【རྩོམ་པ་པོ། བསོད་ནམས་ཚེ་རིང་།    རྔ་བ།

【ནང་དོན་གནད་བསྡུས།】  གཅིག《སྨུག་པ》ཡི་བརྗོད་བྱའི་སྤྱི་ཁོག་ཏུ་སྤྱི་ཚོགས་ཀྱི་འགལ་འདུ་དང་ཁོར་ཡུག་གི་འགྱུར་ལྡོག སྐད་ཡིག་གི་ཉམས་ཆག་སོགས་བརྗོད་གཞིར་བཙུགས་ཡོད། གཉིས་བརྗོད་སྙིང་གི་ལྟེ་གནད་དུ་མི་རབས་ཤིག་དང་དུས་རབས་ཤིག་གིས་རིག་གནས་གསར་བ་དང་ལེན་བགྱིད་པའི་གོ་རིམ་ལས་ཐོན་པའི་སྒྱིད་ལུག་དང་བློ་སྟོབས་སྤ་བཀོང་བ་དང་། མིའི་ལྷན་སྐྱེས་སུ་མངའ་བའི་མི་གཤིས་ཀྱི་གཏིང་ལ་འབྱར་བའི་བརྐམ་ཆགས་དང་སྡང་སྡུག ཞེན་ལོག་སོགས་ཀྱི་ངད་བཅུད་མ་ཡལ་བའི་མི་གཤིས་གཉིས་ཀྱི་སྟེང་དུ་བཙུགས་ཡོད། གསུམ་བརྩམས་སྒྲུང《སྨུག་པ》ལ་ལག་ཐབས་ཇི་ལྟ་བུ་ཞིག་སྤྱད་ནས་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་ཚོགས་ཇེ་ཚོགས་སམ་འབུར་ཐོན་ཅན་དུ་གནང་འདུག་པའི་སྐོར་བརྗོད་པ་གཞིར་བཟུང་བ་ཞིག་ཡིན།
【འགངས་ཆེའི་མིང་ཚིག】བརྩམས་སྒྲུང་། 《སྨུག་པ།》བརྗོད་སྙིང་། སྒྱུ་རྩལ་མཚོན་ཐབས། 
གླེང་གཞི། 
 
སྐད་ཅིག་ལའང་ཀྲིག་ཆགས་སུ་མི་སྡོད་པར་རྒྱུ་ཞིང་འཕར་ཆག་རྒོད་པའི་དུས་རབས་ཀྱི་འགྱུར་བག་རེ་རེ་ལས་ང་ཅག་བོད་ཀྱི་རིག་གནས་སྤྱིའི་ཆ་ནས་འཕེལ་བའི་ཡང་རྩེར་སོན་པ་དང་། རྒུད་པའི་ལམ་འོབས་སུ་ལྟུང་བའི་འཕེལ་འགྲིབ་ཀྱི་གནས་ཚུལ་གང་མང་ཞིག་བྱུང་མྱོང་བའི་གཅིག་ནི་ཉེ་བའི་རིང་གི“རིག་གསར”(བར་སྐབས་འདིར་ཀུན་གྱིས་རིག་གསར་ཞེས་སྤྱི་བམ་རེ་བརྗོད་ཀྱང་དོན་དམ་དུ་རིག་གནས་གསར་བརྗེ་མ་སླེབས་པའི་སྔོན་ནས་ཕལ་ཆེར་བཅོམ་གཏོར་སོགས་བྱས་ནས་དུས་དེར་ཅི་ཡང་ལྷག་མེད་ལྟ་བུ་ཞིག་ཏུ་གྱུར་འདུག)གྱི་དུས་ཟིང་ཡིན་ལ། དེ་ཡིས་བོད་མི་རེ་རེའི་སེམས་སུ་ཟུག་རྔུ་བསླངས་ཤིང་བཟོད་གླགས་བྲལ་བའི་འཁུན་སྒྲ་མཚམས་མེད་འབྱིན་དུ་བཅུག་པ་དང་། རིག་གནས་སོ་སོའི་སྲོག་སྙིང་གཏོར་ནས་ཧ་ཅང་གི་ཉམ་ཐག་པའི་གནས་སུ་བསྐྱལ་བ། མིའི་རིགས་ཀྱི་ཞི་འཇགས་ལ་རྨ་སྐྱོན་ལ་སོགས་པ་བཟོས་པས། རི་བོ་མགོ་ཐོག་ལ་ཉིལ་བ་འདྲ་བའི་འཇིགས་སྣང་དང་ཟུག་གཟེར་ཀྱང་ལུས་སེམས་གཉིས་སུ་ཤར་དུ་བཅུག་ནས་བོད་མི་རིགས་དེའང་འཇིག་རྟེན་དང་འཇིག་རྟེན་མ་འདྲ་བའི་འཇིག་རྟེན་གཞན་ཞིག་ལ་བསྐྱལ་ཞིང་། ལོ་བཅུའི་བརྡབ་གསིག་དང་ཉམས་ཆག་དེ་དག་གི་གོ་རིམ་ཁྲོད་ནས་བོད་མི་མང་བོར་ངེས་ཤེས་དང་ལྗིད་ཏིག་ཏིག་གི་སེམས་སྒྲའང་འབྱུང་སྙམ་པའི་རྒྱུ་ཆ་སོགས་མང་དུ་མཐོང་ལམ་དང་རྣ་ལམ་དུ་མངོན་རྒྱུ་དང་ཐོས་རྒྱུ་འདུག་མོད། འོན་ཀྱང་རིམ་བཞིན་མི་རིགས་སྲིད་ཇུས་ཀྱི་ཕྱི་ཚུལ་ཅུང་ཇེ་ལེགས་སུ་འོངས་ནས་དུས་ཟིང་ཡང་ཞི་འཇགས་ཀྱི་རྣམ་པའི་ཚུལ་དུ་སླེབས་པ་དང་བསྟུན། མི་རིགས་རིག་གནས་དག་ལ་སློབ་སྦྱོང་བགྱིད་པའི་སྐལ་བཟང་ཞིག་ཡང་བསྐྱར་མངོན་དུ་ཤར་ནས་བོད་ཀྱི་རིག་གནས་སོ་སོའི་ཧ་ཅང་ཉམ་ཐག་པའི་ངོ་གདོང་ལ་སྣུམ་མདངས་ཏོག་ཙམ་རྒྱས། དེ་ནས་བཟུང་སྟེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལའང“ཕྱོགས་ལྔའི་མཐུན་རྐྱེན”① སོགས་ཡང་བསྐྱར་རྒྱུ་ཚོགས་གྲངས་ཚང་སྟེ་འགྱུར་བ་རླབས་པོ་ཆེན་བྱུང་ནས་སྔར་རྩོམ་དག་དང་མི་འདྲ་བའི་རྣམ་པ་གསར་བ་ཞིག་ཏུ་ཕྱོགས། སྤྱི་ལོ༡༩༨༠②ནས་བོད་ཀྱི་དེང་རབས་རྩོམ་རིག་གི་སྟེགས་བུ་གསར་བ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》སོགས་བྱུང་བ་དང་བསྟུན་ནས་རྒན་དར་གཞོན་གསུམ་གྱིས་གྲུབ་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་དཔུང་སྡེ་གསར་བ་ཞིག་ཀྱང་མིང་དོན་མཚུངས་པའི་སྒོ་ནས་མངོན་གསལ་གྱིས་ལམ་དུ་ཆས་ཐུབ་པ་བྱུང་། མི་རིགས་སློབ་གྲྭ་ཆེ་འབྲིང་དག་ལས་འཚར་ལོངས་བྱུང་བའི(ཕལ་ཆེར)རྩོམ་པ་པོ་དེ་དག་གི་བརྩམས་ཆོས་ཀྱི་ནང་དོན་ལས་སྡིག་སྤངས་དགེ་སྒྲུབ་བགྱིས་ན་མི་ནི་ལྷར་འགྱུར་ལུགས། ཡང་ཚེ་ཕྱི་མར་དག་ཞིང་དང་དམྱལ་བ་ཡི་དྭགས་སོགས་སུ་སྐྱེ་ལུགས། རང་རང་ལ་དབང་ཆོག་ཆོག་གི་འཚོ་བར“ལས་དབང”ཞེས་ཏེ་གཉའ་སྒུར་སྒུར་ངང་གང་ཞིག་གིས་སྐྱོབ་པ་སོགས་བསམ་པར་བསྐོར་ནས་སྡོད་པ་ཞིག་མ་བརྗོད་པར། ང་ཚོ(མི)དང་ང་ཚོའི་འཚོ་བ་ནི་ཇི་ལྟ་བུ་ཞིག་ཡིན་པ། འདས་པའི་སྤྱི་ཚོགས་ཀྱི་སྐྱོན་ཡོན་དང་གནས་པའི་སྤྱི་ཚོགས་ཀྱི་དྲི་མ་མ་ཡལ་བའི་བརྗོད་བྱའི་བསྟན་དོན་རྣམས་ལྷུར་ལེན་གནང་བ་ཞིག་ཡིན་འདུག དེ་ལྟར་བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ཀྱི་ངོས་སུ་འཁྱུག་ཙམ་རེ་བྱས་ཚེ་ཆེས་ཐོག་མའི་གནས་སྐབས་ཀྱི་བརྩམས་སྒྲུང་དག་ལ་ནང་གི་བསམ་བློ་ལས་ཕྱི་ཡི་རྣམ་པའི་ཆར་གཏམ་བརྒྱུད་དང་ངོ་བོ་གཅིག་པ་ལྟ་བུ་ལས་འགྱུར་བ་ཧ་ཅང་ཆེར་མི་མཐོང་མོད། འོན་ཀྱང་རིམ་བཞིན་དེང་རབས་རྩོམ་རིག་གི་རྩོམ་པ་པོ་དག་གིས་དངོས་ཡོད་སྤྱི་ཚོགས་ཀྱི་མི་ནི་བརྗོད་བྱའི་བསྟན་དོན་གྱི་ལྟེ་གནད་ལས་མ་བཏང་བ་དང་ད་དུང་ཕྱི་ནང་གི་བརྩམས་ཆོས་འབོར་ཆེན་བཀླགས་ཏེ་ལོ་ངོ་སུམ་བཅུ་ལྷག་ལྟ་བུའི་རིང་དེང་རབས་རྩོམ་རིག་གི་ཕྱི་ནང་གཉིས་ཀྱི་ཆ་ལ་འཕོ་འགྱུར་རླབས་པོ་ཆེ་བྱུང་བ་སྨོས་མ་དགོས་པ་ལྟ་བུ་སྔར་རྩོམ་དང་ད་ལྟའི་བརྩམས་ཆོས་དག་བསྡུར་བས་ཀྱང་མཇལ་ཐུབ་པ་ལྟ་བུས་མཚོན།  
དེང་རབས་རྩོམ་རིག་བོད་དུ་དར་ནས་ལོ་ངོ་བཅུ་རྩ་གཉིས་ལས་མ་ཟིན་པའི་དུས་སྐབས་སུ་བརྩམས་གནང་བྱུང་བའི་སྐབས་དོན་བརྩམས་ཆོས་འདི་ཡིས་ཀྱང་ར་སྤྲོད་ཧ་ཅང་གསལ་ཐག་ཆོད་པོ་གནང་ཐུབ་སྟེ། བརྩམས་སྒྲུང《སྨུག་པ》ཡི་སྔ་ལོགས་སུ་བྱུང་བའི་བརྩམས་ཆོས་དག་དང་གཏན་ནས་མི་འདྲ་བར་བརྩམས་ཆོས་འདི་ལས་ང་ཚོས་མཐོང་ཐུབ་པ་ནི་དུས་རབས་དང་འཚོ་སྡོད་སྤྱི་ཚོགས་ཀྱི་དགོངས་པ་མ་ཡལ་བའི་བསམ་བློའི་བསྟན་དོན། སྒྱུ་རྩལ་ཐབས་ཇུས་ཀྱིས་སྙོམས་སྒྲིག་བགྱིས་པའི་མི་སྣའི་སྣང་བརྙན་དང་སེམས་ཁམས་འཕོ་འགྱུར་གྱི་འཕྱོར་འབྲི། བྱུང་རིམ་གྱི་སྒྲིག་གཞི་དང་ལྷུག་བརྗོད་སོགས་ཕྱོགས་གང་ལ་གཞིགས་ཀྱང་འཕེལ་རླབས་ཆེན་པོ་བྱུང་འདུག བརྩམས་ཆོས་འདི་ནི་ལོ་རབས་དགུ་བཅུ་བའི་མཇུག་དང་སྟོང་ལོ་གསར་བའི་སྟོད་ལྟ་བུའི་བར་སྐབས་ཀྱི་རྩོམ་རིག་གི་རྡོ་རིང་ལྟ་བུ་ཞིག་ཏུ་མཐོང་འདུག་སྙམ་ནས། ཐེངས་འདིར་བརྩམས་ཆོས་འདི་ཡི་ཕྱི་ནང་ལ་འཇུག་པའི་སྤྲོ་སྣང་སྐྱོར་སྐྱོར་སྐྱེས་ནས་གཤམ་ཏུ་འདིའི་སྐོར་ནས་རང་གི་མྱོང་སྟོབས་དང་བསྟུན་ནས་ཏོག་ཙམ་སྤྲོས་པར་བགྱིའོ།། 
དོན་ཚན་དང་པོ། རྩོམ་པ་པོའི་ལོ་རྒྱུས་མདོ་ཙམ་དང་བརྩམས་ཆོས་ངོ་སྤྲོད་རགས་བསྡུས།
“རྩོམ་རིག་བརྩམས་ཆོས་ཀྱིས་སྤྱི་ཚོགས་འཚོ་བ་བསྐྱར་མཚོན་བྱེད་པ་ཡིན”ཞེས་སྨྲ་ལ་དེ་ནི་མདོ་མེད་བྱུང་རྒྱལ་དུ་སྨྲས་པ་ཞིག་མིན་མོད། འོན་ཀྱང་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་བརྩམས་ཆོས་འདི་ལས་སྤྱི་ཚོགས་འཚོ་བ་མངོན་གྱི་ཡོད་པ་འདྲ་ཡང་མངོན་སྟོབས་མི་འདྲ། དེ་ནི་གང་ཞེ་ན་བརྩམས་ཆོས་གང་ཡིན་ཡང་རྩོམ་པ་པོ་གང་ཞིག་གི་མྱོང་སྟོབས་དང་གོ་སྟོབས་ཀྱི་དབང་དུ་འགྲོ་དགོས་པའམ་འགྲོ་ངེས་པ་ཞིག་ཡིན་པ་དང་། བརྩམས་ཆོས་ཀྱི་ཉིང་བཅུད་ནི་རྩོམ་པ་པོའི་སེམས་རྒྱུད་ལས་བརྟོལ་བའི་དགའ་སྐྱོ་ཆགས་སྡང་དང་། རིན་ཐང་ལྟ་བ་སོགས་དང་འབྲེལ་བ་ཏན་ཏིག་ཡོད་པ་ཞིག་ཡིན་པས། རྩོམ་པ་པོ་གང་ཞིག་གི་མི་ཚེའི་བརྒྱུད་རིམ་ནི་སྤྱིར་བཏང་བ་ཞིག་དང་མི་འདྲ་བར་ཀྱག་ཀྱོག་དང་དཀའ་སྡུག་ལྡན་པ་ཞིག་ཡིན་ན། ཁོ་པའི་བརྩམས་ཆོས་ཀྱི་ནང་ཉིང་ཡང་རྟོག་བཟོ་དབང་བཙན་པ་བགྱིས་ནས་གྲུབ་པ་ཞིག་དང་མི་མཚུངས་པར་རང་གི་མྱོང་སྟོབས་ཀྱིས་ཕྱུག་པ། སྤྱི་ཚོགས་འཚོ་བ་དང་མིའི་ཆགས་སྡང་གི་དྲི་མ་བཙན་པོས་ཁྱབ་ངེས་ཕྱིར། སྐབས་དོན་བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་སྤྱིའི་ཆ་ལ་གཞིགས་ནའང་ཕལ་ཆེར་གྱི་རྨང་རྐང་ནི་ཁོ་པའི་མི་ཚེའི་ནང་གི་དངོས་བྱུང་མང་དག་དང་འབྲེལ་འདུག་སྙམ་ནས། བརྩམས་ཆོས་རོལ་མྱོང་བགྱི་བ་ལ་རྩོམ་པ་པོའི་ལོ་རྒྱུས་ཤིག་བརྗོད་དགོས་པའི་སྣང་བ་སྐྱེས་ཏེ་གཤམ་དུ་ཏོག་ཙམ་བརྗོད་པར་བགྱི། 
བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ནི་སྤྱི་ལོ༡༩༥༨ཀྱི་དུས་ཟིང་གི་རྗེས་ཤུལ་ཡོངས་སུ་མ་ཡལ་བར་གནས་པའི་དུས་སྐབས་ཏེ༡༩༦༡ལོའི་ཟླ༡༠བའི་ཚེས༡༣ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་སྐྱེས་ཤིང་། ཁོང་ནི་རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་སོགས་ཀྱི་ལས་བགྱིས་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་མོད། འོན་ཀྱང་དེའི་རིང་ལ་ཁོང་གིས་གནག་རྫི་བྱེད་ཞོར་དུ་ཕུ་བོ་དང་ཨ་ཅེ(ཨ་ཅེ་སློབ་ཆུང་མཐར་ཕྱིན་ཡོད་པ་དང་ཕུ་བོ་རྒན་པས་ནུབ་བྱང་དུ་དམའ་འབྲིང་མཐར་ཕྱིན་ལ་ཉེ་དུས“རིག་གསར”བྱུང་བས་ཕྱིར་ལོག་དགོས་བྱུང་བ)གཉིས་ཀྱི་འཁྲིས་ནས་བོད་ཡིག་སྦྱོར་ཀློག་སོགས་བསླབས་པ། དེ་ཡི་རྐྱེན་གྱིས་རྩོམ་པ་པོ་ཁོང༡༩༧༤ལོ་སྟེ་ཁོང་ལོ་བཅུ་གསུམ་སྟེང་དུ་རྫོང་ཆ་ཚང་སློབ་ཆུང་དུ་འགྲོ་བའི་གོ་སྐབས་ཤར་དུས་དེ་ལས་ཁོང་སློབ་ཆུང་དུ་ལོ་གཉིས་ལྟ་བུ་ལས་སྡོད་མ་དགོས་པར་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་འདོན་པའི་གོ་སྐབས༡༩༧༦ལོར་ཤར་བ་བྱུང་།  རིམ་བཞིན་སློབ་གྲྭ་དེ་ག་ནས་མཐར་ཕྱིན་རྗེས་མུ་མཐུད་དུ༡༩༧༩རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཞུགས་པ་དེ་ནས་ཁོང་གིས་སློབ་སྦྱོང་ལ་ཧུར་བརྩོན་བླ་ལྷག་གནང་བས་བསླབ་གཞི་ལས་བརྒལ་ཏེ་གཞན་པའི་ནུབ་གླིང་རིག་གནས་ལ་སྦྱངས་བརྩོན་གནང་བར་སྐད། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེེས་ཕྱིར་ཕ་ཡུལ་དུ་ལྡོག་ནས་ཁོང་ལོ་ཉེར་གཅིག་སྟེང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གྱི་ལས་སུ་ལོ་བདུན་ལ་ཞུགས་ཤིང་། དུས་སྐབས་དེའི་རིང་ལ་ད་དུང་ཁོང་མཚོ་སྔོན་མི་རིགས་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གླིང་དུ་ལོ་གཅིག་རེར་ཟབ་སྦྱོང་དུ་ཕྱིན་པ་དང་དེ་དག་གི་དུས་སྐབས་ནི་ཁོང་གི་རྩོམ་འབྲི་དང་དཔེ་ཀློག་གི་གཞི་རྒྱ་སྔར་ལས་ཀྱང་ཧ་ཅང་ཡངས་པོར་བཏང་བའི་དུས་སྐབས་ཤིག་ཡིན། དཔེར་ན། 《བཀྲ་ཤིས་གཉེན་སྒྲིག》དང《གཞོན་ནུའི་རང་སྒྲ་དབྱར་གྱི་རྔ་གསང》སོགས་ཐོག་མའི་བརྩམས་ཆོས་དག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་ཀྱི་ངོས་སུ་བཀོད་ནས་སྔ་གཞུག་ཏུ་ཕུལ་བྱུང་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས་ཐོབ་ལ། འདི་ནི་ཕལ་ཆེར་ཁོང་གི་རྩོམ་རིག་གསར་རྩོམ་གྱི་རྟ་ཕོ་ལ་ལྕག་གིས་སྐུལ་བ་དང་གཉིས་སུ་མ་མངོན་པར་ཁོང་གི་གསར་རྩོམ་གྱི་རླབས་རྒྱུན་མུ་ནས་མུ་རུ་སྔོན་བགྲོད་བགྱིས་ཏེ་ཁོང་ནི་བོད་ཀྱི་རྩོམ་རིག་གསར་བའི་དཔུང་སྡེ་ལས་ཆེས་སྔ་མོའི་གྲས་དང་མ་གླེང་ཚད་མེད་ཀྱི་གྲས་སུ་སླེབས་པའི་གཞི་རྐང་ཡང་ཚུགས་པ་ཡིན་འདུག དེ་ནས་བཟུང་སྟེ་ཁོང་ལ་རྩོམ་རིག་བརྩམས་ཆོས་ཇེ་མང་དང་ནང་དོན་དང་སྒྱུ་རྩལ་སོགས་གང་ཅི་ཐད་ནས་ཀྱང་སྔར་ལས་གོང་འཕེལ་རླབས་པོ་ཆེ་བྱུང་བ་དང་། ཁོང་གིས་དགེ་རྒན་གྱི་ལས་འགན་ལོ་བདུན་ལ་ཁུར་བའི་རྗེས་ནས་ལས་གནས་ཁྲིམས་འཛིན་དྲུང་ཡིག་དང་། ཞང་སྲིད་གཞུང་གི་ཞང་ཀྲང་གཞོན་པ། རྫོང་ཡིག་ཚགས་ཁང་གི་མགོ་གཙོ། རྫོང་ས་གནས་ལོ་རྒྱུས་ཁང་གི་ལས་འཛིན་པ་སོགས་ཀྱི་ལས་འགན་ཁུར་བ་དང་། དེ་དག་གི་དུས་ཡུན་གྱི་སྔ་གཞུག་ཏུ་ཁོང་གི་རྩོམ་རིག་བརྩམས་ཆོས་ཕུད་པའི་གཞན་ལོ་རྒྱུས་དང་རུས་མཛོད(《རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་འབུམ།》པོད་བརྒྱད་ཀྱི་བདག་ཉིད་ཅན)སོགས་བསྒྲིགས་འབྲི་བགྱིས་པ་ཁྱོན་པོད་ཉི་ཤུ་ཙམ་ཞིག་ཡོད་འདུག དེ་ནས་ཁོང་གི་རྩོམ་རིག་བརྩམས་ཆོས་ད་སྔ་བོད་ཡིག་གི་དེབ་གཟུགས་སུ་འཁོད་པ་སྒྲུང་ཐུང་པོད་གསུམ(《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་བ་བདམས་བསྒྲིགས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་བདམས་བསྒྲིགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།) 《ཝ་ནག་ལུང་བ》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།)དང་སྒྲུང་འབྲིང་པོད་གཅིག(《ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།) སྒྲུང་རིང་པོད་བཞི(《མེས་པོ》《སྨུག་པ》གཉིས་སྔ་གཞུག་ཏུ་ཞང་ཀང་གྱི་ལང་དཔེ་སྐྲུན་ཀུང་ཟིས་བསྐྲུན་ཅིང་བཀྲམ།《རླུང་དམར་འུར་འུར།》དཔེ་སྐྲུན་ཁང་མི་གསལ།《ང་ཡི་ཨ་ཕ་གཉིས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། )ཡོད་འདུག དེ་མིན་ད་དུང་བརྩམས་ཆོས་མང་པོ་དབྱིན་ཇི་དང་ཧྥ་རན་སི། ཉི་ཧོང་དང་རྒྱ་ནག སོག་པོ་སོགས་ཀྱི་ཡི་གེར་བསྒྱུར་བ་མ་ཟད་ད་དུང་མི་རིགས་གཞན་གྱི་སློབ་གྲྭ་ཆེ་འབྲིང་གི་བསླབ་གཞིར་ཡང་བདམས་འདུག་སྐད། རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་འདི་ལས་རྒྱས་པ་གཞན་དུ་བརྩམས་བཀྲལ་ཟིན་པས་འདིར་ཉུང་བསྡུས་ཤིག་གིས་ས་བཅད་མ་སྟོང་བའི་དོད་ལས་རྗེས་ཟློས་ཀྱི་ངལ་བ་མི་བྱ། ད་དུང་ཁོང་གསར་རྩོམ་གྱི་ལམ་དུ་ཞུགས་ཚུལ་དང་གསར་རྩོམ་བགྱིད་པའི་ངར་ཁ་ཇི་ལྟར་མ་ཉམས་པ་སོགས་ཁོང་གི་ལྷུག་རྩོམ《ཨ་ཕ》དང《ང་རང་ཤེས་མེད་ཚོར་མེད་ངང་ནས་གསར་རྩོམ་གྱི་ལས་ལ་ཞུགས།》《བརྗེད་དུ་ཕངས་པའི་འདས་དོན་དོན་དྲོན་མོ》དང《1984》《ངའི་གསར་རྩོམ་གྱི་བརྒྱུད་རིམ》ཞེས་པའི་རྩོམ་ཐུང་སོགས་སུ་གནད་ལ་འཁེལ་བ་གསལ་བས་འདིར་དེ་ཙམ་གྱིས་འཐུས་པར་བགྱིའོ།།
དོན་ཚན་གཉིས་པ། 《སྨུག་པ》ཡི་བརྗོད་བྱ་དང་བརྗོད་སྙིང་བཤད་པ། 
《སྨུག་པ》ལས”སྨུག་པ”ཡི་སྦས་དོན་གྱི་ཆ་ཙམ་སྤྲོས་པ།
བརྩམས་སྒྲུང《སྨུག་པ》ནི་མངོན་མཚོན་རིང་ལུགས(表现主义)ཀྱི་ཐབས་རྩལ་བཀོལ་བའི་བརྩམས་ཆོས་ཤིག་རེད་ཅེས་བརྗོད་ཀྱང་རིགས། འདི་ལས་རྒྱང་མི་རིང་བའི་དངོས་ཡོད་སྤྱི་ཚོགས་འཚོ་བའི་མི་མངོན་པའི་ཆར་གནས་པའི་མི་དང་མིའི་དབར་གྱི་འབྲེལ་འདྲིས། མི་སེམས་ཀྱི་ཆགས་སྡང་དང་འགལ་འདུ། མི་ནི་སྤྱི་ཚོགས་ཀྱི་གཡོ་སྐྱོམ་དང་འཚོ་བའི་རེ་དོགས་ཀྱིས་མགོ་འཐོམ་པར་བྱེད་པ་དང་ལོག་ལམ་དུ་འཁྲིད་པར་རྩོམ་པ་ལྟ་བུ་སོགས་ཀྱི་རྒྱུ་རྐྱེན་རིགས་ཤིག་གི་དཀྱིལ་དུ་ལྷགས་དུས། རང་བཞིན་གྱི་སྤ་བཀོང་བ་དང་དོ་བསྡོ་བ་ལྟ་བུའི་མི་གཤིས་ཀྱི་འགྱུར་བ་མི་འདྲ་བ་སྣ་ཚོགས་པ་དེ་བསྐྱུད་པ་དང་བཏང་སྙོམས་ཀྱི་གནས་སུ་མ་ལྷུང་བ་དང་། དེ་དག་ནི་ཕུན་སུམ་ཚོགས་པའི་མི་གཤིས་ཀྱི་གྲིབ་སོས་ཁྱབ་པའི་བརྩམས་སྒྲུང་གི་ཐོག་མཐའ་བར་གསུམ་དུ་གཡས་གཡོན་གྱི་ཕྱོགས་སུ་མ་སོང་བར་བཀོད་པ་ཞིག་ཀྱང་ཡིན་ལ། དེ་བཞིན་དུ་བརྩམས་ཆོས་འདིར“སྨུག་པ”ནི་མི་གཤིས་ཀྱི་འགྱུར་ལྡོག་གམ་མི་གཤིས་ཀྱི་གསང་གནས་ཀྱི་ཆ་ཞིག་གི་མཚོན་རྟགས་དང་ཡང་མཚམས་ལན་རེར་ཚོགས་སྤྱི་ཞིག་གི་ངོ་གདོང་རབ་རིབ་དེ་རབ་རིབ་ཀྱི་མཚོན་རྟགས་ཀྱིས(ངས་དཔེ་ལྟ་ས་གཙོ་བོ་ནི་ཐབས་རྩལ་ཡིན། དཔེ་དེ་ཇི་ལྟར་བལྟ་དགོས་ཟེར་ན། དཔེར་ན། སྐུད་པ་འཁེལ་བ་ལ་མཚོན་ན། ཁོ་ཚོ་ནི་ཤིང་བལ་གྱིས་དགལ་དགོས་པ་ཞིག་དང་། འུ་ཚོས་ལུག་བལ་གྱིས་དགལ་དགོས་པ་ཞིག་ཡིན་ན། ངས་ནི་སྐུད་པ་འཁེལ་སྲོལ་གྱི་ལག་རྩལ་ཁོ་ན་བསླབས་པ་ཡིན།③ )མཚོན་པར་བྱེད་པ་དང་གསལ་བར་བྱེད་པའི་ཐབས་རྩལ་ཞིག་བཀོལ་ནས་ཡོད་པས། “སྨུག་པ”ནི་བརྩམས་ཆོས་ཀྱི་གཞུང་རྟ་ལྟ་བུ་སྟེ་གྲུབ་ཆ་གལ་ཆེན་ཞིག་ཏུ་བཟུང་ནས་བརྩམས་ཆོས་སུ་སྲ་ཞིང་བརྟན་པའི་གཟེར་བུ་བཞིན་དུ་བཏབ་ནས་ཡོད། བརྩམས་ཆོས་སུ་རྟག་པར་རྒྱུ་བའི“སྨུག་པ”ནི་རླངས་གཟུགས་ཀྱི་ཕྱི་རིམ་ཁོ་ན་ལས་རྒྱུ་ཞིང་ཕྱི་དོན་ཙམ་པོ་བའི་ཆ་ལ་གཞོལ་བ་ཞིག་མིན་ལ་དེ་འདྲར་ལྟ་བ་ནི་མཚོན་རྟགས་དེ་མཚོན་རྟགས་སུ་བློ་མ་ཕྱོགས་པ་དང་། དེ་ནི་སྣ་གཅིག་ཅན་དུ་བལྟས་པའི་སྐྱོན་དུ་འགྲོ་ལ། ད་དུང་གོ་སྟོབས་ཆུང་དྲགས་པའི་ལན་པ་ལས་མི་སྣང་། སྒྱུ་རྩལ་བརྩམས་ཆོས་ཤིག་རོལ་མྱོང་གི་སྐབས་སུ་སེམས་པ་ཁུང་སྦུབས་ལས་འཁུམ་འཁུམ་མི་བྱེད་པར་ཅུང་ལྷོད་ཡངས་པོར་བྱས་ནས་རང་དབང་ལྡན་པའི་ངང་ནས་ཡིད་འོང་གི་ན་ཆུང་མ་ཞིག་ལ་འཁྱུད་སྦྱོར་བྱེད་པ་བཞིན་དུ་ཞུགས་ཐུབ་ན་གཟོད་དེ་བསྟུན་གྱི་རོལ་མྱོང་གི་བྲོ་བ་ཁྱད་མཚར་དང་མཇལ་བར་རྒྱང་ཐག་མི་རིང་། 

ཡང་ན”སྨུག་པ“ནི་བབ་བསྟུན་ལྟར་བཀོད་པའི་མཚོན་རྟགས象征ཤིག་ཡིན་ལ། ”སྨུག་པཞེས་འབྱུང་ཐེངས་རེ་རེ་ལ་དེས་སྐབས་བབ་བརྗོད་བྱ་མི་འདྲ་བ་རེ་རེ་སྟོན་ཏེ། དཔེར་ན་མི་སྣའི་གཤིས་ཀའི་འགྱུར་བག་མངོན་པ། བརྩམས་ཆོས་སྤྱིའི་མཁའ་དབུགས་ཇེ་སྟུག་ཏུ་གཏོང་བ། བརྩམས་ཆོས་ལ་མཐོ་རླངས་བྱུང་བའི་སྣེ་ཐིག་ཏུ་ཁེལ་བ། བརྗོད་ཡུལ་དུ་གྱུར་བའི་ཕྱི་རིམ་གྱི་གནད་དོན་གང་མང་ཞིག་རྒྱུ་རྐྱེན་རིགས་ཤིག་གིས་བརྗོད་མེད་དུ་གྱུར་པས“སྨུག་པ”ནི་དེ་དག་སྒྲིབ་བྱེད་དམ་གབ་བྱེད་ཀྱི་ཐབས་རྩལ་དང་མཚོན་རྟགས་སུ་བཀོལ་བ། ཀློག་པ་པོ་དག་ལ་བསམ་གཞིགས་ཀྱི་བར་སྟོང་སྣུམ་པོ་འཇོག་པ་སོགས་ཀྱི་དགེ་མཚན་ལྡན། རྩ་གནད་ཀྱི་ཆ་ནསསྨུག་པ ནི་ཕྱི་དོན་གྱི་ངོ་གདོང་རབ་རིབ་དེ་རབ་རིབ་ཀྱིས་མཚོན་བྱེད་དང་ནང་རིམ་གྱི་འགྱུར་བ་ཆུ་བོའི་ཆབ་སོ་བཞིན་མི་བརྟན་ལྡེམ་ལྡེམ་གཡོ་བ་དང་གྱ་གྱུ་འགྲོ་བའི་མཚོན་རྟགས་སམ་བརྡ་རྟགས་དེ་ཡིན་ཡང་། “སྨུག་པ”ནི་བརྩམས་ཆོས་སུ་ལན་སུམ་ཅུ་ལྷག་ཅིག་བྱུང་བའི་སྐབས་རེ་རེའི་མཚོན་རྟགས་ནི་ཕྱི་དོན་དང་ནང་རིམ་གཉིས་སུ་མ་ཕྱེ་བར་བརྗོད་ན། དེ་དག་ཕལ་ཆེར་གྱིས་བརྗོད་ཡུལ་མི་འདྲ་བ་རེ་རེའི་ཉམས་འགྱུར་སོགས་གསལ་བཤད་བྱེད། དཔེར་ན། བརྩམས་ཆོས་སུབདེ་མཆོག་སྒེའུ་ཁུང་རྩ་རུ་བསྡད་དེ་དུ་བ་འཐེན་ཞོར་ཕྱི་རོལ་གྱི‘སྨུག་པ’སྟུག་པོ་དེར་བལྟས་འདུག སྔོན་ཆད་ཁོ་བོ‘སྨུག་པ’ར་བལྟ་རྒྱུའི་གོམས་སྲོལ་མེད་ནའང་ཁོའི་གྲོགས་པོ་སེང་གེའི་དགའ་གྲོགས་རི་མོ་བ་མེ་ཏོག་གིས‘སྨུག་པ’ཡོད་དུས་ཀྱི་ཞོགས་པ་རེ་རེར་བདེ་མཆོག་གི་སྒོ་བརྡུངས་ནས་ཨུ་ཚུགས་ཀྱིས་མལ་ལས་ལངས་སུ་བཅུག་སྟེ་ཁོ་མོའི་སྲུང་དམག་གི་ཚུལ་དུ་རི་རྩེར་ཁྲིད་དེ་རི་མོ་འབྲི་སྐབས་ཁོས་ཀྱང་དམའ་གཞུང་གི་ཞོ་བླུགས་པ་འདྲ་བའི‘སྨུག་པ’འི་མཛེས་ལྗོངས་ལོངས་སུ་སྤྱད་པ་དང་། རིམ་བཞིན་ཁོ་རང་ཡང་ཤེས་མེད་ཚོར་མེད་ངང‘སྨུག་པ’ར་བལྟ་རྒྱུར་དགའ་བར་གྱུར་ཏེ་མེ་ཏོག་གི་ལག་ནསརྩེ་གཞུང་གི‘སྨུག་པ’ཞེས་པའི་རི་རྒྱུད་ལྷུན་པོས་རྒྱབ་ལྗོངས་བྱས་པའི་ཚུ་རོལ་ཏུ་སྨུག་པ་སྟུག་པོ་ལང་ལོང་གཡོ་བའི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ཞིག་བསླངས་ཡོང་སྟེ་རང་གི་སྔས་མགོར་བཀལ་ཡོད།④ འདིར་གཞིགས་ནསྨུག་པདང་པོས་སྨུག་པར་མི་དགའ་བའི་བདེ་མཆོག་གི་གཤིས་ཀའི་ཆ་སྟོན་པ་དང་། གཉིས་པས་ཁོ་པ་དང་དགའ་ཕྱོགས་མི་འདྲ་བའི་མི་སྣ་མེ་ཏོག་གི་གཤིས་ཀ་སྟོན་པ། དེའི་འཕྲོ་ཡི་བླན་པའི་ཆ་བཅས་ཀྱི་རྣམ་པ་ཞིག་གིས་བདེ་མཆོག་གི་གཤིས་ཀའི་འགྱུར་པ་སྟོན་པ་དང། དེ་ནས་རིམ་བཞིན་ཁོ་པའི་གཤིས་ཀའི་ཉམས་སྟོན་པ་དང་གཤིས་ཀ་དེ་ངོམ་སོ་བྱེད་བཞིན་པ་སྟོན་པ“སྨུག་པ”ནི་ས་ཁར་རྒྱུ་བའི་རླངས་གཟུགས་ཤིག་ཏུ་གོ་མི་རིགས། སྐབས་ལན་རེར་ཕྱི་དོན་གྱི་ཆར་དམིགས་ནས་སྤྱི་ཚོགས་ཀྱི་འགལ་འདུ་མང་པོ་ཞིག་སྟོན་བཞིན་ཡོད་ནའང་། གོང་དུ་བརྗོད་པ་བཞིན་དོན་རྐྱེན་རིགས་ཤིག་ནི་རབ་རིབ་དང་མག་མོག་ཡིན་པས་རང་བཞིན་ལྟར་བརྗོད་ན་ལེགས་ཆ་མང་པོ་མངོན་པ་དང་ཡང་དྲང་ཐད་དུ་བརྗོད་པར་ལམ་ལྷོང་བདེ་བོ་ཡོང་བཀའ་བ། བརྗོད་པའི་ཡུལ་ལས་འདས་པ་སོགས་རིགས་སྣ་ཚོགས་གྲུབ་པས་ཀྱང་དམིགས་པ་རྩེར་སོན་པ་ཞིག་གཏད་པའི་སྣེ་ཐིག་དེའང་སྐབས་དང་སྐབས་སུ་ཐོལ་ཐོལ་གྱིས“སྨུག་པ”ཞིག་གིས་སྒྲིབ་པར་བྱེད་པ་ནི་བརྩམས་ཆོས་ཀྱི་ཕུན་སུམ་ཚོགས་པའི་ཉིང་ལག་ཏུ་འགྱུར་བ་ལས་སྐྱོན་དུ་མི་མཐོང་།

མདོར་དྲིལ་ན“སྨུག་པ”ཞེས་བརྩམས་ཆོས་ཀྱི་སྟོང་མཇུག་བར་གསུམ་དུ་ཟུངས་ཁྲག་བཞིན་བྱེར་ནས་ཡོད་པ་དེ་ནི་བརྩམས་ཆོས་ཀྱི་མཁའ་དབུགས་ཅུང་རབ་རིབ་བམ་ཧ་ཅང་གསལ་རྗེན་མིན་པའི་བྱེད་ཐབས་སོགས་སུའང་བཀོལ་བས་བཀླགས་མ་ཐག་ཏུསྨུག་པཡི་སྒྱུ་རྩལ་མཚོན་ཐབས་སོགས་དང“སྨུག་པ”ཡི་བརྡ་རྟགས་ཀྱི་ཆ་ཡོངས་རྟོགས་དཀའ་མོད། འོན་ཀྱང་ཞིབ་ཏུ་འཇལ་ན་འདི་ནི་རྩོམ་པ་པོས“བཙིར་ནས་ཕྱུང་བ་ཞིག་མིན་པར”མི་སེམས་ཀྱི་ཆགས་སྡང་ལ་སོགས་པའི་རླངས་རིས་རྒྱུན་ཆད་མེད་པར་གཡོ་སྐྱོམ་བྱེད་པའི་ཆ་ལ་གཟབ་ཉན་བྱས་ནས་དེ་ངེས་པར་བྱ་བའི་ལག་ཐབས་སྤྱད་ཡོད་པ། ཀློག་པ་པོར་བསྐྱུར་བའི་བསམ་གཞིགས་ཀྱི་བར་སྟོང་དང་སེམས་ཀྱི་ལོངས་སྤྱོད་ཁྱད་པར་བ་ཞིག་ཀྱང་ཡིན་པ་ཚོར།

དང་པོ། བརྗོད་བྱ་རགས་ཙམ་བཤད་པ། 

རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་བྱ་བར་སྒྲ་ཡངས་འཇུག་གི་བརྗོད་བྱ་དང་སྒྲ་དོག་འཇུག་གི་བརྗོད་བྱ་གཉིས་སུ་དབྱེ་བ་ལས་སྐབས་དོན་གྱི་དཔྱད་པར་བགྱི་བའི་བརྗོད་བྱ་ནི་བརྩམས་ཆོས་ནང་དུ་གྲིབ་གཟུགས་ཙམ་ཡང་མི་མངོན་པའི་སྒྲ་ཡངས་འཇུག་གི་བརྗོད་བྱ་རིགས་དེ་མ་ཡིན་ཏེ། བརྩམས་ཆོས་ཀྱི་ལུས་སུ་ཤ་ཁྲག་རུས་གསུམ་བཞིན་ཆགས་པའི་སྒྲ་དོག་འཇུག་གི་བརྗོད་བྱ་ཡིན། སྒྲ་དོག་འཇུག་གི་བརྗོད་བྱ་བྱ་བ་ནི་རྩོམ་པ་པོ་འཚོ་བ་དངོས་ལ་ཞུགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་བསྡུ་བ་དང་། ཡང་རྩོམ་པ་པོ་སྤྱི་ཚོགས་འཚོ་བ་དངོས་ལ་མ་ཞུགས་ཀྱང་རྒྱུ་རིགས་གང་མང་ལ་བརྟེན་ནས་མྱོང་རྟོགས(དཔེ་ཀློག་དང་ངག་རྒྱུན་སོགས)ལས་བྱུང་ཞིང། རྩོམ་པ་པོས་དེ་ལ་བཅོས་སྣོན་རབ་དང་རིམ་པ་བགྱིས་མཐར་རྩོམ་རིག་བསྟན་བཅོས་སུ་གྲུབ་པར་བགྱིས་ནས་རྩོམ་རིག་བསྟན་བཅོས་ཀྱིས་བདག་ཏུ་བཟུང་བའི་ཚིག་རེ་རེས་མཚོན་པར་བྱ་བའི་དོན་གྱི་ཆ་ཤས་སམ་ཡན་ལག་གི་དོན་ཏེ་བྱ་དངོས་ཀྱི་རང་བཞིན་དང་མི་དངོས་ཀྱི་རང་བཞིན། གང་དག་གི་འཕེལ་འགྱུར་དང་ཆག་གྲུམ་སོགས་ཅི་རིགས་པ་སྟོན་པའི་བརྩམས་ཆོས་ཀྱི་ཚིག་དོན་ལ་བྱ”བརྩམས་ཆོས་ནང་ཞིབ་འབྲི་བྱས་པའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་བྱེ་བྲག་པ་ཞིག་ལ་གོ་སྟེ། རྩོམ་པ་པོས་གདམ་གསེས་དང་བཙོ་སྦྱང་། ལས་སྣོན་བྱས་པ་བརྒྱུད་ནས་བརྩམས་ཆོས་ནང་དངོས་སུ་བྲིས་པའི་བསམ་བློ་མཚོན་བྱེད་ཀྱི་འཚོ་བའི་རྒྱུ་ཆ་ཁ་ཚང་ཞིག་ལ་ཟེར”⑤ཞེས་གསུང་བ་བཞིན་ནོ།།

རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་དངོས་ལ་ཕྱིའི་སྤྱི་ཚོགས་འཚོ་བའི་དྲི་དང་རང་བྱུང་ཁོར་ཡུག་གི་དྲི་མ་བྲོ་ལ་མི་སྒེར་གྱི་ནང་སེམས་ཀྱི་འགྱུར་བག་གི་དྲི་མའང་སྟུག་པོ་བྲོ། གཞན་ཡང་བརྩམས་སྒྲུང་གིས་མཚོན་པར་བགྱིས་པའི་འཚོ་བ་ནི་ལྷུག་རྩོམ་དང་སྙན་ངག་སོགས་ཀྱི་འཚོ་བ་མཚོན་པ་ལྟ་བུ་མ་ཡིན་པར་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པ། འཚོ་བའི་རྙོག་འཛིང་དང་འགལ་འདུ་སྣ་ཚོགས་པ་མཚོན་པ་སོགས་གང་གི་ཐད་ནས་ཀྱང་གཏན་ནས་མི་འདྲ་བའི་གནས་ལུགས་བཞིན་དུ་སྐབས་དོན་གྱི་བརྩམས་སྒྲུང《སྨུག་པ》ཡི་བརྗོད་བྱའང་བཙོ་སྦྱང་ལེགས་པོ་ཐོབ་པའི་བརྗོད་བྱ་སྣ་མང་ཅན་ཞིག་ཡིན་ལ། བརྗོད་བྱའི་དོན་རེ་རེས་དུས་རབས་ཀྱི་ཁྱད་ཆོས་དང་མི་སྒེར་གྱི་སེམས་ཁམས། སྤྱི་ཚོགས་འཚོ་བ་དང་རང་བྱུང་ཁོར་ཡུག་སོགས་ཀྱི་འབུར་དོད་དང་མི་མངོན་པར་གནས་པའི་བྱ་དངོས་རེ་རེེ་བརྗོད་བྱའི་དྭངས་མར་བཟུང་ནས་གསོན་ཤུགས་སོགས་མ་ཡལ་བའི་ངང་ནས་མངོན་པར་མཚོན་ཡོད། བརྩམས་སྒྲུང་འདི་ཡང་བརྩམས་སྒྲུང་གཞན་དང་འདྲ་བར་མི་སྣའི་གཤིས་ཀའི་འགྱུར་བར་འགྲོགས་ནས་བརྗོད་བྱ་སོགས་གཏན་ལ་ཕབ་པ་དང་། སྔར་གྱི་བརྩམས་སྒྲུང་ཀུན་དང་མི་འདྲ་བར་དུས་རབས་གསར་བ་ཞིག་གི་ཀྱོག་མཚམས་ནས་ན་གཞོན་དག་གིས་སྤྱི་ཚོགས་ལ་གདོང་ཐུག་རྒྱག་པ་དང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་རིག་གནས་སྣ་མང་གི་འདུ་ལོང་ལ་གཟབ་ཉན་དང་གཟབ་བལྟ་བགྱིད་པ། དེ་དང་བླངས་ཐུབ་ལ་མ་ཐུབ་པའི་ངང་ཚུལ་བརྗོད་བྱ་བགྱིས་ཡོད་པ་དང་། ད་དུང་གཞན་མི་རིགས་རང་བཞིན་དང་གཞན་འགྱུར་རང་བཞིན་སོགས་བརྗོད་བྱ་སྣ་ཚོགས་པ་མཆིས་པའི་བརྩམས་སྒྲུང《སྨུག་པ》ཡི་བརྗོད་བྱའི་སྣེ་ཟུར་ཅུང་ཆེ་གྲས་འགའ་དབྱེ་ཙམ་བགྱིས་ནས་གཤམ་དུ་བརྗོད་པར་བགྱིའོ།།

གཅིག། རང་བྱུང་སྐྱེ་ཁམས་ཀྱི་ཚེ་སྲོག 

རང་བྱུང་ཁོར་ཡུག་ནི་རྩོམ་པ་པོ་ཁོང་གིས་རྒྱུན་པར་གནད་ལ་བཟུང་བའི་བརྗོད་བྱ་ཞིག་ཡིན་པར་མ་ཟད་ཁོང་གི་ཕྱི་རྩོམ་འགའ་རེའི(《ཝ་ནག་ལུང་བ》ལྟ་བུ) ནང་དུའང་གཙོ་བོ་མངོན་པར་བགྱིས་ཡོད་ལ། ད་རེབ་ཀྱི་བརྗོད་གཞི《སྨུག་པ》ཡི་ནང་གི་བརྗོད་བྱའི་སྣེ་ཟུར་རྣོ་དབལ་ཅན་འགའ་ཞིག་ཡོད་པ་ལས་གཅིག་ནི་རང་བྱུང་ཁོར་ཡུག་གི་སྟེང་དུ་ཕབ་འདུག་ཡོད་ལ། རང་བྱུང་ཁོར་ཡུག་ལ་ཕོག་པའི་གནོད་སྐྱོན་དང་རྨ་ཁ་ལ་སེམས་ཁུར་དང་གདུང་འབོད་བགྱིད་པ་ནི་སོ་སོའི་ཡུམ་ཆེན་གྱི་སྐུ་ལུས་དང་ཁོང་གི་མིའི་རིགས་ཀྱི་མ་འོངས་པའི་བདེ་སྡུག་ལ་སེམས་ཁུར་གནང་བ་དང་འདྲ། ཡང་སྐྱེ་ཁམས་ཀྱི་ཚེ་སྲོག་ནི་འཇིག་ཉེན་ཆེ་བའི་མི་བུ་རང་རང་གི་ཕོར་བ་དང་འདྲ་ལ་དེ་སོ་སོའི་ལག་ཟུང་ལས་དུས་ཡུན་ཇི་འདྲ་ཞིག་ལ་གནས་མིན་ནི་ཕོར་བ་དེ་ལག་ཟུང་གིས་ཇི་འདྲའི་ངང་ནས་སྐྱོར་མིན་ལ་རག་ལས། དུས་ག་ཤེད་ཅིིག་ལ་རང་ལག་གི་ཕོར་བ་དེ་ཤོར་ནས་སིལ་བུར་གྱུར་བའང་གང་ཞིག་གི་དབང་དུ་ཚུད་ཚེ་ཕངས་སེམས་ཀྱིས་མནར་ནས་གདུང་འབོད་དང་ཕན་ཚུན་ལ་ལེ་བདའ་ཇི་འདྲ་བྱས་ཀྱང”བྱི་ལ་ཤོར་རྒྱབ་ཀྱི་སྐར་ཁུང་སྒྲིབ་པ”ཡི་དཔེ་ཡི་རྗེས་སུ་འགྲོ་བ་ལས་གང་ཡང་མ་མཆིས་མོད། འོན་ཀྱང་དེའི་གནས་ལུགས་ཤེས་མཁན་ནི་ཤེས་ཡོན་པའི་སྡེ་སོགས་ཡིན་པ་ལས་དམངས་ཕལ་བ་ལ་དེའི་ཐད་ཀྱི་ངེས་ཤེས་ལེགས་པོ་མེད་རྐྱེན་བདག་སྐྱོང་གི་ལས་སུའང་མི་འཇུག་པ་དང་། དེའི་གནས་ལུགས་ཤེས་མཁན་དག་གིས་གྲོགས་པོ་སོགས་ལ་ཕན་ཚུན་ནང་གཏམ་གྱི་ཚུལ་དུ་སྨྲ་བ་དང་། རང་རང་གི་སེམས་ཀྱི་ན་ཟུག་དང་སྡུག་ཡུས་ཙམ་ལས་དམངས་ལ་མི་སྒྲོག་ལ་རང་རང་གིས་ལག་ལེན་ལའང་བསྟར་བར་མི་བྱེད་པར་རང་བྱུང་ཁམས་ཆེན་མོ་འཇིག་པ་ལ་བལྟས་ནས་གདོང་གཉེར་གཉེར་དང་སེམས་སྐྱོ་སྐྱོ་བྱེད་པ་ཁོ་ན་ཙམ་དུ་ཟད་པ་ལ་ཉེས་རྡུང་བཏང་ཡོད་པ་དང། ཡོན་ཏན་པའི་སྡེ་མཆོག་ཏུ་བགྲང་འོས་པ་དག་གིས་སོ་སོའི་མི་བདེ་བའི་བློ་སེམས་དེའང་ཅི་མི་སྙམ་པར་ཤུལ་དུ་བསྐྱུར་འཇོག་སྤོབས་པའི་སྣང་བ་སོགས་ཡོད་པས། མིག་གིས་བལྟས་བལྟས་རིག་རིག་ལ་འཇིག་ཉེན་གྱི་ཁྲོད་དུ་ལྷུང་བ་དང་ལྟུང་གིན་པའི་རང་བྱུང་ཁམས་ཆེན་མོ། རྩོམ་པ་པོས་གདུང་བ་ཆེན་མོའི་ནང་དུ་བཀུག་ནས་ནན་ཏན་གྱིས་བརྗོད་བྱར་ལྷུར་ལེན་བགྱིས་ཏེ་རང་བྱུང་ཁམས་ཆེན་པོའི་འཇིག་ཉེན་མཐོང་ཡང་མི་སྨྲས་བརྟུལ་ཞུགས་འཛིན་མཁན་དང་། ད་དུང་རང་ཉིད་ཁོར་ཡུག་དེ་དང་རིང་དུ་བཀྱེེད་པ་དང་རིང་དུ་བགྱེད་འདོད་སྐྱེས་པའི་སེང་གེ་ལྟ་བུ་སོགས་ཀྱི་སྐྱོན་ཡོན་དག་བརྗོད་བྱའི་གནད་ཀྱི་ཟབ་སར་གཞི་རྐང་བཙུགས་ནས་རང་བྱུང་ཁམས་ཀྱི་འཇིག་ཉེན་བརྗོད་བྱའི་དྭངས་མར་བཟུང་ཡོད་འདུག དཔེར་ན་ཇོའུ་ཏིས་ཀྱིས”ཡིན་ནའང་ད་ལྟ་རྩྭ་ཐང་ཡང་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་མིན་ནམ།”སེང་གེས”ཤུ _  རེད་ཡ། དེའི་ཕྱིར་ང་ཚོའི་མི་རབས་འདིས་ལྡབ་འགྱུར་གྱིས་སྡུག་རུས་བྱེད་དགོས་པ་རེད”ཅེས་ཇོའུ་ཏིས་ཀྱིས་བསྙད་པ་ཇི་བཞིན་ངོ་མ་གདུང་བ་ཆེན་པོ་དང་བཅས་ཏེ་སྙིང་སྟོབས་ལྡན་པའི་སྐད་ཆ་འདི་ལ་སུའང་ཡིད་སྨོན་འཆོར་སྲིད་མོད། འོན་ཀྱང་གནད་དོན་དེ་ལྟ་བུ་ནི་སེང་གེའི་སེམས་ཀྱི་ཟུག་གཟེར་ཁོ་ན་ལས་མ་ཡིན་པར”རྩེ་གཞུང་རྩྭ་ཐང་གི་མི་སྨུག་པ”ལྟར་སྐད་ཅིག་ལ་འོངས་ནས་སྐད་ཅིག་ལ་ཡལ་འགྲོ། ཡིན་ཡང་སེང་གེའི་སེམས་སུ་འགྲོ་འོང་ཆེན་བའི”སྨུག་པ་དང་རྫས་འགྱུར་བཟོ་གྲྭའི་དུད་སྨུག”དེས་འཚུབ་སྐོར་བགྱིས་ཏེ་མི་བདེ་བའི་སྣང་བ་སྐྱོར་སྐྱོར་བཟོ་ཡི་ཡོད་པས་སེང་གེའི་སེམས་འདུན་གྱི་གྲུ་ཟུར་རེ་རེའང་སྐབས་དང་སྐབས་སུ་ཕྱི་ལ་དེད་ནས”ང་ནི་རང་གི་ཨ་མ་ལ་དགའ་བ་བཞིན་རང་བྱུང་ཁམས་ལ་དགའ་བ་ཙམ་ཡིན”རང་བྱུང་ཁོར་ཡུག་གི་རིན་ཐང་མི་སྣ་སེང་གེའི་ངག་ལམ་བརྒྱུད་ནས་སྒྲོག་པར་བྱེད་དེ། རང་བྱུང་ཁོར་ཡུག་གི་དྲིན་དང་དེའི་ཆགས་འཇིག་ལ་མནོལ་བསམ་བགྱིས་ཀྱང་ལག་ལེན་ནམ་དམངས་ལ་སྒྲོག་པའི་ལས་མི་བྱེད་པའི་གནད་དོན་གླེང་བ་དང་བསམ་བློ་དེ་ཡང་མཇུག་སྒྲིལ་བ་དུས་མཉམ་ལྟ་བུར་བགྱིས་འདུག་པ་ལས། ཨ་མ་ལགས་ལ་བདག་སྐྱོང་གི་ལས་བྱེད་པའི་ལས་ལ་ནི་མི་གཞོལ་བ་དང་། ད་དུང་མགོ་ཁྲིད་སོགས་ཀྱིས་ཁོར་ཡུག་ལ་དོ་སྣང་སྤུ་ཙམ་མི་བྱེད་པ་སོགས་བརྗོད་བྱའི་ཟབ་སར་བཅུག་སྟེ་སྐྱོར་སྐྱོར་སྤྲོས་ནས་ཡི་གེ་བའི་སྡེ་ལྟ་བུ་ལ་ཡིད་ཆད་ཀྱི་སྣང་བས་ཁེངས་པ་སོགས་བརྩམས་ཆོས་སུ་བྱེར་བར་བྱས་ནས་ཡོད། དེ་ཡིས་བརྗོད་བྱ་འདི་འབུར་ཚུགས་སུ་དོད་པར་བགྱི་བ་དང་ཉེན་འཚབ་ཀྱི་འདུ་ཤེས་སྐྱེ་རུ་འཇུག་པ་རྒྱུ་ཇེ་རྒྱས་དང་ལྷུ་ཇེ་འགྲིག་ཏུ་བཏང་ནས་ཡོད་འདུག

གཉིས། སྐད་ཡིག་གི་སྐྱེ་རྒྱུན་གྱི་འཇིག་ཉེན། 

ཕྱི་དངོས་པོའི་དཔལ་འབྱོར་དང་ཚན་རིག་ལག་རྩལ་སོགས་ལ་འཕེལ་འགྱུར་རླབས་པོ་ཆེན་ཕྱིན་པ་དང་འགྲོགས་ནས་མིའི་དབང་ཤེས་སྒུལ་བར་བྱེད་པའི་བྱ་དངོས་ཀྱང་མང་དག་བྱུང་བ་དང་རིག་གཞུང་གསར་རྙིང་སྣ་མང་ལ་འཕོ་འགྱུར་དང་བརླག་སྟོར་ཅི་རིགས་མངོན། མིའི་འགྲོ་འོང་སོགས་གང་ཅིའི་ཐད་ནས་སྟབས་ཇེ་བདེར་གྱུར་ཏེ་མི་དང་མིའི་བར་གྱི་འབྲེལ་འདྲིས་སོགས་སྔར་ལས་ལྡབ་འགྱུར་གྱི་མགྱོགས་མྱུར་ཅན་དུ་གྱུར་བ་དང་། དེར་བསྟུན་མིའི་མཛེས་རྟོག་གི་འདུ་ཤེས་འཛིན་སྟངས་ལའང་འགྱུར་བ་སྣ་མང་བྱུང་བས། བོད་ཀྱི་སྤྱི་ཚོགས་སུའང་བྱ་དངོས་གང་ཡིན་ལ་རིན་ཐང་གི་ལྟ་ཚུལ་སྣ་ཚོགས་བྱུང་སྟེ། སྔོན་ཐོན་དང་རྗེས་ལུས་ལ་སོགས་པའི་བསམ་ཕྱོགས་སྣ་མང་བསྐྱེད། དཔེར་ན། བོད་ཀྱི་སྐད་ཡིག་གི་ཁྱབ་རྒྱ་ཆུང་སྣང་དང་བོད་སྐད་བསླབ་པར་སྙིང་བོ་མེད་པ། བོད་སྐད་ལ་བཀོལ་སྤྱོད་ཀྱི་རིན་ཐང་ཆུང་བ། བོད་སྐད་བོད་ཡིག་བསླབ་པས་འཚོ་གནས་ལ་ཁག་ཐེག་མི་ཐུབ་པ་སོགས་ཀྱི་བསམ་འདུན་སྐྱེས་ནས་གཞན་སྐད་གཞན་ཡིག་ལ་འགྲམ་ཆུ་ལྡང་བཞིན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་འདི་ལྟ་བུ་བརྗོད་བྱར་བྱས་པ། སྤྱིར་སྐད་ཡིག་གི་གནད་དོན་འདི་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་ཞིག་སྟེ་བརྗོད་བྱ་འདི་ལྟ་བུ་ནི་བརྩམས་ཆོས་གཞན་ལས་ཀྱང་རྒྱུན་པར་མཐོང་ཐུབ་པའི་བརྗོད་བྱ་སྤྱིར་བཏང་བ་མ་ཡིན་ཡང་ཆེས་སྤྱིར་བཏང་བ་ཞིག་ཏུ་གྱུར་ཡོད་པའི་བརྗོད་བྱ་ཞིག་ཡིན་མོད། འོན་ཀྱང་སྣང་ཚུལ་དེ་བཀྲམ་སྟོན་ཙམ་གྱི་ལས་སུ་མ་བཏང་བར་སྐད་ཡིག་གི་ཉམས་རྒུད་བརྩམས་སྒྲུང་སྤྱི་ཁོག་གི་མཁའ་དབུགས་དང་སྦྲགས་ནས་སྐད་ཡིག་ལ་འཇིག་ཉེན་བྱུང་བ་དེ་ཚོགས་པ་དང་སྤྱི་བམ་ཙམ་མ་ཡིན་པར་མི་སྒེར་སོ་སོའི་སྟེང་དུ་བབས་པ། དེའང་སྤྱིར་བཏང་གི་སྣང་ཚུལ་ཙམ་གྱི་ངོས་ལས་བསྐྱུར་ཏེ་ཡིད་མགུ་བར་མི་བྱེད་པར་འགྱུར་བག་བཙན་པོའི་ངོ་བོར་གཞིགས་ཤིང་། སྒྱུ་རྩལ་གྱི་མཐོ་རླབས་ཤུགས་དྲགས་པོ་བརྗོད་བྱའི་གཟུངས་གཞུག་ཏུ་བཅུག་ཅིང་བརྗོད་བྱ་དེ་ཉིད་མཚོན་ཐབས་ཕུན་སུམ་ཚོགས་པའི་རྣམ་པ་རུ་བཀུག་སྟེ་གོང་ནས་གོང་དུ་འཕགས་པར་བྱས་ཡོད།

སྐབས་འདིའི་དཔེར་འོས་ཀྱི་མི་སྣ་དག་ནི་སེང་གེ་དང་མེ་ཏོག པ་སངས་དང་ཀུན་དགའ་སྒྲོལ་མ་སོགས་ཡིན་ལ་དེ་ལས་ཀྱང་སེང་གེ་དང་མེ་ཏོག་གཉིས་ནི་མི་སྣ་གཙོ་གྲས་ཤིག་ཡིན་པར་མ་ཟད་མི་སྣ་འདི་གཉིས་ཀྱི་ལབ་གླེང(对话)གིས་བརྩམས་སྒྲུང་འདིའི་ཁྲོད་ཀྱི་ལབ་གླེང་གི་གསུམ་ཆའི་གཅིག་ལྟ་བུ་བཟུང་ཡོད་ལ། ལྷག་དོན་སེང་གེ་དང་མེ་ཏོག་གཉིས་ཀྱི་ལབ་གླེང་དག་ནི་རྒྱ་སྐད་ཁོ་ནའི་ལམ་ནས་ལབ་གླེང་བགྱིད་པ་ཞིག་ཡིན། བོད་ཕྲུག་གཉིས་ཀྱིས་ཕན་ཚུན་ལ་རྒྱུན་དུ་གཞན་སྐད་བཤད་པ་དེ་ཁོ་ནའི་ཕྱི་ངོས་ཀྱི་རྣམ་པའི་ཆ་ནས་བལྟས་ཀྱང་བོད་ཀྱི་སྐད་ཡིག་ལ་ཉེན་འཚབ་ཀྱི་འདུ་ཤེས་མི་སྐྱེ་རང་སྐྱེ་ཞིག་ཡིན་མོད། འོན་ཀྱང་དེ་ཙམ་གྱིས་འཐུས་པར་མ་གནང་བར་ང་ཚོ་ད་དུང་བརྩམས་ཆོས་ཀྱི་བརྗོད་བྱ་དང་བརྗོད་སྙིང་ལ་སྒོག་པའི་ཤུན་སྐོགས་ལྟ་བུའི་རིམ་པ་དུ་མ་ཡོད་པའི་རིམ་པ་གཅིག་གི་ནང་དུ་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་ཕྱོགས་ནས། དགའ་སྐྱོ་ཆགས་སྡང་མངལ་དུ་སྦྲུམ་པའི་བརྩམས་ཆོས་ཀྱི་དེ་ལས་ཅུང་གཏིང་ཟབ་ཀྱི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ལ་མྱོང་བར་བྱས་ན། སྤྱིར་བཏང་མེ་ཏོག་ལ་རྒྱ་སྐད་བཤད་དུ་བཅུག་པ་ལ་ཀློག་པ་པོ་དག་གིས་དེ་འདྲའི་བློ་ཁ་མི་ཕྱོགས་པར་ཅུང་བཏང་སྙོམས་སུ་བསྐྱུར་ལ་ལྷག་པར་ད་ལྟ་གནས་གང་དུ་ཡང་འགྱུར་ལྡོག་བྱུང་ནས་ཕ་སྐད་ཀྱི་རང་མདངས་དམན་པ་དང་གྲོང་ཁྱེར་སོགས་ལ་ཁ་ཐག་ཉེ་བ། ད་དུང་དེ་དག་ལ་འབྲེལ་འདྲིས་ཅུང་རེ་བྱེད་པའི་མི་བུ་དག་གི་འདུ་ཤེས་སུ་ལྷག་ཏུ་དེ་ནི་སྤྱིར་བཏང་གི་སྣང་ཚུལ་ཞིག་ཏུ་ཆགས་ཡོད་མོད། འོན་ཀྱང་རྩོམ་པ་པོས་དེ་ནི་སྤྱིར་བཏང་གི་སྣང་ཚུལ་ལས་བརྒལ་བར་བྱས་ནས་བརྗོད་བྱ་འདི་ལ་ཀློག་པ་པོ་དག་གིས་གཟབ་ནན་གྱིས་བསམ་གཞིགས་གཏོང་དགོས་པའི་ཉེན་བརྡ་སྐྱོར་སྐྱོར་བཏང་ཡོད། དཔེར་ན་སེང་གེའི་སྒྲུང་རིང《བྲེ་སེར་འབྲོང་གི་མིག་ཆུ》ཞེས་པའི་བརྩམས་ཆོས་རྩོམ་སྒྲིག་ཁང་གསུམ་གྱིས་དང་ལེན་མ་བགྱིས་པར་ཕྱིར་ལ་བསྐུར་ཡོང་ནས་སེང་གེ་ཡིད་སྨེང་བའི་གནས་སུ་ལྷུང་བའི”སྐབས་དེར་མེ་ཏོག་ཡར་ལངས་ནས་ཕར་འགྱིང་ཚུར་འགྱིང་བྱེད་ཞོར’我早就说过学藏文没有前途'(ངས་བོད་ཡིག་བསླབས་ན་མདུན་ལམ་མེད་ཅེས་སྔོན་ནས་བཤད་མྱོང)”ཞེས་དང་། ཡང་ཐེངས་ཤིག”སེང་གེས་ཏཱ་པིས·ལོར་རྗིའི《སྒྲུང་གཏམ་གྱི་སྒྱུ་རྩལ》ཞེས་པའི་དཔེ་ཆ་དེ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཚར་རྗེས་ལག་ཟུང་ཕྱོགས་གཉིས་སུ་རྐྱོང་ཞོར་གླལ་སྒྱིང་རིང་པོ་ཞིག་དང་མཉམ་དུ’哈哈, 三十个字母和四个韵母, 想写什么就写什么。这藏文太科学了, 我们的祖先太伟大。哎 _____可惜呀,将来我们的孩子上学的时候就很难找到一个优秀的藏文老师。(ཧ་ཧ། གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞི། ཅི་ཞིག་འབྲི་བསམ་ན་དེ་འབྲི་ཐུབ། བོད་ཀྱི་ཡི་གེ་ནི་ཧ་ཅང་ཚན་རིག་ལྡན། ང་ཚོའི་མེས་པོ་ཧ་ཅང་རླབས་ཆེན་རེད། ཨེ_____ཕངས་པ་ཞིག་ལ་མ་འོངས་པར་འུ་ཚོའི་བྱིས་པ་སློབ་གྲྭར་འགྲོ་སྐབས་བོད་ཡིག་གི་དགེ་རྒན་ཕུལ་དུ་བྱུང་བ་ཞིག་རྙེད་ཐུབ་རྒྱུ་མ་རེད།)’ཟེར། ‘什么什么?(ཅི་ཞིག་ཅི་ཞིག)’མེ་ཏོག་ཁ་ཚུར་འཁོར་ཏེ’你打算让我们的孩子学藏文?(ཁྱོད་ཀྱིས་འུ་གཉིས་ཀྱི་བྱིས་པར་བོད་ཡིག་སློབ་ཏུ་འཇུག་རྩིས་ཡོད་དམ)’ཟེར།   ‘那当然。(དེ་བཤད་ཅི་དགོས།)’ ‘做梦吧你!(ཁྱོད་ཀྱིས་སྟོང་བསམ་མ་འཆིང་།)'”ཞེས་སོགས་ཀྱི་ཁྱོ་ཤུག་གཉི་ག་རིགས་རྒྱུད་གཅིག་པ་ཡིན་པ་དང་ལྷག་པར་ཁྱི་ཤུག་གཉིས་རང་གི་བུ་ཕྲུག་གི་མ་འོངས་པའི་བློ་ཁ་ཕྱོགས་ཡོད། ཡིན་ན་ཡང་སོ་སོས་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་རྩ་བ་ཉིད་ནས་མི་འདྲ་བར་གྱུར་ནས་གཅིག་གིས་རང་སྐད་སྦྱངས་པ་ནི་རིན་ཐང་མེད་པ་དང་རྗེས་ལུས་ཀྱི་མངོན་རྟགས་སོགས་སུ་སྣང་ལ།  ཡང་གཅིག་ཤོས་ཀྱིས་རང་སྐད་འདི་ཚན་རིག་དང་མཐུན་པ་སྤྱོད་སྒོ་ཆེ་བ་དང་རིགས་ཞེན་ཟབ་པ་སོགས་ཀྱི་ཉམས་འགྱུར་དག་ཕྱོགས་བསྡུས་སམ་གནད་དོན་གཅིག་སྡུད་ཀྱི་རྣམ་པར་བཀོད། དེ་ལ་ནི་སྐོར་བ་དང་སྦས་པ་ཅན་གྱི་ལག་ཐབས་མི་བཀོད་པར་མངོན་སུམ་གྱི་རྣམ་པའི་ཚུལ་དུ་བཀོད་ནས་ཀློག་པ་པོ་དག་ལ་སེམས་ཚེགས་དམིགས་གསལ་བ་སློང་བ་དང་། དེའང་གོང་སྨྲས་བཞིན་རགས་པ་སྤྱི་བཤད་ཙམ་གྱིས་སློང་བ་ཞིག་དང་མི་འདྲ་བར་སྐད་ཡིག་གི་ཉེན་ཁ་དེ་ནི་ཛ་དྲག་གི་སྣང་ཚུལ་ཞིག་གི་དོད་དུ་བརྒྱུས་ནས་བྱུང་རིམ་དང་ལྡན་པར་བྱས་ཏེ་ཀློག་པ་པོ་དག་གི་འདུ་ཤེས་གཡོ་ཞིང་ལྡེམ་པ་ཞིག་ཡིན་ལ། བརྗོད་བྱ་སྤེལ་སྟངས་འདིི་ནི་སྤྱིར་བཏང་གི་སྣང་ཚུལ་ཙམ་དུ་འགྱུར་བཞིན་པའི་གནས་ཚུལ་ལ་རྩོམ་པ་པོའི་ཆགས་སྡང་དང་སྒྱུ་རྩལ་གྱི་ངར་ལྡུད་ནས་སྤྱིར་བཏང་མ་ཡིན་པའི་སྣང་ཚུལ་གྱི་ངོ་བོ་དམར་རྗེན་དུ་བསྟན་ཡོད་པས་འདི་ནི་བརྗོད་བྱ་རིན་ཐང་གཞལ་དཀའ་བའི་ཚད་དུ་བསྐྱལ་ནས་ཡོད་འདུག

གསུམ། མགོ་ཁྲིད་རུལ་སུངས་པའི་ངོ་གདོང་།

མ་གཞི་ནས་རྩོམ་རིག་གི་བརྗོད་བྱ་སོགས་གང་ཡིན་ཡང་སྤྱི་ཚོགས་འཚོ་བའི་སྤྱིར་བཏང་གི་སྣང་ཚུལ་ཙམ་ལས་བརྒལ་ཏེ་སྣང་ཚུལ་དེའི་རྩ་བར་དམིགས་པ་ནི་རྩོམ་རིག་གི་རང་བཞིན་ནམ་ཁྱད་ཆོས་ལྟ་བུ་ཞིག་ཡིན་པའི་ལྟ་ཚུལ་ཡོད་པ་བཞིན། བརྩམས་ཆོས་འདིར་ཡང་སྒྲུང་རིང་ལེགས་གྲས་ཤིག་ལ་ཡོད་འོས་པའི་བརྗོད་བྱ་སྣ་མང་ཡོད་པ་ལས་བརྗོད་བྱའི་སྣེ་མོ་གཅིག་ནི་ཡང་མགོ་ཁྲིད་རུལ་སུངས་ཀྱི་གནད་དོན་གྱི་དཀྱིལ་སྙིང་དུ་བབས་ནས་གསལ་བར་མངོན་ཡོད།

སྲིད་གཞུང་ངམ་གཞུང་གིས་བསྐོ་བཞག་བགྱིས་པའི་མི་དམངས་ཀྱི་མགོ་ཁྲིད་དག་ནི་མི་དམངས་ཀྱི་མ་འོངས་པ་དང་བདེ་སྡུག་སོགས་ལ་རིག་རིག་མིག་གིས་ལྟ་བཞིན་དུ་ངལ་བ་དང་དུ་བླངས་ནས་མི་དམངས་ཀྱི་སླད་དུ་དཀའ་བའི་ལས་བྱེད་མཁན་ཞིག་དང་། མི་དམངས་ཀྱི་དཀའ་གནད་རེ་རེ་ལ་སེམས་ཀྱིས་གཟབ་གཟབ་ངང་འཚོ་སྐྱོང་བྱེད་མཁན་ཞིག་ཡིན་དགོས་མོད། ཡིན་ཡང་དེ་དག་ལའང་ལེགས་ཉེས་གང་རུང་སྒྲུབ་མཁན་སོགས་ཅི་རིགས་མཆིས་པའི་སྤྱིར་བཏང་གི་སྣང་ཚུལ་དེ་ལས་རྩོམ་པ་པོས་སྣང་ཚུལ་དེའི་རྩ་བའམ་གོམ་ཁ་དང་པོ་ལ་གཟབ་ནན་གྱིས་ལག་སྙོབ་ཐེངས་གཅིག་བྱས་པ་ནི་བརྩམས་ཆོས་འདིའི་བརྗོད་བྱ་སྤེལ་ལུགས་ཀྱི་ཆ་དང་མཚོན་སྟངས་གང་ནས་ཀྱང་དགེ་མཚན་ཆེན་པོ་ཞིག་མཐོང་ཐུབ།  སེང་གེ་དང་ཚུལ་ཁྲིམས། བདེ་མཆོག་གསུམ་གྱིས་བློ་སེམས་རྣམ་པར་དག་པས་མི་རིགས་སློབ་འབྲིང་གི་སློབ་གསོའི་ཕམ་ཉེས་སོགས་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཞིག་མཐོང་ནས་སློབ་གྲྭ་དེ་འགན་གཙང་ལེན་བྱེད་པའི་གྲོས་གཞི་བཏོན་པ་ནས་སྐབས་དོན་བརྗོད་བྱ་འདིའི་མགོ་བསླངས་པ་དང་མཐར་ཁོ་ཚོའི་འདོད་འདུན་བཞིན་འགྲུབ་པའི་གཏམ་རྒྱུད་ཅིག་བཀོད་དེ་བརྗོད་བྱ་འདི་ཅུང་ལྷུ་ལག་འཕྲོད་པོ་ཞིག་ཏུ་གྲུབ་ཡོད། གཏམ་རྒྱུད་འདི་སྤེལ་བའི་གོ་རིིམ་གྱི་ཁྲོད་ནས་མི་སྣ་ཚུལ་ཁྲིམས་ཀྱི་གཤིས་ཀར་འགྱུར་བ་སླེབས་པ་དང་། མི་སྣ་ཚུལ་ཁྲིམས་ཀྱི་བྱ་སྤྱོད་བརྒྱུད་ནས་མགོ་ཁྲིད་རུལ་སུངས་ཀྱི་བྱ་སྤྱོད་ཀྱི་ཉེས་དམིགས་རྣམས་ཐེར་འདོན་བྱས་པ་ཞིག་ཡིན།

མི་སྣ་ཚུལ་ཁྲིམས་ཀྱི་གཤིས་ཀར་འགྱུར་བ་འབྱུང་རྐྱེན་གྱི་ཐོག་མའི་བསྒུལ་ཤུགས་ནི་ཚུལ་ཁྲིམས་ཁོ་རང་གིས་བཤད་པ་བཞིན“སློབ་གྲྭའི་རྣམ་པར་མཐོང་རྒྱུ་རེག་རྒྱུ་ཡོད་པའི་འགྱུར་ལྡོག་བྱུང་ཡོད་པ་འདི་ཁྱོད་གཉིས་ཀྱི་གྲུབ་འབྲས་ཡིན། འདི་ངས་ཁས་ལེན་ལོས་བྱེད། ཡིན་ནའང་དང་ཐོག་ཚང་མས་ང་ཚོར་འཕྱ་སྨོད་བྱེད་སྐབས་ངས་རྫོང་ཨུ་སྲིད་གཞུང་གི་མགོ་ཁྲིད་རེ་རེར་ཁ་ཡག་ངོ་དགའ་བྱས། རྒྱུ་དང་ནོམ་པ་བརྫངས། ཆང་དང་ཟ་མ་བླུད་པས་ཁོ་ཚོ་ད་གཟོད་སློབ་གྲྭ་འགན་གཙང་ལེན་བྱེད་པར་འཐད་པ་བྱུང་བ་རེད། འདི་ཁྱོད་གཉིས་ཀྱིས་ཕལ་ཆེར་ཤེས་ཡོད་ཀྱི་མ་རེད། མ་ཤེས་ཀྱང་སྐྱོན་མེད”ཅེས་ཚུལ་ཁྲིམས་ཀྱིས་རང་ཉིད་འགྱུར་དགོས་པའི་རྒྱུ་རྐྱེན་དང་གོ་རིམ། ད་དུང་རང་ཉིད་འགྱུར་བཞིན་ཡོད་པ་སོགས་གསལ་བོ་བཤད་པ་ལ་གཞིགས་ཀྱང་འདིའི་རྩ་བའི་འབྱུང་རྐྱེན་དེའང་མིའི་རང་བྱུང་གི་གཤིས་ཀ་དང་འབྲེལ་བ་ཅུང་ཟབ་ཤས་ཡོད་མོད། འོན་ཀྱང་དེ་ནི་བརྩམས་ཆོས་འདིའི་བརྗོད་སྙིང་དང་འབྲེལ་བས་འཆད་འགྱུར་དུ་བསྐྱུར་ཏེ་འདིར་བརྗོད་སྙིང་གི་ཤུན་པགས་ལྟ་བུར་ཆགས་པའི་སྐབས་དོན་གྱི་བརྗོད་བྱ་བཤད་པར་བྱ། ཚུལ་ཁྲིམས་ཀྱི་གཤིས་ཀའི་འགྱུར་བའི་གོ་རིམ་ལ་ངོས་གཞན་ཞིག་ནས་གཞིགས་ན་མགོ་ཁྲིད་དག་རུལ་སུངས་སུ་ཆགས་འགྲོ་བའི་སྣང་ཚུལ་ཞིག་གོ་རིམ་ལྡན་པའི་ངང་བརྗོད་པ་ཉུང་ངུའི་ལམ་ནས་ཡིད་སེམས་རྨུགས་པ་དང་ཁོང་ཁྲོ་སློང་བ། ཡིད་གདུང་བ་སོགས་མངོན་པར་བྱེད་པའི་ཆགས་སྡང་གི་སེམས་བྱུང་བསླངས་ནས་ཡིད་ཀྱི་ཁ་ལོ་གཡས་སུ་བསྒྱུར་ལ་གཡོན་དུ་འཐེན་པར་བྱེད་པའི་མགོ་ཁྲིད་དེ་དག་གི་བྱ་སྤྱོད་ཀྱིས་མི་དམངས་ཀྱི་ཟུངས་ཁྲག་འཇིབ་པའི་ངང་ཚུལ་གཏིང་ཟབ་ཀྱིས་སྒོ་ནས་བཀྲམ་སྟོན་བགྱིས་ཡོད།  ད་དུང་རྩོམ་ཆོས་ཀྱི་གོང་ཞོལ་ཀུན་ཏུ་དེ་བཞིན་མགོ་ཁྲིད་དག་གི་རུལ་སུངས་ཀྱི་བྱ་སྤྱོད་དག་སྐྱོར་སྐྱོར་གསལ་བོར་ཕབ་ཡོད་འདུག་མོད། འོན་ཀྱང་སྐབས་འདིར་དཔེར་མཚོན་ཀྱིས་འཐུས་པར་བགྱི།

བཞི། ཆོས་ལུགས་པའི་བྱ་སྤྱོད་དང་བོད་མིའི་རྨོངས་དད།

བརྗོད་བྱ་འདིའི་རིགས་ནི་རྩོམ་རིག་གསར་བ་དབུ་ཚུགས་པ་ནས་ད་ལྟའི་བར་དུ་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་དུ་ལུས་པའི་བརྗོད་བྱ་གཙོ་གྲས་ཤིག་ཡིན་མོད། འདིའིི་རིགས་ཀྱི་བརྩམས་ཆོས་ཐོག་མ《སྤྲུལ་སྐུ》  དང་ད་ལྟའི་བར་གྱི་ཆོས་ལུགས་པའི་བྱ་སྤྱོད་སོགས་མངོན་པའི་བརྩམས་ཆོས་གཉིས་ནི་རྩོམ་ཆོས(文本)ཀྱི་ངོས་དང་གང་ཅི་ཐད་ནས་གཞལ་ནའང་ཁྱད་པར་ཆེན་པོ་ཡོད་པ་བཞིན་དུ་བརྩམས་ཆོས་འདི་ལ་ཡང་དམིགས་བསལ་གྱི་ཁྱད་ཆོས་ངེས་ལ། ཁྱད་ཆོས་དེ་ཡང་སྔར་རྩོམ《སྤྲུལ་སྐུ》ལས་བྱུང་བའི་ཆ་ལྟ་བུ་ཡོད་ལ་ད་ལྟའི་བརྩམས་ཆོས་གཞན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་རྩོམ་པ་པོའི་རྣམ་རྟོག་ལ་ཤར་བ་དག་ཁོང་གིས་ཞིབ་བརྡར་དང་བཅོས་སྣོན་གང་ལེགས་གནང་ནས། གནད་ཀྱི་རྩ་བ་དག་འོ་མ་སྲུབས་ནས་མར་ལོ་བླངས་པ་བཞིན་གཅིག་སྡུད་དང་སྙིང་བསྡུས་ཀྱི་རྣམ་པར་བཀོད་དེ་བརྩམས་ཆོས་འདི་ཡི་རྩ་བའི་བརྗོད་སྙིང་དང་བརྩམས་ཆོས་ཀྱི་ཁམས་སོགས་གང་ལ་ཡང་རྨ་སྐྱོན་གྱིས་ནག་ཐིག་མ་བཏང་བར་བརྩམས་ཆོས་ཀྱི་མཁའ་དབུགས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྐྲུན་པར་བགྱིས་ཡོད།

རྩོམ་རིག་གསར་བ་བོད་དུ་དར་བ་ནས་བཟུང་ད་ལྟའི་བར་དུ་ཆོས་ལུགས་པའི་བྱ་སྤྱོད་དང་བོད་མི་རིགས་ཀྱི་དད་འདུན་མཚོན་པའི་བརྩམས་ཆོས་བགྲང་དུ་རུང་བ་མང་དག་ཅིག་ཡོད་ཀྱང་། འདིར་ཡིག་ཚོགས་མང་བ་དང་སྐབས་དོན་དང་བྲལ་བར་དོགས་ནས་ཆོས་ལུགས་པའི་བྱ་སྤྱོད་དང་བོད་རིགས་མང་ཚོགས་ཀྱི་རྨོངས་དད་དམ་དད་མོས་མངོན་པའི་བརྩམས་ཆོས་དག་མི་དྲངས་པར་བགྱི། སྐབས་དོན་བརྩམས་སྒྲུང《སྨུག་པ》ཡི་བརྗོད་བྱའི་ཆ་ལས་མངོན་པ་འདི་ལ་མཚོན་ན་བརྩམས་ཆོས་སྔོན་མ་དང་མི་འདྲ་བར་བརྩམས་ཆོས་ཀྱི་གཞུང་རྟའི་སྟོད་སྨད་བར་གསུམ་དུ་ཆོས་ལུགས་པ་ཞིག་གི་བྱ་སྤྱོད་བརྒྱུད་ནས་ཆོས་མིན་གྱི་ལས་དང་། དེར་འཇིག་རྟེན་པ་སྐྱབས་སུ་འགྲོ་ལུགས་སོགས་ཧ་ཅང་མངོན་གསལ་ཅན་དང་འབུར་དོད་ཀྱི་ཚུལ་དུ་བཀོད་པ་ཞིག་མ་ཡིན་མོད། འོན་ཀྱང་དེ་ནི་སྐྱོན་དུ་མི་འགྱུར་ཏེ། དོན་དངོས་ཀྱི་སྤྱི་ཚོགས་འཚོ་བའི་ནང་གི་དམངས་ཚོགས་ལ་ཆོས་ཀྱི་གཞུང་ལུགས་ཀྱི་གོ་བ་ལེགས་པོ་ཡོད་པ་ཕར་ཟད། ཐ་ན་ཆོས་ཀྱི་གོ་བ་རབ་རིབ་ཙམ་གྱི་ངེས་ཤེས་ཀྱང་ཡོད་མཁན་ཧ་ཆང་ཉུང་རྐྱེན་བརྩམས་ཆོས་འདིར་དེ་བསྟུན་གྱི་འཚོ་བའི་བརྙན་རིས་ཕབ་ཡོད་པས་འདི་ལ་ཡིད་འཇོག་ལྷག་མ་ཞིག་དགོས་མོད། འོན་ཀྱང་སྐབས་མིན་པས་འདི་ཡི་ཐད་ནས་གླེང་དོན་བྲལ། ཡིན་ཡང་དེ་ནི་བརྗོད་བྱ་གཞན་དག་དང་འདྲ་བར་བརྩམས་ཆོས་ཀྱི་གཞུང་རྟའི་ཕྱོགས་ཡོངས་སུ་བརྗོད་བྱ་ཕན་ཚུན་སྐྱ་འཐབ་པའི་བར་དུ་གསབ་ནས་ཡོད། དཔེར་ན་དྭ་ཕྲུག་མིག་དམར་དགེ་བཤེས(དངོས་མིང་པདྨ་བཀྲ་ཤིས)ཀྱི་དགོད་འཆོར་ལ་སྙིང་རྗེ་བ་དང་ཡང་མཚམས་ལན་རེར་མཚར་སྣང་སྐྱེ་བར་བྱེད་པའི་གཏམ་རྒྱུད་སྤེལ་ནས་མངོན་པར་བྱས་པ་ཞིག་ཡིན། དཔེར་ན་དང་པོ་ཁོ་པ་འཇར་པན་གྱི་བུ་མོ་མེའུ་ཡ་རྫ་ཁེའུ་ཡོ་ཁོ་ལ་འཁྲེང་ནས་རང་གི་འདོད་འདུན་དེ་སེང་གེ་དང་ཇོའུ་ཏིས་གཉིས་ལ་བཅོལ་ཡང་མིག་དམར་དགེ་བཤེས་ཀྱི་འདོད་ཐོག་ཏུ་མ་ཡོང་བར་སྔ་མོ་ནས་ཡོ་ཁོ་སྐྱེས་པ་གཞན་ཞིག་དང་མཐུན་པོ་བྱུང་བས་མིག་དམར་དགེ་བཤེས་ཀྱིས་ཁ་ཆེམས་ཡི་གེ་བྲིས་ནས་འཇིག་རྟེན་འདི་ནས་སྐད་ཅིག་ཙམ་ལའང་མི་འདུག་ཅེས་བསྒྲགས་པ་དང་ཡང”ཨ་ལགས་ཕྱུག་པོ་ཞིག་ལ་བུ་མོ་མཛེས་མ་ཞིག་ཡོད་པ་དེ་དང་གཉེན་སྒྲིག་བྱེད་རྒྱུ་ཡིན”ཞེས་དང་། ཡང་ཐེངས་ཤིག་རོང་མོ་མཛེས་མ་ཞིག་དང་ཕན་ཚུན་ལ་བརྩེ་དུངས་ཀྱི་མར་ལོ་དང་མཛའ་མཐུན་ཞིག་ཞོ་རུ་ཆགས་པས་གྲོགས་པོ་སེང་གེ་བརྒྱུད་ནས་ཁྱིམ་མི་དག་ལ་ཁོང་གཉིས་ཀྱི་དོན་དག་བཤད་དགོས་པའི་རེ་བ་བཅོལ་ནས། མིག་དམར་དགེ་བཤེས་ཀྱི་ཕ་གཡར་གྱི་འགག་སྒོ་ལས་ཁོོ་པ་གཉིས་ཀྱི་དོན་དག་ཁས་བླངས་ནས་བརྒལ་ཐུབ་པར་གྱུར་ནའང་། ཕ་གཡར་གྱིས་ད་དུང་ཨ་ལགས་འབྲོང་ཚང་ལ་ཞུ་དགོས་ཞེས་ཏེ་ཞུས་པས་ཨ་ལགས་འབྲོང་ཚང་གིས་ཁོ་པ་གཉིས་ཀྱི་གཉེན་སྒྲིག་བགྱིས་ན་མི་བཟང་གི་གསུང་བས་ཁོ་པ་གཉིས་ཀྱི་བརྩེ་དུངས་དང་གཉེན་སྒྲིག་ལ་ཆག་གྲུམ་ཤོར་བ་དང་། གཞན་ཡང་སེང་གེའི་རྟ་ནག་གིས་རྩྭ་མ་ཟོས་པར་འཚེར་སྐད་སྒྲོག་བཞིན་ཡར་རྒྱུག་མར་རྒྱུག་བགྱིས་པ་ལའང་གཉེན་མི་ཚོས་བློ་མ་བདེ་བར་ཨ་ལགས་འབྲོང་ཚང་ལ་མོ་རྩིས་བྱེད་དུ་འཇུག་པ། དེ་མིན་ཀུན་དགའ་སྒྲོལ་མ་གྲོང་ཁྱེར་དུ་བྱ་བ་བཙལ་དུ་སོང་ན་འགྲིག་མིན་ཡང་ཆོས་ལུགས་མི་སྣ་གཙོ་གྲས་ཨ་ལགས་འབྲོང་ཚང་ལ་མོ་འདེབས་སུ་བཅུག་པས་ཨ་ལགས་འབྲོང་ཚང་གིས”མོ་ཧ་ཅང་ཡག་གི”གསུང་བས་ཀུན་དགའ་སྒྲོལ་མ་གྲོང་ཁྱེར་དུ་འདྲེ་སྐེ་རིང་གིས་བཀོད་འདོམས་བཞིན་ཀུན་དགའ་སྒྲོལ་མ་དང་ཁོ་པ་གཉིས་ཀྱིས་ཞིང་ཆེན་ངལ་རྩོལ་ཐིན་གྱི་མི་དེ་བཙལ། “མི་དེས་ཀུན་དགའ་སྒྲོལ་མ་ལས་ཁུངས་ཤིག་ལ་ངོ་སྤྲོད་བྱས་པ་དེ་ནི་མ་གཞི་སྒེར་གཉེར་ཆང་ཞིག་ཡིན་ལ། ཀུན་དགའ་སྒྲོལ་མ་འདྲ་བའི་གཞོན་ནུ་མ་ཚོས་ཉིན་མོར་གླུ་ལེན་པ་དང་མཚན་མོར་ལུས་ཕུལ་ཏེ་དཔོན་པོ་མཐོན་པོ་དང་ཚོང་བ་ཕྱུག་པོ་ཚོར་ཞབས་ཞུ་སྒྲུབ་དགོས་པ་ཞིག་ཡིན”པ། རྗེས་མར་ཀུན་དགའ་སྒྲོལ་མར་ནད་ལྕི་མོ་ཞིག་གིས་ཟིན་ནས་ལུས་ཕུང་སྐམ་རིད་དུ་གྱུར་བས་ཆང་ཁང་གིས་ཀྱང་སྒོར་བདས་ཏེ་མཇུག་མཐར་ཀུན་དགའ་སྒྲོལ་མ་སྨན་ཁང་ལས་ཀྱང་ཉིན་གཅིག་ཙམ་ལས་འདུག་མ་ཐུབ་པར་ཕྱི་མའི་ལམ་དུ་བཞུད་པའི་གཏམ་རྒྱུད་སོགས་སྔ་རྗེས་སུ་དུ་མ་སྤེལ་ནས། དངོས་ཡོད་ཆོས་ལུགས་མི་སྣའི་ཉེས་སྤྱོད་དང་བོད་མི་རང་རང་གི་རྨོངས་དད་ལ་ཐེར་འདོན་བགྱིས་ཡོད། འདིར“ཆོས་ལུགས་པ་རྫུན་མ”ལྟ་བུའི་ཚིག་སོགས་ཀྱི་ཟུར་ཙམ་ཡང་བྱུང་མེད་པ་འདི་ནི(《སྤྲུལ་སྐུ》ལྟ་བུ)ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བ་གཉིས་ཀྱི་བརྩམས་ཆོས་ཀྱི་ནང་གི་ཁྱད་པར་ཞིག་ཀྱང་ཡིན་འདུག་སྙམ་བྱུང་། ད་དེ་ནི་ཏོག་ཙམ་གྱིས་འཐུས་པར་བགྱིའོ།།

ལྔ། སྡོམ་ཆུང་།

སྐབས་དོན་གྱི་བརྩམས་སྒྲུང 《སྨུག་པ》 ཡི་བརྗོད་བྱ་ནི་གོང་དུ་བཀྲལ་ཟིན་པ་དང་ད་དུང་ཡིག་ཚོགས་ལ་འཛེམས་ནས་རེ་རེ་བཞིན་མ་བཀྲལ་བའི་རིགས་ནི་ཁྱིམ་མིའི་སློབ་གསོ་དང་བོད་ཁུལ་གྱི་སློབ་གྲྭའི་སློབ་གསོ། བོད་མའི་སྒྱིད་ལུག་གིས་འཚོ་བ་སྐྱེལ་སྟངས་དང་མི་རབས་གསར་བའི་གཞན་འགྱུར་དང་སྟོང་བསམ། མི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་བྱེད་ཀྱི་ལྕག་གིས་མཚམས་མེད་དུ་བྲབས་ཐུབ་པའི་སྤོངས་པ་དང་ཕོ་མོའི་བརྩེ་དུངས་སོགས་ཧ་ཅང་མང་ལ་བརྗོད་བྱ་རེ་རེ་སྤེལ་ལུགས་ནི། ཕན་ཚུན་འབྲེལ་མེད་ཆིག་རྐྱང་བའི་རྣམ་པའི་ཚུལ་ལམ་ལེའུ་ཡི་ཚུལ་དུ་བཀྲལ་ནས་བརྗོད་བྱ་གཅིག་མཇུག་རྫོགས་པའི་རྗེས་སུ་ཡང་བསྐྱར་བརྗོད་བྱ་གཞན་གཅིག་གི་སྣེ་ཐིག་ནས་མགོ་བཟུང་བ་ལྟ་བུའི་སྒྲིག་རིམ་བཀོད་པ་མ་ཡིན་པར། དེ་ནི་བརྗོད་བྱ་རེ་རེ་ཕན་ཚུན་གཅིག་ལ་གཅིག་རྟེན་བགྱིས་ནས་བརྗོད་བྱ་གཅིག་བྲལ་བར་གྱུར་ན་བརྩམས་ཆོས་ཀྱི་མཁའ་དབུགས་སྤྱི་ལ་ཉམས་ཆག་གམ་མི་བདེ་བ་འབྱུང་ངེས་པ་ལྟ་བུའི་སྒྲིག་གཞི་བཟོས་འདུག་པས། དེ་ནི་སྡོམ་རྒྱ་བཞིན་སྐྱ་འཐབ་ནས་ཡོད་ལ《སྨུག་པ》ཡི་བརྗོད་བྱ་སྤྱི་ཡི་ཆགས་ཚུལ་ནི་རྒྱ་ཆེ་གཏིང་ཟབ་ཀྱི་འཚོ་བའི་དངོས་རྣམ་ལ་སྒྱུ་རྩལ་གྱིས་དབང་ཤེས་ཀྱི་ཡུལ་དུ་འཆར་བདེ་བ་དང་དེ་དག་རེ་རེའི་ཕར་རྒྱབ་ལ་ལག་སྙོབ་བགྱིས་ཚེ་ད་དུང་ཚོར་རྒྱུ་གཞན་ཞིག་ཡོད་པའི་སྣང་བ་སློང་བར་བྱེད་པའི་སྤྲོས་བརྗོད་བྱས་པ་ཞིག་ཡིན་འདུག

བརྩམས་སྒྲུང《སྨུག་པ》རོབ་ཙམ་ཀློག་པའི་མོད་ལས་གཞིགས་ན་སྤྱི་ཚོགས་ཀྱི་གནད་དོན་ཁག་ཅིག་ལ་སུན་འབྱིན་དང་ཐེར་འདོན་བྱེད་པའི་བོད་ཀྱི་ལོ་རབས་བརྒྱད་ཅུ་བའི་དུས་སྐབས་ཀྱི་བརྩམས་སྒྲུང་གི་རྣམ་པ་ཕྲན་ཙམ་མངོན་མོད། འོན་ཏེ་སྐྱོར་སྐྱོར་ཞིབ་པར་ཀློག་འགྲེལ་སོགས་བགྱིས་ན་སྤྱི་ཚོགས་འཚོ་བ་ཚུར་སྣང་བགྱིས་ནས་གཏམ་རྒྱུད་ཀྱི་རྣམ་པར་བཀྲལ་བ་ཙམ་མ་ཡིན་པར་དེ་ནི་སྤྱི་ཚོགས་སྟེང་གི་དཔེར་མཚོན་དུ་བཀོད་པའི་མི་སྣ་རེ་རེའི་སྐྱིད་སྡུག་དང་འབྲེལ་བ་དམ་ཟབ་མཆིས་པའི་གནད་དོན་རེ་རེ་མ་སྟོར་བར་བཀོད་ནས། དེ་དག་རྩོམ་རིག་རྣལ་བའི་རང་བཞིན་གྱིས་མཚོན་པར་གང་ལེགས་བྱས་འདུག་པ། འདིར་གཞིགས་ན་སྐབས་འདི་ནས་བཟུང་བོད་ཀྱི་བརྩམས་སྒྲུང་ལ་འགྱུར་རླབས་ཆེན་མོ་ཞིག་བྱུང་འདུག་ལ་འགྱུར་རླབས་དེ་ནི་འཕེལ་རྒྱས་ཀྱི་འགྱུར་རླབས་ཤིག་རེད་འདུག དེ་འདྲའི་འཕེལ་འགྱུར་གྱི་སྐོར་ནི་འཆད་འགྱུར་དུ་བཞག་ནས་འདིར་ཡང་དེ་ཙམ་གྱིས་འཐུས་པར་བགྱིའོ།།

གཉིས་པ། བརྗོད་སྙིང་རགས་བཤད། 

རྗོད་སྙིང་གི་ཕྱི་ལྐོགས་ལྟ་བུའི་བརྗོད་བྱ་ཡིས་བརྩམས་ཆོས་སམ་དེའི་བརྗོད་སྙིང་ཇི་ལྟ་བུ་ཞིག་ཡིན་པར་རམ་འདེགས་བྱེད་ལ། བརྗོད་བྱ་དེ་བརྩམས་ཆོས་སུ་ཇི་ལྟར་བསྟར་བ་རྩོམ་པ་པོའི་བསམ་བློ་དང་ལག་ཐབས་ཀྱི་རྗེས་སུ་འགྲོ་འོང་བྱེད་པ་བཞིན། རྩོམ་པ་པོའི་བསམ་འདུན་དེ་ནི་བརྩམས་ཆོས་ཀྱི་མཐིལ་ལས་ཝ་ལེ་ཝལ་ལེར་མངོན་འོང་ལ། ཞིབ་བརྡར་གནང་ནས་བརྩམས་ཆོས་ཀྱི་ཕྱོགས་ཀུན་ཏུ་བྱེར་བའི་རྣོ་དབལ་ཅན་གྱི་ཚིག་དོན་གྱི་རྒྱུད་སྐུད་རེ་རེས་བརྩམས་ཆོས་ཀྱི་རྨང་དུ་ཆགས་པའི་མི་སྣ་རེ་རེའི་ཚེ་སྲོག་གི་ཟུངས་ཁྲག་ལ་དྲོད་དང་འཕར་ལྡང་བསྩལ་ནས་མིའི་རང་བྱུང་གི་གཤིས་ཀ་དང་སྤྱི་ཚོགས་ཀྱི་གཤིས་ཀ་ལས་འགལ་འདུ་ཡིས་གྲུབ་པའི་ཕུང་ཁམས་སམ་གདོས་བཅས་དང་སེམས་ཀྱི་འགྱུར་བ་དེ་ངང་གིས་ཕྱིར་མངོན་པར་བྱས་འོང་ལ། དེ་དང་འགྲོགས་ནས་ཆགས་སྡང་དང་ཉོན་མོངས་མངའ་བའི་མི་སྣ་གང་མང་ཞིག་གི་སྣང་བརྙན་བརྩམས་ཆོས་སུ་མངོན་འོངས། བརྩམས་སྒྲུང《སྨུག་པ》ལ་མཚོན་ནའང་མི་སྣ་རེ་རེ་ལས་སྣང་བརྙན་སྣ་ཚོགས་པ་དང་སྣང་བརྙན་རེ་རེའི་རྒྱབ་ཕྱོགས་སུ་བསམ་བློ་སྣ་མང་ཡོད་པས། བརྩམས་ཆོས་འདི་ནི་བརྗོད་སྙིང་ཐེམ་རིམ་ཅན་ཞིག་ཏུ་གྲུབ་པར་བྱས་ཡོད་མོད། འོན་ཀྱང་ཡིག་ཚོགས་ཉོག་པ་དང་དཔྱིས་ཕྱིན་པ་དཔྱད་འགྲེལ་མི་ཡོང་བར་དོགས་ཏེ་གཤམ་ནས། བརྩམས་སྒྲུང《སྨུག་པ》ཡི་བརྗོད་སྙིང་གཙོ་བོ་རིགས་གཉིས་ལས་མི་བཀྲལ་བར་བགྱི།

གཅིག མི་རབས་གསར་བའི་རེ་དོགས་ལ་གཞོལ་བ།

བརྩམས་སྒྲུང《སྨུག་པ》ལ་ཧྲིལ་གྱིས་བལྟས་འོང་ན་མི་རབས་གསར་བ་ཞིག་གིས་རིག་གནས་སྣ་མང་དང་འཚོ་བ་གསར་བའི་ལྷུམས་ནས་འཕག་འཚག་རྒྱག་པ་དང་འོ་དོད་འདོན་པ། དཔའ་ངར་སྐྱེད་པ་དང་སྤ་བཀོང་བ། འདོད་འདུན་འཚོལ་བ་དང་ཕྱི་ནུར་བྱེད་པ། དུས་རབས་དང་རིག་གནས་སྣ་མང་དང་ལེན་བྱེད་པ་ལ་སོགས་པའི་རྐྱེན་གྱིས་མི་བུ་སོ་སོའི་རང་གཤིས་ལ་འགྱུར་བ་ཐེབས་པའི་སྤྱི་ཚོགས་འཚོ་བའི་སྣང་བརྙན་ཕུན་སུམ་ཚོགས་པོས་གྲུབ་པའི་བརྩམས་ཆོས་ཤིག་ཡིན་ལ། བརྩམས་ཆོས་འདིའི་གནད་འབབ་སའམ་བརྗོད་སྙིང་གཅིག་ནི་མི་རབས་གསར་བ(སྤྱིར་བཏང་ལོ་རབས་དགུ་བཅུ་བ་སོགས་ཀྱི་མི་རབས་གསར་བ་དེ་ཡིན་མོད། འོན་ཀྱང་ད་ལྟའི་ང་ཚོའི་མི་རབས་གསར་བ་འདི་ལའང་དངོས་འཛིན་བགྱིས་ཀྱང་མི་འགྲིག་པ་ཆེན་པོ་མེད་སྙམ།)ཞིག་སྤྱི་ཚོགས་འཚོ་བ་དང་རིག་གནས་གསར་བར་ཞུགས་པའི་བརྒྱུད་རིམ་དེར་དངོས་འཛིན་བགྱིས་ན་ལེགས་པར་མཐོང་། བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་མི་རབས་གསར་བའི་མཚོན་བྱེད་དུ་སེང་གེ་སོགས་ན་གཞོན་སྐོར་ཞིག་རྒྱས་པར་བྲིས་ཡོད་ལ་མི་སྣ་རེ་རེ(མི་སྣ་གཙོ་བོའི་རིགས་ལ་གོ)ནི་དུས་རབས་གཅིག་པ་ལས་བྱུང་བ་དང“རིག་གནས་ཁོར་ཡུག་མི་འདྲ་བ་རེ་རེ་ལས་བྱུང་བའི་རིག་གནས་ཐོན་སྐྱེེད་མི་འདྲ་བ་རེ་རེ”ཡིན། མི་སྣ་ཁོང་ཅག་གི་མི་ཚེའི་དམིགས་འབེན་གསལ་མིན་དང་འཚོ་བའི་ལངས་ཕྱོགས་སོགས་ཀྱང་བརྟན་མིན་ཡང་གཏན་ནས་མི་འདྲ་བའི་མི་རབས་གསར་བ་ཞིག་གི་མི་ཚེའི་འདོད་འདུན་དང་ཁོང་ཅག་གི་ཧུར་བརྩོན་དང་སྒྱིད་ལུག སྟོང་བསམ་སོགས་མཚོན་པར་བྱས་ཡོད་ལ་ཞོལ་ནས་བྱུང་རིམ་གྱི་སྐབས་སུ་འདི་ཡི་སྐོར་ཕྲན་ཙམ་གླེང་ཡོད་མོད། འོན་ཀྱང་བརྩམས་ཆོས་གཞན⑥དུ་བཀྲལ་བ་མང་བས་འདིར་རྗེས་ཟློས་ཀྱི་ངལ་བའི་ལས་མང་བོ་མི་བགྱིའོ།།

གཉིས། མིའི་རང་བྱུང་གི་གཤིས་ཀར་གཞོལ་བ།

ཕྲན་གྱིས་ཅུང་གླེང་འདོད་པ་ནི་གོང་དུ་སྡོམ་ཆུང་གི་སྐབས་སུ་ཏོག་ཙམ་སྤྲོས་པ་བཞིན་བརྩམས་སྒྲུང《སྨུག་པ》ཡི་མཛེས་རྟོག་གི་ཆར་བསྙབས་ནས་གཞིགས་ན་སྔར་རྩོམ(བརྩམས་ཆོས་འདི་ཡི་སྔོན་དུ་ཐོན་པའི་དེང་རབས་རྩོམ་རིག་གི་རིགས་ལ་གོ་དགོས།)མང་པོ་དང་འདྲ་བར་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་ལ་ཕྱོགས་ནས་དེ་ཉིད་སུན་འབྱིན་ནམ་མཛུབ་ཁྲིད་དང་གོ་བསྐོན་སློབ་གསོ་སོགས་བྱེད་པ་དང་རྩོམ་པ་པོོ་རང་གི་ལྟ་བ་ཕྱིར་སྒྲོག་པའི་ལས་བརྩམས་ཆོས་སུ་བཀུག་སྟེ། དེ་ཡི་མཛེས་པར་སྙོབ་པའི་ཆ་གཏན་ནས་མེད་པ་མ་ཡིན་ཡང་། སྤྱིའི་ཆ་ནས་ཧ་ཅང་ཉུང་ནས་ཉུང་དུ་ཕྱིན་པ་དང《སྨུག་པ》ཡིས་མིའི་རང་བྱུང(自然)⑦གི་གཤིས་ཀའི་མཛེས་པ་ལྷུར་ལེན་བགྱིས་པ་མང་བ་དང་། རང་བྱུང་གི་མཛེས་པའི་རྣམ་པའི་ཆ་དག་ཀྱང་མངོན་མཚོན་ཅན་དུ་གྲུབ་པར་གནང་འདུག་སྙམ། བརྩམས་ཆོས་འདི་ལ་སྤྱི་ཚོགས་ཀྱི་ལས་དོན་སེམས་སུ་ཉར་ནས་ལག་པས་སྙོབ་སྙོབ་བགྱིས་ན་དེ་འདྲའི་དཔྱོད་དུ་རུང་བ་ཞིག་བརྗོད་སྙིང་གི་ཚུལ་དུ་ལེན་བྱ་དཀོན་པར་སྣང་མོད། འོན་ཏེ་རྩོམ་རིག་གཞུང་ལུགས་དག་ཏུ“རྩོམ་རིག་ནི་མིའི་རིགས་པའོ”ཞེས་པ་བཞིན་རྩོམ་རིག་བརྩམས་ཆོས་ཀྱི་ངོས་ལ་འཇུག་པར་བགྱིས་ན་གཟོད་བརྩམས་ཆོས་འདིས་རིན་ཐང་ལ་ཁ་དོག་སྣུམ་པོ་ཞིག་དང་མངར་མ་ཡལ་བའི་མིའི་གཉུག་གཤིས་ཀྱི་བྲོ་བ་ཆགས་པའི་ལོངས་སྤྱོད་ཅིག་དང་མཇལ་ངེས། བརྩམས་ཆོས་འདི་ནི་མགོ་བརྩམས་པ་ཉིད་ནས་རྙོག་འཛིང་དང་འགལ་འདུ་མང་བོའི་ཁ་ཕྱེ་པ་ཞིག་ཡིན་ལ་རྙོག་འཛིང་དེ་དག་ཀྱང་སྤྱིར་བཏང་གི་སྤྱི་ཚོགས་ཀྱི་རྙོག་འཛིང་ཁོ་ན་ཞིག་མ་ཡིན་པར་མིའི་རང་བྱུང་གི(གཉུག་གཤིས)གཤིས་ཀ་ལས་འཕར་འཇགས་བྱེད་པའི་ཆགས་སྡང་གི་སེམས་ཀྱི་འགྱུར་བ་ཕྱི་རུ་སྐྱོར་སྐྱོར་མངོན་འོང་བ་ཞིག་དང་། ཡང་དུས་སྐད་ཅིག་མའི་རིང་ནས་འགལ་འདུ་གཞན་ཞིག་དང་འཕྲད་ནས་སེམས་བྱུང་སྔ་མ་དེ་སེམས་བྱུང་རྗེས་མའི་དབང་དུ་གྱུར་ནས་སྔ་མ་དེ་ཡིབ་འགྲོ་བ་ཞིག་སྟེ“མི་ནི་ཇི་ལྟ་བུ་ཞིག་ཡིན་དགོས་པ་མི་འཆད་པར། མི་ནི་ཇི་ལྟ་བུ་ཞིག་ཡིན་པ”འི་ངོ་བོ་དེ་འཆད་པར་བགྱིས་པའི་ཆ་འདི་བརྩམས་ཆོས་འདིའི་བརྗོད་སྙིང་ཐེམ་རིམ་གཉིས་པའི་ཚུལ་དུ་ཚུར་ཕབ་ལེན་བྱས་ན་སྐྱོན་དུ་འགྲོ་བའི་ཆ་མི་མཐོང་བས། བརྩམས་སྒྲུང《སྨུག་པ》ཡི་བརྗོད་སྙིང་ཐེམ་རིམ་རྗེས་མ་ནི་མིའི་རང་བྱུང་གི་གཤིས་ཀ་གྲུབ་པའི་ཆགས་སྡང་དང་མི་སེམས་ཀྱི་འགལ་འདུའི་ངོས་སུ་གཏད་འདུག དེ་ཡི་ཕྱོགས་སུ་ཞིབ་ཀྱིས་བལྟས་འོང་ན་ཡིད་ཁམས་འཁྲུག་པར་བྱེད་པའི་སྣང་བརྙན་རེ་རེ་རྩོམ་ལུས་ཀྱི་སྤྱི་ངོས་སུ་བྱེར་འདུག་པའི་ཁོར་ཡུག་གི་མཁའ་དབུགས་དེས་ཀྱང་བརྗོད་སྙིང་ལ་གསོན་ཤུགས་བསྣན་ནས་བརྗོད་སྙིང་འཐུས་ཚང་ཅན་དང་མི་གཤིས་ཟབ་ཚད་ཅན་དུ་གཏོང་བར་རམ་འདེགས་བགྱིས་ཏེ། མིའི་རང་བྱུང་གི་གཤིས་ཀར་འཁོར་བའི་ཆགས་སྡང་སོགས་ཀྱི་མངོན་དུ་གྱུར་བར་བགྱིས་འདུག བརྩམས་ཆོས་སུ་བོད་ཀྱི་དེང་རབས་ཀྱི་རྩོམ་པ་པོ་སེང་གེ་དང་ཀྲུང་གོའི་རི་མོ་བ་རིགས་རུས་བོད་པ་ཡིན་པའི་མེ་ཏོག་གཉིས་ཀྱི་དེ་འདྲའི་བརྟན་ཆགས་མིན་པའི་བཟའ་ཟླ་ལྟ་བུའི་མཉམ་འདུག་གི་འཚོ་བའི་རྒྱ་རུ་མིང་ལ་ཇོའུ་ཏིས་ཟེར་ཞིང་ཨ་མེ་རི་ཀའི་ཡིན་ལ་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་བུ་མོ་ཞིག་ཐོན་ནས་སེང་གེ་དང་འབྲེལ་བ་བྱུང་བས། སེང་གེ་དང་མེ་ཏོག་གཉིས་ཀྱི་སྔར་ནས་གཞི་བརྟན་རྒྱུ་མེད་ལ་བརྟན་པའི་རྒྱུ་མི་ཚང་བའི་འབྲེལ་བའམ་འཚོ་བ་ལ་ཆག་གྲུམ་ཤོར་ནས། སེང་གེ་དང་ཇོའུ་ཏིས་གཉིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་འདྲིས་བྱས་པ་དང་མཐར་ཁོ་གཉིས་ཨ་མེ་རི་ཀར་འགྲོ་གྲབས་བགྱིས་ཏེ། པེ་ཅིན་རྒྱལ་སྤྱི་གནམ་གྲུ་ཐང་ནས་ཁོང་གཉིས་ས་གང་ལ་སོང་གང་ནས་བསྡད་ཀྱང་ཕུ་དཀྲོག་མདའ་དཀྲོག་བྱེད་མཁན་གྱི་ཉེན་རྟོག་པ་གཉིས་ཀྱིས་གནས་དེ་ནས་ཡང་བཀག་འགོག་ཐེབས་ནས་འགྲོ་མ་ཐུབ་པར་མ་ཟད་སེང་གེ་ཡང་ཉེན་རྟོག་པ་གཉིས་ཀྱིས་ཁྲིད་ནས་སོ་སོར་བྲལ་བའི་གཏམ་རྒྱུད་ཀྱི་གཞུང་རྟ་འདི་ལྟ་བུ་ལས་འཕྲོས་ཏེ་བཀྲལ་བ་ཞིག་ཡིན་ལ། མི་སྣ་གཙོ་བོ་སེང་གེ་དང་མེ་ཏོག ཇོའུ་ཏིས་གསུམ་གྱི་སེམས་སུ་འགལ་འདུ་ལངས་པའི་བརྒྱུད་རིམ་ཁྲོད་ནས་ཕན་ཚུན་གྱི་ཕྱོགས་སུ་ཆགས་སེམས་དང་ཕྲག་དོག་སྐྱེ་བ་དང་སྡང་སེམས་འཆང་བ་སོགས་མིའི་གཉུག་གཤིས་དེ་ཕྱིར་མངོན་པ་དང་། ཡང་ཁོར་ཡུག་གི་གནོད་ཤུགས་སམ་སྤྱི་ཚོགས་ཀྱི་གཤིས་ཀའི་དབང་དུ་སོང་ནས་མིའི་གཉུག་གཤིས་ཀྱིས་བསླངས་པའི་ཆགས་སེམས་དེའི་མགོ་གནོན་ཅི་ཐུབ་བྱས་ཀྱང་གནོན་མ་ཐུབ་པར་སེང་གེ་དང་མེ་ཏོག་གཉིས་བཟའ་ཟླ་ཡི་འབྲེལ་བ་ལྟ་བུར་ཡོད་བཞིན་དུ། སེང་གེས་ཇོའུ་ཏིས་ཀྱི་ཡིད་འོང་གི་ངོ་གདོང་དང་ལུས་པོ་སྐྲ་ལོ་སོགས་མཐོང་བས་གཉུག་གཤིས་ཀྱི་ཆ་ཆེན་པོ་ཟིན་པའི་སེམས་ཁམས་ལ་བསྒུལ་ཤུགས་ཐེབས་ནས་ཆགས་སེམས་མངོན་དུ་ཕྱོགས་ཏེ་མེ་ཏོག་བརྗེད་པར་གྱུར་ཏེ་ཇོའུ་ཏིས་དང་ཉལ་པོ་བྱས་ལ། དུས་སྐབས་དེའི་སེང་གེའི་སེམས་ཁམས་ནི་མིའི་གཉུག་གཤིས་ཁོ་ནའི་དབང་དུ་སོང་མོད། འོན་ཀྱང་རྗེས་མར་ཁོ་པའི་གྲོགས་པོ་བདེ་མཆོག་དང་ལབ་གླེང་ལས་མངོན་པ་ནི་གཉུག་གཤིས་དང་སྤྱི་ཚོགས་ཀྱི་གཤིས་ཀའི་འགལ་འདུའི་ཁྲོད་དུ་གནས་ཏེ་ཁོ་རང་གིས་ཕྱོགས་གཅིག་ནས་རང་གིས་དེ་ལྟར་བསྒྲུབས་པ་འོས་མཚམས་མིན་པར་སྣང་དོགས་བྱེད་པ་དང་། ཡང་ཕྱོགས་གཅིག་ནས་རང་གི་གཉུག་གཤིས་ཀྱི་ཕྱོགས་སུ་འཁོར་ཏེ། དེ་ཉིད་མངོན་དུ་འགྱུར་ཆེད་རྒྱུ་མཚན་འཚོལ་སྒྲུབ་བགྱིད་པའི་ལས་སུ་འབད་པ་ལྟ་བུའི་གཤིས་ཀ་གཉིས་སམ་སེམས་ཀྱི་འདོད་པ་གཉིས་ཀྱི་འགལ་འདུ་ཆགས་པ། ད་དུང་ཡང་བདེ་མཆོག་དང་ཀུན་དགའ་སྒྲོལ་མ་གཉིས་ཀྱི་དང་པོའི་ཐུག་འཕྲད་དུས་སྐབས་ཀྱི་ཀུན་དགའ་སྒྲོལ་མར་འཚེར་སྣང་སྐྱེ་བ་དང་། འཚབ་འཚུབ་ཏུ་གྱུར་ནས་གདོང་མདོག་དམར་པོར་འགྱུར་བ་དང“མགོ་མར་བསྒུར་ནས་ལག་རས་ཆུང་ཆུང་ཞིག་ཕུར་ཕུར་བྱེད་ཀྱིན་འདུག”པའི་ཀུན་དགའ་སྒྲོལ་མའི་བག་ཚ་བའི་ངང་ཚུལ། སེང་གེས་ཁོའི་གྲོགས་པོ་མིག་དམར་དགེ་བཤེས་དང་བདེ་མཆོག་གཉིས་ཁྲིད་དེ་སོག་པོའི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་མཁན་ཉི་ཧོང་གི་བུ་མོ་ཡོ་ཁོ་དང་ཇོའུ་ཏིས་གཉིས་དང་མཉམ་དུ་ཟ་ཁང་ཞིག་ཏུ་ཟ་མ་ཟ་རུ་ཕྱིན་པའི་གོ་རིམ་ཁྲོད་ནས། མིག་དམར་དགེ་བཤེས་ཀྱི་ཧ་ཅང་དྭངས་གཙང་གི་གཉུག་གཤིས་དེ་མངོན་དུ་ཕྱོགས་ཏེ་མི་ཚོགས་དེའི་གྲལ་ནས་མིག་ཟུང་ཡོ་ཁོའི་གདོང་དང་མ་བྲལ་བར་བྱས་པ་དང་། “ཁ་ནས་ཡོ་ཁོ་ཡོ་ཁོ”ཞེས་འབོད་པ་དང་ངུ་བ་སོགས་ལའང་སྣང་དོགས་ཅི་ཡང་མི་བྱེད་པར་མིའི་གཉུག་གཤིས་ལྷང་ལ་ཕུད་ནས་དོན་དངོས་ཀྱི་སྟེང་ནས་མི་ནི་ཇི་ལྟ་བུ་ཞིག་ཡིན་པ་མཚོན་པར་བགྱིས་ཡོད་མོད། འོན་ཀྱང་། བརྩམས་ཆོས་འདི་ནི་མིའི་གཉུག་གཤིས་ཁོ་ན་བརྗོད་སྙིང་དུ་གཏན་ལ་ཕབ་པ་ཞིག་མ་ཡིན་ཏེ། གོང་དུ་གླེང་བ་བཞིན་མིའི་གཤིས་དང་སྤྱི་ཚོགས་ཀྱི་གཤིས་ཀ་གཉིས་ཀྱི་འགལ་འདུ་བརྗོད་པའང་ཡོད། ད་དུང་རྩོམ་པ་པོ་ཁོང་གི་བརྩམས་ཆོས་གཞན་དང་འདྲ་བར་རིགས་རྟོག་གི་ཆར་འདྲེས་པ་ཡང་སྐབས་དང་སྐབས་སུ་མངོན་ལ། སྤྱི་ཚོགས་ཀྱི་གནད་དོན་ལ་ཕྱོགས་པའི་ཆ་རེའང་མཆིས་མོད། རྩ་བའི་ངོས་ནས་མིའི་རྟོག་མེད⑧ཀྱི་འདུ་ཤེས་ཀྱི་ཆ་ཕྱིར་མཚོན་བགྱིས་པའམ་རབ་རིབ་ཀྱི་ཚོར་བ་དང་འཆར་སྣང་གི་མི་ཚེའི་ངོས་སུ་བརྗོད་སྙིང་གཏན་ལ་ཕབ་ན་བརྩམས་ཆོས་སྤྱིའི་ཁམས་དང་བསྟུན་འདུག་པའི་སྣང་བས་དེ་ལྟར་གཏན་དུ་ཕབ་པ་ཡིན།

དོན་ཚན་གསུམ་པ། བརྩམས་སྒྲུངསྨུག་པཡི་སྒྱུ་རྩལ་མཚོན་ཐབས་རགས་བཤད།

དང་པོ། བྱུང་རིམ་དང་སྒྲིག་གཞི། 

བྱུང་རིམ་བྱ་བ་ནི་གཏམ་རྒྱུད་ཀྱི་རང་བཞིན་ལྟར་དུ་ཐུར་ཐུར་ལ་བརྗོད་པ་ཞིག་མ་ཡིན་ཡང་གཏམ་རྒྱུད་ཀྱི་དྲི་མ་ཅན(ཆ་ཤས་ཅན)ལྟ་བུ་ཞེས་བརྗོད་ཀྱང་རིགས་ཏེ། དཔེར་ན་གཏམ་རྒྱུད་ནི་སྐར་མདའ་འཕངས་པ་དང་རྦབ་ཆུ་འབབ་པ་ཇི་བཞིན་ཕྱིར་ལོག་དང་གཡོ་གཟུར་བྲལ་བར་ཡུལ་གང་ཞིག་ལ་ཀྱག་ཀྱོག་གི་ལམ་བུར་མི་བརྒྱུད་པར་ཐད་ཀར་རྒྱུགས་པ་དང་། བྱུང་རིམ་ནི་གང་ཞིག་ལ་འགལ་བ་གྲུབ་ནས་སྡང་སེམས་དང་འཁོན་འཛིན་བྱུང་བ་དང་། མཛའ་བཤེས་བྱུང་ནས་ཕན་ཚུན་ལ་ཞེན་ཆགས་ལྡན་པ། འདང་བརྩེ་སོགས་མངའ་བའི་དུས་སུ་རྒྱུ་རྐྱེན་རིགས་ཤིག་གི་སོ་སོར་གྱེས་པ་སོགས། བྱུང་གནས་འཕེལ་གསུམ་རྒྱུ་འབྲས་ཀྱི་འབྲེལ་བའི་སྟེང་ནས་འགྲེལ་བཤད་བྱེད་པ་ཡིན་མོད། འོན་ཀྱང་ནམ་ཡིན་ཡང་བྱུང་རིམ་གྱི་དོན་ལས་གཏམ་རྒྱུད་ཀྱི་གཞི་རྩའི་དོན་རྣམས་འདོར་བར་མི་བྱེད་ཀྱང་། བརྩམས་སྒྲུང་ལས་གཏམ་རྒྱུད་ཀྱི་ངོ་བོ་མངོན་པར་མི་འཆད་པར་བྱུང་རིམ་གྱི་རྣམ་གཞག་གཙོར་བཟུང་གི་རྣམ་པས་མངོན་པར་སྤྲོས་པ་ཞིག་ཡིན།

སྐབས་དོན་གྱི་བརྩམས་སྒྲུང《སྨུག་པ》ནི་གཙོ་བོ་མི་སྣ་གསུམ(སེང་གེ མེ་ཏོག ཇོའུ་ཏིས)གྱི་འདོད་འདུན་གྱི་སླད་དུ་འཕག་འཚག་དང་། སྡང་སྡུག་ཞེ་ཆགས་ཀྱི་ཕྱིར་མིག ཞེད་སྣང་གི་འཕར་ལྡང་སོགས་གཞུང་རྟར་བསླངས་པའི་གཏམ་རྒྱུད་ཅིག་ཡོད་ཀྱང་། གཞུང་རྟར་བསླངས་པའི་གཏམ་རྒྱུད་ཀྱི་ཚུལ་མི་མངོན་པའི་ཡུལ་དུ་བསྐྲད་ནས་བྱུང་རིམ་གྱིས་བརྩམས་སྒྲུང་གི་མཛེས་པ་གཙོ་བོ་ཞིག་བདག་ཏུ་བཟུང་བ་ཡིན་འདུག བརྩམས་སྒྲུང་གི་རྨང་གཞིར་གཏམ་རྒྱུད་ཀྱི་རྗེས་ཤུལ་ཙམ་ཞིག་ཀྱང་མེད་ཐབས་བྲལ་ལ་གཏམ་རྒྱུད་མེད་པའི་བརྩམས་སྒྲུང་ནི་གཞི་ནས་གྲུབ་ཐབས་དབེན་མོད། འོན་ཀྱང་གཏམ་རྒྱུད་དེ་མངོན་སྦས་ཀྱི་ཆ་ལས་བསྐྱུར་ནས་བྱུང་རིམ་ཅན་དུ་བསྒྱུར་ཏེ། མི་སྣའི་གཤིས་སྤྱོད་འཕེལ་རྒྱས་སུ་བགྲོད་པའི་གྲོགས་སུ་གཏོང་བ་ནི་བརྩམས་སྒྲུང་བརྩམས་སྒྲུང་ཞིག་ཏུ་འགྲུབ་པར་བྱེད་པའི་རྒྱུད་སྐུད་གལ་འགངས་ཆེ་བ་ཞིག་ཡིན་ལ། བརྩམས་སྒྲུང《སྨུག་པ》འདི་ལ་བྱུང་རིམ་གྱི་མཛེས་པ་དང་བྱུང་རིམ་གྱི་མཛེས་པས་བརྩམས་སྒྲུང་གི་ངོ་བོར་གསོན་ཤུགས་ཁྱད་པར་བ་རབ་དང་རིམ་པ་བསྣན་ཡོད་འདུག བྱུང་རིམ་གྱི་རྩ་བའི་འབྱུང་རྐྱེན་ཏེ་འགལ་འདུ་ལྟག་སྤྲོད་ཀྱི་དོན་རྐྱེན་རྒྱུན་ཆད་མེད་པར་བརྩམས་སྒྲུང་དུ་བསྟར་ནས་བྱུང་རིམ་གྱིས་བརྩམས་སྒྲུང་གི་བརྗོད་བྱའི་བསྟན་དོན་དང་མི་སྣའི་སྣང་བརྙན་སོགས་གཏན་ལ་ཕབ་ཡོད།

སེང་གེ་ཨ་མེ་རི་ཀར་ཕ་ཡུལ་དང་ཡུལ་མི་དག་བསྐྱུར་ནས་འགྲོ་དགོས་རྐྱེན་བྱུང་རིམ་ཧ་ཅང་རྨང་བརྟན་པོ་ཞིག་སྟེ་རྟེན་འབྲེལ་གྱི་ཆོས་ཉིད་བཙན་པོ་ཞིག་གིས་དེ་འདྲ་ཞིག་བྱུང་ངེས་པར་བགྱིས་ཡོད། དཔེར་ན། བྱུང་རིམ་གྱི་ཐོག་མའི་སྣེ་ཐིག་ལས་སེང་གེ་ཞེས་པའི་མི་དེའི་གཤིས་ཀ་དང་ཁོ་པའི་བསམ་བློའི་ཆུ་ཚད་སོགས་ཇི་ལྟ་བུ་ཞིག་ཡིན་པ་རགས་ཙམ་ཞིག་འབྲེལ་བརྗོད་གྲུབ་པ་དང་། ད་དུང་སེང་གེའི་བརྩམས་ཆོས་དག་གནས་འདིར་དཔར་སྐྲུན་བྱེད་མཁན་མེད་པ་བྱེད་དགོས་ནའང་འགྲོ་གྲོན་རང་གིས་གཏོང་དགོས་པ་སོགས་ཀྱིས་དཀའ་ངལ་ཆེ་བ་དང་དེ་དཔར་སྐྲུན་བྱེད་མ་ཐུབ་པས་བུད་མྱེད(མེ་ཏོག)སོགས་ཀྱིས་གནོད་ཤུགས་སྤྲད་ནས་ལུས་སེམས་ལ་དཀའ་ངལ་མང་དུ་བྱུང་བ་ལྟ་བུའི་རྨང་བཏིང་བ་དང་། སེང་གེའི་གཤིས་ཀ་འཕེལ་ཕྱོགས་དང་བསྟུན་ནས་བྱུང་རིམ་ཕྲ་རགས་རེ་རེས་སེང་གེར་མཇུག་འབྲས་ཇི་ལྟ་བུ་ཞིག་འབྱུང་བར་རྒྱུ་འབྲས་རྟེན་འབྱུང་གིས་གསལ་བར་རྒྱུན་ཆད་མེད་པར་བསྟན་ཡོད། སེང་གེ་དང་མེ་ཏོག་གཉིས་ཀྱི་འབྲེལ་བ་ཡམ་ཡོམ་ཏུ་གྱུར་ཏེ་ཁོ་པ་གཉིས་ཀྱིས་འཁོན་འཛིང་བྱེད་པ་དང་། འཁོན་འཛིང་གི་སྐད་ཆའི་ཁྲོད་ནས་ཀྱང་ཇོའུ་ཏིས་ཀྱིས་ཨ་སྒོར་སྟོང་གཉིས་སེང་གེའི་དཔེ་ཆ《བྲེ་སར་འབྲོང་གི་མིག་ཆུ》ཞེས་པ་དཔར་སྐྲུན་བྱེད་པའི་རོགས་དངུལ་ལ་བྱིན་པའི་བྱུང་རིམ་ཞིག་བཀོད་ནས་མི་སྣ་སེང་གེའི་གཤིས་ཀ་ལ་འཕེལ་རྒྱས་ཆེན་པོའམ་འགྱུར་བ་ཆེན་པོ་བཏང་ཡོད་འདུག མིག་དམར་དགེ་བཤེས་ཀྱི་ཕྱིར་དྲན་བགྱིས་པའི་བྱུང་རིམ་ཞིག་བརྗོད་ནས་སེང་གེ་ཁོ་པ་གཉིས་ཆུང་དུས་སུ་ན་རག(པྲ་ཚག་གམ་བསྟན་བཤིག)ཅིག་སྟེ་ཀུན་ཀྱི་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཡིན་པ་དང་། མཚམས་ཤིག་ནས་སེང་གེས་བསམ་ཤེས་པར་གྱུར་ནས་ན་རག་གི་ལས་བཞག་སྟེ། སློབ་ལ་འབད་འབད་དུང་དུང་བྱེད་པའི་ལས་སུ་ཞུགས་པར་མ་ཟད་བརྩོན་སེམས་ཆེན་པོ་མངའ་བ་དང་བློ་རིག་རྒོད་པོ་མཆིས་པའི་དབང་གིས་ཁོ་པས་གྲུབ་འབྲས་མི་དམན་པ་བླངས་པ་དང་དེ་བས་ཀྱང་རླབས་པོ་ཆེ་ལེན་པའི་རྒྱུ་ཚང་བར་བཀོད་པ་དེས། སེང་གེ་ཆུང་ངུའི་དུས་ཀྱི་ལོ་རྒྱུས་ཙམ་པོ་བ་ཞིག་བརྗོད་པའམ་ཚན་པ་དེ་ལྟ་བུ་ཞིག་དགོས་མེད་དུ་རྡོ་ཆག་བཙན་སྒྲིག་བགྱིད་པ་ཞིག་མ་ཡིན་པར། བྱུང་རིམ་དེས་སེང་གེའི་རིག་པ་མངོན་པར་སྟོན་པ་ཞིག་ཡིན་ཏེ། གཅིག་ནི་ཁོ་པ་ཆུང་ངུའི་དུས་སུ་ཅི་དྲན་འདི་དྲན་མེད་པར་ལྡབ་ལྡིབ་ངང་འཚོ་བའི་བྱིས་པ་ཞིག་དང་ནར་སོན་པ་ན་གློ་བུར་དུ་རིག་པ་ཀློང་རྡོལ་བྱུང་བ་ལྟ་བུའི་སྲོལ་རྒྱུན་གྱི་བརྩམས་ཆོས་ཀྱི་ཆ་ལྟ་བུ་ལྷུ་ལེན་བགྱིས་པའི་ཆ་ཙམ་ཡང་མི་མངོན་པར་བསྟན་པ་དང་། གཉིས་ནས་ཁོ་པར་རིག་པ་རྒོད་པོ་མངའ་བ་དང་བརྩོན་སེམས་དང་སྤོབས་སེམས་ཁྱད་པར་བ་ཞིག་ཡོད་པས་ཁོ་པ་མ་འོངས་པར་གཞན་ལས་ངོ་མཚར་བ་ཞིག་ཏུ་འོང་བར་རྒྱུ་འབྲས་ཀྱི་འབྲེལ་བ་ཟབ་པའི་བྱུང་རིམ་ཞིག་བཀོད་པ་དང་། མིག་དམར་དགེ་བཤེས་ཀྱི་བརྩེ་དུང་གི་ཆགས་འཇིག་སོགས་གནས་པའི་བྱུང་རིམ་གྱི་ཚན་པ་ཞིག་བཀོད་ནས་ན་གཞོན་དག་སྤྱི་ཚོགས་དང་འཚོ་བའི་འཐབ་རྩོད་ལ་ཞུགས་དུས་ཀྱི་ཁོ་པ་ཅག་གི་བློ་སྟོབས་དང་སྟོང་བསམ། བརྩོན་སེམས་དང་སྒྱིད་ལུག ད་དུང་ཀུན་སྤྱོད་ཀྱི་སྒྲོམ་གཞི་ལས་ཐར་མ་ཐུབ་པ་སོགས་བརྗོད་བྱའི་བསྟན་དོན་མཚོན་པ་ལ་རམ་འདེགས་ཆེན་པོ་བགྱིས་ནས་ཡོད་པ་དང་། དེ་བཞིན་བྱུང་རིམ་གྱི་ཚན་པ་རེ་རེས་བརྗོད་བྱའི་བསྟན་དོན་རྣོ་ལྕགས་ལྟ་བུ་ཞིག་གཏོང་ཕྱིར། ཐུར་དུ་སྤྲོས་པ་ལྟ་བུ་མ་ཡིན་པའི་བྱུང་རིམ་གྱི་ཚན་པ་རེ་རེས་བརྗོད་བྱའི་བསྟན་དོན་གཅིག་ཏུ་ངེས་པ་ལ་རམ་འདེགས་བྱེད་པ་ལས་བརྗོད་འདོད་ཀྱི་རྩ་བའི་བསྟན་དོན་སྟོར་བའི་ལས་སྤངས་ཅི་ཐུབ་བགྱིས་ཡོད། བར་སྐབས་ཀྱི་བྱུང་རིམ་ཚན་པ་ཞིག་ནས“ཇོའུ་ཏིས་ཀྱི་ཀྲུང་གོའི་སློབ་སྦྱོང་མཇུག་རྫོགས་ལ་ཉེ་བ་དང་། ཁོ་མོས་སེང་གེའི་སྒྲུང་རིང《བྲེ་སེར་འབྲོང་གི་མིག་ཆུ》དབྱིན་ཡིག་ཏུ་བསྒྱུར་ཏེ་ཨ་མེ་རི་ཀར་པར་སྐྲུན་བྱས་པར་ཀློག་པ་པོའི་དགའ་བསུ་དང་དཔྱད་བརྗོད་པའི་བསྔགས་བརྗོད་ཆེན་པོ་ཐོབ་པར་མ་ཟད། ‘དུས་རབས་ཉི་ཤུ་བའི་འཛམ་གླིང་གི་སྒྲུང་རིང་ཕུལ་བྱུང་བརྒྱ་ཐམ་པའི’དཔེ་ཚོགས་ནང་དུ་བདམས། དེ་ལས་ལྡོག་སྟེ་བོད་ཡུལ་དུ་ཁོའི་བརྩམས་ཆོས་པར་སྐྲུན་བྱེད་མཁན་མེད་པའི་ཁར་ད་ལྟ་ཇོའུ་ཏིས་དང་ཁོང་གཉིས་ནི་དངོས་གནས་ཁ་འབྲལ་ཐབས་མེད་པའི་ཚད་ལ་སླེབས་འདུག་པས་ཁོ་རང་ཨ་མེ་རི་ཀར་འགྲོ་རྒྱུའི་སེམས་ཐག་བཅད”པས། སེང་གེ་དང་མེ་ཏོག་གཉིས་ཀྱི་འགལ་བར་འཕོ་འགྱུར་ཚབས་ཆེན་བཏང་བ་དང་འཕོ་འགྱུར་བྱུང་བ་བརྒྱུད་ནས། བརྩམས་ཆོས་སུ་ཤ་རུས་ཁྲག་གསུམ་བཞིན་མངོན་འོང་བའི་མེ་ཏོག་དང་ཇོའུ་སོགས་དང་། བརྩམས་ཆོས་ཀྱི་ལུས་སུ་སྲོག་ལྟར་གནས་པའི་སེང་གེའི་གཤིས་ཀར་འགྱུར་ལྡོག་རྒྱུ་འབྲས་དང་མཐུན་པ་བསྐྱེད་པ་དང་བྱུང་རིམ་གྱི་ཚན་པ་རེ་རེས་བརྩམས་ཆོས་ཀྱི་བརྗོད་སྙིང་ལ་གསོན་ཤུགས་གསར་བ་རེའམ་ཡང་ན་ངར་ཤུགས་ཁྱད་པར་བ་རེ་བསྣན་འོང་གི་འདུག ད་དུང་ཀུན་དགའ་སྒྲོལ་མའི་ལས་དབང་ངམ་མི་ཚེའི་འགྱུར་ལྡོག་དང་ཚུལ་ཁྲིམས་ཀྱིི་གོ་གནས་དང་རྒྱུ་ནོར་གྱི་སླད་དུ་གཉུག་གཤིས་མངོན་པ་དང་མིག་དམར་དགེ་བཤེས་ཀྱི་སྟོང་བསམ་སོགས་ཀྱི་བྱ་སྤྱོད་སྦྲུམ་པའི་བྱུང་རིམ་གྱི་ཚན་ཁག་རེ་རེ་བརྒྱུད་ནས་བྱུང་རིམ་གྱི་གྲུབ་ཆ་དག་ཕན་ཚུན་ལ་གཅིག་ལ་གཅིག་རྟེན་ནམ་གཅིག་ལ་གཅིག་བརྒྱུས་ནས་ཆ་ཚང་བར་གྲུབ་པ་མ་ཟད། གོར་ཅིས”བྱུང་རིམ་ནི་མི་སྣའི་བར་གྱི་འབྲེལ་གཏུག་དང་། འགལ་བ། སྙིང་རྗེ་དང་ཞེ་ལོག་དེ་མི་ཕན་ཚུན་བར་གྱི་སྤྱིར་བཏང་གི་འབྲེལ་བ་སྟེ། རང་གཤིས་ག་གེ་མོ་གྲུབ་པ་དང་དཔེར་མཚོན་མི་སྣ་མཚར་ལོངས་བྱུང་བའི་ལོ་རྒྱུས་ཡིན”ཞེས་པ་ལྟར་བརྩམས་ཆོས་འདི་ནི་བྱུང་རིམ་གཙོར་བཟུང་གི་བརྩམས་ཆོས་ཤིག་ཡིན་ཞེས་བརྗོད་ཀྱང་ཚད་ལས་མི་འདའ་སྙམ། འོན་ཀྱང་བྱུང་རིམ་གྱི་ཚན་པ་རེ་རེ་ལེགས་པོའམ་དོན་དག་གང་ཞིག་བྱུང་བ་དང་འབྱུང་བའི་ཐད་ལ་རྒྱུ་འབྲས་གཏན་ཚིགས་བཙན་པོ་ཞིག་ཡོད་ཀྱང་། བརྩམས་ཆོས་དེ་ཡིས་རྩ་བའི་སྒྲིག་གཞི་གཅིག་གམ་ཡང་ན་སྤྱི་ལ་དབང་བའི་གཞུང་རྟ་བརྟན་པོོ་ཞིག་མེད་པར་བྱུང་རིམ་གྱི་ཚན་པ་རེ་རེས་རྩ་བའི་བརྗོད་སྙིང་དེ་གཞི་གཅིག་ཏུ་མ་ངེས་ན། བརྩམས་ཆོས་དེ་ནི་ཞིག་རལ་དང་མདོ་འཛིན་ས་མེད་པ་ལྟ་བུར་གྱུར་བ་ཞིག་ཡིན་མོད། འོན་ཏེ་བརྩམས་སྒྲུང《སྨུག་པ》ཡི་བྱུང་རིམ་གྱི་སྒྲིག་གཞི་སོགས་ནི་བར་ཚགས་དམ་ལ་བྱུང་རིམ་གྱི་ཚན་པ་མང་ལ་ཚན་པ་སྔ་ཕྱི་རེ་རེས་བརྗོད་བྱའི་བསྟན་དོན་གཅིག་ལ་ཕྱོགས་ཀུན་ནས་ནན་ཏན་གྱིས་གཞོལ་བར་བྱས་ནས་ཡོད་པ། སེང་གེ་དང་མེ་ཏོག ཇོའུ་ཏིས་གསུམ་གྱི་གཤིས་ཀར་ངར་ལྡུད་དེ་བྱུང་རིམ་སྐྱ་འཐབ་པར་བཅོས་པ་དང་མི་སྣའི་སྣང་བརྙན་ཕུན་སུམ་ཚོགས་པ་བསྐྲུན་པས་བརྩམས་སྒྲུང་འདིའི་བརྗོད་སྙིང་དེའང་ངར་ལྕགས་ལྟ་བུར་གྲུབ་ནས་ཡོད། བྱུང་རིམ་དེ་འབྱུང་ལུགས་མང་ཆེ་བ་དྲན་གསོས(འདིའི་སྐོར《སྨུག་པ》འི་ཐད་ཀྱི་བརྩམས་ཆོས་གཞན་དུ་གསལ་ཆ་དོད་པོ་ཡོད་པས་འདི་བཀྲལ་བའི་ལས་མི་བགྱི)⑨ཀྱི་ཚུལ་དུ་དྲངས་ནས་འབྱུང་བཞིན་ཡོད་ལ་དེའང་གོང་འོག་བར་མཚམས་གང་དུ་ཡང་འགལ་བའི་ཆ་འབྱུང་དུ་མ་བཅུག་པར་ཧ་ཅང་སྟར་ཆགས་སུ་སྦྲེལ་ཏེ་ལྷོད་པོར་སྤེལ་ནས་ཡོད། འདི་ནི་བརྩམས་སྒྲུང་འདི་ཡི་སྒྱུ་རྩལ་གྱི་ཆ་རྨད་བྱུང་བ་ཞིག་ཏུ་བགྲང་བའི་རྒྱུ་རྐྱེན་ཞིག་ཡིན་ནོ།།

གཉིས་པ། མི་སྣ་བཤད་པ། 

དངོས་ཡོད་སྤྱི་ཚོགས་ཁྲོད་ན་རྒྱུ་ཞིང་འཚོ་སྡོད་བྱེད་པའིམིནི་རྩོམ་རིག་བརྩམས་ཆོས་ཀྱིས་བདག་ཏུ་བཟུང་ནས་ཁོ་ཅག་གི་མི་ཚེའི་དགའ་དགོད་དང་སྡང་སྡུག བརྐམ་ཆགས་དང་ཚེ་སྲོག་གི་འཕར་འཇགས། ཞེད་སྣང་དང་ཡིད་རྨུགས་པ་སོགས་རྩོམ་རིག་བརྩམས་ཆོས་སུ་སྒྱུ་རྩལ་དང་བསམ་བློ་ཚད་མཐོན་པོས་བརྡལ་ཏེ་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ཀྱི་མི་སྣའི(མི་སྣ་འཚར་ལོངས་བྱུང་སའི་ཁོ་ཡུག་དང་དུས་ཀྱང་འདུ)སྣང་བརྙན་གྱི་ལམ་ལས་མཚོན་པར་བགྱིས་ཡོད་ཅིང་། མི་སྣ་ལ་མི་ཡིན་པ་དང་མི་མ་ཡིན་པའི་སྲོག་ཆགས་གཞན་པ་དང་སྐྱེ་དངོས་སོགས་འདུས་ཀྱང་། སྐབས་དོན་བརྩམས་སྒྲུང་འདི་ལས་བརྗོད་གཞིར་བླངས་པའི་མི་སྣ་མི་ཡིན་པ་དང་མི་སྣ་དེ་དག་ནི་རྩོམ་རིག་བརྩམས་ཆོས་ཀྱི་རྩ་བའི་དམིགས་ཡུལ་ལྟར་གཟུང་ཐག་བཞིན་དུ་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་མ་བཏང་བར་བགྱིས་ནས་བརྩམས་ཆོས་ཀྱི་སྲོག་གམ་གཞུང་རྟར་བསླངས་ཏེ་ཕྱིར་མཚོན་གྲུབ་ནས་ཡོད། བརྩམས་ཆོས་འདིར་མཚོན་ན(སྤྱིར་བཏང་བརྩམས་ཆོས་འདིར་མི་སྣ་ཉི་ཤུ་ལྷག་ཡོད་ཅེས་གཞན་དུ་འཁོད་ཀྱང་དོན་དུ་མི་སྣ་སུམ་ཅུ་ལྷག་ཡོད་འདུག)མི་སྣ་གཙོ་བོར་སེང་གེ་ཆགས་ནས་ཡོད་པ་དང་ཁོ་པའི་ལུས་སེམས་ཀྱི་ཉམས་འགྱུར་རམ་འཚོ་སྙེག་གི་ལམ་བུ་སོགས་དང་སྦྲགས་ནས་བརྩམས་སྒྲུང་འདི་ལ་གསོན་ཤུགས་ཁྱད་པར་བ་བསྩལ་ཡོད་ལ། བརྩམས་སྒྲུང་འདི་ཡི་ཆ་མང་བོའང་དེ་ཡིས་ཟིན་ཡོད་པས་སྐབས་འདིར་མི་སྣ་གཙོ་བོ་སེང་གེའི་གཏན་ཆགས་དང་གཏན་ཆགས་མ་ཡིན་པའི་གཤིས་ཀའི་འགྱུར་བག་ལ་རགས་ཙམ་ཞིག་སྙོབ་པར་བྱ།

⑴  མ་གཞི་ནས་བརྩམས་ཆོས་འདིར་སེང་གེ་ནི་དྲང་ཕྱོགས་ཀྱི་མི་སྣ་ཞིག་ཏུ་བཀོད་ནས་ཡོད། དཔེར་ན་སེང་གེ་ཆུང་ངུའི་དུས་སུ་ན་རག་ལྟ་བུར་བརྗོད་ནའང“སྐབས་ཤིག་ནས་སེང་གེས་གློ་བུར་དུ་བསམ་ཤེས་པར་གྱུར་ཏེ་མ་རབས་ཀྱི་རྩེད་མོ་བསྐྱུར་ནས་ཡ་རབས་ཀྱི་ལས་ཀར་བརྩོན་མགོ་བརྩམས་པ་ན་ཁོ་པར་རིག་པ་རྣོ་བའི་ཁར་ཧུར་བརྩོན་ལྡན་པས་སུས་ཀྱང་འགྲན་ཟླ་མི་ནུས་པ་དང་། རིམ་བཞིན་བོད་ཀྱི་རྩོམ་རིག་གི་ཡང་རྩེར་སླེབས་པར་མ་ཟད་ད་ལྟ་འཛམ་གླིང་རྩོམ་རིག་ལ་དཔུག་འཇུག་བྱེད་ཀྱིན་ཡོད་ལ་རྒྱལ་ཁ་ཐོབ་མིན་ཡང་འདང་རྒྱག་མེད”ཅེས་རྒྱུ་འབྲས་རྟེན་འབྱུང་གི་ཆོས་ཉིད་ཀྱིས་སེང་གེའི་མི་ཚེ་ཇི་ལྟ་བུ་ཞིག་ཡིན་པ་རགས་ཙམ་སྤྲོས་པས་ཀྱང་ང་ཚོར་ངེས་ཤེས་ཏོག་ཙམ་ཞིག་འབྱུང་ངེས་མོད། འོན་ཀྱང་དེ་དག་གིས་སེང་གེའི་ཡོན་ཏན་གྱི་ཡན་ལག་འགའ་རྟོགས་ཐུབ་པ་ལས་སྐྱོན་གྱི་ཕྱོགས་ནི་རྟོགས་པར་རམ་འདེགས་དེ་ཙམ་གནང་དཀའ། མི་སྣ་སེང་གེ་ནི་སྲོལ་རྒྱུན་བརྩམས་སྒྲུང་དག་ལས་རྒྱུན་དུ་མངོན་འོང་བའི་དྲང་ཕྱོགས་ཀྱི་མི་སྣ་ཡིན་ན་དཀར་པོ་ཏག་ཏག་དང་། ལྡོག་ཕྱོགས་ཀྱི་མི་སྣ་ཡིན་ན་ནག་པོ་རྐྱང་རྐྱང་ཡིན་པའི་ངེས་པ་ལྟ་བུ་མ་ཡིན་པར། འདིར་མངོན་པའི་མི་སྣ་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་སྟེ་འདོད་ཆགས་དང་ཞེ་སྡང་ལྡན་ལ། དགའ་སྡུག་གི་སྣང་བ་རེས་མོར་འཁོར་སའི་དངོས་ཡོད་ཀྱི་མི་ཇི་བཞིན་དུ་ཐོན་པར་བགྱིས་ཡོད། 

མི་སྣ་སེང་གེའི་གཤིས་ཀ་སོགས་ཀྱི་སྤྱི་ངོས་ནས་གཞལ་ན་ཁོ་པ་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་ཆུང་ངུའི་དུས་ནས་སློབ་གྲྭ་འགྲོ་བའི་སྐལ་བ་ཤར་ནས་གཤིས་ཀ་དང་བསམ་བློར་འགྱུར་ལྡོག་བྱུང་སྟེ་ཡོན་ཚད་མཐོན་པོ་ཅན་གྱི་མི་ཞིག་ཏུ་འགྱུར་བའི་གོ་རིམ་ཡོད། ཁོ་པ་ནི་དངོས་ཡོད་སྤྱི་ཚོགས་དང་དུས་རབས་གསར་བ་དང་ལེན་གྱི་སྤོབས་པ་དང་། དང་ལེན་ཤེས་པའི་མི་སྣ་ཞིག་ཏུ་ཕྱོགས་གང་ཅིའི་ཐད་ནས་རྩོམ་པ་པོས་བཀོད་འབྲི་བགྱིས་ཡོད་མོད། འོན་ཀྱང་རྩ་བའི་ཆ་ནས་ཁོ་པར་ད་དུང་རིག་གནས་རྙིང་བའི་བག་ཆགས་སམ་དྲི་མ་ཡོད་པ། ཁོ་པའི་གཤིས་ཀ་ནི་ཧ་ཅང་གཏན་ཆགས་རང་བཞིན་ཅན་ཞིག་མ་ཡིན་པ། ད་དུང་ད་ལྟའི་ན་གཞོན་གསར་བ་བློ་སྤོབས་ཅན་ཚོ་དང་འདྲ་བར་དུས་རབས་གསར་བ་ལ་དགའ་བ་དང་དེ་ལ་ཕྱོགས་པ། ནུབ་ཕྱོགས་རིག་གནས་ལ་ཞེན་པ་དང་སྲོལ་རྒྱུན་སོགས་གང་ལའང་མ་ཤེས་པར་དད་པ་མི་བྱེད་པའི་འདུ་ཤེས་རྒོད་པ་སོགས་ཀྱི་ཁྱད་ཆོས་ཡོད་ལ། ཡང་དེ་དག་དང་འདྲ་བར་རྩ་བའི་ཆ་ནས་བསྒྱུར་བཅོས་ཐུབ་མེད་པ་མ་ཟད་གནད་འགག་གི་སྐབས་དང་སྐབས་སུ་གཏན་ཆགས་མིན་པའི་གཤིས་ཀ་དང་བག་ཆགས་རྙིང་བ་ཕྱིར་མངོན་འོང་བ་ཞིག་ཡིན་འདུག དཔེར་ན་ཐེངས་ཤིག་མེ་ཏོག་དང་སེང་གེ་གཉིས་ཀྱིས་འཁོན་འཛིང་བྱེད་སྐབས་སེང་གེསཁྱོད་ཀྱིས་ཤེས་གསལ་ལྟར་ང་ནི་གུང་ཁྲན་ཏང་ཡོན་ཞིག་མིན་མོད། འོན་ཀྱང་ང་རང་དངོས་གཙོ་སྨྲ་བ་ཞིག་ཡིན།ཞེས་སྐད་པ་དང་། ཡངམི་རེར་དཀོན་མཆོག་རེ་ཡོད་པ་དང་། རང་གི་དཀོན་མཆོག་རང་ཉིད་ཡིན་ཟེརཞེས་སེང་གེའི་རང་ཉིད་ཀྱི་ལྟ་བའམ་རང་ཉིད་ཀྱིས་དང་བླངས་སམ་བསྒྱུར་བཅོས་བགྱིས་ཡོད་འདོད་པའི་ལྟ་ཚུལ་ལམ་གཤིས་ཀ་དེ་ལྟར་གསལ་བརྗོད་བྱས་མོད། འོན་ཀྱང་དོན་དངོས་པོའི་གནས་ཚོད་ལ་ཁོ་པ་ནི་དེ་འདྲའི་རྒྱུན་ཆགས་ལྷོད་མེད་ཁོ་ནའི་གཤིས་ཀ་ཅན་ཞིག་མ་ཡིན་ཏེ། དཔེར་ན་སེང་གེས་ཚུལ་ཁྲིམས་ལཁྱོད་འདྲ་བ་འཇིག་རྟེན་འདིར་མངགས་པ་ནི་དཀོན་ཅོག་གི་ནོར་འཁྲུལ་ཡིནཞེས་ཁོ་པའི་ངག་བརྒྱུད་ནས་ཐོན་པ་དང་། ད་དུང་ཁོ་པའི་དཔེ་སྒྲོམ་གྱི་ནང་དུ་ལྷ་མོ་དབྱངས་ཅན་མའི་འཇིམ་སྐུ་གསེར་ཆུ་བྱུག་པ་ཞིག་ཡོད་པ། ཡངདྲང་མོར་བཤད་ན་གྲྭ་པ་དེ་ཚོར་ངོ་མ་ཚི་དྲི་འཐུལ་གྱིན་འདུག དེ་ངས་ཀྱང་མ་ཚོར་བ་ག་ལ་ཡིན། ཡིན་ནའང་ཚི་དྲི་འཐུལ་ན་ཅི་ཞིག་རེད། ཁོ་ཚོའི་སེམས་པ་དྲི་མས་གོས་མེད་པ་ཁོ་ཐག་ཡིན། ངས་དཀོན་ཅོག་ལ་མནའ་བསྐྱལ་ཆོགཅེས་དང་། “འདི་འདྲའི་སྣ་བཟང་པོ་ནི་འགྲོ་བ་མིའི་རིགས་ཀྱི་ཡིན་མིན་ཐེ་ཚོམ་ཟ་བར་བྱེད།ཅེས་སོགས་ཁོ་པའི་རྩ་བའི་བག་ཆགས་དེ་མཚམས་མཚམས་སུ་རང་སད་ཀྱི་ངོར་ཤར་ནས་རང་ཉིད་ཀྱི་དམ་ཚིག་གམ་ཕུགས་བསམ་དང་འགལ་བ། ཁོ་པའི་གཤིས་ཀ་དང་འཚམ་པོ་མིན་པའི་ཆ་མང་དུ་འབྱུང་བས། དོན་དམ་དུ་སེང་གེ་ནི་གསར་བའི་ཆ་ཡོངས་སུ་ལུས་སེམས་གཉིས་ལས་དང་ལེན་གཙང་རྐྱང་བྱས་གྲུབ་པའི་མི་སྣ་ཞིག་མ་ཡིན་པར་ཁོ་པ་ནི་ཕྱོགས་གང་ནས་བལྟས་ཀྱང་མི་སྣ་ཕུང་གསུམ་པ་ཞིག་ཡིན་འདུག་པ་སྣ་མང་བོ་ལས་མངོན་ཡོང་། 

⑵ སྤྱིར་བཏང་གི་བརྩམས་ཆོས་ཀྱི་ཆ་མང་བོ་ནི་སེང་གེའི་གཤིས་ཀའི་འགྱུར་བ་དང་བསྟུན་ཏེ་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང་དེ་ཡིས་ཟིན་ནས་ཡོད་མོད། འོན་ཀྱང་དེ་དག་གི་བར་གསེབ་ནས་མི་སྣ་རེ་རེའི་གཤིས་ཀར་ཁྱད་པར་བའི་ཁྱད་ཆོས་ཧ་ཅང་འཐུས་ཚང་ཅན་མང་ཡང་། ཕྲན་གྱིས་འདིར་གླེང་བར་འདོད་པའི་མི་སྣ་ནི་གཞན་དག་དང་ཅུང་གཤིས་ཀ་ཁྱད་པར་བ་ཅན་ཏེ་ན་གཞོན་གསར་བའི་གཤིས་ཀའི་ཆ་འཛོམས་པོ་ཅན་ཞིག་ཡོད་པ་ནི་མིག་དམར་དགེ་བཤེས(པདྨ་བཀྲ་ཤིས)ཡིན། ཁོ་པ་ནི་བརྩམས་ཆོས་ལས་མངོན་པ་བཞིན”སྤྱིར་ན་མིག་དམར་དགེ་བཤེས་ཀྱི་ཁོག་གི‘སྣག་ཚ’ཤིན་ཏུ་ཉུང་ལ། དེ་ཙམ་ཡང་འཛམ་གླིང་གི་མིང་གྲགས་ཅན་གྱི་རྩོམ་རིག་བརྩམས་ཆོས་བྱིས་པའི་ཀློག་དེབ་ཏུ་བསྒྱུར་ཡོད་པ་རེ་དང་། དཔེ་ཆ་མིང་གྲགས་ཅན་རེའི་ནང་དོན་གནད་བསྡུས་སོགས་ལས་གྲུབ”ཅེས་པ་དང”དཔེ་ཆ་མི་ཀློག་པར་མཁས་པར་འགྱུར་འདོད་ཡོད་པ་དང་རྩོམ་ཡིག་མི་འབྲི་བར་རྩོམ་པ་པོར་འགྱུར་འདོད་ཡོད་པཞེས་པ་འདི་ཡིས་མིག་དམར་དགེ་བཤེས་ཀྱི་ཡོན་ཚད་ཇི་ལྟ་བུ་ཞིག་ཡིན་པ་གསལ་བོར་སྟོན་ཐུབ་པ་དང་། མིག་དམར་དགེ་བཤེས་ནི་ཡོན་ཚད་དམའ་ལ་ང་རྒྱལ་ཆེ་བ། སྐད་ཆ་བཤད་པ་ཞིབ་ཚགས་མ་ཡིན་པ་དང་ཚུལ་འཆོས་ཆེ་ལ་མེད་པ་ཡོད་ཉམས་སྟོན་པ། ཁྱད་གསོད་དང་དམའ་འབེབས་བྱེད་མཁན། གལ་གནད་ཀྱི་གླགས་སུ་མདུན་བསྐྱོད་མི་ཐུབ་པར་ཕྱིར་ནུར་བྱེད་པ། བརྩེ་དུང་གི་དབང་དུ་འགྱུར་སླ་བ་དང་དེ་ལས་ཕབ་པར་གྱུར་ན་སྡུག་སྐད་ཙེ་རེ་སྒྲོག་པ་དང་། གང་ལའང་དམ་བཅའ་བཞག་ཀྱང་མཐའ་མི་འཁྱོལ་བ། གང་ཞིག་སྒྲུབ་འདོད་ཀྱི་འདུན་མ་ཡོད་ཀྱང་དེའི་རྒྱུ་མི་གསོག་པར་སྟོང་བསམ་ལས་མི་ཚེ་འདའ་བར་བྱེད་པ། གང་ནས་ཀྱང་ཕམ་སླ་བའི་གཤིས་ཀ་འཛོམས་པོ་ཅན་ཞིག་ཡིན་ལ་གཤིས་ཀའི་གསེབ་ན་དུས་རབས་གསར་བའི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་རབས་གསར་བའི་གཤིས་ཀ་སྟུག་པོ་མངའ་བ་ཞིག་ཏུ་བཞེངས་ཡོད།

མ་གཞི་བརྩམས་ཆོས་འདིར་ཐོན་པའི་མི་སྣ་རེ་རེ་ལ་ན་གཞོན་གྱི་གཤིས་ཀ་ཁྱད་པར་བ་རེ་མངའ་ལ་དེ་ནི་མི་སྣ་གཅིག་གི་སྟེང་དུ་བཙན་གྱིས་སྐྱོན་ཡོན་མང་བོ་མ་བསྡུས་པར་སྤྱི་ལ་ཁྱབ་པར་བགྱིས་ནས། སྒྱུ་རྩལ་གྱི་བདེན་པའི་སྣང་བ་འདྲེན་པའི་ཐབས་ལམ་དང་སྟོབས་ཤུགས་ལྷག་མ་ཞིག་ཡོད་འདུག་སྙམ། ཡིན་ཡང་བརྩམས་ཆོས་སྤྱི་ཆ་ནས་བལྟས་ན་བརྩམས་ཆོས་སྟོད་ཕྱོགས་སུ་མི་སྣའི་གཤིས་ཀ་བཞེངས་སྐྲུན་དང་ལྷུག་བརྗོད་སོགས་གང་ཅིའི་ཐད་ལེགས་པ་དང་སྨད་ཕྱོགས་སུ་ད་དུང་ཅི་ཞིག་གིས་མ་འདང་བའི་སྣང་བ་སྐྱེས་པའམ་སེམས་ཀྱི་ལོངས་སྤྱོད་དུ་འགྱུར་དཀའ་བ་དང་ཅུང་ཆ་མི་སྙོམས་པའི་སྣང་བ་སྐྱེས་མོད། འོན་ཀྱང་སྐབས་དོན་འཁྱོར་བར་དོགས་ནས་མཇུག་བསྡུ་བར་བགྱིའོ།། 

མཇུག་བསྡུ་བ།

འདི་ལྟར་བོད་ཀྱི་རྩོམ་རིག་གསར་བའི་སྡིངས་ཆའི་སྟེང་གི་ཀྱོག་མཚམས་ཤིག་ཏུ(1999བརྩམས་གྲུབ་བྱུང)རྡོ་རིང་བཞིན་འགྲེང་བའི་བརྩམས་ཆོས་ཕུན་སུམ་ཚོགས་པ་ཞིག་ལ། འཕྲལ་བྲིས་དང་འཁྱུག་ཙམ་གྱིས་དཔྱད་བརྗོད་ཅིག་སྤེལ་བ་ནི་འོས་སུ་མ་མཆིས་པ་འདྲ་བའི་གནས་ཡིན་པ་དང་། ལྷག་དོན་ཕྲན་གྱི་བློ་གྲོས་སོགས་ཕྱོགས་གང་ཅི་ཐད་ནས་ཀྱང་ཧ་ཅང་དམན་པོ་ཡིན་པས་འདི་ནི་ངལ་རྩོལ་གྱི་འབྲས་བུ་ཆུང་ངུ་ཞིག་ཏུ་བལྟ་འོས་པ་ལས་རྩོམ་རིག་དཔྱད་བརྗོད་ཅིག་ཏུ་བགྲང་བ་ནི་རང་ཁ་སྐྱེངས་པའི་གནས་ལས་མི་འདུག་མོད། འོན་ཀྱང་རང་བོད་ཀྱི་དེང་རབས་རྩོམ་རིག་ལ་དགའ་བ་དང་། ལྷག་པར་བརྩམས་ཆོས་འདི་ཡི་བརྗོད་བྱའི་བསྟན་དོན་དང་སྒྱུ་རྩལ་མཚོན་ཐབས་སོགས་གང་ཅིའི་ཐད་ནས་ཧ་ཅང་རང་གི་འདོད་འདུན་དང་མཐུན་པོ་བྱུང་བ་དང་བརྩམས་ཆོས་འདི་ལ་དགའ་བ་ཙམ་གྱི་དབང་དུ་བཏང་ནས། བརྩམས་ཆོས་འདི་ཡི་སྒྱུ་རྩལ་མཚོན་ཐབས་དང་བརྗོད་བྱ་སོགས་ལ་རགས་ཙམ་རགས་ཙམ་ཞིག་དཔྱད་ཁུལ་གྱི་ལས་དང་དུ་བླངས་ཏེ་དཔྱད་རྩོམ་ཞིག་གི་དོད་ཙམ་དུ་ཕུལ་བ་ན། འདི་ཡི་ནང་ལོགས་སུ་གནད་དུ་མ་སྨིན་པ་ལོག་འགྲེལ་ལ་སོགས་པ་བགྱིས་པའི་ལས་མང་དུ་བསགས་ཡོད་ངེས་པས་རྣམ་དཔྱོད་ཡངས་པ་དག་གིས་འདི་ལ་ཤ་ཚ་སྙིང་རྗེ་མེད་པར་ལུག་བཤའ་བཤའ་དང་ཤ་གཏུབ་གཏུབ་བགྱིས་ནས་སྐྱོན་སེལ་སོགས་གནང་བའི་རེ་བའི་ཐལ་མོ་སྙིང་གར་སྦྱར་ནས་ཡོད་དོ།། །།


 

མཆན།

①ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས། མི་རིགས་དཔེ་སྐྲུན་ཁང་།

འདི་ཡི་ཀྲུང་གོ་གསར་བ་དབུ་ཚུགས་པའི་དུས1949དང1951དང་སོགས་ལ་དངོས་འཛིན་པའི་མི་མཐུན་པ་འདུག

བཙུན་པོ་དོན་འགྲུབ། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

སྨུག་པ།ཞང་ཀང་གྱི་ལིང་དཔེ་སྐྲུན་ཚད་ཡོད་ཀུང་ཟིས་བསྐྲུན་ཞིང་བཀྲམ། ཟི་ལིང་མི་རིགས་པར་ཁང་གིས་དཔར།

༢༠༠༢ལོའི་ཟླ༥པར་པར་གཞི་དང་པོ་བསྒྲིགས། ༢༠༠༢གོའི་ཟླ༥པར་པར་ཐེངས་དང་པོ་བཏབ།

 ཀླུ་རྒྱལ་ཐར་གྱིས་བརྩམས།《རྩོམ་གཞུང་སྤྱི་བཤད།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༣པར་པར་ཐེངས་གཉིས་པ་བསྐྲུན་པ།

《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》ཆབ་བྲག་མགོན་པོ་སྐྱབས་ཀྱིས་གཙོ་སྒྲིག་བྱས། ༢༠༡༢ལོའི་དཔར་ཐེངས་དང་པོ།

སྐབས་འདི་རང་བྱུང་ཞེས་པ་ནི་ཀྲུའུ་ཀོང་ཆན་གྱིས་གསུང་བའི“རང་བཞིན་གྱིས་ཡོད་པ་དང་། རྫུན་རྣམ་མེད་པའི་བྱ་དངོས་ལ་གོ”བཞིན་ནོ།།

ཧྥུ་ལོ་ཡུ་ཏེས”མིའི་འདུ་ཤེས་ནི་འཁྱགས་རི་ཞིག་ཡིན་པའི་དབང་དུ་བཏང་ན། འདུ་ཤེས་གསལ་བོ་དེ་ནི་མཚོ་ངོས་སུ་འབུར་བའི་མཐོང་ཐུབ་ཀྱི་རི་རྩེ་དེ་ཡིན་ཞེས་བརྗོད་མོད།

འོན་ཀྱང་རང་གིས་བསྙད་འདོད་པ་ནི་གསལ་ལ་མི་གསལ་བའི་འདུ་ཤེས་རབ་རིབ་དེའོ།།

《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》ཆབ་བྲག་མགོན་པོ་སྐྱབས་ཀྱིས་གཙོ་སྒྲིག་བྱས།༢༠༡༢ལོའི་དཔར་ཐེངས་དང་པོ།

ཟུར་བལྟའི་དཔེ་ཆ།

ཀུན་དགས་བསྒྱུར། 《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ་བ།》 (སྟོད་སྨད་གཉིས།)

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ། ༢༠༠༠ལོའི་ཟླ༢པར་པར་གཞི་དང་པོ་བསྒྲིགས།

༢༠༡༣ལོའི་ཟླ༣པར་པར་ཐེངས་གཉིས་པ་བརྒྱབ།

《༢༠༡༡ལོའི་རྩོམ་རིག་དཔྱད་བརྗོད།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ ༡༢ པར་དཔར་ཐེངས་དང་པོ་དཔར།

བཙུན་པོ་དོན་འགྲུབ། 《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

༢༠༡༤ ལོའི་ཟླ ༡༢ པར་དཔར་ཐེངས་དང་པོ་དཔར།

བྱ་གཞུང་དབྱངས་བྷ། 《རྩོམ་རིག་དང་མི།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ༨པར་དཔར་ཐེངས་དང་པོ་དཔར།

ཀླུ་རྒྱལ་ཐར། 《རྩོམ་གཞུང་སྤྱི་བཤད།》 ཀྲུང་གོའི་བོད་རིག་པ་དཔར་སྐྲུན་ཁང་།

༢༠༠༨ལོའི་ཟླ ༡ པར་དཔར་གཞི་དང་པོ་བསྒྲིགས། ༢༠༡༣ལོའི་ཟླ༣པར་པར་ཐེངས་གཉིས་པ་བཏབ།

བདུད་ལྷ་རྒྱལ།《འཚོལ་རྟོག་སྙིང་སྟོབས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།》 ༢༠༠༤ལོའི་ཟླ ༦པར་དཔར་ཐེངས་དང་པོ་དཔར།

རྔ་བ་སྦྱིན་པ། 《བོད་ཀྱི་རྩོམ་པ་པོའི་རྩོམ་རིག་མཛེས་དཔྱོད་ཀྱི་འགྱུར་རླབས་ཆེན་པོ་གསུམ།》

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ ༤ པར་དཔར་ཐེངས་དང་པོ་དཔར།

ཆབ་བྲག་མགོན་པོ་སྐྱབས་ཀྱིས་གཙོ་སྒྲིག་བྱས། 《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༦པར་དཔར་ཐེངས་དང་པོ་དཔར།

རང་སྒྲ། 《རྩོམ་རིག·གསར་རྩོམ·དཔྱད་བརྗོད།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོའི་ཟླ༡༠པར་དཔར་ཐེངས་དང་པོ་དཔར།

ཆབ་བྲག་རྟ་མགྲིན། 《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས།》 མི་རིགས་དཔེ་སྐྲུན་ཁང་།

༢༠༠༧ལོའི་ཟླ༦པར་པར་གཞི་དང་པོ་བསྒྲིགས། ༢༠༡༣ལོའི་ཟླ༣པར་པེ་ཅིན་དུ་དཔར་ཐེངས་ལྔ་པ་བརྒྱབ།

རྡོ་རྗེ་རིན་ཆེན། 《རྩོམ་རིག་གཞུང་ལུགས་གནད་བསྡུས།》 མི་རིགས་དཔེ་སྐྲུན་ཁང་།

༡༩༩༨ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ༢༠༡༤ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས་དྲུག་པ་བརྒྱབ།

བདུད་ལྷ་རྒྱལ། 《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ།》  (གློག་རྡུལ་དཔེ་ཆ)

ལྷ་མོ་དོན་གྲུབ། 《རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།》

ཚེ་རིང་དོན་གྲུབ། 《སྨུག་པ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔར་ཐེངས་དང་པོ།

ཚེ་རིང་དོན་གྲུབ། 《སྨུག་པ།》ཞང་ཀང་གྱི་ལིང་དཔེ་སྐྲུན་ཚད་ཡོད་ཀུང་ཟིས་བསྐྲུན། ༢༠༠༢ལོའི་དཔར་ཐེངས་དང་པོ།

ཧྥིན་ཡུས་ཀྲུའུ་ཡིས་བརྩམས། སངས་རྒྱས་ཀྱིས་བསྒྱུར། 《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོལ་མེ།》

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988 ལོའི་ཟླ 8 པར་པར་ཐེངས་གཉིས་པར་དཔར།