ཡེ་གདོད་མ་ནས་གྲུབ་པའི་ཡོངས་གྲུབ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།།

རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱིས་གདུལ་བྱའི་བློའི་རྟོག་རིམ་ལ་བལྟོས་ཏེ་ཆོས་འཁོར་གསུམ་སྐོར་བ་ལས། ཆོས་འཁོར་གསུམ་གྱི་རྗེས་སུ་འབྲང་བའི་གྲུབ་མཐའ་མི་འདྲ་བ་མང་དུ་འཕེལ་འགྱུར་བྱུང་ཞིང་། དེ་དག་ཐེག་ཆེན་དང་ཐེག་དམན་ཞེས་སྡེ་གཉིས་སུ་ཕྱེས་པའི་ཐེག་ཆེན་ལའང་། སེམས་ཙམ་པ་དང་། དབུ་མ་པ་ཞེས་པའི་གྲུབ་མཐའ་གཉིས་ཡོད་པ་ལས། འདིར་སེམས་ཙམ་པའི་གཞི་ཡི་གྲུབ་མཐའི་རང་ལུགས་ཀྱི་འདོད་ཚུལ་ཅུང་ཙམ་སྨོས་ན།
སེམས་ཙམ་པའི་གྲུབ་མཐའ་འདིས་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བ་དང་། [1] རྣམ་ཤེས་ཚོགས་བརྒྱད་འདོད་པ་དང་། [2] ཕྱི་དོན་གྱི་ཆོས་ཁས་མི་ལེན་པ། འཁོར་འདས་ཀྱིས་བསྡུས་པའི་གཞི་ཡི་སྣང་བ་ཐམས་ཅད། གཞན་དབང། ཡོངས་གྲུབ། ཀུན་བཏགས་གསུམ་དུ་བསྡུ་ཞིང་། [3] ཐ་སྙད་ཀྱི་ཆོས་ནི་ཀུན་གཞི་རྣམ་ཤེས་ལས་བྱུང་བས་ན་གཞན་དབང་དུ་བཤད་། ཡོངས་གྲུབ་ཀྱི་ཆོས་ནི་ཡེ་གདོད་མ་ཉིད་ནས་བདེན་པར་གྲུབ་པ་དང་། ཀུན་བཏགས་འཁྲུལ་བའི་ཆོས་ནི་རྟོག་པ་དང་རྟོག་མེད་ཀྱི་སྒྲོ་བཏགས་ཡིན་པར་སྨྲ། སྨྲ་ཚུལ་འདི་ལའང་སེམས་ཙམ་རྣམ་བདེན་རྫུན་གྱི་གྲུབ་མཐའ་ནང་ཚན་མི་འདྲ་བས་ན། འདིར་ཞིབ་ཆ་ལ་གྲུབ་མཐའ་སོ་སོར་ཕྱེས་ནས་སྨོས་ན་གོ་བདེ་བ་ཡིན་པས། འདི་ལའང་རྣམ་བདེན་པའི་གཞི་ཡི་འདོད་ཚུལ་བཤད་པ་དང་། རྣམ་རྫུན་པའི་གཞི་ཡི་འདོད་ཚུལ་བཤད་པ་གཉིས་ལས།

 

དང་པོ་རྣམ་བདེན་པའི་གཞི་ཡི་འདོད་ཚུལ་ལ།

གཞན་དབང་། ཀུན་བཏགས། ཡོངས་གྲུབ་སྟེ།[4]

དང་པོ། གཞན་དབང་ནི།

གཞན་དབང་གི་མཚན་ཉིད་ནི། ཀུན་གཞི་ལས་སྐྱེས་པའི་སེམས་ཙམ་གྱི་དངོས་པོ།  འོ་ན་གང་གཞི་གང་ལས་སྐྱེ་ཟེར་ན། རང་རྒྱུ་སྔ་མ་སྔོན་སོང་ལས་སྐྱེ། དེ་ཡི་ཐོག་མ་ནི་མེད་དེ།  འཁོར་བ་ཐོག་མེད་ཡིན་པའི་ཕྱིར། གྲུབ་མཐའ་འདིའི་ལུགས་ལ་རྒྱུ་འབྲས་སྐྱེ་ཚུལ་ནི།  ས་བོན་དུ་སྣང་བའི་ཤེས་པ་ལས་མྱུ་གུ་རུ་སྣང་བའི་ཤེས་པ་སྐྱེ་ཚུལ་དེ་ཡིན།

མཚན་གཞི་ནི། འདི་སྣང་གི་ཀ་བ་བུམ་པ་དང་། དེ་སྣང་བྱེད་ཀྱི་ཤེས་པ་དང་།། བྱང་སེམས་འཕགས་པའི་རྒྱུད་ཀྱི་རྗེས་ཐོབ་ཀྱི་བློ་དང་དེ་ལ་སྣང་བའི་དོན་སྣང་།

དབྱེ་ན། དག་པ་གཞན་དབང་དང་། མ་དག་གཞན་དབང་གཉིས།

གཞན་དབང་དང་དངོས་པོ་དོན་གཅིག། དངོས་པོ་དང་སེམས་དོན་གཅིག།[5] དེས་ན་སྣང་བ་སྔོན་པོ་སེམས་ཡིན་པ་བཞིན་དུ་བུམ་པ་སེམས་ཡིན།  ཀ་བ་སེམས་ཡིན་ནོ།།  དོན་འདི་ལ་དགོངས་ནས་སྟག་ཚང་ལོ་ཙྰ་བ་དང་། ཀརྨ་འཕྲིན་ལས་པ། ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་སོགས་ལས་དགོངས་པ་གཅིག་པར་གྲུབ་མཐའ་འདིས་གཞན་དབང་ཤེར་པར་ཁས་ལེན་པ་ཡིན་ནོ།།

གཞན་དབང་གི་འཛིན་རྣམ་དང་གཟུང་རྣམ་གཉིས་ཆར་ཤེས་པར་ཁས་བླངས་རུང་། དེ་གཉིས་ཤེས་པ་སོ་སོ་བ་སོགས་འདོད་ཚུལ་མི་མཐུན་པས་ན། འདི་ལའང་གྲུབ་མཐའ་གསུམ་བྱུང་བ་ཡིན། འདིར་སྐབས་སུ་མ་བབ་པས་མ་སྨོས་སོ།།

འོ་ན། སེམས་མེ་ཡིས་འཚིག་རྒྱུ་ཡོད་པ་ཐལ།  ཀ་བ་མེ་ཡིས་འཚིག་རྒྱུ་ཡོད་པའི་ཕྱིར་ཞེ་ན།  དེ་ལ་དཔེ་ཡི་སྒོ་ནས་ལན་བཏབ་ན།  དམྱལ་བའི་ལས་མཁན་གྱིས་དམྱལ་བའི་གང་ཟག་གསོད་པ་དང་འདྲ་ལ།   དམྱལ་བའི་ལས་མཁན་དེ་ཤེས་པ་ལས་ལོགས་སུ་གྲུབ་མེད་པ་ནི་གནད་དོ། ། དོན་གྱི་ལན་ནི།  མེ་ཞེས་ཤེས་པ་ལས་ལོགས་སུ་གྲུབ་མེད་པས་ན། རང་ཅག་གི་སེམས་ངོར་དེ་ལྟར་སྣང་བ་ཙམ་ཡིན་ཞིང་།  གང་སྣང་བ་དེ་ཡང་སེམས་ཡིན་པས་སྐྱོན་མེད། སེམས་ཙམ་གྱི་མེ་དེས་སེམས་ཙམ་གྱི་ཀ་བ་འཚིག་པའི་སེམས་ཙམ་ཞིག་སྣང་ནའང་ཀ་བ་ཕྱི་དོན་མིན་པས་མི་སྐྱོན། རྒྱས་པར་ཉི་ཤུ་པའི་འགྲེལ་པ་ཁག་ལས་གསལ་ལོ།།

གཉིས་པ། ཀུན་བཏགས།

ཀུན་བཏགས་ཀྱི་མཚན་ཉིད་ནི།  རྟོག་རྟོག་མེད་ཀྱི་སྒྲོ་བཏགས་ཀྱི་གདགས་བྱ་དེའོ[6] །། ཀུན་བཏགས་ལ་དབྱེ་ན་གཉིས་ཏེ། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས། དང་པོ་ནི་ཐ་སྙད་དུ་ཡོད་པ་དང་། བདེན་གཉིས་ཟླས་ཕྱེ་བའི་ཚེ་ཀུན་རྫོབ་བདེན་པ་ཡིན། དཔེར་ན་ནམ་མཁའ་ལྟ་བུ།  ཕྱི་མ་ནི་ཀུན་རྫོབ་ཡིན་ཡང་ཀུན་རྫོབ་བདེན་པ་མིན།    ཁྱོད་ཀུན་རྫོབ་བདེན་པ་མིན་ཏེ་ཀུན་རྫོབ་ཏུ་བདེན་པ་མིན་པའི་ཕྱིར་ཏེ།  བདེན་གཉིས་གང་དུ་ཡང་རང་གི་མཚན་ཉིད་ཀྱི་མ་གྲུབ་པའི་ཕྱིར་ཏེ། ཡོད་པ་མིན་པའི་ཕྱིར་རོ།། དཔེར་ན། རི་རྭ་དང་གདགས་བྱ་རྣམས་སོ།། དེ་བས་ཀུན་བཏགས་ཡིན་ན་བདེན་གྲུབ་མ་ཡིན་པས་ཁྱབ།[7]   གདགས་བྱ་དང་གདགས་གཞིའི་ཁྱད་པར་ནི། དཔེར་ན། གློག་བརྙན་གྱི་བརྙན་རིས་མི་ཡི་རྣམ་པ་དེ་གདགས་གཞི།  གདགས་བྱ་རྣམ་པ་དེ་ལ་རྟོག་པས་སྒྲོ་བཏགས་པའི་མི། བརྙན་རིས་ཀྱི་མི་མེད་པ་བཞིན་དུ་ཀུན་བཏགས་ཡང་མེད་དོ།། ཀུན་བཏགས་ཀྱི་མཚན་གཞི་ཡོད་དེ།   གང་ཟག་གི་བདག་དང་།  ཆོས་བདག།  རི་རྭ་སོགས་མཚད་ཉིད་མེད་པའི་ཀུན་བཏགས་རྣམས་དང་།  རྣམས་གྲངས་པའི་ཀུན་བཏགས་ནི། རྟོག་པའི་སྣང་ཡུལ་གྱི་དོན་སྤྱི་སྟེ།    དཔེར་ན།  བུམ་པ་ཞེས་བརྗོད་པའི་སྒྲ་རྟོག་གི་སྒྲ་སྤྱི་ལྟ་བུ།  དེ་ཉིད་བུམ་པ་ཞེས་པའི་མིང་གི་གདགས་བྱ་ཡིན་ནོ། ། འོན་ཀྱང་བུམ་པ་ནི་ཀུན་བཏགས་མིན་ཏེ་མིང་དེའི་གདགས་གཞི་ཡིན་པའི་ཕྱིར་རོ།།

གསུམ་པ། ཡོངས་གྲུབ།

ཡོངས་གྲུབ་དང་སྟོང་ཉིད་དོན་དམ་བདེན་པ་ཆོས་དབྱིངས།  དེ་བཞིན་ཉིད་རྣམས་དོན་གཅིག[8]། མཚན་ཉིད་ནི།  གདགས་གཞི་གཞན་དབང་གི་སྟེང་དུ་གདགས་བྱ་ཀུན་བཏགས་ཀྱིས་སྟོང་པའི་དེ་བཞིན་ཉིད། མཚན་གཞི་ནི། ཡེ་གདོད་མ་ནས་གྲུབ་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས།  སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།  ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་།  འགྱུར་མེད་ཡོངས་གྲུབ་གཉིས་སུ་དབྱེ། འགྱུར་མེད་ཡོངས་གྲུབ་ཀྱི་མཚན་གཞི་ནི།    བུམ་པའི་ངོ་བོ་དེ་ཡིན།  ངོ་བོ་རྟོག་པའི་ཤེས་པ་དེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན། འདི་ཉིད་དངོས་བཏགས་ཕྱེ་བའི་ཚེ་ཡོངས་གྲུབ་མིན་ནོ།།
གཞན་དབང་ཀུན་བཏགས་གཉིས་ཀུན་རྫོབ་དང་།  ཡོངས་གྲུབ་ནི་དོན་དམ་བདེན་པ་ཡིན།  འདི་གསུམ་ནང་ཕན་ཚུན་གཅིག་དང་ཐ་དད་གང་ཡང་མིན།  འོན་ཀྱང་གཅིག་པ་བཀག་པའི་ཐ་དད་ཙམ་ནི་ཡིན་ཏེ།  ཀུན་རྫོབ་དང་དོན་དམ་གྱི་ཁྱད་པར་ཡོད་པའི་ཕྱིར་རོ[9]། །ཞིབ་ཆ་ནི། བདེན་གྲུབ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ། དོན་དམ་བདེན་པ་ཡིན་ན་ཡོངས་གྲུབ་ཡིན་པས་མ་ཁྱབ། གཞན་དབང་དེ་དེ་ཡིན་པའི་ཕྱིར། མདོ་སྡེ་དགོངས་འགྲེལ་གྱི་ལུང་། རྒྱུ་དང་བཅས་པ་ཡིན་ན་འདུས་བྱས་སུ་འགྱུར་རོ།།  འདུ་བྱས་སུ་འགྱུར་ན་དོན་དམ་བདེན་པ་ཉིད་དུ་མི་འགྱུར་རོ།། ཞེས་པ་ནི་འགྱུར་མེད་ཡོངས་གྲུབ་ལ་དགོངས་པའོ།། ཡོངས་གྲུབ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་སྟེ། ཡོངས་གྲུབ་ཡིན་ན་བདེན་གྲུབ་ཡིན་པས་ཁྱབ་པའི་ཕྱིར་རོ།།  དབུས་མཐའི་ལུང་། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་ཁོ་ན་སྟེ། ཞེས་པ་ནི་དོན་དམ་པའི་ངོ་བོ་ཅན་ཡོངས་གྲུབ་ལ་དགོངས་པའོ།།

 

གཉིས་པ། རྣམ་རྫུན་པའི་གཞི་ཡི་འདོད་ཚུལ་ལ།

 

གཞན་དབང་། ཀུན་བཏགས། ཡོངས་གྲུབ་གསུམ།

དང་པོ། གཞན་དབང་།

 

མཚན་ཉིད་ནི། ཀུན་གཞི་རྣམ་ཤེས་ལས་སྐྱེས་པའི་ཤེས་པ་དང་དེ་ལ་སྣང་བའི་དོན་སྣང་གི་ཆོས། མཚན་གཞི་ནི། དོན་སྣང་སྣང་བྱེད་ཀྱི་ཤེས་པ་དང་ཡུལ་དག་ཡིན་ཏེ། དཔེར་ན། ཀ་འཛིན་ཤེས་པ། བུམ་འཛིན་ཤེས་པ་དག་དང་། ཀ་བ་བུམ་པ་སོགས་སོ།།

དབྱེ་ན། དག་པ་གཞན་དབང་དང་། མ་དག་གཞན་དབང་གཉིས། དག་པ་གཞན་དབང་ནི་དོན་དམ་བདེན་པ་དང་། དོན་དམ་བདེན་པ་ཡིན་ན་ཡོངས་གྲུབ་ཡིན་པས་ཁྱབ[10]། མ་དག་གཞན་དབང་ནི་ཀུན་རྫོབ་ཡིན།  དག་པ་གཞན་དབང་ནི་གཉིས་སྣང་ནུབ་པའི་བློའོ།། མཚན་གཞི་ནི་ལམ་བདེན་དང་དང་མྱོང་བ་གཉིས་མེད་ཀྱི་རང་རིག་རྣམས་བཞག་རུང་། མ་དག་གཞན་དབང་ནི་དེ་ལས་ལྡོག་པའི་བློ་དང་དེའི་དོན་སྣང་ངོ་།།

རྣམ་བདེན་པས་འདོད་པའི་གཞན་དབང་ལས་ཀུན་གཞི་རྣམ་ཤེས་ཕུད། གཞན་རྣམས་གྲུབ་མཐའ་འདིས་བདེན་གྲུབ་མིན་པས་ཁྱབ་པ་ཁས་ལེན།   འཇུག་ཤེས་དྲུག་དང་ཉོན་ཡིད་ཀྱང་བདེན་གྲུབ་ཏུ་མི་བཞེད།  རྣམ་བདེན་རྫུན་རྩོད་གཞིར་གྱུར་པའི་སྔོ་འཛིན་ཤེས་པའི་སྔོན་པོའི་དོན་སྣང་དེ།  སྣང་ཙམ་གྱིས་བདེན་པར་མ་གྲུབ་པ་ཡིན།  དེ་ཤེས་པ་མིན།  དེ་ཉིད་བདེན་གྲུབ་ཏུ་མི་བཞེད། དེ་རང་རང་གིས་སྟོང་པར་འདོད་དོ།། དེ་བཞིན་ཤེས་པར་སྣང་བའི་དོན་སྣང་ཡིན་ན་བདེན་གྲུབ་མ་ཡིན་པས་ཁྱབ[11]། འོན་ཀྱང་འདི་ཉིད་ཀུན་རྫོབ་འཁྲུལ་ངོར་ཡོད་པས་ཀུན་རྫོབ་བདེན་པ་ཡིན།  བདེན་གྲུབ་མིན་པས་རིག་ངོར་མ་གྲུབ་ཕྱིར། གཞུང་ལུགས་ཁག་ཏུ་མེད་ཅེས་པའི་ཐ་སྙད་མཛད་ཡོད[12]།   གྲུབ་མཐའ་འདིས་དོན་སྣང་བདེན་གྲུབ་ཏུ་ཁས་མི་ལེན་པས་ན། ཀ་བ་བུམ་པ་སོགས་བདེན་གྲུབ་ཏུ་ཁས་མི་ལེན་པ་ཡིན། མདོར་ན། ཀརྨ་ཕྲིན་ལས་པས་གསུངས་པ་བཞིན། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་གཡའ་དག་པ་དེ་ཉིད་ཁོ་ན་བདེན་གྲུབ་ཏུ་ཁས་ལེན་ཞིང་། ཤེས་པའི་སྣང་ཆའམ་དོན་སྣང་ཐམས་ཅད་སྒྱུ་མ་མེད་པ་གསལ་སྣང་། ཀུན་རྫོབ་དུ་ཡོད་པ་ཙམ་ལས་མི་བཞེད་དོ།།

གཉིས་པ། ཀུན་བཏགས།

མཚན་ཉིད་ནི། རྟོག་རྟོག་མེད་ཀྱི་སྒྲོ་བཏགས་ཀྱི་གདགས་བྱ། ཀུན་བཏགས་ལ་དབྱེ་ན་གཉིས་ཏེ། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཆད་པའི་ཀུན་བཏགས། དང་པོའི་མཚན་གཞི་ནི།  རི་རྭ་དང་གདགས་བྱ་སོགས་ཡིན།  གཉིས་པའི་མཚན་གཞི་ནི་རྟག་པ་སོགས་སོ།།  རྣམ་བདེན་པའི་འདོད་ཚུལ་དང་འདྲའོ།།

གསུམ་པ། ཡོངས་གྲུབ།

མཚན་ཉིད། བདགས་གཞི་གཞན་དབང་གི་སྟེང་དུ་བདགས་བྱ་ཀུན་བཏགས་ཀྱིས་སྟོང་པའི་དེ་བཞིན་ཉིད། མཚན་གཞི་ནི། ཡེ་གདོད་མ་ནས་གྲུབ་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་དེ་རྟོགས་པའི་མཁྱེན་པ། འདི་ལ་དབྱེ་ན་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། དང་པོ་ནི། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་རྣམ་པར་མི་རྟོག་པ་དེའོ།། འདི་ཉིད་སོ་སོ་སྐྱེ་བོའི་རྟོག་བྱ་མ་ཡིན[13]། ཕྱི་མ་འདི་ཡོངས་གྲུབ་དངོས་མ་ཡིན་ཏེ། ཤེས་པ་རྒྱུ་དང་བཅས་པ་ཡིན་པའི་ཕྱིར་རོ།། རྒྱུ་དང་བཅས་པ་ཡིན་ན་དངོས་བཏགས་ཕྱེ་བའི་ཚེ་ཡོངས་གྲུབ་མ་ཡིན་པས་ཁྱབ[14]། ཡོངས་གྲུབ་དངོས་ནི་འགྱུར་མེད་ཡོངས་གྲུབ་སྟེ། དེ་ནི་ཡེ་ཤེས་ཡིན་པ་ལས་ཤེས་པ་མིན། ཤེས་པ་མིན་ཏེ་རྒྱུ་དང་བཅས་པ་མ་ཡིན་པའི་ཕྱིར་རོ[15]།།

དེ་ན་ཞིབ་ཆ་ནི། བདེན་གྲུབ་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ། དོན་དམ་བདེན་པ་ཡིན་ན་ཡོངས་གྲུབ་ཡིན་པས་ཁྱབ། འོན་ཀྱང་དོན་དམ་བདེན་པ་ཡིན་ན་འགྱུར་མེད་ཡོངས་གྲུབ་ཡིན་པས་མ་ཁྱབ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ་ཡོངས་གྲུབ་དང་དོན་དམ་བདེན་པ། བདེན་གྲུབ་གསུམ་ག་ཡིན་ནའང་འགྱུར་མེད་ཡོངས་གྲུབ་མ་ཡིན་ནོ།། དེའི་ཕྱིར་དངོས་བཏགས་ཕྱེ་བའི་ཚེ་ཡོངས་གྲུབ་མིན་ནོ།།

 

གྲུབ་མཐའ་འདི་གཉིས་ལ་སེམས་ཙམ་པ་ཟེར་དོན་ནི། གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཆ་མེད་དོན་དམ་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པས་སེམས་ཙམ་པ་ཞེས་བྱའོ།།

 

ཕྱི་ལོ༢༠༢༠ལོ་ཟླ་བ༡༢ཚེས༡༧ཉིན། འབུམ་ཡག་བཤད་གྲྭ་ཤཱཀྱས་བྲིས།

 

 


 

[1] སུམ་ཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིས་དང་བརྒྱལ་མ་གཏོགས། །ཞེས་སོ།།

[2] ཉི་ཤུ་པ་ལས། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །ཞེས་སོ།།

[3] ཇི་སྐད་དུ། ཡོད་པས་མེད་པས་ཡོད་པས་ན།། ཞེས་སོ།།

[4] ཇི་སྐད་དུ་དུལ་བ་ལྷས། རྣམ་པར་རིག་པ་ཙམ་ཁོ་ན་ལ་ངོ་བོ་ཉིད་གསུམ་སྟེ། ཞེས་སོ།།

[5] སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་དང་། དེའི་འགྲེལ་པར་དུལ་བ་ལྷས། འདི་ལྟར་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱས་པས་ན་གཞན་གྱི་དབང་ཞེས་བྱ་སྟེ། དབང་ཞེས་བྱ་བ་ནི་སྐྱེས་པ་དང་སྐྲུན་ཞེས་པའི་ཐ་ཚིག་གོ། ཞེས་དང་། གཞན་ཡང་རྣམ་ངེས་ལས། །སྔོ་དང་དེ་བློ་གཞན་མ་ཡིན་ཞེས་དང་། ། དམིགས་རྟག་ཏུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། ། དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །ཞེས་སོ།། ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས་སེམས་ཙམ་རྣམ་བདེན་པ་བསྟན་པའི་སྐབས་སུ། གཟུང་དང་འཛིན་པའི་ཚུལ་གྱིས་ནི། །རྣམ་ཤེས་གཉིས་སུ་སྣང་འགྱུར་ཞིང་། །རྣམ་ཤེས་ལས་ནི་ལོགས་ཤིག་ན། །ཕྱི་རོལ་དོན་ནི་ཅུང་ཟད་མེད། ། ཅེས་གཞན་དབང་ཤེས་པར་གསུང་པ་དང་། གཞན་ཡང་གཅུང་གི་ཉི་ཤུ་པ་ལས། དེས་ན་སྣང་བ་སེམས་ཡིན་ཞེས། ། རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡིན།། ཞེས་སོགས་ཀྱིས་བསྟན་ཏོ།།

[6] དུལ་བ་ལྷས་སུམ་ཅུ་པའི་འགྲེལ་པར། གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་གང་ཡིན་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དོ།། ཞེས་སོ།།

[7] སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །ཞེས་དང་།  དུལ་བ་ལྷས་སུམ་བཅུ་པའི་འགྲེལ་པར། ཅིའི་ཕྱིར་གཟུང་བ་དང་འཛིན་པ་ལ་ཀུན་བརྟགས་པ་ཞེས་བྱ་སྙམ་པ་ལ། འདི་ལྟར་རྣམ་པར་རྟོག་པ་ལ་གཟུང་བ་དང་འཛིན་པ་གཉིས་མེད་བཞིན་དུ་ཀུན་ཏུ་རྟོག་པ་ཏེ། གཉི་ག་ཡང་བརྟགས་པ་ཞེས་བྱའོ།། ཞེས་གསུངས་སོ།། དེའང་གཅེན་གྱིས་རྟོག་པའི་ཀུན་བརྟགས་དགག་པ་ནི། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་སོ།། གཅུང་གིས་རྟོག་མེད་ཀྱིས་འཛིན་པའི་ཀུན་བརྟགས་འགོག་ཚུལ་ནི། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་སོ། །

[8] ཇི་སྐད་དུ། དུལ་བ་ལྷས་སུམ་ཅུ་པའི་འགྲེལ་པར། འདི་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་རྟག་ཏུ་བྲལ་བ་ཉིད་གང་ཡིན་པ་དེ་ཡོངས་སུ་གྲུབ་པར་འདོད་དོ། །བྲལ་བ་ཉིད་ནི་ཆོས་ཉིད་ཅེས་བྱའོ།། ཞེས་སོ།།

[9] ཇི་སྐད་དུ། སློབ་དཔོན་དུལ་བ་ལྷས་མཛད་པའི་སུམ་ཅུ་པའི་འགྲེལ་པ་ལས། གཞན་གྱི་དབང་ལས་ཡོངས་སུ་གྲུབ་པ་གཞན་ཡང་མ་ཡིན་ལ། གཞན་མ་ཡིན་པའང་མ་ཡིན་པ་ཁོང་དུ་ཆུད་པར་བྱའོ།། ཞེས་གསུང་པའི་ཕྱིར་རོ།།

[10] དབུས་མཐའི་འགྲེལ་པར། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་ཁོ་ན་སྟེ། ཞེས་གསུངས་སོ།།

[11] ཇི་སྐད་དུ། སློབ་དཔོན་བློ་བརྟན་གྱིས་མཛད་པའི་སུམ་ཅུ་པའི་བཤད་པ་ལས། དེ་ནི་སྒྱུ་མ་བཞིན་དུ་རྐྱེན་གཞན་གྱིས་སྐྱེས་པའི་ཕྱིར་རང་གི་དངོས་པོ་མེད་དོ།།འདི་ལྟར་ཡང་ཇི་ལྟར་སྣང་བ་དེ་བཞིན་དུ་དེ་ལ་སྐྱེ་བ་མེད་དེ། དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ།།ཞེས་སོ།།

[12] ཇི་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་སེམས་འགྲེལ་ལས། དེས་ན་ཕྱི་རོལ་སྣང་བ་འདི། །དངོས་པོའི་ངོ་བོར་ནམ་ཡང་མེད། །རྣམ་ཤེས་སོ་སོར་རྣམ་རིག་པ། །གཟུགས་ཀྱི་རྣམ་པས་སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །རྨོངས་པས་གཟུགས་ལ་སོགས་པ་མཐོང་།། ཞེས་གསུངས་ནས་གསལ་བོར་དོན་སྣང་དག་སྣང་བ་ཙམ་དང་སེམས་སུ་མི་འདོད་ཚུལ་བསྟན་ཅིང་། ཉི་ཤུ་པ་ལས། དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། ཞེས་དང་། ཤཱཀྱ་བློས། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་འདི་བརྒལ་བ་འདི་མཚུངས་པ་མ་ཡིན་ཏེ། འདི་ལྟར་དེ་ཡི་སྔོན་པོ་དང་སེར་པོ་ལ་སོགས་པ་ཕྱི་དང་ནང་ན་ཡོད་པ་མ་ཡིན་ལ། དེའི་ཕྱིར་རི་བོང་གི་རྭ་དང་འདྲ་བ་ཡིན་ནོ།། ཞེས་སོ།།

[13] ཇི་སྐད་དུ། དུལ་བ་ལྷའི་སུམ་ཅུ་པའི་འགྲེལ་པ་ལས། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་ལྟར་ཡེ་ཤེས་རོ་གཅིག་པའོ། །ཞེས་དང་། ཡང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ནམ་མཁའ་ལྟར་རོ་གཅིག་པ་སྟེ་རྣམ་པ་གཅིག་པའོ། །ཡེ་ཤེས་ཀྱང་དེར་རོ་གཅིག་པ་སྟེ། །རྣམ་པ་གཅིག་པ་ཞེས་བྱའོ། །ཞེས་དང་། འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་གཞན་གྱི་དབང་ཞེས་བྱ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཙམ་ཞིག་མཐོང་ངོ།། དེ་བཞིན་ཉིད་ཙམ་དེ་ནི་ནམ་མཁའ་ལྟར་གཅིག་པུའི་ངོ་བོ་སྟེ། ཞེས་གསུངས་པ་སོགས་ནི་གྲུབ་མཐའ་འདིའི་དགོངས་པ་དང་མཐུན་ནོ།།

[14] མདོ་སྡེ་དགོངས་འགྲེལ་ལས། རྒྱུ་དང་བཅས་པ་ཡིན་ན་འདུས་བྱས་སུ་འགྱུར་རོ།། འདུས་བྱས་སུ་འགྱུར་ན་དོན་དམ་བདེན་པ་ཉིད་དུ་མི་འགྱུར་རོ།། ཞེས་སོ།།

[15] ཇི་སྐད་དུ། སློབ་དཔོན་བློ་བརྟན་གྱི་སུམ་ཅུ་པའི་བཤད་པ་ལས། ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། ། ཞེས་བྱ་བ་ལ། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། བླ་ན་མེད་པའི་ཕྱིར་རོ།། དེའི་དོན་ནི་དམ་པའོ།། ཞེས་གསུངས་སོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1555