མི་ཚེའི་མངོན་གྱུར་གྱི་བདེན་པ།

རྫ་སྐྱེས་ཕུར་བས་བརྩམས།

 

མི་སེམས་ཀྱི་སྤྲོ་བ་ནི་དུས་ཚོད་ཀྱི་བཀྲག་མདངས་དང་འབྲེལ་བ་མེད་དེ།

དུས་ཚོད་ནི་བསྐྱར་ཟློས་ཀྱི་གླུ་དབྱངས་དང་མཚུངས་ཤིང་།

གོ་རིམ་ཧྲིལ་པོ་འགུལ་བསྐྱོད་ཀྱི་ཕྱི་རོལ་དུ་ཡོད།

དུས་ཚོད་སླེབས་རྗེས་སྐད་ཅིག་གི་སྣང་བ་མི་རྟག་པར་འགྱུར་ལ།

མི་ཚེ་དང་འཚོ་བ་གཏན་ཚིག་ལས་རྒྱང་དུ་འགྲོ།

དེ་ནི་ཐམས་ཅད་རླབས་ཆེ་བའི་ཆོས་ཉིད་ཀྱི་རང་གཤིས་དང་ཉེ་བས་རེད་དེ།

ཁྱོད་ཉིད་ཅི་ཙམ་བསྐྱོད་ཀྱང་དེ་ཉིད་གཞན་དབང་དུ་གཏོགས་པས་ཀྱང་ཅི་ལ་མིན།

 

འཁོར་འདས་གཉིས་ནི་ས་ཚུགས་གཉིས་ཏེ།

ཁྱོད་ནི་འགྲིམ་འགྲུལ་ལས་རིགས་ཁྲོད་ཀྱི་གྲུ་མཁན་ཞིག་ཏུ་རློམ་ཆོག

སྐྱེ་འཆི་གཉིས་ནི་དབྱར་དགུན་གཉིས་ཏེ།

ཁྱོད་ནི་མངོན་ལྐོག་གཉིས་ལས་གྲུབ་པའི་མེ་ལོང་ཞིག་ཏུ་བལྟས་ཆོག

སྐབས་རེ་དར་ལྕོག་དེ་གཡོས་ནས་བུད་འགྲོ།

སྐབས་རེ་དར་སྡོང་དེ་འགྱུར་ནས་བུད་འགྲོ།

དེ་ནི་མི་ཚེའི་བདེན་པ་ཞིག་གོ།

 

ལེགས་བཤད་ཀྱི་ཁྲོད་དུ་དཀར་པོ་མང་ལ།

གཞུང་ལུགས་ཀྱི་མདུན་དུ་དགག་སྒྲུབ་མང་།

རེད་དེ།

མི་ཚེའི་མངོན་གྱུར་ཁྲོད་ཀྱི་ཁྱོད་ནི་དེ་གཉིས་གང་ལ་གཏོགས་པ་མེད་དེ།

རླུང་ནི་གཡོ་བ་ཙམ་དང་།

གཟུགས་ནི་ཐོགས་རེག་ཉིད་ཀྱིས་གྲུབ་བོ།

དེ་ནི་མི་ཚེའི་གཏན་ཚིག་ཅིག་གོ།

 

ཁ་སང་ཁ་སང་བཞིན་མཐོང་བ་ནི་རྟོག་བཏགས་ཤིག་དང་།

དེ་རིང་དེ་རིང་དུ་མྱོང་བ་ནི་མངོན་གྱུར་ཞིག་རེད།

རེད་དེ།

ཁྱོད་ཀྱི་མཐའ་མའི་འབབ་སྟེགས་ནི་རྟོགས་བཏགས་མིན་ལ།

མངོན་གྱུར་ཡང་མིན་ནོ།།

དེ་ནི་མི་ཚེའི་གྲུབ་ཚུལ་ཞིག་གོ།

 

མེ་ལོང་དེ་སྐབས་རེ་གཞན་ལ་བདག་འདུག

སྣང་བརྙན་དེ་སྐབས་རེ་རང་གི་ཡིན་འདུག

དེ་ཡང་མི་ཚེའི་མྱོང་བ་ཞིག་གོ།

 

ཆུ་བོ་གཡས་ཕྱོགས་སུ་འབབ་དུས་ཁྱོད་རང་གྲུ་ཟུར་གྱི་རླབས་ལ་གཡེང་ཆོག

དུང་སྒྲ་མདུན་ཕྱོགས་ནས་གྲག་དུས་ཁྱོད་རང་ངང་སྒུག་གི་རྟ་ཁར་འགྱུས་ཆོག

ཐེ་ཚོམ་མེད་དེ།

དེ་ཡང་མི་ཚེའི་མངོན་རྟགས་ཤིག་གོ།

 

ཤོག་བྱ་གནམ་ལ་འཕུར་དུས་རླུང་ནི་རབ་འདེགས་ཤིག་ཏུ་བསམ་ཆོག

ཀོ་གྲུ་ཆུ་ལ་བྱིང་དུས་གྲུ་ནི་བྱེད་པོ་ཞིག་ཏུ་བཟུང་ཆོག

ཐེ་ཚོམ་མེད་པའི་བདེན་པ་ནི་མི་ཚེ་ཡིན་འོས།

ཁྱོད་རང་བསྐལ་བརྒྱར་བརྟན་ཤོག

ཁྱོད་རང་བསྐལ་བརྒྱར་ངང་གིས་བརྟན་ཤོག

2020/2/22

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1623