བོད་ཀྱི་དབྱངས་ངོས་འཛིན་ལ་གསར་དུ་དཔྱད་པ་ལོག་རྟོག་གཅོད་པའི་རལ་གྲི།

ཆབ་མདོ་དབང་འདུས།


    སྔོན་གླེང་།

   བློན་ཆེན་ཐོན་མི་སམ་བྷོ་ཊས་སྤྱི་ལོ་དུས་རབས་བདུན་པའི་སྟོད་དུ་ཐོག་མར་བོག་ཡིག་གསར་གཏོར་མཛད་ཅིང་། དེ་ནས་རིམ་བཞིན་ལོ་པཎ་མཁས་པ་དག་གིས་སློབ་དཔོན་ཐོན་མའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་པོ་གཞིར་བཞག་ཐོག་ནས་ལག་ལེན་དང་ཞིབ་མཇུག་ཡང་ཡང་གནང་། དུས་ཚོད་འགྲོ་བཞིན་འགྲོ་བཞིན་བོད་སྐད་ལ་འགྱུར་བ་སྣ་ཚོགས་བྱུང་བས། སྐད་དེ་ལ་བརྟེན་པའི་མིང་དང་ཚིག་གི་གྲུབ་ཚུལ་དང་། འཕྲད་དང་རྣམ་དབྱེའི་སྦྱོར་ཚུལ་སོགས་ལ་ལེགས་བཅོས་མང་བོ་བྱས།   དཔེར་ན།  ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་ཐེངས་གཅིག་དང་། མངའ་བདག་ཁྲི་རལ་ཅན་གྱི་སྐབས་སུ་ཐེངས་གཅིག ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་ཐེངས་གཅིག་བཅས་ཡོངས་གྲགས་ལ་སྐད་གསར་བཅད་ཅེས་བོད་སྐད་ཡིག་ལ་བསྒྱུར་བཅོས་ཐེངས་གསུམ་བྱས། དེ་བཞིན་དུ་དུས་རབས་བདུན་པ་ནས་དུས་རབས་ཉེར་གཅིག་པའི་བར་བྱོན་དང་བཞུགས་པའི་མཁས་པ་ཕལ་མོ་ཆེས་བརྡ་སྤྲོད་པའི་གཞུང་ལ་ཐུགས་སྣང་ཆེས་ཆེར་གནང་ནས། ཕལ་ཆེར་མཁས་པ་རེས་བརྡ་སྤྲོད་པའི་གཞུང་རེ་མཛད་ཡོད།

དེ་བས། བོད་ཀྱི་བརྡ་སྤྲོད་རིག་པ་ནི་ཆ་ལག་ཡོངས་སུ་ཚང་ཞིང་བསྟན་བཅོས་ཀྱི་གྲངས་ནི་བརྩི་མི་ཚར་བ་ཞིག་ཡོད་ཅེས་བཤད་ནའང་ཧོམ་བཤད་དུ་མི་འགྲོ་བའི་ཚད་ལ་བསླེབས་ཡོད། ཡིན་ན་ཡང་། ད་དུང་གཞུང་ལུགས་ཀྱི་ཐད་ནས་ཞལ་མི་མཐུན་པ་དང་ལག་ལེན་གྱི་ཐོག་ནས་གཅིག་གྱུར་མ་ཡིན་པའི་གནད་དོན་མང་བོ་ཞིག་ཡོད་པས། ང་ཚོས་ད་དུང་དཔྱད་བརྡར་ཡང་ཡང་བྱས་ནས་གཅིག་གྱུར་གྱི་ཐོག་ཏུ་ཤུགས་རྒྱག་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ད་ཐེངས་ང་རང་གིས་ཤེས་ཚད་གང་ཡོད་ཀྱིས་བོད་ཀྱི་དབྱངས་ངོ་མ་ནི་ཨི་ཨུ་ཨེ་ཨོ་བཞི་དང་གི་གུ་ཞབས་ཀྱུ་ན་རོ་བཞི་གང་ཡིན་འདོད་ཚུལ་མི་འདྲ་བ་ཡོད་པ་དེར་ཅི་ནུས་ཀྱིས་དཔྱད་བརྗོད་བྱེད་ཅིང་། ད་དུང་དབྱངས་ཀྱི་གྲངས་འདྲེན་ཚུལ་གྱི་ཐད་ནས་བཞི་དང་ལྔ་ཞེས་རིགས་མི་འདྲ་བ་གཉིས་ཡོད་པ་དེར་དཔྱད་པ་ཅུང་ཙམ་བྱ་རྒྱུ་ཡིན།

དེ་ཡང་ལུང་རྒྱབ་རྟེན་དུ་བྱེད་པ་གཞིར་བཞག་ཐོག་ཏུ་རང་གིས་ནམ་རྒྱུན་དཔེ་ཀློག་དང་བསམ་གཞིག་ཁྲོད་ནས་རྙེད་པའི་གྲུབ་དོན་དག་ཁ་གསལ་ཁུངས་དག་གིས་རིགས་ལམ་གང་ཡོད་དྲངས་ཏེ། གནད་འདིར་དཔྱད་གཞིགས་བྱེད་འདོད་པ་ཡིན། ཡིན་ཡང་། ལྟ་ཡུལ་གཅིག་ཀྱང་ལྟ་ཚུལ་མི་གཅིག་ཅེས་གསུངས་པ་ལྟར། འདིར་གོང་སྨྲས་ཀྱི་གནད་འདིར་མཁས་པ་འགའ་རེར་དགག་སྒྲུབ་རིག་པའི་རལ་ཁ་འགྲན་དགོས་པས། དཔྱད་རྩོམ་འདིའི་ཀློག་པ་པོ་ཡོངས་ཀྱི་བདེན་པ་དཔང་དུ་བཙུགས་ནས་ཐུགས་བསམ་གཞེས་པའི་རེ་བ་སྙིང་ལ་ལྕིའོ།།

༢༽ ཨི་སོགས་བཞི་དབྱངས་མ་ཡིན་ཞེས་སྨྲ་བ་ལུང་དང་འགལ་ཚུལ།

   “བོད་ཀྱི་དབྱངས་དངོས་ནི་ཨི་སོགས་བཞི་ལ་ངོས་འཛིན་ནམ། གི་གུ་སོགས་བཞི་ལ་ངོས་འཛིན།”འདི་ནི་སུམ་ཅུ་པའི་སློབ་དེབ་ཅིག་གི་སྦྱང་གཞིར་གསལ་བའི་དྲི་བ་རེད། འདིར་ང་ཚོས་དྲིས་ལན་ཇི་ལྟར་འདེབས་པར་ངེས་པར་དུ་བསམ་བློ་ཞིབ་ཏུ་གཏོང་དགོས། གལ་ཏེ་དྲི་བ་འདི་ལ་དྲིས་ལན་ཡག་པོ་ཞིག་འདེབས་མ་ཤེས་ན་བོད་ཀྱི་དབྱངས་ཡིག་ངོས་འཛིན་མི་ཤེས། བོད་ཀྱི་དབྱངས་ཡིག་ཙམ་ཡང་ངོས་འཛིན་མི་ཤེས་ན་བོད་ཀྱི་ཡིག་གེ་གང་ཡིན་ངོས་འཛིན་མི་ཤེས། བོད་ཀྱི་ཡེ་གེ་ངོས་འཛིན་མ་ཤེས་ན་བོད་ཀྱི་བརྡ་སྤྲོད་རིག་པའི་བརྗོད་དོན་གཙོ་བོ་སྦྱར་བྱ་ཡི་གེའི་རྣམ་བཞག་ཤེས་མེད་པས་ཐ་ན་བོད་ཡིག་གང་ཡིན་ཙམ་ཡང་ངོས་ཟིན་མེད། བོག་ཡིག་གང་ཡིན་ཙམ་ཡང་ངོས་མ་ཟིན་པར་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་བཞག་བཤད་པ་ནི་དགོད་བྲོ་བ་ཞིག་མ་ཡིན་ནམ།

དེ་ལྟར་ན་ཡང་། བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་རྩོམ་པ་ལ་ཐོགས་པ་མེད་པའི་མཁས་པའི་དབང་པོའཛིན་པ་དག་གིས་ཀྱང་བོད་ཡིག་ངོས་མ་ཟིན་པ་དང་། ཡང་ན་དོན་གྱི་གནད་མ་མཐོང་བའི་དགག་སྒྲུབ་གསར་བ་རེ་བྱེད་ཀྱིན་འདུག་པས། ང་ཚོས་ཅིས་ཀྱང་བསམ་གཞིགས་ཞིབ་ཚགས་དང་རིགས་ལམ་ཡང་དག ཁུངས་ལུང་ཚད་ལྡན་ལ་བརྟེན་ནས་ཞིབ་མོ་རྣམ་འཐར་པར་འཐག་པ་ཞིག་མ་བྱས་ན། བོད་ཀྱིང་མཁས་དབང་གི་མཚན་བཟུང་ཡང་དོན་དུ་བོད་ཡིག་ཙམ་ཡང་ངོས་མི་ཟིན་པའི་དགེ་རྒན་ཆེ་མོ་དང་སློབ་གྲྭ་ཆེན་མོའི་སུམ་རྟགས་ཀྱི་བསླབ་གཞི་བྱུང་བ་ནི་ངོ་ཚ་ཞིག་ཅི་ལ་མིན་ཨང་།

དེ་ཡང་གདོང་པ་ལེབ་ལེབ་ལ་འཛུབ་མོ་ཧྲིལ་ཧྲིལ་བཙུགས་ན། ཐུབ་བསྟན་ཐུན་ཚོགས་དང་ཚེ་དབང་ལྷ་མོ་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ༽་ཅེས་པར་“བོད་ཡིག་ཨི་ཨུ་ཨེ་ཨོ་ཞེས་པ་ནི་དབྱངས་ཡིག་མིན་ཏེ་འདི་ནི་གསལ་བྱེད་ལ་དབྱངས་ཞུགས་པའི་ཡི་གེ་ཡིན་པའི་ཕྱིར་ཏེ། ཨ་ཡིག་ལ་གི་གུ་དང་། ཞབས་ཀྱུ་སོགས་ཞུགས་ཟིན་པའི་ཕྱིར་རོ།། བོད་ཡིག་གི་དབྱངས་དངོས་ནི། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཅས་ཀྱི་ཡིག་གཟུགས་འདི་དག་ཡིན་ལ།”ཞེས་ཧ་ཅང་ནོར་ཚབས་ཆེ་བ་གཉིས་བཤད་འདུག་སྟེ། དང་པོ་ནི། “བོད་ཡིག་ཨི་ཨུ་ཨེ་ཨོ་ཞེས་པ་ནི་དབྱངས་ཡིག་མིན་ཏེ་”ཞེས་པ་ནི་ཐོན་སམ་བྷོ་ཊ་ནས་བཟུང་ད་ལྟའི་བར་གྱི་བརྡ་སྤྲོད་སྨྲ་བ་ཐམས་ཅད་ཀྱི་དགོངས་པ་དང་མི་མཐུན་ཞིང་། རིགས་པ་དྲི་མ་མེད་པ་དང་ཡོངས་སུ་འགལ་ཡོད་དོ། །

དེ་ཡང་དང་པོ་ལུང་དང་འགལ་ཚུལ་སྨྲ་བར་བྱ་ཏེ། སློབ་དཔོན་ཐོན་མི་རང་ཉིད་ཀྱིས། “ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །”ཞེེས་གསུང་པ་དང་། དེའི་དགོངས་པ་འགྲེལ་བར་བྱེད་པའི་བརྡ་སྤྲོད་མཁན་པོ་སི་ཏུས་“ཨ་ལིའི་བྱ་བ་མཚོན་པར་བྱེད་པ་ཨི་སོགས་བཞི་དང་”ཞེས་གསུངས་ཤིང་། ལེགས་བཤད་ལྗོན་དབང་ལས་“དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །ཞེས་གསུངས་པ་བཞིན་བརྡ་སྤྲོད་མཁན་པོ་གཞན་རྣམས་ཀྱང་འདི་དང་མཐུན་པར་སྨྲའོ། །

ཡང་བསྟན་དར་ལྷ་རམས་པའི་སུམ་འགྲེལ་ལས། “ཨི་ཨུ་ཨེ་ཨོ་དབྱངས་བཞི་ལ། །གི་གུ་ཞབས་ཀྱུ་འགྲེང་བུ་དང་། །གནའ་རུ་ཞེས་པའི་ཐ་སྙད་བྱ། །”ཞེས་ཨི་ཨུ་ཨེ་ཨོ་བཞི་དབྱངས་ཡིན་པ་ཁ་གསལ་བོའི་སྒོ་ནས་གསུངས་པ་མ་ཟད། གི་གུ་ཞབས་ཀྱུ་འགྲེང་བོ་གནའ་རུ་ཞེས་པའི་ཐ་སྙད་བཞི་བོའི་གདགས་གཞི་དེ་ཡང་ཨི་ཨུ་ཨེ་ཨོ་བཞི་ཡིན་པ་གསལ་པོར་གསུངས་པས། གི་གུ་ཞབས་ཀྱུ་འགྲེང་བུ་གནའ་རུ་ཞེས་པའི་ཐ་སྙད་ནི་བོད་ཀྱི་དབྱངས་བཞི་བོའི་མིང་ཡིན་ལ། མིང་འདི་བཞི་བོའི་གདགས་གཞི་ནི་ཡི་གེ་ཡིན་དགོས་པ་གཏན་ཁེལ་ཡིན་ནོ།།

ཡང་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས། “དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞི་དང་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ལོག་པ་ལྔ་དང་མཐུག་པོ་ལྔ་ཥ་ཀྵ་རྣམས་དོར་བའི་སྟེང་དུ་ཨ་དྲངས་པས་རྩ་བཞིར།” ཞེས་གསུངས་པ་དང་། སི་ཏུ་པཎ་ཆེན་གྱིས“་ལྷའི་སྐད་ཀྱི་དབྱངས་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་གསུམ་དུ་བསྡུ་བ་སོགས་སྐད་ཀྱི་བྱེ་བྲག་དང་སྐབས་ཐོབ་ལས་སྣ་ཚོགས་པར་འགྱུར་ནའང་རིགས་མཐུན་ཚོགས་པར་བྱས་པའི་དབྱངས་གསལ་གཉིས་སུ་དབྱེ་བ་ཙམ་གྱི་སྒོ་ནས་ཡི་གེ་མཐའ་དག་བསྡུས་པའི་ཕྱིར་ཨཱ་ལི་སྟེ་ཨ་ཕྲེང་དང་ཀཱ་ལི་སྟེ་ཀ་ཕྲེང་གཉིས་སུ་དབྱེའོ། །དེ་ལས་གངས་རིའི་ཁྲོད་འདིར་འཇེབས་པར་བརྩི་བའི་སྐད་ལ་ཡོངས་སུ་གྲགས་ཤིང་ཉེ་བར་མཁོ་བ་ལ་ནི་ཨཱ་ལིའི་བྱ་བ་གསལ་བོར་མཚོན་པར་བྱེད་པའི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་དང་།”ཞེས་གསུངས་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་“རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་བཏགས་པ་བཞིན་དུ། བོད་ཀྱི་ཨི་ལ་སོགས་པ་ཡང་དེའི་ནང་ནས་ཕྱུངས་ཤིང”་ཞེས་གསུངས་པ་དང་། ཡང་ཁོང་གིས“དབྱངས་དང་པོ་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཐ་མར་བསྣན་པས། དེའི་ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་དབྱངས་ཀྱི་ངེས་པ་མཛད་དོ། །”ཞེས་གསུངས་ལྟར། ཨི་ཨུ་ཨེ་ཨོ་བོད་ཀྱི་དབྱངས་སུ་བརྩིས་ཏེ་གྲངས་ཀྱང་བཞི་རུ་ངེས་པར་མཛད་པ་མ་ཟད། དབྱངས་བཞི་བོའི་སྐྱེ་གནས་དང་སྒྲ་རྩོལ་ལེགས་པར་གཏན་ལ་ཕབ་ཡོད་དེ། 《བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག》་ལས། “དབྱངས་ཀྱི་བྱ་བ་གསལ་བྱེད་ནི་ཨི་ཨུ་ཨེ་ཨོ་བཞི་ཡིན་ལ། ཨི་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་། ཨུ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་མཆུ་མ་རེག་པ་ཙམ་དུ་ཟུམ་པས་འཕང་སྨད་དེ་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་། ཨེ་ཡིག་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་ཅུང་ཟད་འདྲེས་པས་གྱེན་དུ་བསྒྲེངས་ཏེ་ཡངས་པར་བྱས་པའི་བྱེད་པ་ཅན་དང་། ཨོ་ཡི་ནི་མགྲིན་པ་ལས་བྱུང་ཞིང་མཆུ་གྱེན་དུ་བཏེགས་པ་ལྟར་འཕང་བསྟོད་དེ་ཡངས་པར་བྱས་པའི་བྱེད་པ་ཅན་ཡིན་ནོ་”ཞེས་གསུངས་པ་ལྟར་བརྡ་སྤྲོད་སྨྲ་བ་རྣམས་ཞལ་མཐུན་ནོ། །

ལུང་འདི་དག་ནི་མཚོན་བྱེད་ཙམ་ཡིན་ལ། སྤྱིར་ལོ་རྒྱུས་དང་བརྡ་སྤྲོད་ཀྱི་གཞུང་དག་ལས་བོད་ཡིག་ཇི་ལྟར་བྱུང་བའི་ལོ་རྒྱུས་འཆད་སྐབས། སློབ་དཔོན་ཁོང་གིས་གིས་རྒྱ་གར་གྱི་སྐད་གདངས་ལ་ཡོད་ཅིང་བོད་ཀྱི་སྐད་གདངས་ལ་མེད་པའི་ཡི་གེ་དག་དོར་ཅིང་། བོད་ཀྱི་སྐད་གདངས་ལ་ཡོད་ཀྱང་རྒྱ་གར་གྱི་སྐད་གདངས་ལ་མེད་པ་དག་གསར་དུ་བསྣན། རྒྱ་བོད་གཉིས་ཀ་ལ་ཡོད་པ་སོར་འཇོག་དང་ལེགས་སྒྲིག་བྱེད་སྐབས། རྒྱ་གར་གྱི་དབྱངས་བཅུ་དྲུག་ལས་བོད་ལ་མཁོ་བའི་དབྱངས་ཨི་ཨུ་ཨེ་ཨོ་བཞི་བླངས་ཞིང་བོད་ཀྱི་དབྱངས་དུ་གཏན་ལ་ཕབ་པ་ལོ་རྒྱུས་དང་བརྡ་སྤྲོད་སྨྲ་བ་རྣམས་ཞལ་མཐུན་ནོ།།

༣༽ ཨི་སོགས་བཞི་དབྱངས་ཡིན་པ་རིགས་པས་སྒྲུབ་པ།

  སློབ་དཔོན་ཐོན་མིས་ཨཱ་ལི་གསལ་བྱེད་ཨི་སོགས་བཞི་ཞེས་པ་འདིའི་སྐབས་ཀྱི་ཨཱ་ལི་ནི་བོད་ཀྱི་དབྱངས་ཡིག་ལ་གོ་དགོས་ཤིང་། ལྷག་པར་དུ་ཨི་སོགས་བཞི་ཞེས་པའི་ཚིག་གི་བསྟན་བྱ་ནི་ཨི་ཨུ་ཨེ་ཨོ་བཞི་ཡིན་ངེས་པའོ། །

དེ་བཞིན་ཨཱ་ལི་གསལ་བྱེད་ཅེས་པའི་སྐབས་སུ་དབྱངས་ཀྱི་བྱ་བ་གསལ་བོར་བསྟན་ཅིང་བྱ་དེ་བྱེད་མཁན་དབྱངས་ངོས་བཟུང་བ་ཡིན་ཏེ། དབྱངས་ཡིག་གི་བྱ་བ་ནི་དབྱངས་རང་ཉིད་གསལ་བྱེད་ཀྱི་ཡི་གེ་གཞན་ལ་ཞུགས་ནས་སྒྲ་གདངས་ཁྱད་པ་བ་འདོན་པར་བྱེད་པ་དེ་ཡིན་ལ། དེ་འདྲའི་སྒྲ་གདངས་ཁྱད་པར་བ་འདོན་པའི་བྱ་བ་དེ་དབྱངས་ཡིག་གི་ཐུན་མོང་མ་ཡིན་པའི་བྱ་བ་ཡིན་པས། བྱ་བ་དེ་བྱེད་མཁན་ཡང་དབྱངས་ཡིག་ཡིན་དགོས་པ་ལས་དབྱངས་ཡིག་གི་བྱ་བ་དེ་དབྱངས་ཡིག་མ་ཡིན་པ་ཞིག་གིས་བྱས་ན། དབྱངས་ཡིག་མ་ཡིན་པ་དེ་ཡང་དབྱངས་ཡིག་ཡིན་པར་ཐལ་བའི་སྐྱོན་ཡོད་དོ།།

དེ་བཞིན་དུ་སྤྱིར་བོད་ཀྱི་ཡི་གེ་ཡིན་ན་དབྱངས་གསལ་གཉིས་ལས་གང་རུང་ཡིན་དགོས་པ་གང་ཞིག(བོད་ཀྱི་ཡི་གེ་ལ་དབྱངས་གསལ་གཉིས་སུ་གྲངས་ངེས་ཞེས་གསུངས་པ་གཞིར་བཞག་པ་ཡིན།) ཨི་ཨུ་ཨེ་ཨོ་བཞི་ནི་བོད་ཀྱི་ཡི་གེ་ཡིན་། དབྱངས་ཡིག་ལས་གསལ་བྱེད་དུ་ནམ་ཡང་འགྲོ་བར་མི་འགྱུར་བས། ཨི་སོགས་བཞི་བོ་དབྱངས་ཡིན་པ་གྲུབ་བོ། །

ཡང་། ཨི་ཨུ་ཨེ་ཨོ་བཞི་བོད་ཀྱི་དབྱངས་ཡིན་པ་རིགས་པས་སྒྲུབ་པ་ལ་རྡོ་རྗེ་ལྟ་བུའི་གཏན་ཚིགས་བཙན་པོ་གཞན་ཞིག་དགོད་རྒྱུ་ཡོད། དེ་ཡང་ཨི་ཨུ་ཨེ་ཨོ་བཞི་ལས་དང་བོ་ཨི་ཡིག་བོད་ཀྱི་དབྱངས་ཡིན་པར་གྲུབ་ན་གཞན་གསུམ་པོ་ཡང་ཤུགས་ལ་གྲུབ་པ་ཡིན་པས་ཐོག་མར་ཨི་ཡིག་དབྱངས་ཡིན་པ་བསྒྲུབ་པར་བྱའོ། །

ཨི་དབྱངས་ཡིན་ནམ་ཞེས་འདྲི་བའི་སྐབས་སུ་ཨི་ཞེེས་པའི་སྒྲ་གདངས་དེ་དབྱངས་ཡིན་ནམ་ཞེས་འདྲི་བཞིན་ཡོད་པ་ལས་ཨི་ཡི་གཟུགས་རིས་དེ་དབྱངས་ཡིན་ནམ་ཞེས་འདྲི་བ་མ་ཡིན་པ་ནི་སུས་ཀྱང་ཤེས། གལ་ཏེ་ཨི་ཡི་གཟུགས་རིས་དབྱངས་ཡིན་ནམ་ཞེས་འདྲི་བ་ཡིན་ན། གི་གུ་དབྱངས་ཡིན་ནམ་ཞེས་འདྲི་བའི་ཚེ་ཡང་གི་གུའི་གཟུགས་རིས་དབྱངས་ཡིན་ནམ་ཞེས་འདྲི་བར་ཐལ་བའི་སྐྱོན་ཡོད་དེ། དེ་གཉིས་རྒྱུ་མཚན་གཅིག་ཏུ་འབབ་པའི་ཕྱིར་རོ།།

དེ་ན་ཨི་ཞེས་པའི་སྒྲ་གདངས་དེ་བོད་ཀྱི་དབྱངས་ཡིན་པ་རིགས་པས་གྲུབ་པའི་རྒྱུ་མཚན་ནི། གི་གུ་སྒྲ་གདངས་ཡིན་པ་གང་ཞིག གི་གུ་ཞེས་པའི་མིང་འདོགས་ས་ནི་ཨི་ཞེས་པའི་སྒྲ་དེ་ཡིན་དགོས་པ་གོང་དུ་བཤད་ལྟར་ཡིན་ཞིང་། ཨི་ཞེས་པའི་སྒྲ་གདངས་དང་གི་གུའི་སྒྲ་གདངས་གཉིས་སྐྱེ་གནས་བྱེད་རྩོལ་ཡོངས་སུ་མཚུངས་གཤིས། དེ་གཉིས་སྒྲ་གདངས་ཀྱང་གཅིག་ཡིན་དགོས་སོ། །

ཨི་ཞེས་པའི་གདངས་སམ་གི་གུ་དེ་གསལ་བྱེད་ལ་ཞུགས་པའི་ཚེ་སྒྲ་གདངས་གསལ་བོར་འབྱིན་དགོས་ལ། སྒྲ་གདངས་དེ་ཡང་སྐྱེ་གནས་སྒྲ་རྩོལ་གཏན་ཁེལ་རང་བཞིན་ཡིན་པ་ལས་གསལ་བྱེད་མི་འདྲ་བ་རེ་ལ་ཞུགས་ཚེ་སྒྲ་གདངས་ཡང་མི་འདྲ་བ་རེར་མི་འགྱུར་བ་མངོན་སུམ་དབང་བོའི་ཡུལ་དུ་གྱུར་ཡོད། དཔེར་ན། གི་གུ་གསལ་བྱེད་ཀྱི་ཡི་གེ་ཀ་དང་པ་ར་སོགས་ལ་ཞུགས་ནས་ཀི་དང་པི་དང་རི་ཞེས་པ་སོགས་ལས་གི་གུའི་སྒྲ་གདངས་གཅིག་མཚུངས་ཤིག་ཡོང་གི་ཡོད་པས་སོ། ། གལ་ཏེ་གི་གུ་དེ་གསལ་བྱེད་མི་འདྲ་བ་རེ་རེ་ལ་ཞུགས་ཚེ་གི་གུའི་སྒྲ་གདངས་ཀྱང་འགྱུར་འགྲོ་བའི་རང་བཞིན་ཅན་ཞིག་ཡིན་ན་ཨི་ཨུ་ཨེ་ཨོ་བཞིའི་སྐྱེ་གནས་དང་བྱེད་རྩོལ་ངོས་བཟུང་བ་ལ་དགོས་པ་མེད་དེ། གསལ་བྱེད་མི་འདྲ་བ་རེ་རེར་ཞུགས་ཚེ་སྒྲ་གདངས་ཀྱང་མི་འདྲ་བ་རེ་རེར་འགྱུར་འགྲོ་བའི་ཕྱིར་རོ། །འོན་ཀྱང་། དབྱངས་དང་གསལ་བྱེད་གཉིས་ཚོགས་ཀྱི་སྒྲ་ནི་གཞན་དང་གཞན་དུ་འགྱུར་འགྲོ་སྟེ། དཔེར་ན། པི་དང། ཧི་ཞེས་བརྗོད་པའི་ཚེ་པ་དང་ཧ་ལ་གི་གུ་ཞུགས་པའི་ཆ་ནས་འདྲ་ཡང་། གསལ་བྱེད་མི་འདྲ་བའི་སྟོབས་ལས་དབྱངས་གསལ་གཉིས་ཚོགས་ཀྱི་སྒྲ་ལ་སྐྱེ་གནས་དང་བྱེད་རྩོལ་སོགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་བཞིན་ནོ། །

ད་དུང་སྣར་ཐང་ལོ་ཙཱ་བའི་《སྔགས་བཀླག་ཐབས་》ལས་“དེ་བཞིན་ཀ་སོགས་སྲོག་ཞུགས་ན། །ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །”ཅེས་གསུངས་པ་འདིས་ཀྱང་ཀ་ཡིག་གི་ཐོག་ཏུ་དབྱངས་ཨིའམ་བོད་ཀྱི་དབྱངས་དང་བོ་ཞུགས་ཚེ་ཀ་དང་ཨི་གཉིས་ཀའི་གདངས་ཏེེ། ཀི་ཞེས་པའི་སྒྲར་འགྱུར་བར་དགོངས་པ་ཡིན་ནམ་སྙམ།

མདོར་ན་ཨི་ཞེས་པའི་སྒྲ་དེ་བོད་ཀྱི་དབྱངས་དང་པོ་ཡིན་པའི་རྒྱུན་མཚན་ནི། གཅིག ཨི་ཡིག་སྒྲ་གདངས་ཡིན་ལ་གི་གུ་ཞེས་པའི་མིང་གི་གདགས་གཞི་ཡིན་པ་དང་། གཉིས། ཨི་ཡིག་གམ་ཨི་ཞེས་པའི་སྒྲ་གདངས་དང་བོད་ཀྱི་དབྱངས་དང་བོ་དང་སྐྱེ་གནས་དང་བྱེད་རྩོལ་ཡོངས་སུ་མཚུངས་པ། གསུམ། ཨི་ཡིག་གམ་ཨི་ཞེས་པའི་བྱ་བ་དང་བོད་ཀྱི་དབྱངས་དང་བོའི་བྱ་བ་གཉིས་གཅིག་ཡིན་པ། བཞི། དབྱངས་དང་བོ་གསལ་བྱེད་ཀྱི་ཡི་གེ་ལ་ཞུགས་ནས་སྒྲ་གདངས་འབྱིན་ཚེ་ཨི་ཞེས་པའི་སྒྲ་གདངས་ཤིག་ཡོང་བ་མངོན་སུམ་དབང་བོའི་སྤྱོད་ཡུལ་དུ་གྲུབ་པ། ལྔ། དབྱངས་དང་བོ་གསལ་བྱེད་སུམ་ཅུ་བོ་གང་ལ་ཞུགས་ཀྱང་། བྱེད་ནུས་དང་སྒྲ་གདངས་གཅིག་ཁོ་ན་འདོན་པ་ལས་གསལ་བྱེད་མི་འདྲ་བ་རེ་རེར་ཞུགས་ཚེ་བྱེད་ནུས་དང་སྒྲ་གདངས་མི་འདྲ་བ་རེ་རེར་མི་འགྱུར་བ་སྟེ། རྒྱུ་མཚན་གཙོ་བོ་ལྔ་ཡིས་ཨི་ཞེས་པའི་སྒྲ་དེ་བོད་ཀྱི་དབྱངས་བཞིའི་དང་པོ་ཡིན་པ་གྲུབ་ཅིང་། དེ་ལྟར་གྲུབ་པ་དང་ལྷན་དུ་ཨུ་ཨེ་ཨོ་གསུམ་ཡང་དབྱངས་ཡིན་པ་ཤུགས་ལ་གྲུབ་བོ། །

༤༽ གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཅས་ཀྱི་ཡིག་གཟུགས་འདི་དག་བོད་ཡིག་གི་དབྱངས་དངོས་ཡིན་པར་འདོད་པའི་འཁྲུལ་བ་གཅོད་པ།

   ད་དུང་༼སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ་༽ལས་“བོད་ཡིག་གི་དབྱངས་དངོས་ནི། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཅས་ཀྱི་ཡིག་གཟུགས་འདི་དག་ཡིན་ལ།”ཞེས་བཤད་པ་བོད་ཀྱི་ཡི་གེའི་སྤྱིའི་རྣམ་བཞག་དང་འགལ་ཏེ། བོད་ཀྱི་བརྡ་སྤྲོད་རིག་པ་ལ་ཐོག་མར་བློ་ཁ་ཕྱོགས་མཁན་དག་གིས་ཀྱང་། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་རྩ་བའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད་དུ་བགྲངས་ནས། བོད་ཡིག་ནི་སྒྲའི་སྐྱེ་མཆེད་ཡིན་པར་ངོས་ཟིན་གྱི་ཡོད། བོད་ཡིག་ནི་སྒྲའི་སྐྱེ་མཆེད་དང་སྒྲ་དེ་མཚོན་པའི་ཡིག་གཟུགས་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པས། དེ་གཉིས་ནི་ཡིན་པ་མི་སྲིད་ཤེས་བྱ་ཡིན་ནོ། ། དེར་བརྟེན། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཅས་ཀྱི་ཡིག་གཟུགས་འདི་དག་ནི་བོད་ཀྱི་དབྱངས་མ་ཡིན་ཏེ། བོད་ཡིག་མ་ཡིན་པའི་ཕྱིར་ཏེ། བོད་ཀྱི་ཡི་གེ་ཡིན་ན་སྒྲའི་སྐྱེ་མཆེད་ཡིན་དགོས་པ་གང་ཞིག་དེ་མ་ཡིན་པའི་ཕྱིར་རོ། །བོད་ཀྱི་ཡི་གེ་ཡིན་ན་སྒྲའི་སྐྱེ་མཆེད་ཡིན་དགོས་པ་ནི་རྩ་བའི་གཞི་བཅོལ་སའམ་གནད་འགག་ནང་གི་གནད་འགག་ཡིན་པ་ཤེས་པར་བྱའོ། །

དེ་བཞིན་རྩོད་མེད་ཡོངས་གྲགས་ཡིན་ཡང་། གི་གུ་དང་། ཞབས་ཀྱུ། འགྲེང་བུ། ན་རོ་བཞི་དབྱངས་ཡིན་ཞེས་པའི་དོན་ནི། གི་གུ་དང་། ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་པའི་མིང་གི་གདགས་གཞིར་གྱུར་པའི་སྒྲ་གདངས་ལ་ཟེར་བ་ལས། ཡིག་གཟུགས་ཀྱི་རི་མོ་དེ་ལ་ནི་གཏན་ནས་ཟེར་བ་མ་ཡིན་ནོ། །

གི་གུ་དང་། ཞབས་ཀྱུ། འགྲེང་བུ། ན་རོ་བཞི་ཡི་གེ་ཡིན་པའི་རྒྱུ་མཚན་ནི། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་བོད་ཀྱི་རྩ་བའི་སྐད་ཀྱི་གདངས་ཡིན་པའི་ཕྱིར་དང་། འདི་བཞི་དབྱངས་ཡིན་པའི་རྒྱུ་མཚན་ཡང་འདི་བཞི་བོད་ཡི་གེ་ཡིན་པ་གང་ཞིག གསལ་བྱེད་ནི་མ་ཡིན་པས། དབྱངས་ལས་གཞན་དུ་འདའ་ས་མེད་པའི་ཕྱིར་དང་། གསལ་བྱེེད་ཀྱི་ཡི་གེ་གཞན་ལ་ཞུགས་ཚེ་བརྗོད་དོན་ཁྱད་པར་བ་གསལ་བར་བྱེད་པའི་སྒྲ་ཡི་རྐྱེན་ཡིན་པའི་ཕྱིར་རོ། །

གལ་ཏེ་འདི་ལྟར་ཐེ་ཚོམ་པར་གྱུར་པ་སྟེ། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་པའི་སྒྲ་འདི་དབྱངས་བཞིའི་མིང་ཡིན་པ་ལས་དབྱངས་དངོས་མིན་ནོ་ཞེས་ན།།

དེ་ནི་བདེན་ཏེ། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་པའི་སྒྲ་ནི་དབྱངས་བཞིའི་མིང་ཡིན་ལ་མིང་འདི་དག་གི་གདགས་གཞིར་གྱུར་པའི་གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཞི་ནི་དབྱངས་དངོས་ཡིན་པས་སྐྱོན་མེད་དོ། །

༥ མཁས་པ་འདི་དག་གིས་བོད་ཀྱི་དབྱངས་ལ་ལྔ་ཡོད་ཅེས་གསུངས།

   བོད་ཀྱི་དབྱངས་ཡིག་ངོས་འཛིན་པའི་ཚེ་རྒྱུ་མཚན་དང་ཁུངས་ལུང་མང་པོ་དྲངས་ནས། མཁས་པ་སྔ་མ་དག་གིས་དགག་སྒྲུབ་མཛད་ཡོད། དེ་དག་ཀྱང་རྩ་བའི་ཆ་ནས་ཨ་ཡིག་དེ་བོད་ཀྱི་དབྱངས་སུ་འདོད་པ་དང་མི་འདོད་པའི་ལུགས་ཏེ། དབྱངས་ལྔ་རུ་ཁས་ལེན་པ་དང་བཞི་རུ་ཁས་ལེན་པའི་ཕྱོགས་གཉིས་སུ་འདུ། ཨ་ཡིག་དབྱངས་སུ་འདོད་པའི་མཁས་པ་དག་ལས་ཆེས་སྔ་ཤོས་ནི་འཇམ་མགོན་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་ཁོང་མིན་ནམ་སྙམ། གང་ལྟར་ཁོང་གི་རྗེས་སུ་ཕེབས་པའི་མཁས་པ་མང་པོ་ཞིག་གིས་ངོ་བོའི་གནས་ལུགས་དང་མཐུན་མིན་གང་ལྟར་ཀྱང་། རིགས་པ་མང་པོ་དྲངས་ནས་ཨ་ཡིག་དབྱངས་ཡིན་པར་བསྒྲུབས་ཡོད། དེ་བས། ཐོག་མར་ང་ཚོས་ཨ་ཡིག་བོད་ཀྱི་དབྱངས་སུ་ཁས་མཆེ་བའི་མཁས་པ་གང་དང་གང་གིས་གཞུང་གང་དུ་ཇི་ལྟར་གསུངས་བའི་ཚུལ་མཚོན་ཙམ་ཞིག་ཞིག་གླེང་ན། རྗེ་ས་པཎ་གྱིས་མཛད་པའི་《བསྟན་བཅོས་མཁས་པའི་ཁ་རྒྱན་》དུ། “དེ་ལ་དང་པོ་དབྱངས་རྣམས་ནི་ལྔའོ ། །(ཨ་ཨི་ཨུ་ཨེ་ཨོ་) ཨ་ཡིག་བོར་བ་རྣམས་(ཨི་ཨུ་ཨེ་ཨོ་)ནི་ཡན་ལག་གོ །ཀ་ལ་སོགས་པ་(ཉི་ཤུ་དགུ་)རྣམས་ནི་གསལ་བྱེད་དོ། །བཞི་བཞི་པའི་སྡེ་པ་ནི་བདུན་ནོ། །ཧ་ནི་མཐར་གནས་པའོ། །”ཞེས་བོད་ལ་དབྱངས་ཡིག་ལྔ་ཡོད་པར་གསུངས་པ་དང།

ཨ་ལག་ཤ་བསྟན་དར་ལྷ་རམས་པས༼ཡིག་གེའི་བཤད་མཁས་པའི་རྒྱན་༽དུ། “བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔའོ། ། གསལ་བྱེད་ཉི་ཤུ་རྩ་དགུའོ། །” ཞེས་དང་། ཡང་། “ཨ་ལ་དབྱངས་འཇུག་མེད་པས་ན། །གསལ་བྱེད་ཡིན་གྱི་ཨ་མ་གཏོགས། །ལྷག་མ་ཉི་ཤུ་རྩ་དགུ་ནི། །ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །ཨ་ཡང་དབྱངས་སུ་འདུ་བར་འདོད། །” ཞེས་ཨ་ཕུད་པའི་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་ཨ་ཡི་དབྱངས་ཀྱིས་བརྗོད་པའམ། ཨ་སྒྲ་དང་ལྡན་པའི་སྒོ་ནས་བརྗོད་དགོས་པས་ཨ་ཡིག་ཀྱང་དབྱངས་ཀྱི་ཁོངས་སུ་འདུ་བར་གསུངས།

དབྱངས་ཅན་གྲུབ་པའི་རྡོ་རྗེས། ༼རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་༽དུ། “མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ།། ” ཞེས་དབྱངས་ལྔ་རུ་བཞེད་པ་འདི་བདེ་བར་གསུངས། དེ་བཞིན་དུ། ཕྱིས་ཀྱི་བརྡ་སྤྲོད་སྨྲ་བ་ཨ་དབྱངས་ཡིན་པར་འདོད་པའི་ལུགས་འདི་འཛིན་མཁན་བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱ་མཚན་གྱིས་༼བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་༽ལས། “ཐོན་མིས་ཨཱ་ལི་ཙམ་གསུངས་པས་མ་འཐུས་པར་གསལ་བྱེད་ཅེས་སྦྱར་བ་ནི་དབྱངས་ཀྱི་གདངས་སྣ་ཚོགས་བྱེ་བྲག་ཏུ་གསལ་བར་བྱས་ན་ཨ་ཙམ་གྱིས་མི་ཆོག་པར་ཨི་སོགས་བཞི་དགོས་པར་དགོངས་པ་ཡིན་གྱི། ཨ་དབྱངས་མིན་པར་མཐའ་གཅིག་ཏུ་འདོད་ན་ལུང་རིགས་དུ་མ་དང་འགལ་ཏེ། ” ཞེས་གསུངས་འདུག འོན་ཀྱང་། ལུང་དང་རིགས་གང་དང་གང་ལ་ཚུལ་ཇི་ལྟ་བུའི་སྒོ་ནས་འགལ་བའི་སྐོར་གསལ་ཁ་ཅི་ཡང་བྱས་མེད།

ཡང་ཨ་ལག་ཤ་བསྟན་དར་ལྷ་རམས་པས་༼སུམ་ཅུ་པ་དང་རྟགས་འཇུག་གི་གོ་སླ་བར་བསྡུས་པའི་བཤད་པ་༽ལས། “ཨ་ལ་དབྱངས་འཇུག་མེད་པས་ན། །གསལ་བྱེད་ཡིན་གྱི་ཨ་མ་གཏོགས། །ལྷག་མ་ཉི་ཤུ་རྩ་དགུ་ནི། །ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །ཨ་ཡང་དབྱངས་སུ་འདུ་བར་འདོད། །གལ་ཏེ་ཨ་དབྱངས་མི་འདོད་ན། །ཨ་ཡི་དབྱངས་ངེས་མེད་འགྱུར་ཞིང་། །ཨི་སོགས་གང་རུང་ཞུགས་མིན་པའི། །ཀ་སོགས་བརྗོད་པའི་ཚུལ་ལ་སོགས། །མེད་པར་ཐལ་བ་གང་གིས་བཟློག །”ཅེས་གསུངས།

འདི་དག་ནི་ཨ་ཡིག་དབྱངས་སུ་འདོད་པའི་ལུགས་སམ་ཡང་ན་དབྱངས་ལྔར་བཞེད་མཁན་ཡིན།

༦   ཨ་སྲོག་ཞུགས་ཞེས་པས་བོད་ལ་དབྱངས་ལྔ་ཡོད་པ་སྒྲུབ་མི་ཐུབ།

 

   སྤྱིར་སྔོན་གྱི་མཁས་པ་མང་བོས་ཨ་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་ཞེས་པའི་ཐ་སྙད་མཛད་མོད། དེ་ལ་རྗེས་སུ་སི་ཏུ་པཎ་ཆེན་སོགས་མཁས་པ་ཁ་ཅིག་གིས་བོད་ཀྱི་ཡི་གེར་གསལ་བྱེད་ཀྱི་ཡི་གེ་ལ་དབྱངས་སྲོག་ཞུགས་ཞེས་པའི་ཐ་སྙད་བྱེད་པ་མི་འགྲིག་པའི་ཚུལ་མང་དུ་གསུངས་ཡོད་དེ། མཁས་དབང་ཚེ་ཏན་ཞབས་དྲུང་གིས།“ཨ་ལ་ཤའི་རྟགས་འཇུག་གི་འགྲེལ་པ་དང། ཡིག་བཤད་མཁས་པའི་ཁ་རྒྱན་གཉིས་ཀར། ཨ་ནི་ཡི་གེ་ཀུན་གྱི་སྲོག་ཏུ་ཞུགས། ཞེས་བཤད་པའང་བོད་ཡིག་གཞིར་བཞག་པ་ལ་ཐ་སྙད་དེ་སྦྱོར་རུང་མི་རུང་ལ་བརྟག་རྒྱུ་ཡོད་དོ་”ཞེས། དོན་དངོས་སུ་ཨ་ཡིག་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པ་དང་མི་ཞུགས་པའི་རྣམ་བཞག་གང་ཡིན་ལ་དགོངས་པ་མ་བཞེས་པར། ཨ་ཡིག་སྲོག་ཞུགས་ཞེས་པའི་ཐ་སྙད་དེ་སྦྱོར་རུང་བ་དང་མི་རུང་བའི་ཚུལ་བརྟག་རྒྱུ་ཡོད་ཅེས་གསུངས་ནས་དོགས་སློང་ཙམ་མཛད་པ་དང་། 《སི་ཏུའི་འགྲེལ་ཆེན་ལས》“བོད་དུའང་། ལེགས་ཟེར་བ་ལྟ་བུ་ལ྄ཡིག་ལ་ཨེ་ཞུགས་པའི་རྗེས་སུ་ག་ས་སྲོག་མེད་སྦྱར་བ་སོགས་འགའ་ཞིག་ལ་རིགས་འགྲེ་ནུས་ཀྱང་། མགོ་ཅན། འཕུལ་ཅན། འདོགས་ཅན་སོགས་ཀྱི་རྣམ་བཞག་མཛད་པས་མཐའ་གཅིག་ཏུ་སྲོག་ཅན་སྲོག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང་། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་བཞག་མ་མཛད་དོ། །དེ་བས་ན་བརྗོད་དུ་མེད་པའི་སྲོག་མེད་རྐྱང་བ་འདིར་མི་འདོད་ཅིང་ཨ་ཡིག་དེ་ཀ་ལ་སོགས་པར་ཞུགས་པའི་ཐ་སྙད་བྱར་མེད་པས་དེས་འདི་དག་ཨཱ་ལིའི་བྱ་བ་གསལ་བོར་བྱེད་མི་ནུས་པའི་ཕྱིར་ཀཱ་ལིའི་སྡེ་ཚན་དུ་འདྲེན་པ་ཡིན་ནོ།།”

ཞེས་གསུངས། སུ་ཏུ་པན་ཆེན་གྱིས་བོད་ཡིག་དབྱངས་སྲོགས་ཞུགས་ཀྱི་ཐ་སྙད་ཙམ་ཡང་བྱར་མི་རིགས་པར་གསུངས་ཀྱང་། ཁོང་གིས་རྒྱ་གར་ལྟ་བུ་བོད་ལ་འཕྲལ་སྦྱོར་གྱི་ཨའམ་དབྱངས་སྲོག་ཞུགས་མེད་པ་ལ་དགོངས་ཏེ་དེ་ལྟར་གསུངས་པར་ངེས་སོ། །

མ་གཞི་སྐད་རིགས་གང་དང་གང་དེའི་གདངས་སུ་ཨ་ཞེས་པའི་ང་རོ་འདི་རང་ཆས་སུ་ཡོད་པས། སྔོན་དང་ད་ལྟའི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ཡིག་རིགས་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སྐད་རིགས་ཀུན་གྱི་གདངས་སུ་དབྱངས་ཨ་འདི་ཉིད་གནས་ཤིང་དེ་ཉིད་མེད་ན་སྒྲ་ཐམས་ཅད་དབྱུང་དུ་མེད་པའི་རིགས་པས་ཨ་ཡིག་འདིའི་ནུས་པར་ནན་བཤད་གནང་བ་མང་སྟེ། ས་ཆེན་བསོད་ནམས་རྩེ་མོས། “ཡི་གེའི་མ་ནི་ཨ་ཡིན་ནོ། ཨ་ནི་རང་ཉིད་བརྗོད་རུང་བས། སེང་གེ་ལྟ་བུའི་ཨ་ཞེས་བྱ་”ཞེས་དང་། “ཨ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ་”ཞེས་དང་། རྗེ་དམུ་དགེ་བསམ་གཏན་གྱིས། “མི་རྣམས་ཀྱང་མའི་མངལ་ནས་སྐྱེ་དུས་ཐོག་མར་ཨ་ཞེས་པའི་སྒྲ་འབྱིན་པར་བྱེད་དོ་”ཞེས་སོགས་གསུངས་པ་ལྟར། སྐད་གདངས་ཀྱི་རྣམ་པའི་ཐོག་མ་ཨ་ཡིག་དང་དེ་ལས་གདངས་སྣ་ཚོགས་སྐྱེས་པའི་ཆོས་ཉིད་ལས། ཡི་གེ་དངོས་ནི་སྐད་ཀྱི་གདངས་ཡིན་པའི་ངོས་འཛིན་བྱུང་ཞིང། ཡི་གེའི་མ་ནི་ཨ་ཡིན་ནོ། ཞེས་པའི་གནས་ལུགས་ཀྱང་དེར་ཐུག་ཡོད། སྐད་ཀྱི་གདངས་དེ་མེད་ན་ཡི་གེའི་རྩོམ་གཞི་ཟེར་བའང་མེད།

ཡིན་ཡང་། བྱེ་བྲག་ཏུ་མི་རིགས་སོ་སོའི་སྐད་རིགས་དང་སྐད་གདངས་དེའི་རྩོམ་གཞིར་གྱུར་པའི་ཐུན་མིན་གྱི་ཡི་གེ་སོ་སོའི་ཁྱད་ཆོས་མི་མཚུངས་ཏེ། དཔེར་ན། ཡི་གེའི་སྲོག་ཏུ་ཞུགས་པའམ་འཕྲལ་སྦྱོར་བྱེད་དུ་ཡོད་པའི་ལེགས་སྦྱར་གྱི་དབྱངས་ཡིག་ཨ་ལྟ་བུ་དང། འཕྲལ་སྦྱོར་སོགས་བྱེད་དུ་མེད་པའི་བོད་པའི་གསལ་བྱེད་གྲས་ཀྱི་ཨ་ལྟ་བུ་སྟེ། ཨ་ཡིག་འདིའི་གདངས་ཀྱི་ཆ་ནས་སཾ་བོད་གཉིས་ལ་ཁྱད་པར་ཆེར་མེད་ཀྱང་སྤྱོད་སྟངས་ཀྱི་ཆ་ནས་ཁྱད་པར་ཡོད། ཁ་སྒང་བཀྲ་ཤིས་ཚེ་རིང་གིས “ལེགས་སྦྱར་གྱི་ཡི་གེ་ནི་ཐོག་མ་ཉིད་ནས་རང་ཚུགས་ཀྱི་ཚུལ་དུ་བྱུང་ཞིང་། དེར་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་ཡི་གེར་སྲོག་ལྡན་དང་སྲོག་མེད་ཀྱི་ཁྱད་པར་འབྱེད་ཚུལ་དང། དབྱངས་སྲོག་ཏུ་མ་ཞུགས་པར་ངག་ནས་སྒྲ་བརྗོད་དུ་མེད་པའི་ཁྱད་ཆོས། མིང་ལས་ཚིག་སྒྲུབ་པ་ལ་དབྱངས་སྲོག་ཞུགས་འཕྲལ་ནས་མཚམས་སྦྱོར་དགོས་པ་སོགས་ལེགས་སྦྱར་གྱི་ཡི་གེ་ཁོ་ནར་ངེས་པའི་ཁྱད་ཆོས་དུ་མ་ལྡན་ཞིང། ཁོང་ཚོའི་གསལ་བྱེད་ལ་དབྱངས་སྲོག་ཞུགས་ཡོད་མེད་ཀྱི་རྟགས་ཧ་ལན་ཏའི་མཚན་པར་བྱ་བ་སྟེ། བོད་ཀྱི་གསལ་བྱེད་ཀ་ལ་ར་བཏགས་པ་༼ཀྲ༽ལྟ་བུ་འདི་ཡོད་མེད་གལ་ཆེ་ཞིང། ཡི་གེ་གང་ཞིག་ལ་དབྱངས་སྲོག་ཞུགས་ཡོད་མེད་ཀྱི་ཁྱད་པར་ཡང་དེའི་སྟེང་ནས་འབྱེད་པ་དང། ཁོང་ཚོའི་ཡི་གེ་དེ་ཡིག་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོའང་དེ་ལས་མངོན་བཞིན་ཡོད། བོད་ཀྱི་ཡི་གེ་སོགས་ཡིག་རིགས་གཞན་དག་ལ་གསལ་བྱེད་ཀྱི་སྲོག་ཏུ་དབྱངས་ཞུགས་ཚུལ་དང་སྲོག་མེད་ཀྱི་རྟགས་འཇོག་སྲོལ་མེད་པས། བོད་ཡིག་ནི་ལེགས་སྦྱར་གྱི་ཡི་གེ་ལྟར་དབྱངས་ཡིག་ཨ་འདི་སྲོག་ཏུ་ཞུགས་ཚུལ་མེད་པའི་ཡི་གེ་ཡིན།”ཞེས་གསུངས་པ་ལྟར་རྒྱ་གར་གྱི་ཨའམ་དབྱངས་སྲོག་ཞུགས་ཀྱི་རྣམ་པ་ལྟར། འཕྲལ་སྦྱོར་གྱི་ཚུལ་དུ་ཨ་ཡིག་གསལ་བྱེད་ཀྱི་ཡི་གེའི་སྲོག་ཞུགས་ཚུལ་མེད་པ་ནི་རྒྱ་བོད་ཀྱི་སྒྲ་རིག་པ་ལ་ཤེས་རབ་ཀྱི་རྩ་ཁ་ཅུང་ཙམ་བྱེ་བའི་གང་ཟག་ཅིག་ཡིན་ནས་བཟུང་ཤེས་ངེས་སོ། །

ད་དུང་མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་གིས་《ཐོན་མིའི་ཞལ་ལུང་》དུ། “སྲོག་མེད་ཀྱི་ཡི་གེ་ནི་ལེགས་སྦྱར་ལྟར་ན་ངག་གིས་བརྗོད་དུ་མེད་པས་ན་ཚུལ་དེ་ནི་བོད་ཡིག་གི་རྣམ་གཞག་དང་གཏན་ནས་མི་མཐུན་པ་ཞིག་ཡིན་ནོ་”ཞེས་གསུངས་པ་ཡང་གནད་འདིར་ཐུག་ཡོད།

མཚམས་འདིར་བསླེབས་དུས། འོ་ན་དོན་དངོས་སུ་ཨ་ཡིག་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་པ་རེད་དམ་མ་རེད་ཅེས་འདྲི་སྲིད་ཀྱང་། ཨ་ཡིག་སྲོག་ཏུ་ཞུགས་པར་འདོད་པ་ཡག་གི་དགོངས་པ་གང་ཡིན་ཟེར་ན། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། “ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། །ཞེས་པ་དབྱངས་ལ་སྲོག་ཞུགས་ཀྱི་ཐ་སྙད་བོད་བྱིངས་ལ་མེད་པས་ཀ་སོགས་ཉེར་དགུ་བོ་ཐམས་ཅད་སྲོག་མེད་ཀྱི་ཡི་གེ་འདྲ་བར་འདོན་དུ་མེད་པ་ལ། ཨའི་གདངས་ཀྱི་ང་རོ་ཞུགས་དགོས་པས་ཀ་སོགས་ངག་ཏུ་བརྗོད་དུ་ཡོད་པར་གོ་དགོས།” ཞེས་དང་། ཡང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་ཀྱི་འགྲེལ་པ་《མཆམ་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་》ཏུ། “སྲོག་ཅེས་པ་ཡི་གེ་རྣམས་ཀྱི་སྲོག་ཏུ་ཞུགས་པའི་དོན་མ་ཡིན་པར་ཡི་གེ་རྣམས་བརྗོད་པ་གསལ་བར་བྱེད་པའི་ནུས་པ་སྟེར་བའི་ཆ་ནས་སྲོག་ཅེས་པ་སྟེ་”ཞེས་གསུངས་པ་ལྟར། ཡི་གེ་ཀུན་གྱི་སྲོག་ཏུ་དབྱངས་ཨ་འདི་ཞུགས་པར་བཤད་པ་ནི་ཡིག་རིགས་ཀུན་གྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་དེ་ལ་དམིགས་ནས་བཤད་པ་སྟེ། འདི་ནི་དེང་སང་སྒྲ་རིག་སྨྲ་བ་རྣམས་ཀྱིས་བཟློག་མེད་དུ་ཁས་ལེན་པ་ཡིན་ནོ། ། སི་ཏུ་པན་ཆེན་སོགས་ཀྱིས་ཀྱང་ཨ་ཡིག་འདིས་གསལ་བྱེད་དག་གི་སྒྲའི་ང་རོའི་རྩ་བ་བྱེད་པ་ནི་ཁས་ལེན་པ་ཡིན་ནོ། །

དེ་བཞིན་དུ་ཨ་ལག་ཤ་སོགས་ཨ་ཡིག་གསལ་བྱེད་ཀྱི་སྲོག་ཞུགས་སུ་འདོད་པའི་སྒྲ་རིག་མཁན་པོ་སུས་ཀྱང་རྒྱ་གར་ཇི་ཡི་གེ་ནང་བཞིན་འཕྲལ་སྦྱོར་གྱི་ཚུལ་དུ་ཨ་ཡིག་གསལ་བྱེད་ཀ་སོགས་ཀྱི་སྲོག་ཏུ་ཞུགས་པ་ནི་ནམ་ཡང་མི་འདོད་དོ། །

མདོར་བསྡུས་ན། ཐ་སྙད་འདོགས་སྟངས་ཙམ་ལས་ཨ་ཡིག་སྒྲའི་ང་རོའི་རྩ་བ་བྱེད་པའི་སྒོ་ནས་གསལ་བྱེད་ལ་ཞུགས་མོད། ཡིན་ན་ཡང་དེས་ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པ་ཡིན་པ་གཏན་ནས་སྒྲུབ་མི་ཐུབ་བོ།།

༧  བོད་ལ་དབྱངས་མཚན་ཉིད་པ་བཞི་མ་གཏོགས་མེད།

གོང་དུ་ཨ་ཡིག་དབྱངས་ཡིག་དུ་འདོད་པའམ་དབྱངས་ལྔ་རུ་འདོད་པའི་ལུང་དེ་དག་དང་ལུགས་དེ་སྨྲ་མཁན་གྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་དགོངས་གཞི་གང་ཡིན་པ་དང་། ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པར་ཁས་བླངས་ན་ལུང་དང་རིགས་པའི་སྐྱོན་གང་ཡོད་ལ་ཞིབ་ཏུ་དཔྱད་པར་བྱོའོ།།

ཆོས་རྗེ་ས་སྐྱ་པཎ་གྱིས་ ༼ཡིག་བཤད་མཁས་པའི་ཁ་རྒྱན༽དུ་རྗེ་ས་སྐྱ་པཎ་ཆེན་གྱིས་བོད་ལ་དབྱངས་ཡིག་ལྔ་ཡོད་པར་གསུངས་ཤིང་། ཕྱིས་སུ་བྱུང་བའི་བོད་ཀྱི་བརྡ་སྤྲོད་སྨྲ་བ་ཁ་ཅིག་གིས་རྗེ་ས་སྐྱ་པཎ་ཊི་ཏ་ནི་བོད་ལ་དབྱངས་ལྔ་ཡོད་པར་འདོན་མཁན་དུ་ངོས་འཛིན་བྱེད་མོད། ཡང་ཁོང་གིས་《དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ》ར། “སྤྱིར་ན་བོད་ཀྱི་ཡི་གེ་ལ། །དབྱངས་དང་གསལ་བྱེད་གཉིས་སུ་དབྱེ། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །”ཞེས་གསུངས་པ་འདིར་གཞིགས་ན། ཁོང་གིས་མཐའ་གཅིག་ཏུ་བོད་ཀྱི་དབྱངས་མཚན་ཉིད་པ་ལྔ་རུ་འདོད་པ་ཡིན་ཞེས་བཤད་ན་མི་འོས་པའི་གནས་ལུགས་ཤིག་མཐོང་རྒྱུ་འདུག

ཨ་ལག་ཤ་བསྟན་དར་ལྷ་རམས་པས༼ཡིག་གེའི་བཤད་པ་མཁས་པའི་རྒྱན་༽དུ། ལྷག་མ་ཉི་ཤུ་རྩ་དགུ་ནི། །ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །ཨ་ཡང་དབྱངས་སུ་འདུ་བར་འདོད། ཞེས་པའི་གསུངས་ཏེ། ཁོང་གིས་ཨ་ཡིག་དབྱངས་སུ་བསྡུས་ན་འདུ་བར་འདོད་ཅེས་གསུངས་པ་ཙམ་ལས་ཨ་ཡིག་དབྱངས་མཚན་ཉིད་པ་ཡིན་པར་གསུངས་མི་འདུག ཨ་དབྱངས་སུ་འདུ་བའི་རྒྱུ་མཚན་ཡང་ཨ་ལ་དབྱངས་ཀྱི་མཚན་ཉིད་དེ་དང་ལྡན་ཞེས་བརྗོད་མེད་པར་ཨ་ཕུད་པའི་གསལ་བྱེད་ཉེར་དགུ་པོ་ཨ་ཡི་དབྱངས་ཀྱིས་བརྗོད་པས་དབྱངས་སུ་འདུ་བར་གསུངས་པ་འདིས་ཀྱང་། ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པ་མིན་པ་གསལ་བོར་བསྟན་འདུག་གོ།

དེ་བཞིན་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེས། ༼རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་༽དུ། “མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ།། ” ཞེས་དབྱངས་ལྔ་རུ་བཞེད་པ་འདི་བདེ་བར་གསུངས་པས་ཀྱང་མཐའ་གཅིག་ཏུ་བོད་ལ་དབྱངས་མཚན་ཉིད་པ་ལྔ་ཡོད་ཅེས་མ་གསུངས་པར། དབྱངས་ལྔ་རུ་བཞེད་པའི་རྣམ་བཞག་འཇོག་སྟངས་འདི་ཡང་བདེ་ཞེས་གསུངས་པནཙམ་དུ་ཟད་དོ།།

བོད་ལ་དབྱངས་ལྔ་ཡོད་ཅེས་གསུང་མཁན་དག་གི་གསུང་སྔ་ཕྱི་རྣམས་བསྡུར་ཅིང་། གསུང་ཚུལ་རྣམས་ལ་ཞིབ་ཏུ་དཔྱད་ནས་དགོངས་པ་འདི་ལྟར་བླངས་ཤིང་འགྲེལ་ན་ཧ་ཅང་འགྲིག་སྟེ། གལ་ཏེ་དབྱངས་ལྔ་རུ་རུ་འདོད་ན་སློབ་དཔོན་ཐོན་མི་རང་ཉིད་ཀྱིས་༼སུམ་ཅུ་པ༽ར་“ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱི་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ།།”ཞེས་པ་དང་འགལ་ཏེ། སློབ་དཔོན་ཐོན་མིས་ཨཱ་ལི་གསལ་བྱེད་ཨི་སོགས་བཞི་ཞེས་ཨཱ་ལིའམ་བོད་ཀྱི་དབྱངས་ལ་བཞི་ཡོད་ཅེས་གྲངས་པར་ངེས་མཛད་ཡོད་དོ། ། དེ་བཞིན་དུ་སི་ཏུ་པཎ་ཆེན་གྱིས་༼སི་ཏུའི་འགྲེལ་ཆེན།༽ ལས་“འདི་སྐབས་འགྲེལ་བྱེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲང་པའི་ཨཱ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་བརྟོགས་པར་གཟུ་ལུམ་བྱས་པ་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར།”

ཞེས་ཨ་ཡིག་ཨཱ་ལིའི་ཡི་གེའམ་དབྱངས་སུ་བགྲངས་བ་ནི་སློབ་དཔོན་ཐོན་མིའི་དགོངས་པ་མ་བརྟོགས་པར་སློབ་དཔོན་གྱི་དགོངས་པ་དང་དངོས་འགལ་དུ་སྨྲས་པ་རེད་ཅེས་གསུངས་ཤིང་།

རྗེ་ས་པཎ་གྱི་སྐུ་ཚེའི་སྨད་དུ་འཁྲུངས་པའི་བཅོམ་ལྡན་རིག་པའི་རལ་གྲིས། “སུམ་ཅུ་པོ་དེ་ཇི་ལྟར་བསྟུ་(བསྡུ་)ཞེ་ན། སང་སྐྲི་ཏ་ལྟར་སྙུང་(བསྡུ་) ན་ནི་ཨ་དབྱངས་ཡིག་དང་གཞན་རྣམས་གསལ་བྱེད་ཡིན་ནོ་”ཞེས་ཨ་ཡིག་འདི་སཾ་སྐྲྀ་ཏ་ལྟར་མ་བསྡུས་པར་བོད་ལྟར་ན་གསལ་བྱེད་ཀྱི་གྲས་ཡིན་པ་དོན་གྱིས་ཁས་བཞེས་ཤིང། དེའི་ཤུགས་ནས་ལེགས་སྦྱར་ལ་དབྱངས་ལྔར་བསྡུ་ཚུལ་ཡོད་ལ། བོད་ལ་དེ་ལྟར་བསྡུ་ཚུལ་མེད་པ་བསྟན་ཡོད། དེ་རྗེས་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་《སུམ་ཅུ་པའི་རྣམ་འགྲེལ་》དུ། “བོད་ཀྱི་ཡི་གེ་ཨཱ་ལི་གསལ་བར་མཚོན་པར་བྱེད་པ་ནི་ཨི་ཡིག་དང་སོགས་ཀྱི་སྒྲས་བསྟན་པ་ཨི་ཨུ་ཨེ་ཨོ་རྣམས་ཏེ་བཞིར་ངེས་ཞེས་པའོ། །གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ་ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་དོ། །བོད་ཀྱི་སྐད་ལ་ཀཱ་ལི་སྟེ། གསལ་བྱེད་ནི་གྲངས་སུམ་ཅུ་ཐམ་པ་ཉིད་དུ་ངེས་ཏེ་”ཞེས་གསུངས་ཏེ་རྗེ་ས་པཎ་གྱི་ལྟ་བའམ་བོད་ལ་དབྱངས་ལྔ་འདོད་པར་དགག་པ་དངོས་སུ་མཛད་དེ། བོད་ལ་དབྱངས་ལྔར་འདོད་པ་འདི་རྩ་བ་དང་དངོས་སུ་འགལ་བར་གསུངས་སོ། །

མཁས་དབང་ཚེ་བརྟན་ཞབས་དྲུང་གིས《ཐོན་མིའི་ཞལ་ལུང་》དུ། “ས་པཎ་གྱིས་མཛད་པའི་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ནི་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་དང། དེའི་རྗེས་སུ་འབྲངས་ནས་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དང་། ས་སྐྱ་ཨ་མྱེས་(ཨ་མྱེས་ཞབས་ཀུན་དགའ་རབ་གསལ། ཀྱི་མིག་དབང་རབ་གསལ་རྣམས་སུ་ཡང་། དབྱངས་ལྔ་ཡ་ར་ལ་ལྦའི་འདོགས། ཞེས་པའི་བརྡ་ཆད་འདོན་མཁན་ཡོད་ནའང་། འདིར་སུམ་ཅུ་པའི་གཞུང་དང་བསྟུན་ན་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་ངེས་པས་ན་བརྡ་ཆད་དེ་དག་ལ་ཁས་བླངས་བར་མི་བྱའོ། །ཞེས་ཞྭ་ལུ་ལོ་ཙཱ་བ་སོགས་ཀྱིས་བཀག་པ་ནི་དོན་ལ་གནས་པ་ཡིན་ནོ་”ཞེས་དང། “འདིར་བོད་རང་ལ་མཁོ་བའི་ཡི་གེ་མང་མི་དགོས་ཉུང་ན་མི་འདུ་བའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ངེས་པ་མཛད་ནས་དབྱེ་བསྡུ་བྱས་སོ་”ཞེས་གསུངས་པ་རྣམས་ལས་མཁས་དབང་ཚེ་ཏན་ཞབས་དྲུང་ཁོང་ཉིད་ནི་བོད་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་འདོད་མཁན་གྱི་གྲས་ཤིག་ཡིན་པ་གསལ་བར་བསྟན་པ་དང་། ཡང་ཁོང་གིས།“ལེགས་སྦྱར་སྒྲ་རིག་པའི་གཞུང་ཡོད་ཚད་དུ་ཨ་ཡིག་དབྱངས་ཀྱི་གྲས་སུ་ཡོད་པ་ལས་གསལ་བྱེད་ཀྱི་གྲས་སུ་བཞག་པ་གཅིག་ཀྱང་མེད་ལ། ཨ་ཡིག་གསལ་བྱེད་ཀྱི་གྲས་སུ་བཞག་པ་ནི་བོད་ཡིག་གི་རྣམ་གཞག་ཁོ་ན་ལས་མི་འབྱུང་”ཞེས་གསུངས་ཏེ་ཨ་ཡིག་དེར་ལེགས་སྦྱར་དང་བོད་གཉིས་ལ་ངོས་འཛིན་ནམ་བཀོལ་སྤྱོད་བྱེད་སྟངས་ཐད་ཁྱད་པར་ཡོད་ཚུལ་གསལ་བར་བསྟན་ཡོད། མཁས་དབང་རྡོ་རྗེ་རྒྱལ་པོས། “ཨ་ཡིག་གོང་དུ་བཤད་པ་ལྟར་དགོས་དབང་གིས་གསལ་བྱེད་ཀྱི་གྲས་སུ་བཞག་པས་དབྱངས་ཡིག་བཞིར་གྱུར་ལ་”ཞེས་གསུངས་པ་ཡང་གོང་གི་འདོད་ཚུལ་དང་མཐུན་པ་ཡིན་ལ། དམུ་དགེ་བསམ་གཏན་རྒྱ་མཚོས་༼བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས༽་ལས།“དེ་ལྟར་འཕགས་ཡུལ་གྱི་སྐད་གདངས་བོད་ཡིག་ཏུ་བྲིས་ཚད་འཇོག་དགོས་ན། དབྱངས་བཅུ་དྲུག་དང་། གསལ་བྱེད་སོ་བཞི་ཐམས་ཅད་བོད་ཀྱི་སྐད་དུ་བྱེད་དགོས་པ་མ་ཟད། རྒྱ་ནག་དང། སོག་པོ། ཕྱི་གླིང་བ་སོགས་ཀྱི་སྐད་གདངས་བོད་ཡིག་ཏུ་འབྲི་དགོས་པ་དུ་མ་ཞིག་བོད་ཡིག་གི་དབྱངས་གསལ་གང་རུང་དུ་བསྣན་ནས། དབྱངས་བཞི་ལས་ལྷག་པ་དང་། གསལ་བྱེད་བརྒྱ་ཕྲག་དུ་མ་ཡོད་པར་འགྱུར་རོ་”ཞེས་གསུངས་ཏེ། བོད་ཀྱི་དབྱངས་ཡིག་ལ་བཞི་ལས་མང་མི་དགོས་པར་གསུངས་སོ། །

འདིར་ཁ་ཅིག་གིས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པའི་ཨཱ་ལིས་དབྱངས་ཡིག་ཨ་བསྟན་ཚུལ་གྱི་རིགས་པ་འགོད་པར་བྱེད་ཀྱང་པྲ་སྟི་རིན་པོ་ཆེས། ༼ཀུན་བཟང་དགོངས་རྒྱན༽་དུ་“བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས། ཨ་ཕྲེང་གི་དོན་དངོས་སུ་མེད་ཀྱང་། རྒྱ་གར་གྱི་དབྱངས་ལ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨ་ཕྲེང་ཞེས་བཏགས་པ་བཞིན་དུ། བོད་ཀྱི་ཨི་ལ་སོགས་པ་ཡང་དེའི་ནང་ནས་ཕྱུངས་ཤིང་དེ་དང་ཆ་མཐུན་པས་ཨཱ་ལི་ཞེས་གདགས་སུ་རུང་བར་མཚོན་ཞིང་གོ་ནུས་པའི་སྒོ་ནས་སོ། །དེའི་གྲངས་ངེས་བསྟན་པའི་ཕྱིར། ཨི་སོགས་བཞི་ཞེས་སྨྲས་ཏེ། ཨི་ལ་སོགས་པ་བཞི་ནི་ཨུ་ཨི་ཨེ་ཨོ་བཞི་ཡོད་པས། དེར་ངེས་པའོ་”ཞེས་དང། “ཨ་ཡིག་ནི་གང་ལ་འདོགས་པའི་གཞི་བརྗོད་དོན་ཙམ་མ་གཏོགས་གསལ་བྱེད་ཡིན་པའི་ཕྱིར་རོ་”ཞེས་གསུངས་པ་དེ་དག་གིས། “ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི་”ཞེས་པའི་དོན་ལ་གོ་བ་ཇི་ལྟར་ལེན་དགོས་ཚུལ་བསྟན་པས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས་ཞེས་པ་ལེགས་སྦྱར་ལ་དཔེ་བལྟས་པའི་མིང་འདོགས་ཙམ་ཡིན་ནོ། 

ཡང་ཨ་ཡིག་དབྱངས་མ་ཡིན་པའི་རྒྱུམཚན་གཞན་ཞིག་ནི། གལ་ཏེ་ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པ་ཡིན་ན། གསལ་བྱེད་ལ་ཉི་ཤུ་རྩ་དགུ་ལས་མེད་པས་སློབ་དཔོན་ཐོན་མའི་དགོངས་པ་དང་འགལ་ལོ། ། གལ་ཏེ་ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པ་ཡིན་ལ་གསལ་བྱེད་ཀྱང་ཡིན་ཞེ་ན། དེ་གཉིས་ཀ་ཡིན་པ་མེད་དེ། དེ་གཉིས་འགལ་བ་ཡིན་པའི་ཕྱིར་ཏེ། ༼ ཡི་གེའི་བཤད་པ་མཁས་པའི་རྒྱན་༽ “གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་ནི། དབྱངས་སམ་ཨཱ་ལིའི་ཡི་གེ་དང་། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མཆུ་ཕྱོགས་ཕྱེ་འཛུམ་གྱི་དབང་གིས་ཅུང་ཟད་བརྗོད་བྱ་གསལ་བར་བྱེད་པའི་ཁྱད་པར་ཅན་དུ་འགྱུར་བ་ནི། གསལ་བྱེད་དམ་ཀཱ་ལའི་ཡི་གེ་ཞེས་བྱའོ།།” ཞེས་གསུངས་པ་ལྟར། བོད་ཀྱི་དབྱངས་ཡིན་ན་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་སྒྲ་ཙམ་དང་ང་རོ་ཙམ་ཤས་ཆེ་བ་སྟེ། རང་གྲོགས་གསལ་བྱེད་ཀྱི་ཡི་གེ་གཞན་ལ་མ་ལྟོས་པར་རང་སྟོབས་སྒྲ་འབྱིན་དུ་མེད་པ་དང་། གསལ་བྱེད་ཀྱི་ཡི་གེ་ཡིན་ན། གནས་དང་བྱེད་པའི་རྣམ་འགྱུར་གསལ་བ་སྟེ། ཡི་གེ་གཞན་ལ་མི་ལྟོས་པར་རང་སྟོབས་ཀྱིས་སྒྲ་འབྱིན་དུ་ཡོད་པ་ཞིག་ཡིན་དགོས་པས། བོད་ཀྱི་དབྱངས་གསལ་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར་རོ།།

གོང་དུ་ “ཨ་ཡི་དབྱངས་ཀྱིས་བརྗོད་པའི་ཕྱིར། །ཨ་ཡང་དབྱངས་སུ་འདུ་བར་འདོད། །”ཞེས་བཀོད་ལྟར། ཨ་ཡི་དབྱངས་ཀྱིས་བརྗོད་པའམ་གསལ་བྱེད་ཀྱི་ཡི་གེའི་སྒྲའི་ང་རོའི་རྩ་བ་ཨ་ཡིས་བྱེད་པའི་རྒྱུ་མཚན་གྱིས་ཨ་དབྱངས་དུ་ཁས་མཆེས་པ་ཡིན་ན། འོ་ན། ཧ་དང་འ་གཉིས་ཀྱང་དབྱངས་སུ་ཁས་ལེན་དགོས་ཏེ། བརྡ་སྤྲོད་བློ་གསལ་དགའ་སྟོན་ལས“བོད་ཡིག་གི་ང་རོའི་རྩ་བ་གསུམ་ཡོད་དེ། ཧ་དང་ཨ་དང་འ་གསུམ་མོ། །དེ་ཡང་སྒྲའི་གཞི་དབུགས་ཀྱི་ཤུགས་འབྱུང་བའི་གནས་ཀྱི་རྩ་བ་ནི། ཁོག་པ་དང་མགྲིན་པ་གཉིས་ཡིན་ཞིང་། ཁོག་པ་ནས་ཤུགས་བསྐྱེད་དེ་འདོན་པར་བྱ་བའི་ཡི་གེའི་རྩ་བ་ནི་ཧ་ཡིག་གོ། །མགྲིན་པ་བཙུམ་ཞིང་དོག་པར་བྱས་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་ཨ་ཡིག་གོ། །མགྲིན་པ་ཕྱེ་ཞིང་གློད་དེ་ཡངས་པར་བྱས་ནས་སྨད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ནི་འ་ཡིག་ཡིན་པས། ཧ་ཨ་འ་གསུམ་ལ་ང་རོའི་རྩ་བ་གསུམ་ཞེས་བྱའོ། །དེས་ན་ཨ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་དམ་ཞིང་སྒྲ་དྲག་པའི་ཚུལ་གྱིས་དབུགས་སྟོབས་ཆུང་བར་འདོན་པའི་ཡི་གེ་ནི། ཀ་ཅ་ཏ་པ་ཙ་རྣམས་ཏེ་ཕོ་ཡིག་ཅེས་བྱ་བ་དེ་ཡིན་ནོ། །ཧ་ཡིག་གི་སྒྲའི་ཆ་དང་ལྡན་པར་ཁོག་པ་ཅུང་ཟད་གློད་དེ་དབུགས་སྟོབས་ཆེ་བས་སྒྲ་བར་མའི་ཚུལ་གྱིས་འདོན་པའི་ཡི་གེ་ནི། ཁ་ཆ་ཐ་ཕ་ཚ་རྣམས་ཏེ་མ་ནིང་གི་ཡི་གེ་ཞེས་བྱ་བ་དེ་ཡིན་ནོ། །འ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་གློད་དེ་དབུགས་སྟོབས་མི་ཆེ་བས་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་འདོན་པའི་ཡི་གེ་ནི། ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་ཤ་ས་རྣམས་ཏེ་མོ་ཡི་ཡི་གེ་ཞེས་བྱ་བ་དེ་ཡིན་ནོ། །”ཞེས་གསུངས་པ་ལྟར་ཧ་དང་འ་ཨ་གསུམ་ག་གསལ་བྱེད་ཀྱི་སྒྲའི་ང་རོའི་རྩ་བ་བྱེད་པ་ལ་ཁྱད་པར་མེད་པའི་ཕྱོར་རོ།།

ཡང་ཨ་དབྱངས་ཡིན་པའི་སྒྲུབ་བྱེད་དུ། “གལ་ཏེ་ཨ་དབྱངས་མི་འདོད་ན། །ཨ་ཡི་དབྱངས་ངེས་མེད་པར་འགྱུར། །ཞེས་གསུངས་ཏེ། གལ་ཏེ་ཨ་དབྱངས་སུ་མི་འདོད་ན། དབྱངས་ཨ་ངེས་པའི་བྱ་དཀའ་བའི་སྙན་ངག་མེད་པར་ཐལ་བར་འགྱུར་རོ་ཞེས་པ་ནི་ཨ་དབྱངས་ཡིན་པའི་སྒྲུབ་བྱེད་དུ་མི་འགྱུར་ཏེ། ཨ་དབྱངས་ཡིན་པའི་རྒྱུ་མཚན་གྱིས། གི་གུ་དང་ཞབས་ཀྱུང་འགྲེང་བོ་ན་རོ་བཞི་གང་ཡང་མེད་པར་གསལ་བྱེད་རྐྱང་བས་གྲུབ་པའི་སྙན་ངག་ནི་དབྱངས་ཨ་ངེས་པ་རུ་གྱུར་པར་སྙན་གཞུང་གང་དུ་ཡང་མ་གསུངས་ཤིང་། ཞིབ་ཏུ་བརྟགས་ན། རྩོམ་སྟངས་དེ་རིགས་ནི་ལེགས་སྦྱར་གྱི་དབྱངས་ཨ་ངེས་ཀྱི་འབྲི་ཚུལ་ལམ་རྩོམ་ཚུལ་ཇི་ལྟ་བ་བཞིན་བོད་ཀྱི་ཡི་གེའི་ལམ་ནས་བརྩམས་པའི་དཔེ་ཡིན་ཏེ། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་གྱིས། “འདིར་བོད་ཀྱི་དབྱངས་ངེས་ཀྱི་དཔེར་བརྗོད་འཇོག་ཚེ་དབྱངས་བཞི་བོ་གང་ཡང་མེད་པའི་ཡི་གེ་དང་མིང་ཚིག་ལ་འཕགས་ཡུལ་གྱི་ཨ་སྲོག་ཞུགས་ཀྱིས་ཚབ་བྱས་ཏེ། དབྱངས་ཨ་གཅིག་པུར་ངེས་པ་ཞེས་དཔེར་བརྗོད་སྔ་མ་དག་གིས་བཞག་པ་ལྟར་བ་དཀའ་བའི་སྐབས་དེ་ལྟར་བས་ཆོག་གོ་”ཞེས་བོད་ཀྱི་གསལ་བྱེད་སུམ་ཅུ་ལ་དབྱངས་བཞི་མ་སྦྱར་བའི་ཚིགས་བཅད་རྩོམ་ཚུལ་དེ་ནི་ཐོག་མ་ཉིད་ནས་ལེགས་སྦྱར་གྱི་ཨ་སོགས་དབྱངས་ངེས་ཀྱི་རྩོམ་སྟངས་དཔེར་བྱས་ནས་བརྩམས་པ་ལས་བོད་རང་གི་ཡི་གེའི་ཁྱད་ཆོས་ལྟར་མིན་པ་གསལ་པོར་གསུངས་ཡོད། དེ་ལྟའི་དཔེ་རྒྱ་གར་གྱི་ཡི་གེ་དང་ནོད་རང་གི་ཡི་གེའི་ཁྱད་ཆོས་གཉིས་ཀྱི་ཁྱད་པར་མ་ཕྱེད་པར་རྒྱ་གར་གྱི་དབྱངས་ཨ་ངེས་ཀྱི་རྩོམ་སྟངས་དེ་བོད་ལ་བྱུང་བར་གཞིགས་ནས་བོད་ཀྱི་ཡི་གེའི་སྲོག་ཏུ་དབྱངས་ཨ་ཞུགས་པར་བཤད་པ་ནི་ཆུ་ནང་གི་ཟླ་བ་དེ་ནམ་མཁའི་ཟླ་བ་དངོས་ལ་འཁྲུལ་བ་དང་ཁྱད་པར་མེད་པས། དཔེར་བལྟས་པ་ཡིན་མིན་དང་རང་རང་གི་ཡི་གེའི་ཁྱད་ཆོས་ལྟར་བྱས་པ་ཡིན་མིན་གྱི་ཁྱད་པར་འབྱེད་ཤེས་དགོས།

དེ་བཞིན་དུ་“ཨི་སོགས་གང་རུང་ཞུགས་མིན་པའི། །ཀ་སོགས་བརྗོད་པའི་ཚུལ་ལ་སོགས། །མེད་པར་ཐལ་བ་གང་གིས་བཟློག །”ཅེས་གསུངས་ཏེ། གལ་ཏེ་ཨ་དབྱངས་མིན་ན། ཨི་སོགས་ཏེ་ཨི་ཨུ་ཨེ་ཨོ་བཞི་པོ་གང་ཡང་མ་ཞུགས་པའི་ཀ་སོགས་བརྗོད་པའི་ཚུལ་མེད་པ་ཐལ་ཞེས་ཐལ་བ་འཕངས་ཏེ། དབྱངས་དབྱངས་ཡིན་པར་བསྒྲུབས་ཀྱང་། ཨ་ཡི་ང་རོའི་རྩ་བ་མེད་པར་ཀ་སོགས་གསལ་བྱེད་གཞན་རྣམས་བརྗོད་དུ་མེད་པ་བདེན་ཡང་། ཨ་ཡི་ང་རོས་ཀ་སོགས་སྒྲ་གསལ་བྱེད་ཀྱི་སྒྲ་འབྱིན་པའི་བྱེད་ནུས་ཐོན་པ་ཙམ་གྱིས། ཨ་ཡིག་བོད་ཀྱི་དབྱངས་མཚན་ཉིད་པ་རུ་ནམ་ཡང་བསྒྲུབ་མི་ཐུབ་བོ།།

དེ་བཞིན་དུ་བོད་ཀྱི་དབྱངས་ཡིན་ན། གསལ་བྱེད་བྱེད་ཀྱི་ཡི་གེ་གཞན་ལ་སྦྱོར་བའི་ཚེ་བརྗོད་དོན་ཁྱད་པར་བ་གསལ་བྱེད་པའི་སྒོ་ནས་དབྱངས་ཀྱི་བྱ་བ་གསལ་བོར་བྱེད་དགོས་མོད། ཨ་ཡིག་གིས་ཀ་སོགས་ཀྱི་སྒྲའི་ང་རོའི་རྩ་བ་བྱེད་པ་ཙམ་ལས་ཨི་ཨུ་ཨེ་ཨོ་ནང་བཞིན་བརྗོད་དོན་ཁྱད་པར་བ་གསལ་བར་བྱེད་པའི་དབྱངས་ཀྱི་བ་དངོས་དེ་བྱེད་དུ་མེད་དེ། སི་ཏུ་ན་ཆེན་གྱིས་“ཨ་ཡིག་དེ་ཀ་ལ་སོགས་པའི་ཐ་སྙད་བྱར་མེད་པས་དེས་ཨ་ལའི་བྱ་བ་གསལ་བོར་བྱེད་མི་ནུས་པའི་ཕྱིར་ཀཱ་ལའི་སྡེ་ཚན་དུ་འདྲེན་པར་མཛད་པ་ཡིན་ནོ།།”ཞེས་གསུངས་སོ།།

མཇུག་གཏམ།

ཁོ་བོས་བོད་ཀྱི་དབྱངས་ངོས་འཛིན་ཐད་དུ་ལུངས་རིགས་ཁོ་ན་ལ་བརྟེན་ནས་དགག་སྒྲུབ་རང་བཞིན་གྱི་དཔྱད་རྩོམ་འདི་འབྲི་ཁུལ་བྱས་མོད། ཕྲན་ཆུང་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་ཞིང་མཐོང་ཐོས་ཀྱི་བློ་མིག་ཕྲ་བས་རིགས་པར་རྣོ་དང་། ལུང་གི་དགོངས་པ་གནད་དུ་མ་སོང་བ་རེ་ཡོད་སྲིད་ཀྱང་། རང་ཉིད་བརྡ་སྤྲོད་པའི་གཞུང་ལ་ཡང་ཡང་གོམས་ཤིང་འདྲིས་པ་དང་། བློ་གསར་རང་འདྲའི་རིགས་ལ་དཔྱད་གླེང་ཅུང་ཙམ་བྱེད་འདོད་པས་གནད་འདིར་དཔྱད་གཞིག་ཅུང་ཙམ་བྱེད་པའི་ལས་ལ་གཞོལ་བ་ཡིན།

ཞེས་ཆབ་མདོ་དབང་འདུས་ཀྱིས་སྦྱར་རོ།།