲེལ་བ་གཏན་ནས་མེད། བརླན་བཤེར་ས་ཆར་མཚེའུ་རིགས་མང་པོ་ཡོད་ལ། མཚེའུའི་ནང་དུ་ཉ་རིགས་ཀྱང་མང་པོ་འདུག ས་འདིར་ཉ་འཛིན་བཟུང་བཀག་སྡོམ་བྱས་ཡོད་དམ། གང་ལྟར་གནས་འདི་ནི་བྱ་རིགས་ཀྱི་སྟི་གནས་ཡིན་ཞིང་།ལྷག་པར་དུ་ཁྲུང་ཁྲུང་དཀར་མོ་དང་། ཁྲུང་ཁྲུང་གཙུག་དམར་ལྟ་བུའི་ཆུ་བྱ་ཡོད།དེ་ཚོར་ཉ་མང་པོ་ཡོད་ན་ད་གཟོད་ཕོ་བ་རྒྱགས་པ་རེད། མཐར་ཞབས་ཞུ་བས་ཉ་ཁྲོན་ཏིང་ཙི་སྡེར་མ་གང་ཁྱེར་ནས་ཐོན། ཉ་ཧ་ཅང་ཆུང་ལ། སྡེར་མ་གང་ན་ཉ་ཉི་ཤུ་ལྷག་འདུག ངས་གསེར་མདོག་གི་ཉ་ཆུང་ཆུང་ཞིག་ཐུར་མས་བླངས་ནས་སྡེར་མའི་ནང་བཞག་སྟེ། ཐོག་མར་མགོ་བོ་བཅད།༼ངས་ཉའི་མིག་ཟ་ཕོད་ཀྱི་མེད།༽ དེ་ནས་བར་དཀྱིལ་གྱི་རུས་པ་དེ་བླངས། ས་གནས་འདིའི་རྩོམ་པ་པོ་སྐུ་ཞབས་ཏིང་ལགས་ཀྱིས་དེ་མཐོང་མ་ཐག་བཤད་རྒྱུར། ཉ་འདི་དེ་ལྟར་ཟས་ནི་མ་རེད་ཟེར་བཞིན། ཁོས་ཐུར་མས་ཉ་གཅིག་བླངས་ནས། མགོ་ནས་རིམ་པ་བཞིན་ཟ་བ་མ་ཟད། ཁ་ནས་ཕྱིར་འདོར་རྒྱུ་ཅི་ཡང་མི་འདུག ངས་ཁོའི་འཁོར་འགུལ་བྱེད་བཞིན་པའི་མ་འགལ་ལ་ལྟ་བཞིན། ཁྱེད་ཀྱི་ཟ་སྲོལ་དེའང་འགྲིག་རྒྱུ་མི་འདུག ཁྱེད་ཀྱིས་སྐེ་ཡར་བསྲིང་ཙམ་བྱས་ནས་ཉ་ཧྲིལ་བོ་མིད་བཞག་ན་རེད། བལྡད་མི་དགོས་ཞེས་བཤད་པ་ན། ཁོས་ང་ཁྲུང་ཁྲུང་གཙུག་དམར་མ་རེད་ཅེས་བཤད།
ང་རང་ཞིང་ཧའེ་མཚོའི་བརླན་བཤེར་ཁུལ་དུ་ཡོང་དོན་ནི་ཁྲུང་ཁྲུང་གཙུག་དམར་ལ་ལྟ་བའི་ཆེད་དུ་ཡིན།
ངས་ཁྲུང་ཁྲུང་གཙུག་དམར་མཐོང་མ་མྱོང་། སྔོན་ཆད་སུང་ཧུའེ་ཙུང་གི་རི་མོའི་སྟེང་ནས་མཐོང་མྱོང་།བརྙན་འཕྲིན་ལམ་ནས་མཐོང་མྱོང་། པར་རིས་བརྩམས་ཆས་སྟེང་ནས་ཀྱང་མཐོང་མྱོང་། འདི་དག་མཐོང་མྱོང་བ་ལ་བརྩི་རུང་ངམ། སང་ཉིན་ཞོགས་པར། ངས་ད་གཟོད་ཁྲུང་ཁྲུང་གཙུག་དམར་གསོན་པོ་མཐོང་ཐུབ་རྒྱུ་རེད། ཡིན་ཡང་མི་ཞིག་ང་ལས་ཀྱང་བྲེལ་བ་ལངས་བཞིན་འདུག ཁོས་དགོང་མའི་ཟས་ཅོག་གི་འགྲམ་ནས་ང་ལ་“ཁྲུང་ཁྲུང་གཙུག་དམར་”མཐོང་དུ་བཅུག་བྱུང་།
སྐུ་ཞབས་ཏིང་ལ་སྔོན་ཆད་ཐེངས་མང་འཕྲད་མྱོང་། གཙོ་བོ་ཚོགས་འདུ་དང་། གྲོས་ཚོགས་སྟེང་གི་གཏམ་བཤད་སྐར་མ་འགའ་ཡི་རིང་རེད།རེ་བ་ལྟར་བཤད་དགོས་པའི་གཏམ་བཤད་ཚར་རྗེས། སྤྱིར་ན་སྐད་ཆ་མང་པོ་བཤད་འདོད་མེད་པ་ཞིག་ཡིན་པས།ཁོ་ནི་སྨྲ་བ་མང་པོར་སྤྲོ་བ་མེད་པ་ཞིག་རེད་བསམས་མོད། འོན་ཀྱངཞིང་ཧའེ་མཚོའི་དགོང་མོའི་ཟས་ཅོག་གི་སྟེང་ནས་ཁྲུང་ཁྲུང་གཙུག་དམར་གཏམ་གྱི་བརྗོད་གཞིར་གྱུར་བ་ན།རིང་ཞིང་རྫོབ་ཆེ་ལ།ཧ་ཅང་འགུག་ཤུགས་ལྡན་པའི་སྐད་ཆས་ང་ཚོ་ལ་ཁྲུང་ཁྲུང་གཙུག་དམར་ཞིག་གི་བརྩེ་དུང་གི་གཏམ་རྒྱུད་བཤད་སོང་།
ཁོས་བཤད་རྒྱུར། ལོ་མང་པོ་ཞིག་གི་སྔོན་ལ། ཞིང་ཧའེ་བརླན་བཤེར་ས་ཁུལ་དུ་བྱ་རིགས་སྲུང་སྐྱོབ་ས་ཚིགས་ཡོད་པ་རེད། རྨས་ཕོག་པ་དང་དཀའ་ཁག་ཡོད་པའི་བྱ་ལ་སྲུང་སྐྱོབ་ས་ཚིགས་ནས་སྨན་བཅོས་དང་རྒུམ་བུ་མཁོ་འདོན་བྱེད།བྱ་ལ་ལ་ཞིག་གཤོག་པར་རྨས་ཕོག་ནས་འཕུར་མི་ཐུབ་མོད། འོན་ཀྱང་དེས་རང་གི་ཁོག་གི་སྒོ་ང་བསྲན་མི་ཐུབ། ཁྲུང་ཁྲུང་གཙུག་དམར་གྱི་གྲངས་ཀ་ཧ་ཅང་ཉུང་སྟེ། འཛམ་གླིང་ཧྲིལ་བོར་༡༥༠༠མ་གཏོགས་མེད་པ་དང་།ཁྲུང་ཁྲུང་གཙུག་དམར་གྱི་སྒོ་ང་རེ་རེ་རྩ་ཆེན་པོ་ཡིན་པ་རེད།སྲུང་སྐྱོབ་ས་ཚིགས་ཀྱིས་མིའི་ཐབས་ཀྱིས་གསོ་རྒྱུ་འགོ་བརྩམས་པར་མ་ཟད་ལེགས་གྲུབ་བྱུང་ཞིང་།བྱ་ཕྲུག་དག་ཞིང་ཧའེ་མཚོའི་བརླན་བཤེར་ས་ཁུལ་དུ་སྐྱེས་ལ།རིམ་གྱིས་བྱ་ཕྲུག༢༠༠ལྷག་གསོས།མིའི་ཐབས་ཀྱིས་གཉོར་བའི་ཁྲུང་ཁྲུང་གཙུག་དམར་དག་གིས་ཅི་ཞིག་ལ་གནས་སྤོར་ཟེར་བ་མི་ཤེས།གནམ་ཟླ་དྲོ་དུས།མཚེའུ་ནང་གི་ཉའུ་ནམ་མཁའི་སྐར་ཚོགས་ལ་འགྲན་ཞིང་།གང་འདོད་ཀྱིས་ཟོས་ཆོག ནམ་ཟླ་འཁྱག་པར་གྱུར་བ་དང་དར་ཆགས་པ་ན།གཉོར་སྐྱོང་བྱེད་མཁན་གྱི་ཨ་ནེ་དང་ཨ་ཁུ་དག་གིས་རྒུམ་བུ་ཟོ་བ་གང་རེ་འཁྱེར་ཡོང་ནས་དེ་ཚོར་སྟེར། དགུན་ཁར་དྲོད་སྐྱིད་ལྡན་པའི་ཁྲུང་ཁྲུང་གི་ཁང་བ་ཡོད་པས། གཞིས་ཁྱིམ་འདི་འདྲ་བཟང་བོ་ཞིག་ལ་བྲལ་ནས་ཤི་གསོན་མི་ཤེས་པའི་ལམ་ཐག་ཅིག་བརྒྱུད་དགོས་དོན་ཅི་ལ་ཡོད་དམ།ཁྲུང་ཁྲུང་གཙུག་དམར་ཡང་གླེན་པ་མ་ཡིན།་
ཞིང་ཧའེ་བརླན་བཤེར་ས་ཁུལ་དུ།ཁྲུང་ཁྲུང་གཙུག་དམར་༢༠༠དེ་ཁོ་ན་མ་ཡིན་ཞིང་།འདི་དག་ནི་མིའི་ཐབས་ཀྱིས་གསོ་སྐྱོང་བྱས་པའི་གཏན་སྡོད་བྱ་རེད། འདི་རུ་བྱ་རིགས་པེའི་ཅཱར་མཚེའུ་ནས་ལྷོ་ཕྱོགས་སུ་གནས་སྤོ་བྱེད་པའི་ལམ་ཐིག་སྟེང་གི་བརྗེ་སྤོར་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་།བྱ་རིགས་ལ་ལ་འདི་རུ་དུས་ཡུན་ཞིག་ལ་བསྡད་རྗེས་ཡང་མུ་མཐུད་དུ་བྱང་ཕྱོགས་སམ་ཡང་ན་ལྷོ་ཕྱོགས་སུ་འཕུར་འགྲོ། ལ་ལས་འདི་རུ་དབྱར་དུས་བསྐྱལ་བར་བྱེད་ཅིང་། སྟོན་ཀ་ཐོན་ན་ད་གཟོད་ལྷོ་ཕྱོགས་སུ་འཕུར་འགྲོ། དེ་བས་ས་འདིར་སྟོན་དཔྱིད་གཉིས་ཀྱི་དུས་སུ་ཧ་ཅང་འདུ་འཛི་ཆེ་ལ། བྱ་ཡི་འཇིག་རྟེན་ཞིག་ཡིན།
ལོ་ཞིག་གི་དཔྱིད་ཀར། དུས་བྱ་མང་པོ་ཞིག་ལྷོ་ཕྱོགས་ནས་འདིར་འཕུར་ཡོང་ནས་ངལ་གསོ། ཉིན་འགའ་འགོར་ན་པེའི་ཅཱར་མཚེའུ་རུ་སོང་ནས་དབྱར་ཁ་བསྐྱལ་དགོས་པ་རེད། མགྲོན་པོ་འདི་དག་གི་ཁྲོད་ནས། ཁྲུང་ཁྲུང་གཙུག་དམར་ཕོ་བྱ་ཞིག་གིས་མཚེའུའི་འགྲམ་དུ་ཉ་ཟ་བཞིན་པའི་སྐབས་སུ། དེས་ཁྲུང་ཁྲུང་གཙུག་དམར་མོ་བྱ་ཞིག་མཐོང་ལ། དེས་ཁྲུང་ཁྲུང་དེ་ཡིད་དུ་འོང་ཞིང་ལྷོད་ཆགས་ཤིག་དང་། བལྟས་ན་གཞན་དང་མི་འདྲ་བ་ཞིག་ཡིན་ཏེ། སྒྲོ་སྤུ་དྭངས་ཤིང་གཙང་ལ། ནག་ནོག་གི་དྲི་ཙམ་མེད།གཤོག་སྒྲོ་གཅིག་ཀྱང་བཅག་མེད། དེས་ཁྲུང་ཁྲུང་སྲས་མོ་དེ་ངོ་མི་ཤེས་པར་འདུག་ཅིང་། དེ་ནི་རང་དང་མཉམ་དུ་རི་ཆུ་སྟོང་ཕྲག་བརྒལ་ནས་འདིར་བསླེབས་པ་ཞིག་མིན་འདུག རང་དང་མཉམ་དུ་ལོ་རེར་ལྷོ་བྱང་ལ་གནས་སྤོར་བའི་ཁྲུང་ཁྲུང་གི་ཁྱུ་ཚོགས་ལས་གཅིག་ཡིན་ཚེ་ཚང་མས་ཕན་ཚུན་ངོ་ཤེས་པ་རེད། ལམ་ཐག་རིང་བོའི་གནས་སྤོར་དེ་འདྲ་ལ་ཚང་མས་མཐུན་སྒྲིལ་བྱས་ཏེ།མཉམདུ་ཆར་རླུང་ལ་འགོག་རྒོལ་བྱ་དགོས། དེ་བས། ཁྲུང་ཁྲུང་ཚང་མའི་མིག་ལམ་དུ་ཁ་ཆར་བུ་ཡུག་ཡོད་པ་རེད། ཡིན་ཡང་ཁྲུང་ཁྲུང་འདིའི་མིག་ལམ་དུ་ཅི་ཡང་ཡོད་མྱོང་མེད་པར། གནམ་སྔོན་པོ་དང་སྤྲིན་དཀར་ཁོ་ན་ཡོད། དེའི་མིག་ལམ་དུ་ཆར་བ་བབས་མ་མྱོང་བས། དེ་ནི་བྱིས་སྒྲུང་ཞིག་དང་མཚུངས། ཕོ་བྱ་དེས་མོ་བྱ་དེར་བཅར་གྲབས་བྱས་ལ། དེ་དང་མཚམས་འདྲི་བྱས་པར། མོ་བྱས་ཀྱང་མགོ་བོ་ཡང་ཡང་་ལྡེམ་ནས་མཚམས་འདྲི་བྱས། གཉིས་ཀ་མཐུན་པར་གྱུར་སོང་། དེ་གཉིས་ཀྱིས་མཚེའུའི་འགྲམ་ནས་ཅུང་ཙམ་ལ་གར་འཆམ་བྱས། འཆམ་ཞོར་དུ་དབུགས་མཚང་མཚང་བྱེད་བཞིན་ཕན་ཚུན་ལ་ངོ་སྤྲོད་བྱས། མ་བསམ་ས་ནས་མོ་བྱ་དེ་ནི་ས་འདིར་གསོ་སྐྱོང་བྱས་པ་ཞིག་ཡིན་ལ། མོའི་མིང་ལ་ཨང་ལྔ་བ་ཟེར། གཏན་ནས་གནས་སྤོར་བྱས་མྱོང་མེད་པར། ལྟོ་གོས་ལ་སེམས་ཁུར་ཅི་ཡང་མེད་པའི་འཚོ་བ་རོལ་བ་རེད། མོ་ཡང་དཀའ་སྡུག་གང་མང་མྱངས་མྱོང་བའི་ཕོ་བྱ་དེས་ཡིད་སེམས་བཀུག་པར་བྱས་སོང་།
ཟླ་བཞི་བའི་ཞིང་ཧའེ་མཚོ་བརླན་བཤེར་ཁུལ་དུ།རྩྭའི་མྱུ་གུ་ཐོག་མར་ཆུ་ཁར་བུད་ཅིང་།ཆུ་ནང་གི་ཉ་ཕྲུག་གིས་རྒྱུན་ཆད་མེད་པར་ཆུ་ཁར་དབུགས་གཏོང་བར་བྱེད།ཆུ་ངོས་སུ་ཆུ་ཡི་ཨ་ལོང་མངོན་ཞིང་སྒྲ་འབྱིན།ཆུ་ཐིགས་ཆེན་པོ་དང་ཉ་ཕྲུག་གིས་བཏང་བའི་ཉམ་ཞེན་གྱི་ཝུ་བ་དག་མཚེའུའི་ངོས་སུ་མཚང་ཁ་བྱེད།ཁྲུང་ཁྲུང་ཨང་ལྔ་བའི་བརྩེ་དུང་གི་མྱུ་གུ་ཐོག་མར་འབུས་ལ། པེའི་ཅཱར་༼སྐུ་ཞབས་ཏིང་ལགས་ཀྱིས་འགྲེལ་བཤད་སྟབས་བདེ་ཡོང་ཆེད་དུ་ཕོ་བྱར་བཏགས་པའི་མིང་།༽ཡང་འགྱུར་མེད་བརྩེ་བ་ཟབ། བྱ་ཆེན་གཉིས་མཚེའུའི་འགྲམ་དུ་ཉིན་ཞག་གཅིག་ལ་བྲོ་འཁྲབ་ལ། སྐྱེ་བ་སྔོན་མར་ཁྱེར་ཡོང་བའི་སྐད་ཆ་ཡང་ཚང་མ་བརྗོད་ཚར། སེམས་གཏམ་དེ་དག་རྐང་འོག་གི་མཚེའུར་འདྲེས་ཤིང་།མཚེའུའི་ཆུ་ཡང་བྲུག་པར་བྱས།བྱ་ཆེན་གཉིས་ཀྱིས་ཕན་ཚུན་ལ་སྙིང་གཏམ་གླེང་ཚར་རྗེས། ཡོད་ཚད་བག་ཡངས་དང་དགའ་སྤྲོ་ལྡན་པ་ཞིག་དང་། སྐྱེ་བ་འདིར་བརྩེ་དུང་དང་དགའ་སྤྲོ་ལས་ལྷག་མེད་པ་ཞིག་ཏུ་སྣང་།དེ་གཉིས་ལ་ད་ནི་ཅང་བཤད་རྒྱུ་མེད་པར་གྱུར་བའི་སྐབས་སུ། གནམ་སྔོན་པོར་གཏད་ནས་ལྡེམ་ཞིང་ཕན་ཚུན་གྱི་མིང་ནས་འབོད་པར་བྱེད་དེ།
——པེའི་ཅཱར། པེའི་ཅཱར།་་་་་་
——ཨང་ལྔ་བ། ཨང་ལྔ་བ།་་་་་་
ཡིད་དུ་འོང་བའི་བྱ་ཆེན་གཉིས་ཀྱིས་བརྩེ་དུང་གི་གཏམ་གླེང་བྱས་ཚར་རྗེས།འོད་འཚེར་འཚེར་གྱི་ཟླ་འོད་ལོག་ཏུ་ཚེ་གང་ཐག་གཅོད་བྱས་པར་མ་ཟད།མཚན་གང་བོར་འདམ་བུའི་ཟབ་ས་རུ་འདུག ན་ནིང་གི་སྐམ་ཞིང་སེར་ལ་འཇམ་མཉེན་གྱི་འདམ་བུའི་སྟེང་དུ།དྲོད་སྐྱིད་ལྡན་པའི་ཚང་མལ་བཟོས།ཁྲུང་ཁྲུང་ཨང་ལྔ་བའི་རང་གི་ཐབས་ལ་མཁས་པའི་མཆུ་ཏོས་འདམ་བུ་དག་གཅིག་ཏུ་མདུད། དེ་ནས་བཟུང་དེ་གཉིས་ཀྱིས་མཉམ་འདུག་མཉམ་འཕུར་བྱེད་པའི་བདེ་སྐྱིད་ཀྱི་འཚོ་བའི་འགོ་བརྩམས།
མགྱོགས་པོར་དེ་གཉིས་ཀྱི་བརྩེ་དུང་གི་ཉིང་བཅུད་འཁྲུངས་བྱུང་སྟེ།དྭངས་གསལ་གཡུ་ལ་འགྲན་པའི་ཁྲུང་ཁྲུང་གི་སྒོ་ང་དཀར་པོ་གཉིས་སྐྱེས་སོ།། དེ་གཉིས་ཀྱིས་ནོར་བུར་གཞལ་དུ་མེད་པ་ཞིག་ལ་མཐོང་ཞིང་།རེས་མོས་ཀྱིས་སྲུང་སྐྱོབ་བྱས།རླུང་རྒྱག་ཏུ་མི་འཇུག་ལ། ཆར་གྱིས་བརླན་དུ་མི་འཇུག རྐང་ལག་བཞི་ཅན་པོའི་ལྟས་ངན་དེར་ལྷག་ཏུ་ཡང་ཚོར་དུ་མི་འཇུག
ཟླ་གཅིག་གི་མཇུག་ཏུ། དེ་གཉིས་ཀྱི་གཅེས་ཕྲུག་ཡང་ཐེངས་གཅིག་སྐྱེས་བྱུང་སྟེ།བྱ་རིགས་ནི་ཐེངས་གཉིས་ལ་སྐྱེས་པ་ཡིན། ཐེངས་དང་པོར་སྐྱེས་པ་ནི་ཐོག་མའི་ཁག་ཡིན་ཞིང་།དེ་ཚོ་སྒོ་ང་ལས་གས་ནས་འཇུར་བ་ན་ད་གཟོད་སྐྱེས་པ་རེད། དེའི་རྐྱེན་གྱིས་བྱ་རིགས་ཀྱིས་སྐྱེས་པ་ལ་ཟླ་གཅིག་ཡས་མས་ཀྱི་དུས་ཚོད་དགོས་ལ། བར་སྐབས་་དེར་ཉེན་ཁ་ཧ་ཅང་མང་།
ཁྲུང་ཁྲུང་དེ་གཉིས་ཕྲུ་གུ་སྐྱེས་པའི་དགའ་སྤྲོ་ལས་སད་ཅིང་། གཉོར་སྐྱོང་དང་གསོ་སྐྱོང་བྱེད་པའི་འགོ་བརྩམས།དེ་གཉིས་ཀྱིས་ལས་རེས་གཉིས་སྐོར་ཏེ། ཨང་ལྔ་བས་ཞོགས་པར་ཕྱི་རུ་རྒུམ་བུ་འཚོལ་བ་དང་།པེའི་ཅཱར་ཕྱི་དྲོར་སོང་། མཚན་མོར་སླེབས་ན།བྱ་ཆེན་གཉིས་ཀྱི་བརྩོན་པ་ལྷོད་མེད་ལ་བརྟེན་ནས། བྱ་ཕྲུག་གཉིས་འགྲངས་པར་གྱུར་ལ། བྱ་ཆེན་གཉིས་ཀྱང་འགྲངས་པར་གྱུར་ཡོད།བཟའ་མི་བཞི་བོ་འཇམ་མཉེན་དྲོད་སྐྱིད་ཀྱི་ཚང་དུ་ཉལ་ཞིང་།ཕྱོགས་བཞིའི་འདམ་བུ་རིང་བོར་སྐྱེས་ཡོད་པས།པེའི་ཅཱར་ཡར་ལངས་ནས་སྐེ་བསྲིངས་ཀྱང་སུས་མཐོང་མི་སྲིད། དེ་ཚོ་ལྷག་ཏུ་བདེ་འཇགས་ཡིན། རྦ་རླབས་བཞིན་གཡོ་བའི་འདམ་བུའི་སྲུང་སྐྱོབ་འོག་ཏུ།གདུག་རྩུབ་ཆེ་བའི་གླག་རྒོད་ཀྱིས་ཀྱང་ཁོ་ཚོ་མཐོང་མི་སྲིད་དོ།།
མིག་རྡེབ་དབང་ཙམ་གྱིས་ཕྲུ་གུ་གཉིས་ལག་ཆགས་བྱུང་། སྒྲོ་སྤུ་ནི་འཇམ་མཉེན་གྱི་སྐྱ་བོ་ནས་དཀར་པོར་གྱུར་ལ།དཀར་པོའི་གསེང་ནས་རྔ་སྒྲོ་ནག་པོ་དང་གཤོག་སྒྲོ་ནག་པོ་སྐྱེས། མིག་མདངས་མ་གཏོགས་གང་ལ་བལྟས་ཀྱང་དེ་གཉིས་ཀྱི་ཕ་མ་གཉིས་དང་ཨ་ན་མ་ན་རེད།བྱ་ཕྲུག་ལག་ཆགས་པ་དང་སྟོན་ཁ་ཡང་བསླེབས་བྱུང་།སྟོན་དཀྱིལ་དུས་ཆེན་གྱི་ཟླ་བ་ནི་ཁོ་ཚོ་བཟའ་མི་བཞི་བོས་ཞིང་ཧའེ་མཚོར་མཐོང་བའི་ཆེས་མཐའ་མཇུག་གི་ཉ་གང་ཟླ་བ་དེ་རེད། ཟླ་རྗེས་མའི་ཉ་གང་ཟླ་བ་མ་འཆར་སྔོན་ལ།དེ་ཚོ་འཕུར་འགྲོ་དགོས་པ་རེད།
ཡིན་ན་ཡང་། ཨང་ལྔ་བ་ནི་ཆུང་དུས་ནས་གསོ་སྐྱོང་བྱས་པ་ཡིན་པས་ལམ་ཐག་རིང་བོར་གནས་སྤོར་བའི་ལུས་སྟོབས་མེད་པ་དང་།མོས་ཀྱང་ཅིའི་ཕྱིར་འཕུར་འགྲོ་དགོས་པ་མི་ཤེས་ལ། པེའི་ཅཱར་གྱིས་མོ་ལ་འགྲེལ་བཤད་བྱས་པའི་ལྷོ་ཕྱོགས་ཀྱང་མི་ཤེས།མོས་མིག་ཟུང་ཅེར་ནས་པེའི་ཅཱར་གྱིས་ཕྲུ་གུ་གཉིས་ཁྲིད་ནས་གནམ་ལ་འཕུར་བར་བལྟས་ཤིང་།གཟུགས་བརྙན་ནི་རིམ་གྱིས་རིམ་གྱིས་ཆུང་དུ་གྱུར་ལ།མཐར་ནག་ཐིག་གསུམ་དུ་གྱུར།
དེ་ནས་བཟུང་ཨང་ལྔ་བས་མགོ་བོ་བཏེགས་ནས་ལྷོ་ཕྱོགས་ཀྱི་ནམ་མཁར་ལྟ་ཞིང་།ཟས་ཟ་འདོད་མེད་པར་གྱུར།རྗེས་སུ་ལས་བྱེད་མི་སྣས་ཕྱོགས་གང་ཐད་ཀྱི་བློ་སྟོན་དང་སེམས་གསོ་བྱས་པ་བརྒྱུད་ད་གཟོད་ཟས་བཅད་ནས་ཤི་ནི་མ་ཤི། ཆེས་ཕན་ཐོགས་པའི་སྐད་ཆ་ཞིག་ནི།རྒུམ་བུ་སྟེར་མཁན་གྱི་བུ་མོ་ཆུང་ཆུང་དེས་ཨང་ལྔ་བར་བཤད་པའི་”ཁྱོད་ཀྱིས་ཉ་ཕྲུག་རེ་འགའ་ཟོས་ན་ད་གཟོད་སང་ལོའི་དཔྱིད་ཀའི་བར་གསོན་ཐུབ་ནི་རེད།སང་ལོའི་དཔྱིད་ཀར།པེའི་ཅཱར་ཕྱིར་ཡོང་ངེས་རེད”ཅེས་པ་དེ་རེད།
ཨང་ལྔ་བས་ཟ་མ་ཟ་འགོ་བརྩམས་ཏེ།དགུན་ཟླ་རིང་མོ་ཞིག་ཕར་བསྐྱལ།ཕྱི་ལོའི་དཔྱིད་ཀར།རྩྭ་ཡི་མྱུ་གུ་ཆུ་ཁར་ཐོན་པའི་སྐབས་སུ།དུས་བྱ་མང་པོ་ཞིག་ལྷོ་ཕྱོགས་ནས་འཕུར་ཡོང་།ཐལ་བ་འཚུབ་འཚུབ་ཀྱི་དུས་བྱ་འདི་དག་གི་ནང་དུ།ཁྲུང་ཁྲུང་གཙུག་དམར་གཅིག་ཏག་ཏག་མ་གཏོགས་མི་འདུག ནོར་བ་མེད་པར་ན་ནིང་གི་བྱ་ཚང་རྙེད་བྱུང་། དེའི་མིང་ལ་པེའི་ཅཱར་ཟེར།
ཨང་ལྔ་བ་ནི་སླར་ཡང་གསོན་པ་ལྟར།མཚོ་འགྲམ་ནས་པེའི་ཅཱར་དང་འཕྲད་པ་དང་།དེ་གཉིས་ན་ནིང་གི་འདུག་སར་ཡོང་ནས་ཚང་ལ་ཞིག་གསོ་བྱས་ལ།པེའི་ཅཱར་གྱིས་ཚང་ནང་གི་ས་འདམ་གཙད་སེལ་བྱས།ཨང་ལྔ་བས་འདམ་བུ་གསར་བ་དང་གཙང་མ་བཏུས་ཡོང་སྟེ།མོའི་ཐབས་མཁས་ཀྱི་མཆུ་ཏོས་ཡང་བསྐྱར་སེམས་མཐུན་མདུད་པ་འགའ་བརྒྱབ།
ཡོད་ཚད་ན་ནིང་དང་འདྲ་བར།སྒོ་ང་བཏང་བ། སྒོ་ང་རུམ་པ།གསོ་སྐྱོང་།བྱ་ཕྲུག་བྱ་ཆེན་དུ་གྱུར་རྗེས། སྟོན་ཁ་བསླེབས་སོ།།
སྟོན་ཀ་བསླེབས་བྱུང་།ལས་བྱེད་མི་སྣ་ཚང་མ་འཚབ་པར་གྱུར།ཁོ་ཚོས་ཨང་ལྔ་བར་སེམས་ཁུར་བྱེད།
ཟླ་དགུ་བའི་ཟླ་མཇུག་ཏུ།དུས་བྱ་རབས་དང་པོ་དག་འཕུར་ལ།ཞིང་ཧའེ་མཚོ་དང་ཁ་གྱེས་ཏེ།ལྷོ་ཕྱོགས་སུ་འཕུར་སོང་།ཟླ་བཅུ་བའི་ཟླ་མགོར།དུས་བྱ་རབས་གཉིས་པ་དག་འཕུར་ཞིང་།ཞིང་ཧའེ་མཚོ་དང་གྱེས་ནས་ལྷོ་རུ་འཕུར།ཆེས་མཐའ་མཇུག་གི་རབས་དེས་ཞོགས་པའི་བ་མོ་བསུས་ཤིང་ལྷ་རུ་འཕུར་དུས། པེའི་ཅཱར་གྱིས་གནས་སྤོ་དགོས་པ་བརྗེད་འདུག་པ་འདྲ་སྟེ། དེས་ད་དུང་ཨང་ལྔ་བ་དང་མཉམ་དུ་མཚེའུ་འགྲམ་ན་བག་ཡངས་ཀྱིས་ཉ་ཟ་བཞིན་འདུག
སྐབས་འདིར་ཐོན་དུས།ཞིང་ཧའེ་མཚོའི་རྟེན་གཞིའི་ལས་བྱེད་མི་སྣས་ད་གཟོད་ཤེས་པ་ནི།པེའི་ཅཱར་མི་འགྲོ་བ་དང་།དེ་ཨང་ལྔ་བར་ཁ་འབྲལ་མི་རུང་བར། དེས་རང་ལ་བསྒྱུར་བཀོད་བཏང་སྟེ།དུས་བྱ་ནས་གནས་བྱ་རུ་སྒྱུར་བ་རྟོགས་སོ།།
དེ་ནས་བཟུང་།པེའི་ཅཱར་ཨང་ལྔ་བ་དང་ཁ་བྲལ་མ་མྱོང་ལ། དེ་གཉིས་ཀྱིས་འདི་ནས་དགུན་བསྐྱལ་ཞིང་།ཚེ་སྲོག་ཁྲོད་ཀྱི་ཉི་མ་རེ་རེ་བསྐྱལབ་རེད།དེ་གཉིས་ཀྱིས་ཞིང་ཧའེ་མཚོའི་བྱ་ཡི་འཇིག་རྟེན་འདི་ནས། བདེ་སྐྱིད་ཀྱི་འཚོ་བ་རོལ་བ་རེད།
ཡིད་དུ་འོང་བའི་གཏམ་རྒྱུད་འདི་ཁྱེར་ནས་ང་རང་སྡོད་ཁང་དུ་སོང་ནས་ངལ་གསོས་པར་མ་ཟད།མགྱོགས་པོར་གཉིད་ཀྱི་ཞིང་ཁམས་འགྲིམས་སོང་།ཡིད་སྐྱོ་བ་ཞིག་ལ་ངའི་རྨི་ལམ་རང་གི་ཚོད་འཛིན་དཀའ་བས།ཁྲུང་ཁྲུང་གཙུག་དམར་ཞིག་རྨི་ལམ་དུ་འབབ་མ་ཐུབ་ལ།པེའི་ཅཱར་དང་ཨང་ལྔ་བ་གཉིས་ནི་དེ་བས་ཀྱང་འབབ་མ་ཐུབ་བོ།།
གཉིས་པ། ཧྲུའི་ཐིན་གྱིས་བཤད་པ།
ཕྱི་ཉིན་སྔ་དྲོར།ང་ཚོ་ཞིང་ཧའེ་མཚོའི་བརླན་བཤེར་ཁུལ་གྱི་ཁྲུང་ཁྲུང་གཙུག་དམར་གསོ་སྤེལ་བྱེད་སའི་རྟེན་གཞི་སྟེ།ཁྲུང་ཁྲུང་གླིང་ཕྲན་དུ་ཐོན།སྔ་དྲོའི་ཆུ་ཚོད་བཅུ་བ་ནི།ཁྲུང་ཁྲུང་གཙུག་དམར་སྒོར་གཏོང་བའི་དུས་ཚོད་རེད།
དང་ཐོག ཁྲུང་ཁྲུང་གི་སྡོད་ཁང་སྟེང་ཕྱོགས་ཀྱི་རི་ལྡེབས་སུའདུག འོག་ཏུ་འཕྲེད་ཐིག་གཅིག་ལ་གསོ་ཁང་བཅུ་ལྷག་འདུག ་ལ།གསོ་ཁང་རེར་ཁྲུང་ཁྲུང་གཙུག་དམར་ཉི་ཤུ་ཡས་མས་འདུག གསོ་ཁང་གི་རྒྱབ་རི་བོར་གཏད་ཅིང་།མདུན་ཆུ་རྩྭ་སྟུག་པོར་རྒྱས་པའི་མཚེའུར་གཏད་འདུག འདི་ནི་ཡུལ་དང་ཆུ་བཟང་བའི་ས་ཡི་ཆ་རྐྱེན་དང་མཐུན་པས། གནས་འདིའི་ཁྲུང་ཁྲུང་གི་གྲངས་འཕར་བ་ཡིན་འདུག
ཅུང་ཙམ་འགོར་བ་ན།གཟན་སྟེར་མཁན་གྱིས་ཁྲུང་ཁྲུང་གསོ་ཁང་ཞིག་གི་ར་སྒོ་བྱས་པ་དང་།ཁྲུང་ཁྲུང་གཙུག་དམར་ཉི་ཤུ་ལྷག་ནང་ནས་ཕྱིར་བུད། དེ་ནས།རང་འགུལ་གྱིས་གྲལ་བསྒྲིགས་ནས། ནམ་མཁའི་དབྱིངས་སུ་འཕུར་བྱུང་།
ཁྲུང་ཁྲུང་དག་ནང་ནས་ཕྱིར་བུད་མ་ཐག་མགོ་མཇུག་མེད་པར་བསྲེས་འདུག ནམ་མཁར་འཕུར་མ་ཐག་གོ་རིམ་ལྡན་ཞིང་རིས་དབྱིབས་ལྡན་པར་གྱུར།བལྟས་ཡོང་ན་སྐམ་ས་ནི་ཆེས་བདེ་འཇགས་ཡིན་པ་དང་།ནུས་ཤུགས་གྲོན་ཆུང་བྱེད་ཐུབ་ས་དང་།རང་སྣང་གང་ཤར་བྱས་ཆོག་པའི་གནས་དེ་ཡིན་པ་འདྲ། མཁའ་དབྱིངས་ནི་སྔོ་བསངས་སྤྲིན་དཀར་དང་།མུ་མཐའ་མེད་པ།བལྟས་པ་ཙམ་གྱིས་འགོག་གཟུགས་ཅི་ཡང་མེད་པ་འདྲ་མོད། འོན་ཀྱང་དེར་མཐོང་དཀོན་པའི་བར་ཆད་དེ་སྐུང་ཡོད་པ་རེད།
ཁྲུང་ཁྲུང་གཙུག་དམར་གྱིས་ནམ་མཁར་རྒྱུས་ལོན་ཡོད།གཤོག་པ་ཐོགས་པའི་བྱ་ཡོད་ཚད་ཀྱིས་ནམ་མཁར་རྒྱུས་ལོན་ཡོད།མིའི་རིགས་ཀྱིས་ནི་མཁའ་དབྱིངས་རང་དབང་དང་བག་ཡངས་སུ་འདོད།བྱ་རིགས་ཀྱིས་ནམ་མཁའི་སྒྲིག་སྲོལ་རྟོགས་པས།སུས་ཀྱང་རང་ཤེས་བྱ་མི་ཕོད་ལ།སུ་ཡང་ཁེར་འཕུར་བྱ་མི་ཕོད། ནམ་མཁར་ངོ་ཡ་བྱེད་པར།ཁོ་ཚོས་ངེས་པར་དུ་མཐུན་སྒྲིལ་བྱ་དགོས།ཕན་ཚུན་ལ་རྒྱབ་སྐྱོར་བྱ་དགོས།སྤྱི་ལ་མཉམ་འབྲེལ་བྱས་པའི་གཅིག་བསྡུས་ཀྱི་སྟོབས་ལ་བརྟེན་ནས།ཁོ་ཚོས་གདོད་ནས་མཁའ་དབུགས་ཀྱི་འགུལ་ཤུགས་རིག་པ་རྟོགས་ཡོད།ཁྲུང་ཁྲུང་གཙུག་དམར་སྟར་བ་གཅིག་གནམ་ལ་འཕུར་བྱུང་། ཆེས་སྔོན་མའི་བྱ་དེ་ནི་ཆེས་ངལ་དུབ་ཆེ་བ་དེ་ཡིན་ངེས།གལ་ཏེ་ལམ་ཐག་རིང་བོར་སྤོར་བ་ཡིན་ན།མགོ་ཁྲིད་མཁན་གྱི་བྱ་དེ་ཚང་མ་རེས་མོས་བྱེད་པ་ཡིན་ངེས་རེད།
ཁྲུང་ཁྲུང་གཙུག་དམར་ཉི་ཤུ་ལྷག་སྟར་བ་གཅིག་ཏུ་བསྒྲིགས་ནས་མཁའ་དབྱིངས་སུ་འཕུར་ཞིང་། མིག་མདུན་དུའང་ཡོད་པས།གཤོག་པ་ཆེན་པོ་གཉིས་ནི་དངོས་གནས་ཡིད་དུ་འོང་བ་ཞིག་རེད།ཁྲུང་ཁྲུང་རིགས་ནི་ཆེས་མཛེས་པའི་བྱ་ཡིན་ཞིང་། དེ་དག་དེ་གར་འགྲེང་ནས་འགུལ་ཙམ་ཡང་མི་བྱེད་པའི་མཛེས་པ་དེས་མི་ལ་མཚར་སྣང་ཆེན་པོ་སྟེར།འཕུར་ཚེ་གཤོག་ཆེན་གཉིས་རྡེབ་པར་བྱེད།མཛེས་པ་དེས་ནི། མི་རྣམས་མགོ་བོ་འཐོམས་པར་བྱེད་དེ། མི་ཡུལ་དུ་འདི་འདྲའི་དངོས་པོ་ཞིག་ཇི་ལྟར་ཡོད་པ་ཡིན་ནམ།དེ་བས་འཇར་པན་གྱིས་ཁྲུང་ཁྲུང་གཙུག་དམར་གྱི་གནས་སྡོད་ས་རུ།དགུན་ཁར་མིས་བཟོས་གཟན་ཆས་ཀྱིས་ཁྲུང་ཁྲུང་གཙུག་དམར་གསོས་ཏེ།དེ་དག་གཏན་སྡོད་བྱ་རུ་གྱུར་དུ་བཅུག་པ་རེད།འཇར་པན་བས་དགུན་ཁར་ཁྲུང་ཁྲུང་གཙུག་དམར་ཁོ་ཚོ་དང་ཁ་འབྲལ་བ་བཟོད་ཐབས་མེད་དེ། ཐ་ན་དགུན་ཚིགས་གཅིག་ལའང་བཟོད་ཐུབ་ཀྱི་མེད་པ་རེད།
མིའི་ཐབས་ཀྱིས་གསོ་སྤེལ་བྱས་པའི་ཁྲུང་ཁྲུང་གཙུག་དམར་ནི་སེམས་པ་བཟང་ཅན་ཡིན་པ་ལ་ཨང་།དེ་དག་འཕུར་ནས་སྨི་སྟོང་གཅིག་ལ་མ་བསླེབ་ཅིག་ལ།ཁྲུང་ཁྲུང་དག་མིག་ལམ་ནས་ཏག་ཏག་ཆུང་ངུར་གྱུར། དེ་རུ་ཡིད་འོང་གི་འཁྱོག་ཐིག་ཅིག་བྲིས་རྗེས།ཕྱིར་འཕུར་འགོ་བརྩམས།དེ་དག་ཐག་རིང་བོར་འཕུར་འདོད་མེད་ཅིང་།མིའི་མཐོང་ལམ་དང་བྲལ་ཚེ།དེ་དག་ལ་བདེ་འཇགས་མིན་པའི་ཚོར་བ་སྐྱེས།ཐག་རིང་སར་ཅི་ཞིག་ཡོད་དམ།རྒྱང་རིང་ནི་ཅི་ཞིག་ཡིན་ནམ།དེ་དག་ལ་ཤེས་འདོད་མེད་ཅིང་། དེ་ཚོས་ཁྲུང་ཁྲུང་གསོ་ཁང་ནི་ད་གཟོད་ཆེས་དྲོད་སྐྱིད་ལྡན་པ་དེ་ཡིན་པ་ཤེས་ཡོད།རྐང་འོག་གི་མཚེའུའི་ནང་དུ་ཉ་ཕྲུག་ཁྱུ་བྱས་ནས་ཡོད།དགུན་ཁར་འགྲམ་དར་ཆགས་ན་ཡང་།ཨ་ནེ་དེས་ཉེའུ་གསར་བ་ཁ་ནང་དུ་སྐྱེལ་ཡོང་། ལྟོ་རྒྱབ་ལ་སེམས་ཁུར་མེད་པའི་འདི་འདྲའི་ཁྱིམ་ཞིག་ཡོད་ན།སུ་ཞིག་ཤི་གསོན་མི་ཤེས་པའི་རྒྱང་རིང་ལ་འགྲོ་འདོད་ཡོད་དམ།
ཁྲུང་ཁྲུང་ཕྱིར་འཕུར་ཡོང་ནས་གསོ་ཁང་མདུན་གྱི་ཐང་སྟོང་དུ་འདུག་པར་བྱེད་ཅིང་།ལྗོངས་རྒྱུ་བ་དང་བར་ཐག་ཉེ་སར་ཡོང་།ཁྲུང་ཁྲུང་གཙུག་དམར་འདི་དག་མི་ལ་གཏན་ནས་མི་གཞའ་ལ། མི་དང་མཉམ་དུ་རྩེད་འཇོར་རོལ་རྒྱུར་དགའ་བོ་འདུག དེ་ནི་ལྗོངས་རྒྱུ་བ་འདི་དག་དང་ཉིན་རེར་ཁོ་ཚོར་བདག་སྐྱོང་བྱེད་པའི་གཟན་སྟེར་མཁན་འདི་ཚོ་འདྲ་བར་བསམ་སྟེ།ཁྲུང་ཁྲུང་གཙུག་དམར་གྱིས་ལྗོངས་རྒྱུ་བ་ཚང་མ་ཡང་མི་བཟང་བོར་མཐོང་ཡོད།ཚང་མ་གཅེས་སྐྱོང་ཐོབ་ནས་དགའ་བ་ཚད་མེད་སྐྱེས་ཏེ།ལྷ་མོ་འདྲ་ཁྲུང་ཁྲུང་གཙུག་དམར་དང་མཉམ་པར་རྒྱག་པར་བྲེལ་བ་ཆེ།ཁྲུང་ཁྲུང་གཙུག་དམར་གཅིག་ངའི་འགྲམ་དུ་འདུག་པར། ངས་དེ་ལ་ལག་པ་བསྲིངས། ལག་མཐིལ་གནམ་ལ་གཏད། ཁྲུང་ཁྲུང་དེས་ངའི་ལག་མཐིལ་ལ་མཆུ་གཙགས་ཤིག་བྱས་ལ། མ་བསམ་ས་ནས་ན་ཟུག་ཧ་ཅང་ཆེ།གལ་ཏེ་ད་དུང་ཤུགས་སྣོན་བྱས་ཚེ།རྨ་གཏོད་ངེས་རེད།ངས་ལག་པ་ཕྱིར་བསྐུམས་ཀྱང་ཁྲུང་ཁྲུང་དེས་ད་དུང་མི་གཏོང་བར། ང་བདའ་ནས་ད་རུང་མཆུ་གཙག་གཅིག་བྱ་འདོད་འདུག དེས་བསམ་པར་ལག་མཐིལ་གནམ་ལ་གཏད་པ་ནི་ཁོ་ལ་གཟན་ཞིག་སྟེར་རྒྱུ་འདུག་སྙམ་པ་རེད།ང་ཕྱིར་འཁོར་ནས་བྲོས་པ་ན། དེས་སྔར་བཞིན་བདའ་ནས་ཡོང་། སྟབས་ལེགས་པ་ཞིག་ལ་མཐའ་འཁོར་དུ་མི་མང་པོ་འདུག་པས།ཁྲུང་ཁྲུང་གིས་ང་མ་མཐོང་ལ་ད་གཟོད་མཚམས་བཞག ངའི་རྣམ་འགྱུར་དེ་ཁྲུང་ཁྲུང་ལ་མཚོན་ན་རྩེད་དགོད་སློང་བ་དང་འདྲ་བས།ཁྲུང་ཁྲུང་གིས་མ་རྟོགས་པར།ངས་ཁོ་ལ་གཟན་མི་སྟེར་པར་འབྲོ་དོན་ཅི་ཡིན་ནམ་སྙམ་པ་རེད།དོན་དག་འདིས་ཁྲུང་ཁྲུང་གིས་མིའི་རིགས་ལ་བཟུང་བའི་ལྟ་སྟངས་ངན་པར་འགྱུར་སྲིད་དམ།
ཁྲུང་ཁྲུང་གིས་གར་འཁྲབ་པ་དང་། འཕུར་བ་ལ་བལྟ་བ་ལས་གཞན། ང་རང་ཞོགས་པར་འདིར་ཡོང་དུས་དོན་དག་ཅིག་བསམ་ནས་ཡོང་བ་ཡིན། ང་རང་ལྗོངས་རྒྱུ་བའི་ཁྲོད་དུ་ཁྲུང་ཁྲུང་ལ་ལྟ་རྟོག་བྱེད་པའི་གཟན་སྟེར་མཁན་གྱི་བུད་མེད་ཅིག་ལ་ཉེ་བར་བཅར་ནས།མོ་ལ་”ཁྲུང་ཁྲུང་ཨང་ལྔ་བ་གང་རེད།”ཅེས་སྐད་དམའ་མོས་དྲིས་པ་ན། མོས་ཉི་འགོག་ཞྭ་མོ་ཆེན་པོ་ཞིག་གོན་ཡོད་ལ།ངོ་གདོང་ལ་དར་ཟབ་གཅིད་འདུག མོས་ཧ་མ་གོ་བར་ང་ལ་བལྟ་བཞིན་ཇི་ལྟར་ལན་འདེབས་དགོས་པ་ཤེས་ཀྱི་མི་འདུག ཕལ་ཆེར་མོས་ངས་ཅི་ཞིག་བཤད་ཀྱི་ཡོད་པ་ཤེས་མེད་པ་འདྲ། ཡང་ན་ངའི་དྲི་བ་དེ་ཧ་ཅང་དཀའ་མོ་ཞིག་ཏུ་སྣང་བ་འདྲ། གང་ལྟར། མོས་ང་ལ་གཅིག་བལྟས་རྗེས།ཅུང་ཙམ་ཧད་ཅིང་།མཐར་ཚིག་གཅིག་ཀྱང་མི་བཤད་པར། ཁ་ཕྱིར་འཁོར་ནས་ར་སྐོར་ཕྱི་རུ་བྲོས་པའི་ཁྲུང་ཁྲུང་གཙུག་དམར་ཞིག་གི་རྗེས་ལ་བརྒྱུགས་སོང་།
མོ་གསར་ཡོང་ཞིག་ཡིན་ཡང་སྲིད་དེ། ཨང་ལྔ་བའི་གཏམ་རྒྱུད་མི་ཤེས་སམ།ཨང་ལྔ་བ་ནི་ལོ་མང་སྔོན་གྱི་གཏམ་རྒྱུད་ཅིག་རེད། ཡིན་ཡང་ཁྲུང་ཁྲུང་གི་ཚེ་ལོ་ནི་༥༠ནས་༦༠ཡིན་པས། ཨང་ལྔ་བ་ད་དུང་གསོན་ཡོད་པ་མིན་ནམ།
ང་རང་མི་ཚོགས་དང་བྱ་ཚོགས་ནང་དུ་འཐིམས་ཤིང་། གམ་གྱི་ཁྲུང་ཁྲུང་གཙུག་དམར་དང་འབྲེལ་འདྲེིས་བྱས་ཏེ་མཉམ་པར་རྒྱག་རྩིས་བྱ་སྐབས།གྲོགས་པོ་ཞིག་ང་བོས་བྱུང་ལ།ཁྲིད་ནས་སོང་སྟེ་ས་གནས་ཀྱི་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ངོ་ཤེས་སོང་།ཁོའི་མིང་ལ་ཧྲུའི་ཐིན་ཟེར།སྔོན་ཆད་ཁྲུང་ཁྲུང་གཙུག་དམར་གྱི་ཆེད་དོན་བརྙན་བླངས་མྱོང་ཞིང་།བརྙན་བླངས་པ་ཧ་ཅང་བཟང་བས།ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བསྟན་པ་ཡིན་ལ།རྒྱ་ཁྱབ་ཀྱི་གདེང་འཇོག་འཐོབ།ལྷག་པར་དུ་མི་མང་པོ་ཞིག་ལ་ཁྲུང་ཁྲུང་གཙུག་དམར་ངོ་ཤེས་སུ་བཅུག་པ་དང་།ཤར་བྱང་གི་ཅི་ལིན་པའེ་ཁྲེང་དང་ཞིང་ཧའེ་མཚོའི་བརླན་བཤེར་ཁུལ་ཤེས་སུ་བཅུག་ཡོད།ས་གཞན་གྱི་མི་དང་ཕྱི་རྒྱལ་པ་ཚང་མས་ཧྲུའི་ཐིན་གྱི་ཆེད་དོན་བརྙན་ཐུང་བརྒྱུད་ནས་ཤར་བྱང་གི་ནུབ་བྱང་ངོ་ཤེས་ལ།པའེ་ཁྲེང་གི་ཞིང་ཧའེ་བརླན་བཤེར་ཁུལ་དུ། མཛེས་སྡུག་ལྡན་པའི་ཁྲུང་ཁྲུང་གཙུག་དམར་ཁྱུ་གཅིག་ཡོད་པ་ཤེས་སུ་བཅུག་ཡོད།
ཧྲུའི་ཐིན་གྱིས་ང་ལ་ཁོས་ཁྲུང་ཁྲུང་གཙུག་དམར་གྱི་གཏམ་རྒྱུད་མང་པོ་ཤེས་ཟེར་ཞིང་། ང་ལ་བཤད་རྒྱུར་འཐད་པ་ཡིན་ཟེར།ངེད་གཉིས་བྱ་ཚོགས་ཀྱི་ཁྲོད་དུ་འགྲེངས་ནས་ཁ་བརྡ་ཅུང་ཙམ་བྱས་ལ། དེ་ནས་ཕྱིར་འགྲོ་འགོ་བརྩམས།ཁྲུང་ཁྲུང་གཙུག་དམར་་ལ་ལྟ་བར་དུས་ཚོད་ཀྱི་ཚད་བཀག་ཡོད་པ་རེད། ངེད་གཉིས་ཀྱིས་བརླན་བཤེར་ཁུལ་གྱི་ཤིང་ལམ་བརྒྱུད་ནས་ཕྱིར་འགྲོ་བའི་སྐབས་སུ།ངས་ཧྲུའི་ཐིན་ལ་”ཁྱོད་ཀྱིས་ཁྲུང་ཁྲུང་ཨང་ལྔ་བའི་གཏམ་རྒྱུད་ཤེས་སམ”ཞེས་དྲིས།
ཧྲུའི་ཐིན་ནི་གསར་འགྱུར་གསར་འགོད་པ་ཡིན་པས། ཁོའི་སྐད་ཆ་སྟབས་བདེ་ཞིང་།ཡང་དག་རེད། རྩོམ་པ་པོ་ཏིང་ལི་ལགས་ཀྱིས་ཟས་ཅོག་སྟེང་དུ།ཁ་ལྕེ་ཝུ་བ་དཀར་པོ་གཏོར་ཞོར་དུས་ཚོད་ཕྱེད་ལྷག་ལ་ཨང་ལྔ་བའི་གཏམ་རྒྱུད་བཤད།ཧྲུའི་ཐིན་གྱིས་སྐད་ཆ་ཚིག་གཅིག་གིས་ཨང་ལྔ་བའི་ཚེ་གང་བོ་བཤད་ཚར་སོང་།
ཧྲུའི་ཐིན་གྱིས་བཤད་རྒྱུར། རི་སྐྱེས་ཕོ་བྱ་དེ།འཕུར་སོང་རྗེསཕྱིར་བསླེབ་རྒྱུ་མ་བྱུང་།ཆེས་མཐའ་མཇུག་ཨང་ལྔ་བ་ཡིད་མུག་ནས་ཤི་སོང་ཟེར།
གསུམ། ངས་བཤད་པ།
ད་ལྟ། ཁྲུང་ཁྲུང་ཨང་ལྔ་བ་དང་འབྲེལ་བའི་གཏམ་རྒྱུད་ལ་བཤད་ཚུལ་རིགས་གཉིས་འདུག་སྟེ།རྩོམ་པ་པོ་སྐུ་ཞབས་ཏིང་ལགས་ཀྱི་བཤད་ཚུལ་དང་།གསར་འགོད་པ་ཧྲུའི་ཐིན་གྱི་བཤད་ཚུལ་གཉིས་རེད།
རྩོམ་པ་པོ་སྐུ་ཞབས་ཏིང་ལགས་ཀྱིས་འགྲེལ་བཤད་བྱས་པ་ནི་རིང་ཞིང་ཡིད་དུ་འོང་བ་ཞིག་ལ།རྒྱན་མང་པོ་བཀོལ་འདུག སྐུ་ཞབས་ཏིང་ལགས་ཀྱི་འགྲེལ་བཤད་དུ།ཨང་ལྔ་བའི་གཏམ་རྒྱུད་ནི་འགལ་རྐྱེན་མང་པོ་ཞིག་རེད།ཁ་བྲལ་བའི་སྡུག་བསྔལ་མྱངས་ཡོད་ནའང་།མཇུག་འབྲས་ནི་སྐྱིད་པོ་ཞིག་རེད།ཧྲུའི་ཐིན་གྱི་འགྲེལ་བཤད་ནི་ཐུང་ཞིང་སྟབས་བདེ། ཨང་ལྔ་བའི་སྐྱོ་གར་ལས།ཉན་མཁན་ལ་སྤྲོ་བ་གང་ཡང་མེད་པར།ངའི་སེམས་ནི་ཧྲུའི་ཐིན་གྱི་སྐད་ཆས་གློ་བུར་དུ་ཐང་ལ་ལྷུང་དུ་བཅུག་སོང་།
དེས་ན་བཤད་ཚུལ་གང་ཞིག་ཨང་ལྔ་བའི་ལས་དབང་ངོ་མ་ཡིན་ནམ།རྒྱུན་དུ།སྐད་ཆ་བཀོལ་བ་ཇི་འདྲ་མང་ན་དོན་དངོས་ལ་དེ་ལྟར་ལྡོག སྐད་ཆ་བཀོལ་བ་ཇི་ལྟར་ཉུང་ན་དོན་དངོས་ལ་དེ་ལྟར་ཉེ།
འགྲེལ་བཤད་མཁན་རྣམ་གཉིས་ཀྱི་ལས་རིགས་ལ་གཞིགས་ན།རྩོམ་པ་པོ་ནི་རྟོག་བཟོ་ལ་མཁས་པ་དང་གསར་འགོད་པ་ནི་བདེན་དོན་འཚོལ་མཁན་རེད།
རྣམ་པ་འདི་གཉིས་ལ་བལྟས་ན།ཕལ་ཆེར་ཟུར་མཐོང་ལེབ་གསལ་ཡིན་ཏེ།སྐུ་ཞབས་ཏིང་ལགས་ཀྱིས་ཨང་ལྔ་བའི་བདེ་སྐྱིད་ཀྱི་འཚོ་བ་རྟོག་བཟོ་བྱས་པ་རེད།
དེས་ན།སྐུ་ཞབས་ཏིང་ལགས་ཀྱིས་ཅིའི་ཕྱིར་དོན་དངོས་ལ་མི་བསམ་པར།ཅི་མི་སྙམ་པར་འགུག་ཤུགས་ལྡན་པའི་སྒོ་ནས་ཨང་ལྔ་བའི་གཏམ་རྒྱུད་རྟོག་བཟོ་བྱས་པ་ཡིན་ནམ།
ང་ཚོས་ཐོག་མར་ཁྲུང་ཁྲུང་གཙུག་དམར་གྱི་གསོ་སྤེལ་གནས་དང་དགུན་སྐྱེལ་གནས།གནས་སྤོའི་ལམ་ཐིག་ལ་བལྟས་ན།
ཁྲུང་ཁྲུང་གཙུག་དམར་གྱི་གསོ་སྤེལ་གནས་གཙོ་བོ་ལ། ཧེའི་ལོང་ཅང་གི་ཀྲ་ལོང་དང་གཙང་གསུམ་བདེ་ཐང་།ཞིན་ཁའེ་མཚེའུའི་ཁུལ།ཅི་ལིན་བྱང་རྒྱུད་ཀྱི་ཞིང་ཧའེ་བརླན་བཤེར་ཁུལ།ལིའོ་ཉིན་ཧྲོང་ཐའེ་གཙང་ཁ།ནང་སོག་གི་ཤར་རྒྱུད།ཨུ་རུ་སུའི་ཤར་ཕྱོགས་ཧེའི་ལོང་ཅང་བཞུར་རྒྱུད་བཅས་འདུག
ཁྲུང་ཁྲུང་གཙུག་དམར་གྱི་དགུན་སྐྱེལ་ས་གནས་ནི།ཁྲོ་ཞིན་གླིང་ཕྲན་གྱི་དབུས་རྒྱུད་དང་།ཀྲུང་གོའི་ཅང་སུའུ་ཡན་ཁྲེང་མཚོ་རྒྱུད་ས་ཁུལ་རེད།
དེ་དག་གི་གནས་སྤོའི་ལམ་ཐིག་ལ་གཉིས་ཏེ།
གཅིག ཀྲ་ལོང་—ཧྲོང་ཐའེ་མཚོ་ཁ—ཧོན་པའོ་ཧའེ་མཚོ་ཁུག—རྨ་ཆུའི་ཁ—རི་ཀྲོ—ཡན་ཁྲེང་།
གཉིས།ཞིན་ཁའེ་མཚེའུའི་ཁུལ།—ཁྲང་པའེ་ཧྲན་ཤར་མཐའ—ཐུ་མེན་ཅང་གཙང་ཁ—”སན་པཱ་ཞིན”
གོང་གསལ་ལས་ང་ཚོས་གསལ་བོར་མཐོང་བ་ནི།བྱ་རིགས་ཀྱི་གནས་སྤོར་ལམ་ཐིག་ཧ་ཅང་རིང་ལ། ལམ་བར་དུ་ཉེན་ཁ་མང་པོ་གནས།མཚམས་ལན་རེར་དུ་སྨིག་དགུང་ལ་འཐིབ་པའི་འཐབ་ར་ནས་འཕུར་དགོས་ཏེ། ལམ་བར་དུ་མི་ངན་དག་གི་ལྐོག་གསོད་ཐེབས། རྒྱལ་ཁབ་ལ་ལར་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ཡོད་ཀྱང་། རྒྱལ་ཁབ་ལ་ལར་མེད།མི་ཚོགས་ལ་ལ་ཞིག་སྙིང་རྗེ་ཆེ་ཞིང་། ཚེ་སྲོག་ལ་བརྩི་བཀུར་བྱེད།མི་ཚོགས་ལ་ལ་ཞིག་གདུག་རྩུབ་ཆེ་བས།ཚེ་སྲོག་གང་འདོད་དུ་རྡོག་རྫིས་གཏོང་།ལོ་རབས་དགུ་བཅུ་བའི་ནང་དུ། ཞིང་བས་ཞིང་སྨན་བཀོལ་ནས་ཁྲུང་ཁྲུང་གཙུག་དམར་གསད་པའི་དོན་རྐྱེན་བྱུང་མྱོང་ཞིང་།དེ་ནི་བསམ་གཟས་ནས་མིན་ཡང་།ཁྲུང་ཁྲུང་གཙུག་དམར་འབབ་སའི་གནས་སུ་ཞིང་སྨན་བཀོལ་བ་ཡིན་པས། དེར་ཉེས་པ་མེད་ཟེར་མི་རུང་།
ཁྲུང་ཁྲུང་གཙུག་དམར་ནི་བློ་དཀར་འགྱུར་མེད་ཀྱི་བྱ་ཞིག་ཡིན་པས།ཚེ་གྲོགས་གཅིག་གཏན་འབེབས་བྱས་རྗེས། སྐྱེ་བ་འདིར་འགྱུར་བ་མེད་པ་རེད།དེ་བས་ཅཱ་པེར་་གཞན་ལ་འགྲོགས་པའི་གནས་ཚུལ་ནི་འབྱུང་མི་སྲིད། དེས་ན།ཅཱ་པེར་གང་ལ་བུད་སོང་ངམ།དེ་ལོ་གཞུག་མའི་དཔྱིད་ཀར་ཕྱིར་མི་ཡོང་དོན་ཅི་ཡིན་ནམ།ཚོད་དཔག་བྱས་པའི་ལན་ནི།དེ་གནས་སྤོར་བྱེད་པའི་ལམ་བར་དུ་རྐྱེན་ངན་ལ་འཕྲད་པ་རེད། མིས་གསད་པའམ་ཡང་ན་དོ་སྣང་མེད་པར་གསད་པ་ཤ་སྟག་རེད།དེས་ན།པེའི་ཅཱར་གསོད་མཁན་གྱི་མིས་ཨང་ལྔ་བ་ཡང་མཉམ་དུ་གསད་པ་རེད། དེའི་རྗེས་སུ་ཕྲུ་གུ་མང་པོ་སྐྱེས་ཐུབ་མེད་པ་རེད།
སྐུ་ཞབས་ཏིང་ལགས་པའེ་ཁྲེང་ས་ཆའི་རྩོམ་པ་པོ་ཡིན་པའི་ཆ་ནས།ཁོར་ཁྲུང་ཁྲུང་གཙུག་དམར་གྱི་གཞི་རྩའི་གོམས་གཤིས་ལ་རྒྱུས་ལོན་ཡོད་ངེས་ལ།དེའི་གནས་སྤོར་ལམ་ཐིག་ལའང་རྒྱུས་ལོན་ཡོད་ངེས།ཁོས་པེའི་ཅཱར་གནས་སྤོར་ལམ་དུ་འཆི་མིན་ཡང་ཤེས་ཡོད་ངེས།འདི་ནི་མིའི་རིགས་ཀྱི་ནག་ཉེས་རེད།མི་རེ་རེའི་ནག་ཉེས་རེད།མི་ཚང་མས་པེའི་ཅཱར་གྱི་འཆི་བ་ལ་འགན་ཁུར་དགོས།དེས་ན་རྩོམ་པ་པོ་ཞིག་ཡིན་ན།ཁྲུང་ཁྲུང་གཙུག་དམར་གྱི་ལས་དབང་སྐྱོ་བོ་ལ་ཇི་ལྟར་འགན་ཁུར་དགོས་སམ།
རྩོམ་པ་པོསྐུ་ཞབས་ཏིང་ལགས་ཀྱིས་རང་ཉིད་ནས་དོན་དག་འདིར་ནུས་པ་འདོན་མི་ཐུབ་པ་ཤེས་པས།ལྐོག་ཏུ་དངན་པ་མི་འཐེན་ཐབས་མེད་བྱུང་།རྗེས་སུ་ཡང་ཁོས་བསམ་པར།རང་གིས་སྐད་བརྡ་དང་ཡི་གེ་བཀོལ་ནས།བཙན་གྱིས་ཨང་ལྔ་བའི་ལས་དབང་ཁྲོད་དུ་ཡོང་།ཁོས་སྐད་བརྡ་བཀོལ་ནས་ཚད་རིང་བོའི་སྒོ་ནས་ཨང་ལྔ་བ་དང་པེའི་ཅཱར་གྱི་ལས་དབང་བསྒྱུར་བཀོད་བྱས་ཆོག འཇི་རྟེན་གྱི་བྱ་བ་དེ།ཆེས་མཐའ་མཇུག་ཤོག་ངོས་སུ་ཕབ།ཁོས་ཧྲུའི་ཐེན་གྱི་བདེན་དོན་དང་ལེན་མི་བྱེད། ཁོང་གིས་བསམ་པར་ཧྲུའི་ཐིན་གྱིས་དོན་དག་འདིའི་སྟེང་ལ་ནུས་པ་ཅི་ཡང་ཐོན་མེད་ཅིང་།སྐྱོ་གར་བྱུང་ཡང་དེར་སྣང་དོག་མི་འདུག་པས། འདི་མི་འགྲིག་གོ་སྙམ་ཡོད།སྐུ་ཞབས་ཏིང་ལགས་དངོས་སུ་འགུལ་ཏེ།ཨང་ལྔ་བའི་གཏམ་རྒྱུད་ཞིག་རོའི་སྟེང་དུ།སྐྱེ་སྟོབས་ཀྱི་དཔལ་འབར་བའི་མེ་ཏོག་ཅིག་གཉོར་ཞིང་།ཁོ་དུས་ཚོད་ལས་བརྒལ་ནས། བཙན་གྱིས་ནང་དུ་འཛུལ་ལ།ཁོང་གིས་བཞེངས་བསྐྲུན་བྱས་པའི་གཏམ་རྒྱུད་དུ།ཨང་ལྔ་བའི་སྐྱོ་གར་དེ་མེད་ཅིང་།ཁོང་གིས་ཨང་ལྔ་བ་ཡིད་མུག་ནས་འཆི་རུ་འཇུག་མི་སྲིད་ལ།པེའི་ཅཱར་ཡང་ཕྱིར་ཡོང་བའི་ལམ་དུ་མིའི་མདའ་མོ་ཕོག་ཏུ་འཇུག་མི་སྲིད།ཡང་ན་མིར་དུག་སྨན་གྱིས་གསོད་དུ་མི་འཇུག ཁོང་གིས་ནུས་ཤུགས་ལྡན་པའི་ལག་པ་དང་།བྱམས་སེམས་ཀྱིས་ཨང་ལྔ་བའི་ལས་དབང་བསྒྱུར་བ་མ་ཟད།སྔར་བཞིན་འཇིག་རྟེན་དུ་འོད་དུ་འཚེར།གོ་ཐོས་སུ།སྐུ་ཞབས་ཏིང་ལགས་ཀྱིས་འདུ་འཛོམས་མང་པོའི་ཐོག་ཏུ།ཨང་ལྔ་བའི་གཏམ་རྒྱུད་བཤད་པ་དང་།ཁོང་གིས་ཤིན་ཏུ་ཡིད་དུ་འོང་ཞིང་།དྲོད་སྐྱིད་ལྡན་པའི་ཚིག་གིས་ཨང་ལྔ་བའི་བདེ་སྐྱིད་ཀྱི་འཚོ་བ་དེ། ཐེངས་གཅིག་ལས་གཅིག་ཡིད་དུ་འོང་ཞིང་སྙན་པ་ཞིག་ཏུ་བརྗོད་པས། སྐུ་ཞབས་ཏིང་ལགས་ཀྱི་གྲོགས་པོ་དང་ཁོང་དང་མཉམ་དུ་ཟ་མ་ཟོས་མྱོང་བའི་གྲོགས་པོ་ཞིག་ཡིན་ཕྱིན།ཚང་མས་ཨང་ལྔ་བའི་ཡིད་འོང་གི་གཏམ་རྒྱུད་ཤེས་ཡོད་ལ། ཚང་མས་འུ་ཅག་མི་ཡུལ་འདི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་སྙམ་ཡོད།དོན་བཟང་བསྒྲུབ་དགོས།དེས་ང་ཚོའི་འཚོ་བ་དེ་གླུ་དབྱངས་ཤིག་དང་འདྲ་བར་བསྒྱུར་ཐུབ།སྐུ་ཞབས་ཏིང་ལགས་ཀྱིས་ཟས་ཅོག་སྟེང་དུ་ང་ལ་ཨང་ལྔ་བའི་གཏམ་རྒྱུད་བཤད་ཚར་རྗེས།ཁོང་གིས་བཤད་རྒྱུར། ཁྱོད་མིང་གྲགས་ཆེན་པོ་འདུག ཁྱོད་ཀྱིས་ཨང་ལྔ་བའི་གཏམ་རྒྱུད་ཕྲིས།པར་སྐྲུན་ཚད་ཆེ་བ་དང་།རིམ་པ་མཐོ་བའི་དུས་དེབ་སྟེང་ཁོད།མི་མང་པོ་ཞིག་ལ་ཨང་ལྔ་བའི་གཏམ་རྒྱུད་ཤེས་སུ་ཆུགས་ཟེར།ང་རང་སེམས་འགུལ་ཐེབས་ཏེ་ལམ་སང་ཁེས་བླངས།འདི་འདྲའི་ཡིད་དུ་འོང་བའི་གཏམ་རྒྱུད་ནི་བརྒྱུད་སྒྲོགས་བྱ་འོས་ཏེ།མིའི་རིགས་ཀྱིས་ཁྲུང་ཁྲུང་གཙུག་དམར་ལ་སློབ་སྦྱོང་བྱ་དགོས།སྐབས་འདིར།ང་ཡང་ཨང་ལྔ་བའི་ལས་དབང་བསྒྱུར་བའི་རུ་ཁག་ཏུ་ཞུགས་ལ། སྐུ་ཞབས་ཏིང་ལགས་ཀྱི་ལག་རོགས་སུ་གྱུར།ང་ཡང་རྩོམ་པ་པོ་ཡིན། ངས་ཀྱང་སྐུ་ཞུབས་ཏིང་ལགས་ཀྱི་ཐབས་ཤེས་འདི་སྤྱད་ནས་ནུས་ཤུགས་གང་ཡོད་བཏོན་ནས་འཇིག་རྟེན་འདི་འོད་དང་ལྡན་པ་ཞིག་བྱ་འདོད།ང་ཚོའི་བྱིས་པ་ཚོར་པེའི་ཅཱར་གྱི་བེམ་པོ་མཐོང་དུ་འཇུག་མི་རུང་ལ།ཁོ་ཚོ་འཇིག་རྟེན་འདིར་རེ་ཐག་ཆད་པ་ཞིག་ཏུའང་འགྱུར་དུ་འཇུག་མི་རུང་།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1711
དཔྱད་མཆན་སྤེལ།