ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་ལ་མཇལ་བའི་མྱོང་ཟིན་ཐོར་བུ།

སྟག་ལྷ་རྒྱལ།


 

                 ༡ མཛད་པ་བོའི་རྣམ་ཐར་མདོར་བསྡུར། 

     ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་མཛད་པ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་རབ་བྱུང་དང་བོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་སྤྱི་ལོ༡༠༠༤ལོར་ཡབ་རྟ་གསུམ་སྐུ་གཤེན་དང་། ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་སྟོད་ལུང་ཕུར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཁམས་སུ་ཕེབས་ནས་བླ་མ་བསེ་བཙུན་གྱི་མདུན་སར་འབྲི་ཀློག་དང་། པཎྚི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲྀ་ཏའི་སྐད་ལ་བསླབས། རབ་བྱུང་དང་བོའི་ཆུ་རྟ་སྤྱི་ལོ་༡༠༤༢ལོར་ཇོ་བོ་ཆེན་པོ་མངའ་རིས་སུ་ཕེབས་པ་གསན་ཏེ་ཁམས་ནས་ཞབས་ཐང་གིས་མངའ་རིས་སུ་ཕེབས། སྤུ་རངས་སུ་ཇོ་བོ་ཆེན་པོ་དང་མཇལ་ཞིང་བླ་མར་བསྟེན། དེ་ནས་ཇོ་བོ་དང་ལྷན་དུ་དབུས་གཙང་དུ་ཕེབས་ཤིང་བླ་མ་དེ་ལས་བཀའ་ཆོས་མང་དུ་གསན།  ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་རྗེས། སྔོན་རྗེ་ཁོང་གིས་གསོ་སྐྱོང་གནང་བའི་སློབ་ཚོགས་ཁྲིད་དེ་རྭ་སྒྲེང་དུ་ཕེབས། དགུང་ལོ་ང་བཞི་བ་མེ་བྱ་སྤྱི་ལོ་༡༠༥༧ལོར་རྭ་སྒྲེང་དགོན་པ་བཏབ། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞུགས། དེ་ནས་ཇོ་བོའི་སློབ་མ་རྣམས་འབྲོམ་སྟོན་པས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར།  སྲས་ཀྱི་ཐུ་བོ་པོ་ཏོ་བ་དང་སྤྱན་སྔ་བ། ཕུ་ཆུང་བ་གཙོས་སློབ་མ་མཁས་གྲུབ་མང་དུ་བྱུང་། ཁོང་ནི་དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་བསྲུང་བ་དགེ་སློང་ལས་ཀྱང་ལྷག་པ་མཛད། དགུང་ལོ་རེ་གཅིག་པ་རབ་བྱུང་དང་བོའི་ཤིང་འབྲུག་སྤྱི་ལོ་༡༠༦༧ལོར་རྭ་སྒྲེང་དུ་སྐུ་གཤེགས་སོ།།

 

                    ༢རྣམ་ཐར་ཆོས་ཀྱི་འབྱུང་གནས་ངོ་སྤྲོད་པ།

      ཇོ་བོ་ཆེན་པོའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་ཅིང་༢༠༡༤ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་«ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས»་ཞེས་པ་གངས་ཅན་གཙུག་ལག་རིན་ཆེན་ཕྲེང་བའི་དེབ་ཕྲེང་(༡༡)གྲས་སུ་བཞག་སྟེ་པར་དུ་བཏབ། དེབ་འདིའི་སྟོད་དུ་ཇོ་བོ་རྗེ་བོད་དུ་བྱོན་པའི་ཚུལ་ཚིགས་སུ་བཅད་པས་བསྟན་ཞིང་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ལྷུག་མས་བསྟན་ཡོད། སྤྱིར་ཇོ་བོ་རྗེའི་རྣམ་ཐར་ལ་བཀའ་གདམས་ཕ་ཆོས་དང་བུ་ཆོས་ནང་དུ་བྱུང་བ་ལས་གཞན་མཆིམས་ནམ་མཁའ་གྲགས་པ་དང་གཙང་མཁན་ཆེན་སོགས་ཀྱིས་ཀྱང་རྩོམ་སྒྲིག་ཅི་རིགས་བྱས་པར་གཞི་རྒྱས་བསྡུས་མི་འདྲ་བ་དུ་མ་བྱུང་ཡོད་སྐད་དང་། ལྷག་པར་རྡོ་སྦིས་ཚེ་རིང་རྡོ་རྗེས་གཙོ་སྒྲིག་བྱས་པའི་དེབ་འདིར་ཡང་རྣམ་ཐར་རྒྱས་བསྡུས་སྣ་ཚོགས་ཤིག་འཁོད་ཡོད་པ་ལས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་ལ་ཡང་ཡང་མཇལ་རྗེས་ཀྱི་མྱོང་ཚོར་ཕྲན་བུ་རེ་བཅད་ལྷུག་གཉིས་ཀའི་སྒོ་ནས་འབྲི་ཁུལ་བྱས་པ་གཤམ་གསལ་ལྟར།

 

 

         ༣ རྣམ་ཐར་ཆོས་ཀྱི་འབྱུང་གནས་ལས་མཇལ་བའི་གསེར་གྱི་རྒྱལ་མཚན།

        རྣམ་འདྲེན་ཐུབ་པའི་དབང་བོ་གཉིས་པ་རླབས་ཆེན་གྱི་སྐྱེས་བུ་དམ་པ་གང་དེའི་མཚན་ལ་༧ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རུ་གསོལ་ཞིང་།  རྗེ་ཁོང་ཉིད་རྒྱ་གར་འཕགས་པའི་ཡུལ་བྷ་ག་ལ་ཞེས་པའི་སར་རིགས་བཟང་བོ་བྱང་ཆུབ་སེམས་དཔའ་ཆེན་མོ་མཁན་ཆེན་ཞི་བ་འཚོ་འཁྲུངས་སའི་རྒྱུད་དུ་ཡབ་དགེ་བའི་དཔལ་དང་དཔལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་སྤྱི་ལོ་༩༨༢ལོར་སྐུ་འཁྲུངས། སྐུ་ཚེའི་སྟོད་ལ་རྒྱ་གར་ནས་ངེས་དོན་གྱི་མཁས་ཆེན་མང་དུ་བསྟེན་ཞིང་། ལྷག་པར་བླ་མ་གསེར་གླིང་བ་ལས་བྱང་ཆུབ་ཀྱི་སེམས་རིན་པོ་ལེགས་པར་རྒྱུད་ལ་འཁྲུངས་ཏེ་དཔལ་ནལེནྡྲའི་པཎ་ཆེན་རིག་པའི་ཁུ་བྱུག་གཙོས་མཁས་གྲུབ་མང་བོ་བྱང་ཕྱོགས་བོད་ཀྱི་ཡུལ་དུ་འབྱོན་པར་ཡང་ཡང་སྐུལ་བ་དང་། རྗེ་བཙུན་སྒྲོལ་མ་གཙོས་ལྷ་དང་བླ་མས་ལུང་བསྟན་ཏེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་གདམས། མཁྱེན་བརྩེ་ནུས་གསུམ་ཕུལ་དུ་ཕྱིན་པའི་དི་བཾ་ཀ་ར་དཔལ་མར་མེ་མཛད་དེ་ཉིད་བླ་མ་གསེར་གླིང་བའི་དྲུང་དུ་ཟླ་བཅུ་གཉིས་ཀྱི་རིང་ལ་རྒྱ་མཚོར་བརྒལ་ཏེ་ཕེབས་པར་ནག་ཕྱོགས་ཀྱིས་ཐོག་དང་སེར་བས་བར་ཆད་བྱས་ཀྱང་ཁོས་གིས་ཏིང་ངེ་འཛིན་ལ་ཉམས་གཞག་མཛད་དེ་ལྷ་དང་བླ་མར་གསོལ་བ་ཤུགས་དྲག་བཏབ་པས་འཇིགས་པ་རང་སར་ཞི་བར་གྱུར།

གཞན་ཡང་རྒྱ་བརྩོན་འགྲུས་སེང་གེ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ཏེ་ཇོ་བོ་ཆེན་པོ་སྤྱན་འདྲེན་པར་འདིར་སྐད་དུ། “བོད་ཀྱི་རྒྱལ་བོས་གསེར་བཙལ་ཏེ་རྗེ་ཉིད་སྤྱན་འདྲེན་པའི་ཆེད་དུ་བལ་ཡུལ་ནས་གར་ལོག་རྒྱལ་བོས་བཙོན་དུ་བཅུག་པ་དང་། གསེར་ཕུང་བོ་ཙམ་དང་རྒྱལ་བོ་བརྗེ་རྒྱུ་བྱས་ཀྱང་དབུ་ཙམ་གྱིས་མ་འདང་བས་གྲོས་མ་འཆམ་ཞིང་། བོད་ཀྱི་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས“་གསེར་འཁྱེར་ལ་ཅིས་ཀྱང་ཇོ་བོ་ཆེན་པོ་སྤྱན་འདྲེན་ཐུབ་པ་བྱ་དགོས་”ཚུལ་གསུངས་ཏེ་སྐུ་སྲོག་བསྟན་དང་འགྲོ་ལ་ཕུལ་བའི་གནས་ཚུལ་ཞུས་པར། ” ཇོ་བོ་ཆེན་པོའི་ཞལ་ནས་“ཁོང་རྒྱལ་བོ་དེ་ལ་ཤིན་ཏུ་ནོངས་པ་ཞིག་བདོག”་གསུངས་ཏེ་མཐར་བོད་དུ་ཕེབས་པ་མཛད། རྗེ་དེ་ཉིད་སྟོད་མངའ་རིས་ཡུལ་དུ་ཟླ་བདུན་ཙམ་ལ་བཞུགས་པར་འབྲོམ་སྟོན་པ་ཁམས་ནས་མངའ་རིས་བར་ལ་ཞབས་ཐང་དུ་ཕེབས་ཏེ་ཇོ་བོ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན། དེ་ནས་ཁོང་རྣམ་གཉིས་ཕེབས་ཏེ་བསྟན་པར་དག་ཐེར་མཛད། བོད་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་སྐུ་མཆེད་གསུམ་གྱིས་གཙོས་སློབ་མ་མང་དུ་བྱུང་སྟེ་བསྟན་པ་རྒྱས་པར་མཛད།  མཐར་སྤྱི་ལོ་༡༠༥༤ལོར་སྙེ་ཐང་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།།

 

༤ རྣམ་ཐར་ཆོས་ཀྱི་འབྱུང་གནས་ལ་མཇལ་བའི་མྱོང་སྣང་ཚིགས་སུ་བཅད་མ། 

 

སྐུ་མཚན་དཔེའི་ཉི་ཟླ་ཟུང་ཅིག་ལས།།

གསུང་གསེར་ནག་དུམ་པ་འོད་དུ་འཚེར།།

ཐུགས་ཟབ་གསལ་རྫོགས་པ་ཆེན་པོ་དེ།།

སྟོད་ཤཱཀྱའི་རྒྱལ་བོ་གང་དེར་འདུད།།

ཆོས་ཀུན་གཟིགས་ངོ་བོ་སྨྲ་བའི་ལྷ།།

ངག་བདེ་སྟོང་རོལ་བའི་དབྱངས་ཅན་མ།།

ཤར་གངས་རིའི་སྐྱབས་གཅིག་གྲུ་འཛིན་བདག །

ཞྭ་ཕུད་དེ་ཕྱག་གསུམ་ཅིའི་མི་འཚལ།།

ཡུལ་ཕོ་བྲང་གསེར་གྱི་རྒྱལ་མཚན་དུ།།

ཡབ་དགེ་བའི་དཔལ་དང་འོད་ཟེར་ཅན།།

འབྲིང་ཟླ་བའི་སྙིང་བོ་དེ་ཉིད་ནི།།

སྲས་རྒྱལ་བུ་དོན་གྲུབ་གཉིས་པ་ལགས།།

ཁོང་ཛེ་ཏ་རི་སོགས་ཟམ་ཟེ་ཡིས།།

ཆོས་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་མཛད།།

ལུས་དཀའ་ཐུབ་སྤྱད་དེ་ནགས་སུ་ཕྱིན།།

མཚན་ཡེ་ཤེས་རྡོ་རྗེ་ཞེས་སུ་གྲགས།།

ཕྱི་ཤིང་རྟ་བཅུ་གཉིས་རྒྱན་གྱིས་དཀྲིས།།

སྟེང་རྨ་བྱའི་གདུགས་ཕུབ་རོལ་མོ་དཀྲོལ།།

གླུ་ལེན་ཞིང་མཆོད་པའི་ལྷ་མོས་བསྐོར།།

ཐུགས་འཁོར་བར་སྐྱོ་བ་མར་མེ་མཛད།།

སྔོན་སྐྱེ་བ་ལྔ་བརྒྱ་ལྔ་རྩ་གཉིས།།

པཎ་ཆེན་མོའི་དགེ་སློང་གཙང་ངོ་ཞེས།།

མ་མཁའ་འགྲོའི་སྤྲུལ་བས་ལུང་བསྟན་གྱིས།།

ཉམས་དཀྲོགས་ཏེ་སད་པ་མར་མེ་མཛད།།

ཚུལ་དཔལ་གྱི་ཆས་བརྒྱད་ཁྲོ་ལོ་ལོ།།

གར་རྡོ་རྗེའི་ཤུགས་སྒྲ་དི་རི་རི།།

ལྷ་ཡི་དམ་ཚོགས་ཀྱིས་ལུང་བསྟན་པ།།

ཐེངས་ལན་གཅིག་གསན་ནོ་མར་མེ་མཛད།།

སྐུ་ཤར་ཕྱོགས་ཟ་ཧོར་ཡུལ་དུ་བལྟམས།།

དོན་བྱང་ཕྱོགས་ཁ་བ་ཅན་ལ་བཏབས།།

ཁོང་ཨུ་བ་སི་གས་འབྱེད་པའི་སྲོལ།།

དུས་ད་དུང་འབར་ཡོད་མར་མེ་མཛད།།

སྒྲ་ཚད་མ་སྒྱུ་རྩལ་རེ་བཞི་སོགས།།

ཆོས་རིག་བྱེད་རིག་པའི་རོལ་མོར་མཁས།།

འབྲོམ་རྒྱལ་བའི་འབྱུང་གནས་ཡབ་སྲས་ཀྱི།།

དྲིན་བསམ་གྱིས་མི་ཁྱབ་མར་མེ་མཛད།།

རྗེ་གསེར་གླིང་བླ་མའི་སྤྱན་སྔར་དུ།།

ཟླ་བཅུ་གཉིས་རྒྱ་མཚོར་བརྒལ་བྱས་ཏེ།།

ཐོག་གནམ་ལྕགས་ཕབ་ཀྱང་ཏིང་འཛིན་གྱི།།

བསྒོམ་དགྲ་བོས་མ་ཤིགས་མར་མེ་མཛད།།

དཔལ་ན་ལེན་རྣམ་པར་རྒྱལ་བའི་ཞིང་།།

པཎ་ཆེན་མོ་རིག་པའི་ཁུ་བྱུག་གཙོས།།

དོན་གདུལ་བྱ་བོད་ན་ཡོད་དོ་ཞེས།།

ཕྱོགས་རྒྱལ་ཁམས་བསྐོར་བ་མར་མེ་མཛད།།

ལྷ་བླ་མ་བྱང་ཆུང་འོད་ལགས་ཀྱིས།།

དོན་ཕུལ་དུ་བྱུང་བའི་མཚན་ཡང་བགོས།།

སྐུ་མཚན་དཔེའི་གཟི་བྱིན་འབར་བ་ཁྱེད།།

ཐུགས་བདེ་མཆོག་རི་ཡིན་མར་མེ་མཛད།།

ཆོས་ཟབ་མོའི་དོན་ལ་རབ་རྨོངས་པའི།།

བོད་དམུ་རྒོད་ལྷ་འདྲེའི་ཆོས་ལོག་སྤེལ།།

ལམ་ལེགས་ཉེས་ཡང་དག་བསྒྲོན་མཛད་པའི།།

དཔལ་སངས་རྒྱས་དངོས་ཡིན་མར་མེ་མཛད།།

བཀའ་མདོ་རྒྱུད་གཉིས་སུ་མེད་དོ་ཞེས།།

གདན་གཅིག་ལས་གསན་པར་གདམས་ལ་དེ།།

ལུང་སྡེ་སྡོད་སྡེ་བཞིའི་སྙིང་བོའི་དོན།།

ལམ་གསུམ་དུ་བསྡུ་བ་མར་མེ་མཛད།།

གསུང་འདུལ་དོན་བདེ་བཤེགས་བསླབ་པ་ལ།།

སྐྱོན་བ་སྤུ་ཙམ་ཡང་མི་མངའ་བ།།

གསེར་ས་རུ་སྦས་པ་དེ་ཡི་འོད།།

སླར་འཕྲོས་པའི་དཔེ་རེད་མར་མེ་མཛད།།

ཕྱི་མུ་སྟེགས་རིག་པས་རལ་གྲིས་བཅོམ།།

ནང་གདུལ་བྱ་ཐར་བའི་ལམ་ལ་བཀོད།།

བསྟོད་མངའ་རིས་ཡུལ་དུ་འབྱོན་མཛད་པའི།།

དྲིན་ཆེ་སོང་ཆེ་འོ་མར་མེ་མཛད།།

བྱང་བུ་རུའི་ཡུལ་དུ་མྱ་ངན་གྱི།།

ཤིང་ཚེར་མ་ལ་ཡང་སྔངས་པ་ལྕི།།

གསེར་འཚོལ་དུ་འོང་བའི་འཆོལ་བོའི་གཏམ།།

སྒྲོ་སྐུར་བ་ཙམ་རེད་མར་མེ་མཛད།།

རྗེ་ཁོང་གིས་རྨུ་རྒོད་གངས་ཅན་གྱི།།

ཚུལ་དེ་ག་མཐོང་བས་སྐྲག་གྱུར་ཀྱང་།།

བཀའ་གསེར་ནག་མདུད་པ་མ་གྲོལ་བས།།

འབྱོན་མི་མཛད་ཀ་མེད་མར་མེ་མཛད།།

རྒྱ་བརྩོན་འགྲུས་གཙོས་པ་སྟོད་དུ་བརྫངས།།

གསེར་ཕུལ་ཞིང་མཆི་མ་གྲོན་དུ་ཞུས།།

སྲོག་བསྟན་འགྲོར་ཕུལ་བའི་རྒྱལ་བོ་གང་།།

བདག་ནོངས་པས་བཟི་ཡོད་མར་མེ་མཛད།།

སྐུ་མཚོན་པར་མི་ནུས་ཨ་ཏི་ཤ །

གསུང་བསམ་གྱིས་མ་ཁྱབ་ལྷུན་གྱིས་གྲུབ།།

འབྲོམ་སྟོན་པས་མ་གཟིགས་གཞན་ཞིག་ཀྱང་།།

དེའི་ཚུན་ན་མེད་དོ་མར་མེ་མཛད།།

གངས་རིན་ཆེན་ཤེལ་གྱི་རི་བོའི་རོལ།།

ཆོས་འདུལ་བའི་ཆབ་རྒྱུན་སྟོད་ནས་འཁྲུངས།།

གླང་དར་མས་བརླག་ཀྱང་ཁྱེད་དྲིན་གྱིས།།

སླར་དད་པའི་ཟེགས་མ་འཕྱོ་ཞིང་སྐྱོམ།།

ཐུགས་མངོན་ཤེས་མཁྱེན་པ་དྲུག་དང་ལྡན།།

གསུང་བྱང་ཆུབ་ལམ་གྱི་སྒྲོན་མ་རྨད།།

སྐུ་སྙེ་ཐང་འོར་དུ་དགོངས་པ་རྫོགས།།

མགོན་ཁྱེད་ཀྱི་མཛད་པ་བླ་ན་མེད།།

 

           ༥རྣམ་ཐར་ཆོས་ཀྱི་འབྱུང་གནས་ལ་མཇལ་བའི་ངེས་ཤེས། 

 “སྔོན་བྱོན་བླ་མའི་རྣམ་ཐར། རྗེས་འཇུག་སློབ་མའི་ཉམས་ལེན།”ཞེས་པའི་དཔེ་ལྟར་ཁོང་སྐྱེས་ཆེན་དམ་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད། ལྟ་རྒྱུད་ཟབ་མོ། བསླབ་པ་སློབ་གཉེར། བདག་པས་གཞན་སྐྱེས། གཞན་ཕན་དོན་གཉེར་སོགས་ནི་ང་ཚོས་སློབ་སྦྱོང་བྱ་ཡུལ་འཁྲུལ་མེད་ཡིན་ཞིང་། ཁོང་དམ་པ་དག་གི་རྣམ་ཐར་ལ་མཇལ་རྒྱུ་ནི་དཔེ་དེབ་ཕལ་བ་བརྒྱ་ཕྲག་ཀློག་པ་ལས་ཀྱང་གལ་ཆེ་བའི་ལས་བྱ་ཞིག་ཏུ་འཁུམས།  གུས་པོས་ཐེངས་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བསྡུས་པ་འདི་ལ་མཇལ་བས་སྔར་མེད་ཀྱི་བློ་སྐྱེད་གྱ་ནོམ་པ་རགས་སོང་། མ་ཟད་མུ་རུ་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་ཐར་མང་དག་ཅིག་ལ་མཇལ་བའི་འདུན་པ་སྐྱེས་བྱུང་།

 

                            ༦ སླར་ཞུ་དོན། 

        དེ་ཡང་བོད་མི་རིགས་ནི་གནའ་ནས་ཤེས་རིག་གི་དར་ཁྱབ་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། ལྷག་པར་དུ་བསྟན་པ་སྔ་ཕྱི་བར་གསུམ་དུ་དར་བ་དང་བསྟུན་རིག་གནས་ཀྱི་ཚ་རླབས་ཆེས་ཆེར་འཕྱུར།  དེ་ལས་དགོན་སྡེའི་ཁྲོད་དུ་དཔེ་ཀློག་གི་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་རྐྱེན་རིག་གནས་འདི་ད་ལྟའི་བར་དུ་མ་ཉམས་གོང་འཕེལ་བྱུང་། ད་སྐབས་དགོན་སྡེ་ནས་སློབ་གྲྭ། སློབ་གྲྭ་ནས་སྤྱི་ཚོགས་སུ་དཔེ་ཀློག་གི་ཤུགས་རྐྱེན་ཐེབས་དང་འཐེབ་བཞིན་པ་ནི་དགའ་འོས་པ་ཞིག་ཅི་ལ་མིན། དེས་ན་ང་ཚོས་མུ་མཐུད་དུ་འཛམ་གླིང་དཔེ་ཀློག་གི་ཡང་རྩེར་སོན་པའི་ཡ་ཧུ་དཱ་པའི་མི་རིགས་དང་ཨརྱའི་མི་རིགས་སོགས་མིག་དཔེར་བཟུང་སྟེ་མི་ཚེ་དཔེ་ཀློག་ལ་བསྟིམ་རྒྱུ་ནི་གལ་ཆེ་བ་ཡིན་ཞིང་། ལྷག་པར་དུ་སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་ལ་མཇལ་ན་དངོས་སུ་ཁོང་རྣམས་ལ་གསུང་གླེང་བྱས་པ་དང་ཁྱད་པར་མེད་ཅིང་། ཁོང་རྣམས་ཀྱི་སྐུ་ཚེ་སློབ་གཉེར་ལ་བསྟིམས་པའི་སྙིང་སྟོབས་མཐོང་ཡོང་དུས་ང་རང་ཚོར་མི་ཚེ་དོན་ལྡན་ལ་བརྩོན་པའི་སྐུལ་ལྕག་དང་སྙིང་རུས་བསྩལ་ངེས། དམ་པ་དག་གི་རྣམ་དཔྱོད་དང་མཛད་རྗེས་ལས་རིན་ཐང་གཞལ་དུ་མེད་པའི་རིག་གནས་ཤིག་ངོས་ཟིན་ཞིང་འཛད་མཐའ་བྲལ་བའི་སྐུ་དྲིན་རྗེས་སུ་དྲན་པའི་ཕན་པ་རྒྱ་ཆེན་པོ་དང་ལྡན་ནོ།།

 

                                        ༢༠༢༡/༤/༢༥ཉིན་གྲུབ།