དབྱངས་ཅན་ལྡིང་ཁང་གི་ལྷུག་རྩོམ<<སྨིན་དྲུག་ཕྲ་མོ་སིམ་སིམ་སིམ>>ལ་རགས་ཙམ་དཔྱད་པ།

 

【 རྩོམ་པ་པོ། སྐལ་བཟང་ལྷ་སྐྱིད།】


[ནང་དོན་གནད་བསྡུས།]དཔྱད་པ་སྔོན་དུ་སོང་ནས། ལྷུག་རྩོམ་འདིའི་ཁྱད་ཆོས་ཕུན་སུམ་ཚོགས་པ་དེ་ཉིད། སྐད་ཆ་དང་སྒྲོམ། མཐོང་སྣེ་སོགས་དོན་ཚན་གསུམ་དུ་བགོས་ནས་རྣམ་པར་བསྟན་ཡོད།

[ཐ་སྙད་གཙོ་བོ།]སྐད་ཆ། ཁ་སྐད། སྒྲོམ། སྒྲིག་གཞི། མཐོང་སྣེ། མྱོང་བ

 

དང་པོ། ལྷུག་རྩོམ་གྱི་གོ་དོན་དང་དེའི་བྱུང་འཕེལ།

ལྷུག་རྩོམ་ནི་རྩོམ་རིག་གི་རྩོམ་སྟངས་ཤིག་ཡིན་ཏེ། “ད་ལྟའི་ལུགས་གསར་གྱིས་རྩོམ་རིག་གི་ལུས་སྤྱི་ལ་རིགས་ལྔ་རུ་ཕྱེས་པའི་རྩོམ་རིག་གི་མི་སྣའི་སྣང་བརྙན་སྐྲུན་སྟངས་དང་ཚིག་གི་སྦྱོར་ལུགས། ལུས་ཀྱི་སྒྲིག་གཞིའི་བཀོད་པ་དང་མཚོན་བྱེད་ཐབས་དང་རྣམ་པ་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྩོམ་རིག་བསྟན་བཅོས་ཡོངས་ལ་སྙན་རྩོམ་དང་། སྒྲུང་གཏམ།  ཟློས་གར་འཁྲབ་གཞུང་། གློག་བརྙན་འཁྲབ་གཞུང”①་སོགས་དང་གྲལ་གཅིག་ཏུ་བཞག་ཆོག་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་མ་ཟད། རང་རིགས་བོད་ཀྱི་རྩོམ་རིག་ཆུ་རྒྱུན་རིང་མོའི་ཁྲོད་བྱུང་བ་སྟེ། ཇི་སྐད་དུ་སྙན་ངག་མེ་ལོང་མར་གསུངས་བའི།

ལུས་ནི་བརྗོད་པར་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། དེ་ཡང་ཚིགས་བཅད་ལྷུག་པ་དང་།། ཞེས་པའི་“བཅད་ལྷུག་སྤེལ་མ”ཡི་རྩོམ་ལུས་འདི་དང་འབྲེལ་བ་ཏན་ཏན་ཡོད་པ་ཞིག་ཡིན་པར་འདོད་མོད།ཡིན་ནའང་ས་སྐྱ་པཎ་ཆེན་གྱི།

ཚིགས་སུ་བཅད་དང་རྐྱང་བ་དང་།།

རྒྱུན་ཆགས་ཞེས་བྱ་རྣམ་པ་གསུམ།།

ཚིག་གི་སྦྱོར་བ་བྱེད་འདོད་པའི།།

མཁས་པ་རྣམས་ཀྱི་འཇུག་ངོགས་ཡིན།།

ཞེས་པའི་རྐྱང་བ་སྟེ་ཚིག་གི་གཅོད་མཚམས་ཀྱི་དབང་གིས་དབྱེ་བའི་ལུས་ལྷུག་པ་ཁོ་ན་བརྗོད་པ་མ་ཡིན་པས། དེང་རབས་འཛམ་གླིང་གི་རྩོམ་རིག་གི་གཞུང་དག་ན་དོན་གྱི་དགོངས་པའི་སྟེང་དབྱེ་བའི་ལྷུག་རྩོམ་ཞེས་པ་དང་ཁྱད་པར་ཆེ་སྟེ། དེའི་གོ་དོན་ལ་སྒྲ་ཡངས་དོག་གཉིས་སུ་ཕྱེས་ཏེ་བརྗོད་ན། དོན་གྱི་བྱུང་བ་བརྗོད་པ་དང་བརྩེ་དུང་ངམ་ཡིད་ཀྱི་འགྱུར་བ་ལྷག་པར་མཚོན་པའི་ལྷུག་རྩོམ་ཞེས་པ་ནི་སྒྲ་དོག་འཇུག་གི་གོ་བ་ལེན་ཚུལ་ཡིན་པ་དང་། གོང་ནས་སོང་མ་ཐག་པའི་སྙན་རྩོམ་དང་བརྩམས་སྒྲུང་སོགས་ཀྱི་རྩོམ་ལུས་དང་མི་འདྲ་བར་བརྗོད་དོན་གང་ཡང་རུང་བ་ཞིག་ཚིགས་བཅད་ཀྱིས་མ་ཡིན་པར་ལྷུག་པར་བརྗོད་པའི་བར་སྟོང་ཆེན་པོ་ཞིག་ཏུ་བརྗོད་པ་ནི་སྒྲ་ཡངས་འཇུག་གི་གོ་བ་ལེན་ཚུལ་ཡིན་ལ། མདོར་ན་ཉམས་སྣང་འབྲི་དགོས་པར་མ་ཟད། བརྩེ་དུང་སྟོན་པ་དང་དོན་གྱི་བྱུང་བ་བརྗོད་པ་ཤུགས་ཆེ་རུ་བཅུག་ཅིང་། བརྗོད་བྱའི་ཐད་བཀག་རྒྱ་དེ་འདྲ་མེད་ཅིང་རང་དབང་ཆེ་བའི་ངང་ལྷུག་མར་བྲིས་ཆོག་པ་ཞིག་ལ་ཟེར་བས། འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པའི་《རྒྱལ་བོ་ཡབ་སྲས་ཀྱི་མཆོད་རྟེན་བཞེངས་བ་ལ་བསྔགས་པ》ཞེས་པས་མཚོན་

རང་རེའི་རྩོམ་སྟེགས་སུ་བྱུང་བའི་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི《རྡོ་རིང་པཎྚི་ཏའི་རྣམ་ཐར》ལྟ་བུ་ནི་ལོ་རྒྱུས་ལྷུག་རྩོམ་དང་། བཙན་པོ་ནོ་མོན་ཧན་གྱི་《འཛམ་གླིང་རྒྱས་བཤད》ལྟ་བུ་ནི་རིག་གནས་ལྷུག་རྩོམ། དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ》ལྟ་བུ་ནི་རིག་གཞུང་ལྷུག་རྩོམ། དོན་འགྲུབ་རྒྱལ་གྱི《ཏུན་ཧོང་ལ་ཕྱིན་པའི་མཐོང་ཐོས》ལྟ་བུ་ཡུལ་སྐོར་རྩོམ་ལུས།   དེ་མ་ཟད་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི《ལེགས་བཤད་འཕྲུལ་གྱི་དྲ་བ》ལྟ་བུ་ནི་མི་ཆོས་སྟོན་པའི་ལྷུག་རྩོམ་དུ་བགྲང་ཆོག་པ་སོགས་མང་བར་འདོད་པས་ན།རང་རེས་ཀྱང་གཞན་གྱི་རིག་གཞུང་ལ་འགྲམ་ཆུ་མི་ལྡང་བའི་བརྟུལ་ཞུགས་ལ་གནས་ཆོག་པར་སྙམ།  ཡིན་ནའང་ལྷུག་རྩོམ་ཞེས་རྒྱ་ནག་ལ་ལྔ་བཞིའི་ལུས་འགུལ་ཚུན་དང་བོད་ལ་རིག་གསར་ཚུན་ནམ་སྐབས་སུ་དར་བ་འདི་ཉིད་དུས་རབས་གོང་མ་གོང་མར་བོད་ཀྱི་རྩོམ་རིག་གི་སྡིངས་ཆར་ཆེས་ཆེར་རམ་ཡང་ན་ཅུང་ཟད་ཀྱང་མ་དར་བའི་སྲོལ་དུ་མཆིས་པར་འདོད་ལ། དེ་ནས་བརྒྱུད་པའི་ལོ་རབས་བདུན་ཅུ་བ་ནས་བཟུང་རིག་གཞུང་འདི་ཉིད་ཀྱི་རྐང་ཙམ་ཚུགས་ནས་ད་ལྟ་ལ་ཐུག་གི་བར་དུ་དོན་འགྲུབ་རྒྱལ་གྱི《རྐང་ལམ་ཕྲ་མོ》དང་འཇུ་སྐལ་བཟང་གི་《རང་ཁྱིམ》སོགས། ཉེ་བའི་ཆར་རང་རེའི་རྩོམ་སྟེགས་སུ་བུད་པའི་ལྷུག་རྩོམ་ཕྱོགས་བསྒྲིགས་ཚེ་རིང་《རྣམ་དྲུག་དཔེ་ཚོགས།》 《སྦྲང་ཆར》་གཙོས་དུས་དེབ་སྣ་ཚོགས་དང་དྲྭ་ཚིགས་སྣ་ཚོགས་སུ་སྒྱུ་རྩལ་གྱི་ཞུན་བརྡར་དང་། སྐད་ཆའི་བཙོ་སྦྱངས། རྗོད་བྱེད་འབབ་ལུགས། བརྗོད་བྱ་སྤྲོས་ལུགས་ལེགས་མིན་ཅི་རིགས་བོད་ཀྱི་རིག་གཞུང་གི་སྒང་དུ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མཐའ་ཡས་ཤིང་གྲངས་མང་བས་ན་བརྗོད་པའི་ཡུལ་ལས་འདས་པར་མ་ཟད། བརྗོད་པར་བརྩམ་ན་ངལ་བའི་རྒྱུ་རུའང་ཟད་ལ། སྐབས་བབས་ཀྱི་བརྗོད་བྱ་དང་ཡང་མི་འཚམ་པས་རེ་ཞིག་བརྗོད་མཚམས་བཞག་སྟེ། སྐབས་སུ་བབས་པའི་ལྷུག་རྩོམ་འདི་ལ་དཔྱད་པའི་ལས་སུ་གཞུག་པར་བྱའོ།།

 གཉིས་པ། སྐད་ཆ།

  ༡.ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི་འགྱུར།། ཞེས་རྩོམ་རིག་སྐད་ཆ་ནི་རྩོམ་རིག་གི་སྣང་ཚུལ་ཞིག་ཡིན་པར་བརྗོད་པ་དང་ལྷན་དུ་སྐད་ཆའི་གལ་ཆེན་རང་བཞིན་ཏེ། སྐད་ཆས་དོན་ལ་གཟས་པའི་ཆིག་ཐུབ་ཀྱི་ཚུལ་བསྟན་ཡོད་ལ། དེ་བཞིན་དུ། སྙན་ངག་གི་རང་མདངས་གསར་བ་ལས། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་ལ། སྒྱུ་རྩལ་དེ་ཉིད་ཚད་ངེས་ཅན་གྱིས་མཐོ་ཚད་ལ་སླེབས་དགོས་ན་རྩོམ་རིག་གི་སྐད་ཆའི་བཀོལ་སྤྱོད་ལ་མཁས་དགོས”②ཏེ། དཔེར་ན་གླིང་སྒྲུང་གི་བདུད་འདུལ་དུ། ཤར་ན་ཉི་ཟླ་ད་ལ་ལ།། ལྷོ་ན་ཆར་སྤྲིན་ད་ལ་ལ།། ལྟ་བུ་དང་། ཧོར་གླིང་གཡུལ་འགྱེད་ལས། ཕོ་ཁ་དགུ་བསྐོར་ན་བྱང་མ་ཡིན།། བྱང་མའི་བྱང་གཏམ་ཤ་ར་ར།། མོ་ཁ་དགུ་བསྐོར་ན་ཁྲམ་མ་ཡིན།། ཁྲམ་མའི་ཁྲམ་གཏམ་ཤུ་རུ་རུ།། ཁྱི་ཁ་དགུ་བསྐོར་ན་རྐུན་མ་ཡིན།། རྐུན་མའི་སྣ་སིད་ཁྱི་ལི་ལི།། ལྟ་བུ། དེ་མིན་རྗེ་བཙུན་མི་ལའི་མགུར་དུ་“བྲག་དམར་མཆོང་ལུང་ཁྱུང་གི་རྫོང་།། སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར།། འོག་ན་གཙང་ཆབ་གྱ་མ་གྱུ།། བར་ན་རྒོད་པོ་ལང་མ་ལིང་།། རྩི་ཤིང་སྣ་ཚོགས་བན་མ་བུན།། ལྗོན་ཤིང་གར་སྟབས་ཤིགས་སེ་ཤིགས།། བུང་བ་གླུ་ལེན་ཁོ་རོ་རོ།། མེ་ཏོག་དྲི་ངད་ཆི་ལི་ལི།། བྱ་རྣམས་སྐད་སྙན་ཀྱུ་རུ་རུ།།”  ཞེས་ཚིག་རྒྱན་གྱི་སྒྲོག་ཏུ་མ་ཚུད་པར་ཚིག་སྦྱོར་ལ་གཞོལ་འདུག་པས། སྐད་ཆ་སྤྱིར་བཏང་བ་ཞིག་གིས་ཡུལ་དེའི་ལྗོངས་བཀོད་ཀྱི་རྣམ་པ་འུ་ཅག་གི་སྤྱན་སྔར་ཚེགས་མེད་གོ་བདེས་བསྟན་པ་ཡང་སྐད་ཆའི་བཙོ་སྦྱང་ལས་ཞུན་མར་བརྡར་བའི་ཚིག་སྦྱོར་ལ་མཛེས་རྟོག་གི་ཆ་ཤིན་ཏུ་རྣམ་པར་བཀྲ་བ་ཞིག་ཡོད་པ་མཚོན་ནུས་པས་ན། སྐད་ཆ་གོ་བདེ་ཞིང་གསོན་ཉམས་ཀྱིས་རྫོགས་པའི་ངང་བསྟན་བྱ་མ་ལུས་ཀློག་པ་པོ་དང་ཉན་པ་པོའི་ཡིད་ངོར་ཅིག་ཅར་དུ་བྱོ་ནུས་པ་ནི་རང་རེའི་སྲོལ་རྒྱུན་དམངས་གླུ་དང་ལ་གཞས། ཤགས། གཏམ་དཔེ། དེ་མིན་གོང་ནས་དྲངས་མ་ཐག་པའི་མགུར་གླུ་དེ་དག་གིས་མཚོན་པའི་མགུར་གླུ་སྣ་ཚོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མ་ཟད། བསྐལ་བ་དུ་མའི་རིང་ནས་ད་ལྟ་དུས་རབས་ཉེར་གཅིག་པའི་ཁུགས་སོར་བསྲིངས་ནས་ཉམ་ངའི་དོང་དུ་མ་ལྷུང་བར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱིས་བརྟས་འདུག་པ་དེ་ཡང་སྐད་ཆ་ཚེ་སྲོག་ཏུ་སྒོམ་པའི་གྲུབ་འབྲས་རྨ་མེད་པ་ཞིག་མ་ཡིན་ནམ། དེ་ལྟ་ན་དབྱངས་ཅན་ལྡིང་ཁང་ལགས་ཀྱི《སྨིན་དྲུག་ཕྲ་མོ་སིམ་སིམ་སིམ》ཞེས་པ་འདི་ཉིད་ལ་ཡང་རྩོམ་སྐད་ཀྱི་ནེམ་ཤ་རྫོགས་པའི་ཁ་སྐད་ཀྱིས་བཅངས་བར་མི་ཕལ་བ་རིག་གནས་ཀྱི་མྱོང་སྟོབས་མེད་མཁན་ཞིག་ཡིན་ཡང་གོ་བདེའི་ངང་ཚེག་མེད་དུ་མཁྱེན་ནུས་པའི་ཁྱད་ཆོས་ཀྱིས་ཕྱུག་འདུག་མོད། དྲན་དབང་དགེ་ཆོས་ལགས་ཀྱིས་“དེས་ན་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་ཐམས་ཅད་ཀྱིས་རྟོགས་ཤིང་གོ་ཐུབ” ཅེས་ཁ་སྐད་དང་ལུང་སྐད་ལ་གཞོལ་ཆེ་བར་དགག་པ་ནན་ཆེར་མཛད་ཡོད་ནའང་། རྩོམ་འདི་ལས་དམངས་ཁྲོད་ཀྱི་ཁ་སྐད་ནས་བཏུས་པའི“རྟག་ཏུ་མོ་རང་དྲན་ཡོང་གིན་འདུག”“སྐད་ཆ་ཞིག་ཀྱང་བཤད་ནུས་ས་མ་རེད”“དགའ་པོ་ཞེ་དྲག་ཡོད”“ཚོད་ཀྱིས་ཐིག”“ཐེབས་ཆག་ཅིག་སྒྱུར་རོགས”“མགོ་འཚོས་ཀྱིན་མི་འདུག”ལྟ་བུ་སོགས་“སྲོལ་རྒྱུན་རྩོམ་རིག་གིས་རྩོམ་རིག་གི་སྐད་ཆ་ཉིད་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པའི་ཕྱི་ཤུན་ཙམ་དུ་གོ་ཞིང”ཡང“མཁས་པས་ཡང་དག་རབ་སྦྱར་བའི།། ངག་ནི་ངག་ནི་འདོད་འཇོར་བཤད།། དེ་ཉིད་ཉེས་པར་སྦྱར་ན་སླར།། སྦྱོར་པོ་བ་ལང་ཉིད་རྗོད་ཞེས་ཚིག་རྒྱན་གྱིས་བཅངས་དགོས་པར་འདོད་དེ་ཚིག་རྒྱན་གྱིས་སྤུད་དྲག་སྟེ།དཔེར་ན་གནའ་དེང་མར་དགེ་རྒན་གྱི་མདུན་ནས་དཔེར་བརྗོད་ཀྱི་རྒྱུགས་སྤྲོད་དུས།  ༼འཇམ་དབྱངས་ཕྱག་ན་རལ་གྲི་བསྣམས།།༽ ཟེར་དུས་དགེ་རྒན་གྱིས་མགོ་གུག་གུག་བྱས་ཏེ༼བཟང་གི༽ཞེས་བསྔགས་པ་དང་།  དེར་མཐུད་དེ༼ཨོང་དོ་པད་མའི་གདན་ལ་བཞུགས།།༽ཟེར་དུས་དགེ་རྒན་གྱིས་ངར་སྐད་སྒྲོགས”དོན་ཡང་“ཚིག་དོན་གྱི་ཆ་ཁོ་ན་ལས་མཛེས་དཔྱོད་ཀྱི་ཆ་ཡལ་བར་དོར་འདུག་པས་ཡིན། ཡིན་ནའང་། རྩོམ་འདིས་གཙོ་ཆེར་སྐད་ཆའི་མཛེས་དཔྱོད་ཕན་འབྲས་ཀྱི་ཆ་ལ་གཞོལ་བའི་མཛེས་ཆས་ཀྱིས་ཕྱུག་འདུག་པར་སྙམ། གོ་སླ་བའི་ཚིག་འདི་དག་རྩོམ་དུ་འདྲེན་དོན་ནི་ཀློག་པ་པོ་ཁ་ཤས་ཀྱིས་མགོ་རྨོངས་བའི་གཡོ་སྒྱུ་འཁྲབ་ཀྱིན་འདུག་ཅེས་ཡིད་དུ་དྲན་མཁན་རིགས་ཤིག་ཀྱང་ཡོད་སྲིད་མོད། དེ་ལྟར་མིན་པར་རྩོམ་པ་པོ་རང་གིས་གསུངས་བ་བཞིན“ཨ་ཇོ་སེང་རྡོར་གྱི་རྗོད་བྱེད་འབབ་ལུགས་དེས་ང་ལ་ཤུགས་རྐྱེན་མང་པོ་ཐེབས་ཡོད་ཅེས”པ་ཡང་ཏག་ཏག་དོན་ལ་གནས་འདུག་སྟེ། མ་གཞི་སྙན་ངག་པ་སེང་རྡོར་ནི་སྐད་ཆའི་སྙན་ངག་པ་ཞིག་ཡིན་ལ་ཁོང་གི་“སྙན་ངག་དག་ལ་སྐད་ཆའི་ནེམ་ཤུགས་དང་གྲི་སོ།ཚིག་གི་བརྡར་ཤ་དང་རྐང་བ།དོན་གྱི་རྒྱབ་ལྗོངས་དང་འདེགས་འབེབས་གང་ཐད་ནས་རང་གཤིས་གསལ་ཞིང་སྐད་ཆའི་སྣང་བརྙན་མངོན་པར་ཤར་ཡོད་”  ཞིག་ཡིན་པས་རྩོམ་པ་པོས་དེ་ལ་སྦྱངས་བའི་ཤན་གྱིས་དམངས་ཀྱི་སྐད་ཆ་ཕལ་བ་དག་ཀྱང་རྒྱན་གྱི་མཐོ་ཚད་ལ་གཟས་ནས་མི་སྣའི་སྣང་བརྙན་དང་སེམས་ཀྱི་འགྱུར་བག་རེ་རེ་ཀློག་པ་པོའི་ཡིད་ལ་རྩོལ་མེད་ལྷུན་གྲུབ་ཀྱིས་བྱོ་ཡོང་བར་མ་ཟད། ཚིག་གི་ཞུན་བརྡར་དང་ནེམ་ཤ་མ་ལུས་ཀྱིས་རྩོམ་ཆོས་འདི་ཉིད་ཡང་དང་བསྐྱར་དུ་བཀླག་འདོད་ཀྱི་མདུན་པས་རྫོགས་པ་ཡངདོན་གྱི་རི་བོར་སྐད་ཆའི་ནགས་ཚུལ་བསྐྲུན་ཡོད་པསཀྱང་ཅི་ལ་མིན། དེ་ཙམ་མ་ཟད་ཀློག་མཁན་སུ་ཞིག་གིས་བརྩམས་ཆོས་འདི་ཉིད་ཀློག་པའི་ཚེ་ན་མགུར་དང་ཤགས་ལ་ཉན་པ་བཞིན་ཁ་སྐད་ཀྱི་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་མྱངས་ཐུབ་པར་འདོད་ལ།འདོད་ཕྱོགས་འདི་ནི་རྨོངས་དད་ཀྱི་རིགས་ཤིག་ཀྱང་ཡིན་སྲིད་མོད་རང་གི་རིག་པ་སྔོན་དུ་སོང་བའི་དཔྱད་པའི་འདུ་ཤེས་ཀྱིས་བསྐྱེད་པ་ལགས་ན་འགྲིག་འགྲིག་ལྟ་བུར་ཡང་སྣང་ངོ་།།

དེ་མིན་ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་སྒང་ལ་བསམ་གཞིག་གི་སྒོ་གླེགས་ཤིག་གཡར་ན། ཕ་སྐད་ཀྱི་མགོ་འཕང་རྐང་ཞབས་སུ་འདྲུད་ཀྱིན་པའི་སྣང་བ་ཞིག་སྟེར་བ་སྟེ། གཞན་སྐད་ཀྱི་བཙན་འཛུལ་རབ་ཏུ་རྒོལ་མུས།ལྷག་པར་ན་གཞོན་དག་ནི་རང་སྐད་ལབ་ན་རྗེས་ལུས་ཀྱི་རྣམ་པར་སེམས་ནས་གཞན་སྐད་ད་མ་དིག་ཅིག་བཤད་ཀྱིན་པ་སྔོན་ཐོན་དང་དར་སྲོལ་གསར་མ་ཞིག་ཏུ་བརྩི་བཞིན་འདུག་ན། ང་ཚོས་གནད་དོན་འདི་དག་ལ་བསམ་གཞིག་གཏོང་རན་འདུག གནད་དོན་འདི་འདྲ་ཞིག་ཅིའི་ཕྱིར་ལྷག་སོང་བ་རེད་ཟེར་ན། སྐད་ཆ་ཅི་ཞིག་བཤད་པ་གཙོ་བོར་མི་འཛིན་པར་ཇི་ལྟར་བཤད་པ་ལྷུར་ལེན་མ་བཞེས་པར་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད། ཡིག་སྐད་སོགས་ཚིག་རྒྱན་གྱིས་སྤྲོས་ཐབས་ཁོ་ནར་གཞོལ་དྲག་ནས་ཀློག་པ་པོར་བསམ་བློ་མ་བཏང་བས། ཀློག་མཁན་མང་ཤོས་དོན་གྱི་ཆོད་སྟོབས་དང་ཚིག་གི་འཁྲུ་སྟངས་སོགས་ལ་རྨོངས་ནས་ཐོག་མར་རྟོགས་འདོད་ཀྱི་ཡི་ག་ལྡོག་ཅིང་རྗེས་སུ་ཕ་སྐད་ནི་སྤྱི་ཚོགས་ལ་ཞབས་ཞུ་གནང་མི་ཐུབ་པའི་བེད་མེད་སྙིགས་རོར་བསམ་ནས་ཕར་ཕར་ལ་གཡུག་ཅིང་བསྐྱུར་ནས་གཞན་སྐད་མཐོ་སར་བཞག་ནས་ཤེས་བྱ་འཚོལ་ཡུལ་དུ་བསམ་པ་དང་ཤི་འཐམས་རོ་འཐམས་བྱས་སོང་བར་འདོད། འོ་ན་ང་ཚོས་གནད་དོན་འདི་སེལ་དགོས་ན་འགན་འཁྲི་ལྕི་མོ་འདི་ལྷུག་རྩོམ་ལ་འགེལ་དགོས་ཏེ། ལྷུག་རྩོམ་གྱི་འགན་འཁྲི་ནི་དོན་གང་ཞིག་གོ་བདེ་བའི་ཚིག་གིས་སྤྲོས་ནས་ཀློག་མཁན་ལ་ཞབས་ཞུ་སྟེ། དཔེར་ན། གནམ་དཔྱད་རིག་པ་དང་དཔལ་འབྱོར་ཤེས་བྱ། བཟོ་སྐྲུན་དང་རྩིས་འཕྲུལ་ཤེས་བྱ། བརྡ་འཕྲིན་ཤེས་བྱ་སོགས་ན་གཞོན་དག་གིས་ཤིན་ཏུ་རྟོགས་འོས་ཤིང་རྟོགས་ཀྱང་འདོད་པ་དག་བོད་ཡིག་གི་ལམ་ནས་བྲིས་པ་ཉུང་ཞིང་བྲིས་ནའང་ཚིག་གི་བཀོལ་སྟངས་ལ་རྨོངས་ནས་ཇི་ལྟར་བཤད་པ་ལ་བསམ་བློ་མ་འཁོར་བས་ད་གཟོད་ཆག་ཆེ་ཉམ་ང་བྱུང་བ་རེད་ལ། སྤྱིར་བཏང་བོད་ཙམ་མ་ཟད་མིའི་རིགས་ཐུན་མོང་གི་གཤིས་སུ་གོམས་པ་ནི་གསར་བ་ལ་གཞོལ་འདོད་དང་མཐོང་འདོད་པའི་གཉུག་གཤིས་དེ་ཡོད་པས། ཁྱིམ་དུ་གཟའ་འཁོར་གཅིག་ལའང་སྡོད་མི་ཚུགས་པ་ཡང་དེ་ཡི་སྒྲུབ་བྱེད་རྨ་མེད་པ་ཞིག་མ་ཡིན་ནམ། འོ་ན་ང་ཚོས་བསམ་པའི་དགོས་མཁོ་དང་ཡིད་ཀྱི་འདོད་བློ་སྐོང་བའི་བར་དུ་དོ་ཕོག་ཤོར་དུ་བཅུག་སོང་བས། ད་གཟོད་དེ་ལ་རིན་ཐང་མེད་པར་མཐོང་ནས་བོད་མི་རང་ནས་ཡལ་བར་དོར་ནས་བོད་ཡིག་གི་མདུན་ལམ་བཀག་སོང་བ་རེད། རེད་དེ། རྩོམ་མཁན་དབྱིངས་ཅན་ལྡིང་ཁང་ལགས་ནས་དོན་གྱི་འཁྲུ་ཐག་གཅོད་ལ་ཚིག་དང་སྐད་ཆའི་གཏེར་ཁ་བསྔོགས་ནས་གནད་དོན་འདིའི་འགན་འཁྲི་ཤིན་ཏུ་ལྕི་མོ་ཞིག་ཕྲག་ཏུ་བླངས་འདུག་པས། བསྟོད་ཡུལ་དུ་བགྱིས་སུ་རུང་ལ། རྗེས་སོར་འདི་དང་འདྲ་བའི་“རྩོམ་ཆོས་ཀྱི་ནང་དོན་དེ་ཀློག་མཁན་གྱིས་བཀླགས་ཤིང་བཀྲལ་བའི་ཚེ་ན། རྩོམ་ཆོས་དེ་ཡང་བརྩམས་ཆོས་སུ་གྱུར་བ་” དག་རང་རེའི་རྩོམ་སྟེགས་སུ་བྱུང་བ་ཡིན་ན། ཤེས་བྱའི་མཐའ་ཁྱབ་རྒྱང་དུ་བསྲིངས་ནས་ཤེས་རིག་གི་སྐྱེད་ཚལ་ཞིག་བསྐྲུན་པ་ལ།ཕན་པ་རླབས་ཆེན་གྱི་རྒྱུ་རུ་འགྱུར་ལ། ཕན་པ་འདི་འདྲ་ཞིག་བྱུང་ན་སྙམ་པའི་སྔོན་འགྲོའི་ཀུན་སློང་དག་མ་ཞིག་ཁོའི་རྩོམ་དུ་འདི་ལྟར་ཐོལ་ཡོད་དེ།“ངས་ཚིག་སྦྱོར་གྱི་སྟེང་ལ་ནུས་ཤུགས་བཏོན་ཡོད་པའི་རྩོམ་རྩལ་ཅན་ཁ་ཤས་ལ་མོས་མ་རངས་པའི་རྣམ་འགྱུར་འཛིན་གྱིན་འདུགཅེས་རྩོམ་པ་པོས་ཚིག་སྦྱོར་གྱི་སྟེང་ལ་དང་དོད་གནང་གིན་པ་ཡང་ང་ཚོས་རྟོགས་སླའི་གཞི་རུ་ལགས་པས། ལྷག་བསམ་འདི་ལྟ་བུ་ནི་ཀློག་པ་པོའི་ཡིད་སེམས་འགུག་པའི་ལྕགས་ཀྱུ་དང་ལྷུག་རྩོམ་གྱི་གོ་བབས་དགུང་ལ་བཏེགས་ནས་རྒྱལ་ཁབ་དང་མི་རིགས་གཞན་དག་ནང་བཞིན་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་རྒྱུ་རུ་གྱུར་ཅིག

༢.ཁོའི་རྩོམ་དུ་བཅུག་པའི་གཏམ་དཔེ་འདྲེན་ལུགས་དེ་ལ་ཡང་དམིགས་བསལ་གྱི་ཁྱད་ཆོས་འབུར་ཐོན་ཞིག་ཡོད་པར་འདོད་དེ། དུས་རྒྱུན་ང་ཚོས་ལྷུག་རྩོམ་དང་བརྩམས་སྒྲུང་སོགས་སུ་གཏམ་དཔེས་བརྗོད་དོན་ལ་སྐྱོར་མ་བྱེད་དུས་གསལ་བཤད་ཀྱི་ཚུལ་དུ་འཇིག་རྟེན་ནམ་གནའ་མི་བོད་ཀྱི་གཏམ་དཔེ་ལ་ཅི་ཞིག་ཅི་ཞིག་ཅེས་པ་ལྟར་ཞེས་སྐད་ཆའི་སྒྲིག་སྲོལ་དང་འགལ་བའི་ཚིག་ལྷག་དགོས་མེད་ཅིག་དྲུད་ཡོང་ན་ཡང་། ཁོས་ནི་དེང་རྩོམ་གྱི་རྣམ་པར་རྟོག་སྟེ“ཅི་ཞིག་བཤད་པ་གཙོ་བོར་མི་འཛིན་པར་ཇི་ལྟར་བཤད་པ་ལྷུར་ལེན་བགྱི་བའི་རྩོམ་རིག་གི་ལྟ་བ” བསེད་གྲོལ་གྱིས“བུ་རེ་བ་ཅན་ལ་རེ་ལྟོས། གོས་རི་མོ་ཅན་ལ་རྒྱང་ལྟོས། དུས་ཚོད་མང་པོ་འགོར་མ་སོང་ལྟ་བུ་དང་ཡང་རིག་པའི་བུ་ལ་བརྡ་ཞིག་རི་སྤྱང་སྔོན་མོ་ཐོ་ཞིག ངས་ཡོད་ཚད་ཧ་གོ་སོང་ཞེས་ང་ཚོའི་དུས་རྒྱུན་གྱི་སྐད་ཆ་ཤོད་སྟངས་དང་ཉེ་བར་བཅར་ནས་བྲིས་ཡོད་པ་ནི་དགེ་ཆོས་མཆོག་གིས་རྩོམ་ཡིག་ལེགས་པོ་ཞིག་བྲི་བ་ལ་ཐོག་མར་ཁ་སྐད་ལ་བསླབ་པར་བྱའོ་ཞེས་པ་དང་ཡང་ཤིན་ཏུ་འཚམ་པས་ན་ལྷུག་རྩོམ་འདི་ནི་དཔྱད་པའི་བློ་ལས་འཁྲུངས་ཏེ་སྒྱུ་རྩལ་གྱི་དྭངས་རྩེར་སྙེགས་འདུག

 

༣.རྩོམ་པ་པོས་སྒྱུ་རྩལ་སྙིང་བོར་བརྒྱུས་པའི་སྐད་ཆ་ཤིན་ཏུ་བསྟན་བཤིག་ཚ་བོ་འགའ་ཐོལ་ཡོད་པ་དག་ལས་གཅིག་མཚོན་བྱེད་དུ་དྲངས་ན། ཁོས་ཐོག་དང་པོར་རང་གི་ཡིད་སེམས་ཀྱི་གཏིང་ཉིད་ལ་བརྐོ་བའི་བུ་མོ་སྨིན་དྲུག་མཐོང་བ་དང་སྨིན་དྲུག་གིས་ཀྱང་ཁོའི་སེམས་ལ་ལག་སྙོབས་ལན་གཅིག་བྱས་པའི་རྣམ་པ་བྲིས་པ་འདི་ལྟ་སྟེ“ངས་མང་པོའི་ནང་ནས་གཞན་དང་མི་འདྲ་བའི་བུ་མོ་ཞིག་མཐོང་སོང་། གཞན་དང་མི་འདྲ་ཟེར་ནའང་། མི་འདྲ་ས་མང་པོ་མེད་པ་འདྲ། གང་ལྟར། ངས་མོ་རང་དམིགས་བསལ་ཞིག་ཏུ་མཐོང་སོང”ཞེས་ཧ་ཅང་རྒྱུན་ཆགས་སུ་གྱུར་བའི་སྐད་ཆ་ཞིག་གིས་ཧ་ཅང་བརྒྱུད་རིམ་ཅན་གྱི་བརྩེ་དུང་ཞིག་གི་དབུ་ཁྱུད་བརྩམས་ཟིན་པ་མཚོན་འདུག་པས། རྩོམ་པ་པོ་སྤྱིར་བཏང་བ་ཞིག་གིས་འདི་ལྟ་བུའི་སྐད་ཆ་སྟབས་བདེ་མོ་ཞིག་གིས་རིམ་ཅན་གྱི་བརྩེ་དུང་གི་རྣམ་པ་འདི་འདྲ་ཞིག་བཞེངས་ནུས་ས་མ་རེད་ཀྱང་བསམ་སོང་།

དེ་མིན་ད་དུང་རྩོམ་སྐད་ལ་ཞུན་བརྡར་ལན་མང་བགྱིས་པའི་སྙིང་བོར་ལོ་ངོ་བཞི་ཞེས་པའི་དོད་དུ“ཉིན་ཞག་ཆིག་སྟོང་བཞི་བརྒྱ་དྲུག་ཅུ། ཆུ་ཚོད་སུམ་ཁྲི་ལྔ་སྟོང་ཆིག་བརྒྱ”ཞེས་ཧང་སངས་བའི་ཞིབ་ཚགས་དང་གཟབ་ནན་གྱི་སྒོ་ནས་དུས་ཀྱི་བརྗོད་སྟངས་ལ་དྭངས་སྙིགས་ཕྱེས་ནས་བརྗོད་ཡོད་པ་ནི་ཤིན་ཏུ་རྨད་བྱུང་གི་ཆ་རུ་སྦྱར་དུ་རུང་ངོ་།།

   གསུམ་པ།  སྒྲོམ།

  བསམ་བློའི་ནང་དོན་དང་གསར་གཏོད་ཀྱིས་ཕྱུག་པའི་རྩོམ་ཡིག་ཅིག་ཡིན་ཚེ། ཀློག་མཁན་གྱི་ཡིད་སེམས་བཀུག་སྟེ། བསམ་གཞིག་གི་རྒྱ་མཚོའི་ཀློངས་ལ་ཁྲིད་པར་མ་ཟད། བློ་དང་རིག་པའི་སྒོ་མོ་རབ་ཏུ་ཕྱེས་ཏེ་བསམ་བློ་གསར་བ་དང་ལྟ་བ་གསར་བ། ཐབས་དང་ཤེས་རབ་གསར་བ་ཞིག་གི་མྱུ་གུ་འབུས་སུ་འཇུག་ངེས་ཡིན་པས།

གལ་ཏེ་མི་ཞིག་རང་གི་དམིགས་བྱའི་ཡུལ་གང་ཞིག་གི་སླད་དུ་ལམ་ཀ་སྣ་ཚོགས་བརྒྱུད་པར་བརྩམ་ཚེ། དེ་ལ་གདམ་བྱའི་ལམ་ནི་སྣ་ཚོགས་ཡོད་མོད། ལམ་གང་ཞིག་འདེད་པའི་སྐབས་སུ་ཇི་མི་སྙམ་པར་མཐའ་འཁོར་གྱི་ཡུལ་གྱི་བཀོད་པ་ལ་མིག་ལྟོས་ཙམ་ཡང་མི་བྱེད་པར་ཤར་མར་གློད་རྐྱང་བྱས་ན་ཅི་ཡང་ཐོབ་དུ་མེད་པ་ཇི་བཞིན་བརྩམས་ཆོས་ཤིག་བློས་བསླང་བགྱིད་དུས་ཀྱང་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་དག་བར་དུ་མ་བཅུག་པར་ཁ་བྱང་ལ་ཨ་མ་ལྟ་བུ་ཞིག་བྲིས་ཏེ་དེའི་ནང་དུ་མ་བུའི་བར་གྱི་བརྩེ་བ་མ་གཏོགས་དེ་དང་འབྲེལ་ཡོད་དུ་གྱུར་བའི་ཨ་མའི་དུས་ཆེན་དང་ཨ་མ་ཞེས་ཐོགས་དོན་སོགས་གསར་གཏོད་ཀྱིས་དྲངས་བའི་ཆ་ཅི་ཡང་མ་བྲིས་པ་ལགས་ན། དེ་ལ་དེ་ཙམ་བལྟ་འདོད་ཀྱང་མི་འཁྲུངས་བས། གསར་གཏོད་ཀྱི་བློ་མིག་ཕྱེས་ཏེ་སྒྲོམ་གཞི་གཏོར་ནས་སྒྲིག་གཞི་མི་འཐོར་བར་བརྩོན་རྒྱུ་ནི་གལ་ཆེའི་གནད་དུ་སེམས་ལ། བརྒྱ་ལ་དེར་ལྷུག་རྩོམ་གྱི་བྲོ་བ་ཡལ་བར་གྱུར་ན་ཡང་ཤེས་བྱ་བསགས་སའི་གླེགས་བམ་གྱི་རྒྱར་མི་འགྱུར་བའི་ངེས་པ་ཡང་མེད་ལ་རྩོམ་པ་པོའི་རྒྱུན་ཤེས་ལ་བརྡར་ཤ་གཅོད་པའི་དཔྱད་གཞིར་མི་འགྱུར་པའི་ངེས་པ་ཡང་ག་ལ་མེད་སྙམ།

རྩོམ་འདིར་རྩོམ་པ་པོའི་ཤེས་བྱའི་ཟབ་ཡངས་དང་འཚོ་བའི་མྱོང་སྟོབས། སྒྱུ་རྩལ་གྱི་ཞུར་བརྡར། བློ་མིག་གི་འཁྲུངས་སྤུས་སོགས་དང་འབྲེལ་ནས་ཡུལ་དང་དུས་ཀྱི་ཁ་དོག་ལ་ཚོན་རྩི་བྱུགས་ནས་གཙོ་ཆེ་བ་སྐད་བརྡ་རིག་པའི་ཁྱབ་ཁོངས་ནས་མང་དུ་གླེང་བའི་ཟུར་སྣེ་ཞིག་མྱོང་རྒྱུ་ཡོད་པར་བྱས་ཡོད་པར་མ་ཟད། ད་དུང་ཡང་སྨིན་དྲུག་དང་ཁོ་གཉིས་ཀྱི་སེམས་ན་ཉེ་ཡང་ལུས་ཀྱིས་རིང་བའི་བརྩེ་བ་དེ་སའི་གོ་ལ་དང་སྐར་མ་སྨིན་དྲུག་གི་བར་ཐག་ལ་གཞི་བཅོལ་ཞོར་གོ་ལ་དེ་གཉིས་ཀྱི་འོད་ལོའི་བར་ཐག་རྟོགས་པའི་ཤེས་བྱ་གསར་བ་ཞིག་ངོ་སྤྲོད་བྱས་པ་བརྒྱུད། ཚོང་རྟགས་དང་འབྲེལ་བ།གསོ་རིག་དང་འབྲེལ་བ་ལ་སོགས་པའི་ཤེས་བྱ་གྱ་ནོམ་པ་ཞིག་བརྗོད་ཡོད་ནའང་། ན་གཞོན་ཕོ་མོ་གཉིས་ཀྱི་དྭངས་གཙང་གི་བརྩེ་བ་བརྗོད་པ་ལ་བར་ཆད་ཐེབས་མེད་པའམ་མདོར་ན་བརྗོད་བྱའི་འགྲོས་ལ་བར་གེགས་ཅི་ཡང་ཐེབས་མེད་པར་ལེགས་ཀྱང་ལེགས་པའི་སྒོ་ནས་མཇུག་བསྡུས་ཡོད་པ་འདི་ནི་ཅིས་ཀྱང་སྨོན་ས་དང་སློབ་སྦྱོང་བྱ་ཡུལ་དུ་གཟུང་དགོས་་ས་ཞིག་མ་རེད་དམ།  དེ་ལྟར་ལགས་ན་ཁོས་ང་ཚོའི་བག་ཆགས་ཀྱི་ཀློང་ན་ཡལ་དུ་མེད་པའི་ལྷུག་རྩོམ་ཞེས་པ་དེའི་འབྲི་ལུགས་ཀྱི་སྒྲོམ་གཞི་རབ་ཏུ་གཏོར་ནས་ལྷུག་རྩོམ་ཞེས་པ་ཡང་འདི་ལྟར་བྲིས་ཀྱང་ཆོག་འདུག་སྙམ་པའི་བློ་སྤོབས་ཤིག་བསྩལ་ཐུབ་པ་ནི་རྩོམ་འདིའི་གསར་གཏོད་ཀྱི་ཁྱད་ཆོས་རྨད་དུ་བྱུང་ཞིག་རེད་སྙམ།

དེ་ལྟར་གཏམ་རྒྱུད་ཀྱི་རྒྱུན་དུ་ཤེས་བྱའི་རྒྱགས་ཕྱེ་རྣམ་པར་སྤུངས་ནས་བརྗོད་བྱའི་བང་འགྲོས་ལ་འཁྱོལ་བ་མེད་པའི་ལྷུག་རྩོམ་མང་དག་ཅིག་ང་ཚོའི་རིག་གཞུང་གི་སྒང་དུ་བྱུང་བ་ལགས་ན། ལྷུག་རྩོམ་འདི་འདྲ་གཅིག་བཀླགས་པས་ཀྱང་ཀུན་མཁྱེན་གྱི་ས་ལ་ཐག་ཉེ་རུ་སྙུང་ཐུབ་པའི་གདེང་ཚོད་ཅིག་སྟེར་བར་མ་ཟད། མི་སུ་ཞིག་གིས་གཏན་དུ་ཕབས་ཟིན་པའི་ལམ་ཁོ་ནར་མི་འགྲོ་བར་སྒྲོམ་གྱི་སྙིང་བོ་གཏོར་ནས་གསར་གཏོད་ཀྱི་ཆར་གཞོལ་ན་ནི་ཡིན་མདོག་ཁ་པོའི་ལྷུག་རྩོམ་གྱི་རྩོམ་པ་པོ་མང་ཤོས་ཤིག་ལ་ཚུར་རྒོལ་བྱེད་སྟངས་ཤིག་ཏུ་ཡང་འགྱུར་ཐུབ་པར་སྙམ་ལ། དེ་ལྟར་གཏམ་རྒྱུད་སྤྲོས་སྟངས་འདིས་ཀློག་མཁན་མང་ཤོས་ཤིག་གི་ལེན་པར་མཆིལ་མ་འཁོར་དུ་བཅུག་ཡོད་པས། རྩོམ་རིག་གི་ལས་འགན་ལྕི་མོ་ཞིག་ཞོར་དུ་འགྲུབ་འདུག་ལ་མཛེས་པའི་རྟོག་ཡུལ་ཞིག་ཀྱང་གསར་དུ་བཟོས་འདུག་སྙམ་མོ།

 བཞི་བ། མཐོང་སྣེ།

 བརྩམས་ཆོས་གང་ཞིག་ཡིན་ཡང་འཚོ་བ་དང་གནས་ལུགས་ཀྱི་ཟབ་ཚད་ལ་གཞལ་ནས་བརྗོད་དོན་གྱི་གོ་རིམ་མི་འཁྱོལ་བར་ཐད་ཀར་རམ་གཞན་བརྒྱུད་ཀྱི་ཐབས་སུ་འབད་ནས་བསྟན་བྱ་མ་ལུས་ཀློག་པ་པོའི་དགོས་འདོད་ལ་འཕྲོད་ཅིང་སེམས་སུ་འཇགས་པར་བརྩོན་པའི་གོ་ཆ་བསྒོས་པར་གྱུར་ཚེ་ད་གཟོད་བརྩམས་ཆོས་གང་དེའི་འགན་འཁུར་རམ་ལས་འགན་གང་ཞིག་འགྲུབ་པར་གོམ་པ་སྤོ་འགོ་ཚུགས་པ་དང་གཉིས་སུ་མ་མཆིས་ལ། དེ་ལས་ཀྱང་གལ་ཆེན་དུ་མཐོང་བ་ནི་《རྩོམ་རིག་དྲན་ཐོ》ལས་གསུངས་བ་བཞིན“དུས་རབས་གང་ལ་འཁེལ་ཀྱང་ཆོག སྙན་ངག་པ་སུ་དང་གང་ཡིན་རུང་། རང་རང་སོ་སོའི་མཐོང་སྣེའི་མྱོང་གྲུབ་དངོས་མ་དེ་བྲི་རྒྱུ་གལ་ཆེ”ཞེས་མཐོང་སྣེའི་གལ་ཆེན་རང་བཞིན་ལྷུག་མར་བརྗོད་ཡོད་པ་ལགས་ན། མཐོང་སྣེ་ཞེས་ཁྱད་པར་གྱི་ཆོས་གང་ཞིག་གསལ་ལེར་རྗེན་ནེར་སྟོན་དགོས་པར་ཐུག་ཚེ་ཉམས་མྱོང་དངོས་བྱུང་མས་བསྟར་རྒྱུ་དང་ཉམས་མྱོང་གང་དེ་ཡང་འཚོ་བ་དངོས་ཀྱི་གཏིང་རིམ་ལ་འཇུ་ཐུབ་ཡོད་མེད་ལ་བལྟ་དགོས“དེ་ལྟར། མཐོང་སྣེ་གསར་བ་ནི་རྩོམ་པ་པོའི་རིག་གནས་གོ་རྟོགས་ཀྱི་མཐོ་ཚད་ཅིག་དང་ཕྲ་མཐོང་རྣོ་དབལ་གྱི་རིག་པར་གོ་དགོས་པ་ཡིནཞེས་གདེང་འཇོག་གི་ཚད་རིམ་མཐོ་སར་འགྲེང་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་འབུར་ཐོན་དུ་བསྟན་འདུག འཚོ་བའི་ཉམས་ཞིབ་དང་རྟོག་དཔྱོད་ཀྱི་བློ་མིག་རྣོ་མིན་ལ་བསམ་གཞིག་གིས་སྐྱོར་མ་མ་བརྒྱབ་པར་རང་ཉིད་ཚན་རྩལ་དང་རིག་གནས་སོགས་གང་ནས་ཀྱང་རྗེས་སུ་ལུས་པའི་འབྲོག་པའི་ཡུལ་ལུང་ཞིག་ཏུ་གཏན་དུ་སྡོད་པ་བཞིན་སྔོན་ཐོན་གྱི་གདེང་གིས་ཆོད་པའི་གྲོང་ཁྱེར་གྱི་རྣམ་པ་ཞིག་བྲིས་ན་ནི་དེ་ལ་འགལ་གཞི་འཁྲིགས་ནས་ཡིག་ཚོགས་སྤུངས་ཏེ་ཤོག་བུ་འཕྲོ་བརླག་ཏུ་བཏང་བ་ལས་ཅི་ཡང་འོང་དུ་མེད་ལ། རྩོམ་རིག་གི་འོས་འགན་ཟེར་བའང་ནམ་མཁའི་མེ་ཏོག་བཞིན་སྨྲར་མི་བཏུབ་བོ།།

རྩོམ་པ་པོས་འཚོ་བ་དངོས་ཀྱི་མྱོང་བ་ཕྲ་རགས་ཡིད་ཀྱི་གསོས་སུ་བཏབ་ནས་སྒྱུ་རྩལ་བློ་སྦྱོང་གིས་ཞུན་བརྡར་ལན་གསུམ་བགྱིས་པས་དོན་གྱི་ཕྲེང་བ་སྤེལ་བར་ཡིད་འགྱུར་གྱིས་ཟུར་རྒྱན་སྤྲོས་ཡོད་པས་མཛེས་པའི་རྟོག་ཡུལ་ཡང་གལ་ཆེན་ཞིག་ཏུ་རྟོག་བཟོ་བྱས་ཆོག་ཚེ། ཏག་ཏག་རྩོམ་པ་པོས་ཀྱང་འཚོ་བ་དངོས་ལས་བྱུང་བའི་མྱོང་གྲུབ་དག་འདི་ལྟར་བྲིས་ཡོད་དེ།  “ མོའི་མགོ་བོ་ཅུང་ཙམ་རེ་འགུལ་བ་ན། ང་ལ་སྐྲག་སྣང་རེ་སྐྱེས་ཡོང་། ངས་ལམ་སེང་གཞན་ཞིག་ལ་བལྟས་ནས་བསྡད”ཅེས་མི་འགྱངས་བར་བརྩེ་དུང་གི་དབུ་ཁྱུད་གྲུབ་ལ་ཉེ་བའི་ན་གཞོན་ཕོ་མོ་གཉིས་ལ་དངོས་སུ་ཡོད་འོས་པའི་ཚུལ་ཏེ། ཕན་ཚུན་མཐོང་བའི་དུས་སུ་དོགས་མི་བདེ་བའི་བཟོ་ལྟའི་ངང་འཛུམ་གྱི་པདྨོ་ལྷུག་ལྷུག་ཏུ་དགོད་པའམ་ལམ་ཁ་གང་རུང་ཞིག་ནས་མཐོང་བའི་དུས་སུ་སྤོབས་པས་མ་བཟོད་པར་དོགས་འདྲོགས་ཀྱིས་གཙེས་པའི་ཉམས་སྣང་དངོས་དེ་འཚོ་བའི་འཕལ་ཁར་སྤྲད་ནས་གསོན་ཉམས་དོད་པའི་ངང་བྲིས་ཡོད་པར་མ་ཟད། འཚོ་བའི་གཏིང་རིམ་བསྔོག་འདོད་པའི་འདུན་པའི་དབུ་ཡང་ཚིག་འདིས་བསླང་འདུག་ཅེས་བརྗོད་ཆོག་པར་འདོད།

དེ་མིན་ད་དུང་ཕ་རོལ་བོ་ཞིག་བློར་བབས་དྲག་སྟེ། དྲན་ཤེས་ལ་ཁ་ལོ་བསྒྱུར་མ་ཐུབ་པར་རྣམ་ཤེས་བོར་སོང་བ་བཞིན“ཉིན་ཞིག ངས་རྒྱུད་བཞིའི་དཔེ་ཆ་ཁ་ཐུར་ལ་བསྟན་ནས་འདོན་རྩིས་བྱེད་ཀྱིན་འདུག ངོ་ཚ་ནས་འཁྲིས་ཀྱི་མི་དག་ལ་གཅིག་ལྟ་དགོས་ཐུག”ཅེས་བརྩེ་བའི་གཞུང་རྒྱུད་རིང་མོར་ང་ཚོ་གཞོན་ནུ་དག་གི་ནར་སོན་གྱི་ལོ་ཟླའི་ཁྲོད་ན་ཤིན་ཏུ་ཡོད་འོས་པའི་མྱོང་བ་དངོས་གྲུབ་མ་དེ་ཟོལ་བཅོས་ཀྱི་ཆ་ཅུང་ཟད་ཀྱང་མ་འདྲེས་པར་དྲང་བོར་བསྟན་ཡོད་པ་དང་། “སྨིན་དྲུག་གི་ཡ་མ་ཟུང་གི་བྱ་སྤྱོད་དག་ཀྱང་ངའི་ས་ལ་སླེབས་ན་ཕལ་ཆེར་ལུགས་དང་མཐུན་གྱི་ཡོད”ཅེས་གང་གི་ཆེད་དུ་གཅེས་པའི་སྲོག་ཀྱང་ཕལ་བར་བརྩི་བའི་བརྩེ་དུང་གི་མཐོ་རླབས་རྣོན་པོ་ཞིག་ང་ཚོའི་སེམས་སུ་བཞག་ཡོད་པ་འདིས། རྩོམ་པ་པོའི་འཚོ་བའི་མྱོང་སྟོབས་ནི་རང་ག་བ་ཞིག་མིན་པའང་རྟོགས་ཐུབ་ལ་ད་དུང་ཁོས་སློབ་གྲྭའི་འཚོ་བའི་ཆ་ཤས་སུ་རུང་ཞིང་སློབ་མ་པྲ་ཚག་དག་གི་གཉུག་གཤིས་སུ་གོམས་པའི་བྱ་སྤྱོད་ཁ་བོ་སྟེ་དགེ་རྒན་གྱི་ལད་མོ་བྱེད་པ་དང་སློབ་གྲོགས་ཕན་ཚུན་བར་ལ་ངན་སྨྲས་ཀྱིས་བླ་བཙག་རེས་བྱེད་པའི་སྣང་ཚུལ་དམར་རྗེན་མ་དེ་ང་ཚོའི་མིག་དང་ཡིད་ཀྱི་ལྟེབས་སུ་འདི་ལྟར་ཐོལ་ཡོད་དེ། “དགེ་རྒན་ཚོའི་སྐད་ཆ་བཤད་སྟངས་ལ་ལད་ཟློས་བྱས་ནས་གད་མོ་མང་དུ་བགད་མྱོང་། མིག་ལ་མི་འགྲོ་བའི་སློབ་མ་སྣ་ཚོགས་ལ་རྒྱབ་བཤད་བྱས་ནས། ནག་རྐྱང་བཟོ་མྱོང་ཡོད། ལུང་མང་པོ་འདྲེན་མཁན་གྱི་དགེ་རྒན་དག་ལ་ལུང་གི་ཞི་བདེ་རྒྱ་མཚོ་ལྟ་བུའི་བླ་དྭགས་བྱས་ཞེས་སློབ་གྲྭར་འགྲོ་མྱོང་བའི་ཀློག་པ་པོ་ལ་ཤས་ལ་ཕྱིར་དྲན་གྱི་སྒོ་གླེགས་ཡངས་བོར་ཕྱེས་ནས། སྡུག་གིས་མ་བརླན་པའི་དྭངས་གཙང་ཡིད་ཀྱི་རྒྱ་ལ་ལག་སྙོབ་ལན་གཅིག་བྱེད་པའི་གོ་སྐབས་ཀྱང་གནང་འདུག་སྙམ།

ཀྱག་ཀྱོག་གི་བརྒྱུད་རིམ་གྱིས་གཡོགས་པའི་བརྩེ་དུང་གི་བཞུད་ལམ་རིང་མོའི་ཁྲོད། གང་ཞིག་བར་ཐག་གིས་ཆོད་དུས་དགའ་དུང་དུང་དང་སྙིང་ཉེ་ཉེ་བྱེད་པའི་འཛུམ་བག་ལྷུག་གེར་དགོད་ན་ཡང་། གང་ཞིག་དངོས་པོའི་གཤིས་ལ་ཉེ་གྱུར་ཅིང་བར་ཐག་ཉིད་བསྟུང་བར་མཛད་པའི་དུས་སུ་གཅེས་མདོག་གི་རྒྱ་ལས་གྲོལ་ནས་རང་གཤིས་ངན་པ་མཚང་དུ་བརྡོལ་བའི་གོ་རིམ་དང་དུས་ཚོད་ཀྱི་དྭངས་སྙིགས་ཕྱེ་ནས་སྐབས་འདིར་སླེབས་པ་ན། ངས་སྨིན་དྲུག་གི་སྒང་ནས་གནད་དོན་ཁ་ཤས་ཤིག་མཐོང་མགོ་བརྩམས་པ་དང་། ངས་སེམས་ལ་འདི་འདྲ་ཞིག་མཐོང་། མོ་ལ་ང་རྒྱལ་ཅུང་ཟད་ཡོད་པ་འདྲ། མ་རེད། ང་རྒྱལ་ཧ་ཅང་ཆེ་བ་འདྲ། མོ་རང་ལ་ང་ལས་ལྷག་པའི་འཇོན་ཐང་ཞེ་དྲག་ཡོད་དྲན་གྱིན་ཡོད་པ་འདྲཞེས་ཞིབ་ཏུ་བྲིས་ཡོད་པ་ནི་བརྩེ་དུང་གི་ཉེ་གམ་ལ་བཅར་སྟངས་ཤིག་ཅི་ལ་མིན། དེ་ལྟར་མཐོང་སྣེས་ཁེབས་པའི་མྱོང་བ་དམར་རྗེན་དག་བསྟར་ལ་བརྒྱུས་ཡོད་ནའང་། གཅིག་ནས་སྨྲ་བྱེད་ཀྱི་ལྕེ་ལྐུགས་ཤིང་གཉིས་ནས་དྲན་རྡིབས་ཀྱི་རྒྱ་རུ་ཚུད་པས།རེ་ཞིག་ཡིག་ཚོགས་ཀྱི་གསེབ་ནས་བུད་དེ་མཇུག་བསྡུ་བར་བྱའོ།།

ལྡ་པ། དཔྱད་གཞིའི་ཡིག་ཆ།

《སེང་རྡོར་གྱི་ད་ལོ་སྙན་ངག་ལ་དཔྱད་པ། 》གཅན་མེ་སྟག

《སྨིན་དྲུག་ཕྲ་མོ་སིམ་སིམ་སིམ་ཞེས་པ་དེ་བཀླགས་པ།  》བསྟན་ཆེན།

《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། 》ཨ་ལགས་དུང་དཀར། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་།

《མཁས་པ་ལ་འཇུག་པའི་སྒོ།》ས་པཎ་ཀུན་དགའ་རྒྱལ་མཚན།

《མི་གཤིས་གཏམ་རྒྱུད་ཀྱི་གཏིང་དང་མི་སྐད་དག་གཙང་གི་གདངས།》མདོ་སྨད་ཧེ་རུ་ཀ

《ཚེ་རིང་རྣམ་དྲུག་དཔེ་ཚོགས།》ཀྱི་འགོ་བརྗོད། ཅོ་ནེ་ཡུམ་ཚེ་རིང་། ཀན་སུའུ་མི་རིག་དཔེ་བསྐྲུན་ཁང་།

《ཧོར་གླིང་གཡུལ་འགྱེད།》མི་རིགས་དཔེ་བསྐྲུན་ཁང་།

《 རྗེ་མི་ལ་རས་པའི་རྣམ་ཐར།》གཙང་སྨྱོན་ཧེ་རུ་ཀ མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་།

《དགེ་འདུན་ཆོས་འཕེལ་གྱི་གསུངས་རྩོམ་ཕྱོགས་བསྒྲིགས།》 བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་།

ཡོངས་ཁུངས། 喜马拉雅在线

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1688