གློ་བ་ཉེ་བའི་ཤེར་སྙིང་འགྲེལ་གསར་མ་དང་ལྷན་དུ་སྐྱིད་སྡུག་ཡིད་ལ་སེམས་པ།

                                    རྩོམ་འབྲི་བ་གནམ་གསས་དར་རྒྱལ།

ངན་གོམས་དང་གྲུབ་མཐའི་མཁྲེགས་འཛིན་ལས་བརྒལ་བའི་འགྲེལ་བ་གསར་མ།

དེ་ལ་ང་ཚོའི་སེམས་སུ་གནས་བརྟན་སྡེ་པ་རྣམས་ནི་སྡེ་པ་དེ་ཡི་བྱེ་བྲག་སིངྒལའི་དགེ་སློང་དག་ལ་དགེ་ཆོས་ཀྱིས།  དེ་ཀུན་རང་ལུགས་ཁོ་ན་མཆོག་འཛིན་བྱེད་ཅིང་།  གཞན་ལུགས་ལེགས་ཉེས་གང་ཡིན་ཡང་དབྱེ་གསལ་མེད་པར་ཧྲིལ་གྱིས་འདོར་ཞེས་བསྡོམས་ཚིག་བཀོད་པ་དང་།  སིངྒལ་པའི་དགེ་སློང་སེམས་རྒྱ་ཁབ་མིག་ལས་དོག་པ་དག་ཅེས་བཤད་པའི་གཏམ་དང་།  ལྷག་པར་ཡང་རྡོ་རྗེ་ཐེག་པ་ནི་ཡ་ང་བའི་གནས་ཤིག་ཏུ་བརྩི་པཉྩཀར་སྟེ་མ་ཡིག་ལྔ་པ་ཞེས་སྨོད། ངས་བོད་ན་བུ་སྟོན་དང་རྗེ་ཙོང་ཁ་པ་ལྟ་བུའི་དགེ་སློང་ཡང་སྔགས་ལ་མོས་སྨྲས་པས་རྣ་བར་མ་སོང་བ་བྱེད་ཀྱིན་འདུག  དགེ་སློང་ཞིག་མི་ལ་རས་པའི་ལོ་རྒྱུས་ཐོས་ནས་ཁོ་དགེ་བསྙེན་བཟང་པོ་ཞིག་ཡིན་འདུག་སྙམ་ནས་མོས་པ་དགའ་རབ་འདུག་པ་ལ།  ངས་ཁོ་ཡང་གསང་སྔགས་པ་ཡིན་སྨྲས་པས་གཏམ་གྱི་འཕྲོ་ཡང་མི་མཉན་པར་ལངས་ཏེ་སོང་།  ཞེས་བཤད་པའི་ཚིག་དུམ་འདི་དག་ནི་གཏམ་རྒྱུད་གསེར་ཐང་གི་ལྡེབ་མ་གཅིག་བཀླག་མ་མྱོང་བའི་མི་རྣམས་ཀྱི་ཡིད་ལའང་ཡོད་གཤིས།  གནས་བརྟན་སྡེ་པའི་དགེ་སློང་སྤྱི་པའི་མི་སྣ་བཞེངས་སྐྲུན་ཡང་དེ་ཡིས་བྱེད་ཀྱི་ཡོད་པས། གནས་བརྟན་སྡེ་པའི་གང་ཟག་རྣམས་ནི་ཆོས་བརྒྱུད་ཀྱི་ཞེན་ལྟ་ཐལ་དྲགས་པའི་མི་རུ་སེམས་ཀྱི་ཡོད།  ད་དུང་ཆག་ལོའི་རྒྱབ་ཀྱི་བརྒྱད་སྟོང་པ་ལ་བཙོག་བལྟས་པའི་ལོ་རྒྱུས་དེ་ཁ་གསབ་ཏུ་འཕངས་པས། ང་ཚོའི་སེམས་ལ་གནས་བརྟན་སྡེ་པའི་དགེ་སློང་ཞིག་གིས་ཤེར་རབ་སྙིང་པོ་གཙུག་ཏུ་བཀུར་ནས་ནང་པའི་བསླབ་བྱར་བཀྲལ་བ་ནི་མི་སྲིད་སྙམ་པ་ཙམ་དུ་མ་ཟད།  འཛམ་གླིང་རང་བཞིན་ཅན་གྱི་ནང་པའི་བསླབ་བྱར་འགྲེལ་པའི་དོན་དངོས་འདི་འདྲ་ཞིག་འབྱུང་བ་ནི་རྨི་ལམ་དུའང་འཁོར་མི་ཐུབ་པ་ཞིག་རེད།

དེ་ལྟས་དཔེ་འཚོང་བས་གུས་པར་རྩོམ་པ་པོ་ནི་གནས་བརྟན་སྡེ་པ་སྤྲིན་དཀར་ལམ་རྙིང་གི་རྩོམ་པ་པོ་དེ་རེད་འདུག  སྤྱིར་བཏང་ཡིན་ན་འདི་ཡིས་ཤེས་རབ་སྙིང་པོ་ཁས་ལེན་པ་དང་འགྲེལ་པ་གནང་མི་སྲིད་པ་ཞིག་རེད།  འོན་ཀྱང་འགྲེལ་པ་གནང་བཞག་པའི་གནད་དོན་འདི་ལ་བསམ་ན་ཁོང་རང་དོན་ལ་ཐེག་ཆེན་པ་ཞིག་ཏུ་ཆགས་སོང་བ་རེད་ཅེས་བཤད་སོང་།  ངས་འོ་འོ་ཞེས་ལབ་པ་ཙམ་ལས་གཞན་པ་ཅང་མ་བཤད། སྐབས་དེར་ངའི་སེམས་ནང་དུ་དྲན་པ་ནི་གནད་དོན་གཉིས་ཏེ།  གཅིག་ནི་ང་ཚོའི་སེམས་སུ་ཡོད་པའི་གནས་བརྟན་སྡེ་པ་དག་ནི་མི་ལོ་བཅུ་ཕྲག་དུ་མའི་སྔོན་གྱི་གང་ཟག་སྟེ། སྔོན་གྱི་གང་ཟག་ཁ་ཤས་ཀྱི་སྙུ་གུ་དང་གཏམ་གྱི་ཞལ་རྒྱུན་ཙམ་ལས་ཐོན་པའི་མག་མོག་གི་ཁྱུ་ཚོགས་ཤིག་ལས།  ཡང་སྙིང་ད་ལྟའི་དུས་སྐབས་ཀྱི་ཁོ་ཚོའི་གནས་སྟངས་ཅི་འདྲ་ཡིན་པའི་ཆ་རྒྱུས་མེད་པ།

གཉིས་ནི་ཤེེས་རབ་སྙིང་པོར་འགྲེལ་པ་གནང་བའི་རྐྱེན་གྱིས་ཐེག་ཆེན་གྱི་གང་ཟག་ཡིན་དགོས་པར་འདོད་པ་ནི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ཇི་བཞིན་དུ་འགྲེལ་དགོས་སྙམ་པའི་བསམ་པ་ལ་བརྟེན་ནས་བྱུང་བ་ཡིན་ཡང་།  འགྲེལ་བ་འདིའི་ནང་གི་སྟོང་པའི་བབ་སོ་ནི་དཔེ་དེབ་འདི་ལ་བལྟས་པའི་གཞུག་ཏུ་བཤད་དགོས་པ་ལས་ཞལ་བྱང་ཙམ་ལ་བརྟེན་ནས་ཤོད་མི་ནུས་སྙམ་པའི་བསམ་པ་དེ་གཉིས་ཡིན།

ད་དུང་ཟུར་གཞན་ནས་བཤད་ན། དགེ་ཆོས་ཀྱིས་དབུ་མ་འཇུག་པ་ཐུགས་ལ་བཟུང་སྟེ་ཐེག་ཆེན་ལ་མོས་པ་བྱེད་པའི་གནས་བརྟན་སྡེ་པའི་དགེ་སློང་ཡོད་པར་བཤད་པ་དེ་རང་གི་ངོས་ནས་བལྟས་ཀྱང་ཤེར་སྙིང་ལ་འགྲེལ་པ་མི་གནང་བའི་གཏན་ཚིགས་མེད་པ་ཡིན།

འོན་ཀྱང་ང་ཚོས་འདོད་པ་ནང་བཞིན་དུ་ཤེས་རབ་སྙིང་པོ་འདི་ཉིད་རྒྱལ་བའི་བཀའ་ཡིན་པའི་འདོད་པ་པ་ནི་མི་གསལ་ཏེ།  གཅིག་ནས་བཤད་ན།  དགྲོལ་བྱའི་མདོ་འདིར་མགོར་གླེང་གཞི་དང་མཐར་མཐུན་འགྱུར་མེད་པའི་དབང་གིས་རང་ངོས་ནས་བཀའ་རུ་འདོད་པའི་ཚིག་གཤིས་མངོན་མི་ཐུབ་པ་ཙམ་དུ་མ་ཟད།  འཕགས་པ་སྤྱན་རས་གཟིགས་ཀྱིས་ང་ཚོར་ཆོས་ཐམས་ཅད་སྟོང་པ་ཡིན་ཞེས་གསུངས་ཡོད། ཅེས་དང་།  མདོ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་གནང་བའི་སྦྱིན་པ་ཞིག་ཡིན་ཞེས་བཤད་པའི་ཚིག་ལ་བརྟག་ན་ཕལ་ཆེར་བཀའ་རུ་མི་འདོད་པ་ནི་གསལ་ཞིང་།  དེ་ཡང་གྲུབ་མཐའི་དབང་གིས་ཁས་མི་ལེན་པའམ། དེང་གི་རིག་གཞུང་ཞིབ་འཇུག་པ་རྣམས་ཀྱིས་བཤད་པ་ལྟར་དུ་གསུང་པ་གང་ཡིན་ནི་ཆ་མ་འཚལ།  གཅིག་བྱས་ན་དགྲོལ་བྱའི་མདོ་འདིའི་དངོས་བསྟན་རང་དང་སྦྱར་ནས་གསུངས་པའང་ཡིན་སྲིད།  གལ་ཏེ་བཀའ་རུ་འདོད་ཀྱི་མེད་ན་ལོ་ཙཱ་བས་མདོ་འདི་ནི་ཞེས་བསྒྱུར་བ་ལ་མཉམ་བཞག་ཡོད་མེད་ཀྱི་ཕྱིར་རྟོག་བྱ་ཆོག

བཀའ་རུ་འདོད་མིན་གང་ལྟར་ཡང་དད་གུས་བརྩེ་འདང་ནི་ང་ཚོ་ལས་ཆེ་བ་ཡིན་ཏེ།

ང་ཚོས་ཤེས་རབ་སྙིང་པོ་ནི་ཟབ་མདོ་དང་། ཟབ་མདོ་ནི་ཟློག་པ། ཟློག་པ་ནི་དམོད་མོ་ཞིག་ཏུ་འདོད་ཀྱི་ཡོད།  དེ་ཡང་དགོན་སྡེ་རྣམས་ཀྱིས་ཤེས་རབ་སྙིང་པོ་མང་ཚོགས་དག་ལ་མཚམས་སྦྱོར་བྱེད་སྟངས་ནི་ཡ་ང་སྟེ།  དགོན་སྡེ་ཆ་ངེ་ཆུང་ངེ་མང་པོ་ཞིག་གིས་ཡོན་ཙམ་ལ་དམིགས་ནས་ཤེར་སྙིང་དམོད་མཐུའི་ཚབ་ཏུ་འདོན་པ་ནི་མང་དུ་ཡོད་ཅིང་།

ཐ་ན་ཆོས་སྡེ་ཆེན་མོ་དག་གིས་ཀྱང་འདི་འདྲ་ཞིག་བསྒྲགས་པ་ང་རང་གི་དངོས་སུ་ཐོས། དེ་ནི་སྒར་ནས་ཁྱི་འཁྱམ་གསོ་རྒྱུ་ཁྱེར་སོང་ན་ཁོ་རང་གང་འདོད་ཀྱི་བསྙེན་པ་དུང་གཅིག་དང་སྐྱབས་འཇུག་ཞུ་ཡོང་ཚུལ་བསྒྲགས་ཤིང་།  གལ་ཏེ་སྒར་དུ་ཁྱི་འཁྱམ་ཚུར་གཡུགས་ན་ཟབ་མདོ་འདོན་ཡོང་བ་ཡིན་ཞེས་གསལ་བསྒྲགས་གནང་བ་དེ་རྣམས་ཡིན།  འདི་འདྲའི་སློབ་གསོ་དག་ལ་བརྟེན་ནས་མང་ཚོགས་རྣམས་ཀྱི་འཚོ་བའི་ཁྲོད་དུ་འཚོ་བས་ཕོངས་ཤིང་ཐབས་ཟད་འུ་ཐུག་དུས་གཞན་ལ་སྐྱབས་ཞུ་དང་སྡུག་ཡུས་བཤད་པའི་སྐབས་སུ་འདྲེན་ཚིག་གི་སྐད་ཆའི་བསྡུས་དོན་ཞིག་སྟེ།  བརྫོ་རུང་ལེ་མ་རེད་དེ་ཟབ་མདོ་བཏོན་བཞག་ལེ་འདྲ་རེད་ཅེས་མ་རུང་བའི་དཔེ་རུ་དྲང་གི་ཡོད་པ་འདི་དག་གིས་བོད་བརྒྱུད་ནང་བསྟན་པའི་སེམས་ནང་གི་ཤེས་རབ་སྙིང་པོའི་རིན་ཐང་མངོན་གྱི་ཡོད་པ་མ་ཟད།  དགོན་སྟེ་རྣམས་ཀྱིས་ཤེར་སྙིང་གི་སློབ་གསོ་མང་ཚོགས་རྣམས་ལ་ཇི་ལྟར་གནང་གི་ཡོད་པ་ཡང་གསལ་བོར་མཐོང་ཡོང་བ་ཡིན།

ད་དུང་སྐྱ་སེར་གཉིས་ཀྱི་ནང་དུ་ཟབ་མདོ་འདོན་པ་ཐོས་དུས་རྨི་ལྟས་ངན་པ་ཅི་ཞིག་རྨིས་སོང་།  ཡང་ན་སུ་ཞིག་ལ་འདོན་གྱི་ཡོད་ཅེས་ཁྲེལ་བགད་བྱེད་པའི་དྲི་བ་དང་རྣམ་འགྱུར་ཆུང་ཆུང་འབྱུང་གི་ཡོད་པ་འདི་དག་གི་རྒྱབ་ཏུ་ཡིབ་པའི་གསང་བ་ནི་བཏང་སྙོམས་སུ་འཇོག་ཆོག་པའི་གནད་དོན་ཞིག་ག་ལ་ཡིན།  ཁོ་ཚོས་ཟབ་མདོ་ནང་གི་མིག་རྣ་སྣ་ལྕེ་མེད་ཅེས་གསུངས་པའི་ཚིག་རྣམས་ཀྱི་གོ་དོན་ནི་དམིགས་བྱའི་དགྲ་བོ་གང་ཞིག་ཡིད་ལ་བཞག་སྟེ་དེ་ཉིད་ཁ་ཆག་སྣ་རལ་རེད་འགྲོ་བ་ཤོག་ཅེས་བརྗོད་པའི་ངན་དམོད་ཀྱི་མཐུ་ཞིག་ཏུ་གོ་ཡི་ཡོད་པ་ནི་གདོན་མི་ཟ་བ་ཡིན།

དེ་ལྟས་ང་ཚོའི་ཁོར་ཡུག་ནང་དུ་ཟབ་མདོ་སྡིག་སྦྱོང་གི་ཆོས་སྐལ་དང་།  རང་དང་གློ་བ་ཉེ་བའི་བསླབ་བྱ།  ཡང་ན་སྐྱེ་འགྲོ་ཀུན་ལ་སྨན་པའི་ཆོས་སུ་འདོད་པའི་མི་ནི་ཕལ་ཆེར་སྣང་རུང་ལ་ཚད་མས་མ་དམིགས་པ་ལྟ་བུར་ཆགས་ཡོད།

ཡ་མཚན་པ་གཞན་ཡང་། སྔ་མོ་ཕ་ཡུལ་གྱི་ཡུལ་ཚོའི་སྲིད་གཞུང་གི་མི་སྣས་རི་ཁའི་རི་དྭགས།  ཆུ་ཁའི་ཉ་སྲམ།  ཐང་གི་འདབ་ཆགས་རྣམས། མཚར་རྩེད་དམ་དགོས་མཁོའི་ཆེད་དུ་གང་འདོད་དུ་གསོད་ཅིང་།  ལོག་སྤྱོད་ལས་ཐོབ་པའི་སྒོར་མོ་མོད་པའི་རྐྱེན་དག་ལ་བརྟེན་ནས། ཆང་བཟི་ཨར་རྒྱགས་སོགས་ལས་བྱུང་བའི་སྤང་ཐང་གི་གད་སྙིགས་ནི་ཁོ་ཚོས་ཁོར་ཡུག་ལ་བསྐྲུན་པའི་འཛུགས་སྐྲུན་ཙམ་དུ་ལགས་ཀྱང་།  སྐབས་རེར་མཐོ་རིམ་གྱི་མི་སྣ་ལྟ་སྐོར་ལ་ཡོང་བའི་གསལ་བརྡ་འབྱོར་དུས། ཡུལ་མི་རྣམས་ལྷན་དུ་བསྡུས་ནས་ཁོར་ཡུག་ལ་གཙང་སྦྲ་ཐབས་ཆག་ཅིག་བྱས་ཏེ། ཉིན་དེ་སྐྱེལ་བའི་ཐབས་ལ་འབད་ཁུལ་བྱེད་པ་དེ་རེད།  དེ་དང་མཚུངས་པར་ཁས་ཉིན་ཉི་ཤུ་དགུ་ནི་ཆོས་རྒྱལ་མི་ཡུལ་དུ་ལྟ་སྐོར་ལ་ཡོང་བའི་ཉིན་མོ་ཡིན་ཚུལ་དང་།  ཉིན་དེར་ཚུལ་འཆོས་ཀྱི་མགོ་སྐོར་དང་། ཟབ་མདོས་འགྲམ་ལྕག་ཞུ་དགོས་པའི་འུར་ཟིང་ཞིག་མཁས་བླུན་མང་པོས་བསྒྲགས་འདུག་པ་འདི་གཉིས་ནི་ཅི་འདྲའི་མཚུངས་པ་ཞིག་རེད།  དོན་གྱི་གསལ་བཤད་གཅིག་ནི་མི་རྟག་པའི་ངང་ཚུལ་དང་ཤེར་སྙིང་གི་རིན་ཐང་། ལས་འབྲས་ཀྱི་གནད་གསང་མི་ཤེས་པའི་དེ་ཉིད་ཕྱི་རུ་མངོན་པའི་འཁྲབ་སྟོན་ཙམ་ལས་ཅི་ཡང་མིན།

དེ་བཞིན་རྒྱ་བླས་ཟབ་མདོ་གླུ་རུ་ལེན་པའི་ཟ་འགུགས་དང་། དཔེ་ཆ་བས་ཟབ་མདོའི་ལྟ་བ་ཁ་ཁྱེར་གྱི་ཁ་རྒྱགས་དག་ཀྱང་གནས་བརྟན་པ་ཁོང་གིས་གཟིགས་ནས་ཐུགས་མུག་པའི་གསལ་བཤད་ནི་གཤམ་དུ་གསལ།  དེ་བས་ཤེས་རབ་སྙིང་པོ་དང་ཆེས་བར་ཐག་རིང་བའི་མི་ནི་ང་ཚོ་ཡིན་པ་རེད།

ད་ནི་གནས་བརྟན་ཐིག་ནཏ་ཧཱན་གྱིས་ཤེས་རབ་སྙིང་པོའི་རིན་ཐང་གླེང་བའི་གསུང་ཞིག་དྲངས་ན་འདི་ལྟ་སྟེ།  ང་ཚོས་ཤེས་རབ་སྙིང་པོ་ནི་གླུ་གཞས་ལེན་པ་ལྟར་མི་སྐྱོར་བར་མ་ཟད། རང་གི་རིགས་སྟོབས་ཁོ་ན་ལ་བརྟེན་ནས་ཀྱང་མི་སྐྱོར།  གལ་ཏེ་ཁྱོད་ཀྱིས་སྟོང་ཉིད་སྒོམ་ན།  གལ་ཏེ་ཁྱོད་ཀྱིས་སྒོ་གསུམ་གྱི་ངང་ནས་ཆོས་ཐམས་ཅད་ཕན་ཚུན་དུ་གྲུབ་པའི་རང་བཞིན་རྟོགས་ན།  ཤིན་ཏུ་དམིགས་པ་རྩེ་གཅིག་ཏུ་གནས་པའི་རྣམ་པ་ཤེས་ཡོང་།  ཞེས་དང་། མདོ་འདི་ནི་འདོན་པ་ཁོ་ནའི་ཆེད་དང་ཡང་ན་མཆོད་སྟེགས་སུ་བཞག་སྟེ་མཆོད་འབུལ་བྱེད་པ་ཁོ་ནའི་ཆེད་དུ་མིན།  དེ་ནི་རང་གཞན་གཉིས་ཀར་ཐར་པའི་གོ་འཕང་འཐོབ་ཕྱིར་དུ་གནང་བ་ཞིག་ཡིན།  དེ་ནི་རྨོ་འདེབས་ཀྱི་སླད་དུ་གནང་བའི་ཞིང་པའི་ཅ་ལག་ཅིག་དང་མཚུངས།  མདོར་ན།  མདོ་འདི་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་གནང་བའི་སྦྱིན་པ་ཞིག་ཡིན། ཞེས་གསུངས་པ་ཙམ་དུ་མ་ཟད།  མདོ་འདིའི་བསྟན་བྱ་གཙོ་བོ་ནི་སྟོང་པ་ཉིད་དུ་བཀྲལ་ཞིང་སྟོང་པ་ཉིད་ཀྱི་དོན་ནི་རྒྱུ་འབྲས་རྟེན་འབྱུང་དུ་བཀྲལ་བས། རགས་པའི་ངོས་ནས་བཤད་ན་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་གནས་པ་སོགས་ཀྱི་གཏན་ཚིགས་ལ་བརྟེན་ནས། ཐ་ན་ལྷད་མེད་དྲང་གཤིས་ཀྱི་སེམས་ཁམས་གཙང་མས་དབུགས་འབྱིན་རྔུབ་དང་གཞན་ལ་འཛུམ་སྟོན་པ་ཙམ་གྱིས་ཀྱང་འཛམ་གླིང་ལ་འགྱུར་བ་ཐེབས་ཐུབ་པའི་བསླབ་བྱ་གནང་འདུག  དེ་ནི་ལི་ཐང་བསྟན་འཛིན་གྱིས་མཛུམ་སྟོན་པའི་ཟིན་ཐོ་དེ་ཁོ་ནས་ཀྱང་བདེན་དཔང་བྱ་ཆོག་པར་སེམས།  འདི་ནི་ལི་ཐང་བསྟན་འཛིན་ཡོངས་སུ་གྲགས་ནས་བསྒྲགས་པའི་བྱུང་བ་ཤེས་པའི་གང་ཟག་དག་ལ་ལྟོས་ནས་བདེན་དཔང་དུ་བཤད་པ་ལས།  ཆེད་དུ་བསྒྲགས་ནས་གྲགས་པར་སྒྲུབ་པའི་གང་ཟག་དག་ནི་དེར་མ་གཏོགས་སོ། །

ལྟ་གྲུབ་གསེད་བཀྲོལ་གྱི་རྒྱུན་སྒྲོག་ཙམ་ལས་བརྒལ་ཏེ་དངོས་ཡོད་འཚོ་བའི་ཁྲོད་དུ་བསླབ་བྱར་དྲངས་པའི་འགྲེལ་བ་གསར་མ།

མ་འཇོན་པའི་ཆ་དང་མ་འདང་སའི་སྐྱོན་རྣམས་གླེང་བར་སྤྲོ་བ་མེད་པ་ནི་ཀུན་གྱིས་མཁྱེན་པར་ངེས་པས།  ནད་མཁྲིས་པའི་སྨན་ལ་དཔེ་སྦྱར་ཏེ་དོན་སྟོན་པའི་ཚིག་སྦྱོར་གཞུག་མ་དེ་ཡིས་སྐད་ཆའི་འདྲེན་ཚིག་གནང་བར་ཞུ།  མ་གཞི་ང་ཚོས་མཁས་དབང་ཞེས་འབོད་པའི་མི་སྣ་དག་ནི་བསྐྱར་ཟློས་ལ་ཅུང་ཟད་བྱང་པ་ཙམ་ཞིག་ལས་མི་གཞན་དང་ཁྱད་པར་འཕགས་ཆོས་ཀྱི་ཚད་ཐིག་ཡོད་པའི་གང་ཟག་ཅིག་མིན་པ་ནི་ཀུན་ལ་གསལ་ཞིང་།  དེར་མ་ཟད་ཐ་ན་ཀུན་མཁྱེན་ཞེས་འབོད་པའི་གང་ཟག་མང་པོ་ཞིག་ལ་ཕྱིར་རྟོག་རེ་བྱེད་དུས།  ཆོས་བརྒྱུད་ཀྱི་ཞེན་ལྟ་ཆེ་བའི་མི་སྣ་དག་གིས་ཆོས་བརྒྱུད་ཀྱི་མཁྲེགས་འཛིན་ཆེ་ཞིང་ལྟ་གྲུབ་གསེད་བཀྲོལ་གྱི་རྒྱུན་སྒྲོག་པ་རྣམས་ལ་རང་གར་སྦྱར་བ་ཙམ་ཞིག་ལས།  དམིགས་བསལ་དུ་རྣམ་དཔྱོད་ཀྱི་ཚད་ཤིང་ཡོད་པའི་ཐོག་ནས་འདོགས་པའི་རྒྱུ་མཚན་བཙལ་ཀྱང་མི་རྙེད་པའི་གནས་སུ་སླེབས་ཡོད།  དེ་ལྟས་མ་འོངས་པ་ལ་ང་ཚོའི་ཀུན་མཁྱེན་དང་མཁས་དབང་གི་རྒྱལ་ཚབ་ཏུ་འཕྲུལ་མི་དང་ཐ་ན་སྒྲ་སྒམ་དང་བྱང་བུ་ཡང་འབྱུང་ཆོག་གི་ཡོད་པ་ཡིན།

དེ་བཞིན་དུ་ང་ཚོར་ཤེས་རབ་སྙིང་པོའི་རྩོམ་འགྲེལ་དང་འཆད་འགྲེལ་མང་དུ་བདོག་ཀྱང་དེ་དག་ནི་ཕལ་ཆེར་གཅིག་ཏུ་འདུས་ཤིང་གཅིག་པོ་གང་དེའི་ལྟ་གྲུབ་རྒྱུན་སྒྲོག་གི་ཡོ་ཆས་ཙམ་ལས་མེད་ཅིང་།  ལྷག་པར་དུ་ང་ཚོ་དང་བར་ཐག་རིང་ཞིང་ང་ཚོའི་འཚོ་བའི་ཁྲོད་དུ་བསླབ་བྱར་འཁྱེར་ཆོག་པའི་ཁ་ཕྱོགས་ཀྱི་སྒྲོམ་གཞི་མེད་གཤིས།  འགྲེལ་བ་ཐོག་མ་དག་ནི་ལེགས་བཤད་ཡིན་ཡང་། གཞུག་མ་རྣམས་ནི་བསྐྱར་ཟློས་ཙམ་དང་ཐ་ན་གོ་སླ་བ་རྣམས་དཀའ་རུ་གཏོང་བའི་ཐབས་ལམ་བེད་སྤྱད་དེ་བླུན་པོའི་དབུས་ནས་མཁས་ཉམས་སྟོན་པའི་གསང་བའི་འགྲེལ་བ་བྲིས་པ་ཡང་མང་དུ་མཆིས།

ད་ནི་ཁོང་གིས་ཇི་ལྟར་བརྩམ་པའི་སྐོར་ནས་མཚན་གཞིའི་ཐུང་ཐུང་ཞིག་ཞུས་པ་ཡིན་ན་འདི་འདྲ་ཞིག་མཐོང་སྟེ།  གདམ་ཡུལ་གྱི་ཁ་ཕྱོགས་ནི་ས་ལམ་གྱི་རྟོགས་པ་མཐོན་པོར་བརྙེས་པའི་གང་ཟག་རྣམས་ལ་རྟོགས་འབུལ་གྱི་ཚུལ་ལམ་ལོངས་སྐུའི་ཆོས་འཁོར་བསྐོར་ས་ལྟ་བུ་མ་ཡིན་པར། རང་དང་འདྲ་བའི་སྐྱེ་བོ་ཕལ་པ་རྣམས་ཡིན་པ།  ཇི་ལྟར་གདམ་ཚུལ་ནི།  དེ་དག་གི་མི་ཚེའི་ནང་དུ་བྱུང་བའི་དཀའ་ངལ་ལ་གདོང་ཇི་ལྟར་གཏད་ཚུལ་གྱི་བསླབ་བྱ་དང་། བཟང་སྤྱོད་ལེགས་མཐུད་ཀྱི་སློབ་གསོར་བཀྲལ་ཏེ་རིམ་གྱིས་ངེས་ལེགས་ལ་དཀྲི་བའི་ཐམས་ལམ་བེད་སྤྱད་ཡོད་པ།  དེ་ཡང་དཔེ་ནི་རྒྱུན་དུ་མཐོང་བཏུབ་པའི་དངོས་པོ་རྣམས་དང་སྦྱར་ཏེ་འཚོ་བའི་ནང་ནས་འཕྲད་པའི་སེམས་ཀྱི་དཀའ་ངལ་སེལ་ཚུལ་དང་།  བྱ་བ་གང་ཞིག་བསྒྲུབ་པ་ཡིན་ན་ཡང་སྤྱི་པའི་འགན་ཁྲི་དང་རྒྱུ་འབྲས་བློ་མིག་གིས་མཐོང་བའི་ཐོག་ནས་བསྒྲུབ་དགོས་པར་འཆད་པའི་ཚིག་ཀུན་ལ་ཤེས་རབ་སྙིང་པོའི་རྩིས་ཟིན་པའི་རྟེན་འབྱུང་གི་ལྟ་བའི་གཏན་ཚིགས་བེད་སྤྱད་ཡོད་པ།

དཔེར་ན་མཚན་གཞི་ཞིག་གི་ཐོག་ནས་བཤད་པ་ཡིན་ན།  བུད་མེད་ལོ་ཆུང་ཞིག་འཚོ་བའི་གནོད་ཤུགས་མ་བཟོད་ནས་སྨད་འཚོང་མའི་ལམ་དུ་ཞུགས་ཤིང་།  ཁོར་ཡུག་གི་གནོད་ཤུགས་མ་བཟོད་ནས་རང་ཉིད་ཀྱང་རང་ལ་སུན་ཞིང་སེམས་ཞུམ་སྐྱོ་གདུང་གིས་ཁེངས་དུས།  ཁོང་གིས་དེ་ལ། དྲི་མ་མེད་པ།  དྲི་མ་དང་བྲལ་བ་མེད་པ།  ཞེས་པའི་གསུང་འདི་སེམས་ཀྱི་དཀའ་ངལ་སེལ་བའི་བསླབ་བྱ་དང་སློབ་གསོར་བཀྲལ་ཏེ་དོན་དག་མང་པོ་ཞིག་གི་གནས་ལུགས་གསལ་བར་བྱས་བཞག་ཡོད་པ་ཡིན།  (ཞིབ་པར་ལེའུ་དྲུག་པ་མེ་ཏོག་རྒྱ་སེ་དང་གད་སྙིགས་ཀྱི་ལེ་ཚན་དེ་རུ་གཟིགས་པར་ཞུ)ང་ཚོས་འདི་ལས་མཐོང་ཐུབ་པའི་ཁྱད་ཆོས་གཅིག་ནི།  ཉེར་སྙིང་ནི་རང་གི་འཚོ་བའི་ཁྲོད་དུ་མཁོ་བའི་བསླབ་བྱ་ཞིག་དང་རང་ཉིད་ཤེར་སྙིང་དང་བར་ཐག་ཇེ་ཉེ་རུ་གཏོང་བའི་ཐབས་ལམ་དེ་ཉིད་ཡིན།

སྟོང་པའི་བབ་སོ་རྒྱུ་འབྲས་ལྟོས་གྲུབ་ཀྱི་རིགས་པས་གང་ཟག་གི་བདག་མེད་དུ་གྲུབ་པའི་འགྲེལ་བ་གསར་མ།

དེ་ལ་འགྲེལ་བ་འདིར་བསྒྱུར་བའི་ཆེད་སྤྱོད་ཀྱི་ཐ་སྙད་གཅིག་ནི་ཕན་ཚུན་པ་ཞེས་པ་འདི་ཡིན་ཡང་། ཚིག་གྲོགས་དང་བརྗོད་པ་གཞན་ལ་བརྟེན་ནས་གོ་བ་ལེན་དགོས་པ་མ་གཏོགས་ཐ་སྙད་རང་གི་སྟེང་དུ་བརྗོད་བྱའི་དོན་དེ་སྟོན་པའི་ནུས་པ་མེད་པར་སེམས་ཏེ།  ཤོག་ལྷེ་འདི་དང་ཉི་འོད་ཀྱང་ཕན་ཚུན་དུ་གནས་ཞེས་གསུངས་པའི་ཚིག་འདི་ཁོ་ནའི་ངོས་ནས་གཞིགས་ཀྱང་།  ཚིག་གྲོགས་དང་བརྗོད་པ་གཞན་དག་དང་བྲལ་དུས་བརྗོད་འདོད་ལས་དོན་གཞན་སྟོན་པའི་ཐ་སྙད་དུ་འགྱུར་བར་གསལ་ཞིང་།  ད་དུང་ཕན་ཚུན་དུ་གྲུབ་པ་ཞེས་པའི་ཐ་སྙད་འདིས་ནི་བརྗོད་དོན་ལོག་པ་ཞིག་ཀྱང་བསྟན་སྲིད་དེ།  དཔེར་ན་གང་ཟག་ནི་སྟོང་པ་ཉིད་ཡིན་ཏེ་ཁོའི་གདགས་གཞི་ཕུང་ལྔ་ཕན་ཚུན་དུ་གྲུབ་པ་ཡིན་ཞེས་བཤད་དུས། གང་ཟག་དེའི་གཟུགས་ཕུང་སྐབས་འདིར་བསྟན་པའི་སྟོང་པ་དེ་མིན་པའི་ལོག་རྟོག་བསྐྱེད་སྲིད་པ་དེ་ཡིན། དེ་བས་ཐ་སྙད་འདི་ཡིས་བརྗོད་པ་བཟོས་པའི་ཚིག་དག་ལ་དེ་ཙམ་ཡི་གར་ཡོང་མ་སོང་།

ལེའུ་དང་པོ་ཕན་ཚུན་པའི་ནང་དུ།  ཤོག་ལྷེ་འདི་རྒྱུ་རྐྱེན་མང་པོ་ལ་ལྟོས་ནས་གྲུབ་ཅིང་དེའི་ཆ་ཤས་སོ་སོར་བསལ་བ་ཡིན་ན་ཤོག་ལྷེ་འདི་གྲུབ་ཚུལ་མེད་པར་གསུངས་པའི་མཇུག་ཏུ། ཤེས་རབ་སྙིང་པོས་ཕལ་ཆེར་དེའི་ལྡོག་ཕྱོགས་ནས་གསུང་གི་ཡོད་པར་སྣང་ཞེས་བཞེད་པའི་གསུང་ལས་དོན་གཉིས་མཐོང་ཐུབ་སྟེ།  གཅིག་ནི་དགྲོལ་བྱའི་མདོ་འདིར། མ་ཐོབ་པའང་མེད་དོ། །ཞེས་པའི་ཚིག་འདི་མེད་པའི་རྐྱེན་གྱིས་བདེན་གཉིས་སྙོམ་སྒྲིག་གི་ཚིག་ཆ་མ་མཉམ་པའི་སྐྱོན་དང་།  གཉིས་པ་ནི་རྒྱུ་འབྲས་ལྟོས་གྲུབ་དང་ཆ་དང་ཆ་ཤས་བསལ་བའི་རིགས་པ་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་དོན་དེ་གང་ཟག་གི་བདག་མེད་དུ་བསྒྲུབ་པ་ཞིག་ལས་བདེན་མེད་དང་སྟོང་པ་ཉིད་ཀྱི་དོན་གཏན་ལ་ཕབ་པ་ནི་མ་ཡིན་པ་སེམས་སོ། །

དེ་ཡང་ལེའུ་གཉིས་པ་གང་གིས་སྟོང་ངམ་ཞེས་པའི་ནང་དུ།  སྟོང་པའི་དོན་ནི་ཚུགས་ཐུབ་ཀྱི་བདག་གིས་སྟོང་པའི་དོན་དང་།  ཚུགས་ཐུབ་ཀྱི་བདག་གིས་སྟོང་པའི་དོན་ནི་ཆོས་མཐའ་དག་འདུས་པའི་དོན་དུ་བཀྲལ་འདུག  མཚན་གཞི་ཚང་མ་རགས་པའི་དངོས་པོ་དང་སྦྱར་ནས་གསུངས་གཤིས།  བྱེ་མདོས་བུམ་སོགས་རགས་པའི་དངོས་པོ་རྫུན་པར་སྒྲུབ་པའི་རིགས་པ་དང་ཁྱད་པར་ཆེན་པོ་མཐོང་མི་བཏུབ་ཅིང་།  ལེའུ་ལྔ་པ་རྒྱུན་མཐུད་ཀྱི་ཉིན་མོ་བདེ་ལེགས་ཞེས་པའི་སྐབས་སུ།  འཆི་བ་མེད་པའི་རྒྱུ་མཚན་རྫས་རྒྱུན་ལ་འཁེལ་བའི་སྒྲུབ་བྱེད་དུ།  ཁོང་གིས།  ཐ་ན་དེང་གི་ཚན་རིག་པ་རྩེ་ཕུད་ཚོས་ཀྱང་ཐལ་རྡུལ་ཕྲ་མོའམ་གློག་རྡུལ་ལྟ་བུའི་བྱ་དངོས་རྣམས་ཆུང་དུ་བཏང་སྟེ་མེད་པར་གཏོང་ཐུབ་ཀྱི་མེད།  ནུས་པའི་རྣམ་པ་གཅིག་ནུས་པའི་རྣམ་པ་གཞན་ཞིག་ཏུ་འགྱུར་བ་ཁོ་ན་བྱེད་པ་ཡིན།  རྡུལ་ཕྲ་མོ་འདུས་པའི་བྱ་དངོས་གང་ཞིག་ཡིན་ཡང་མེད་པར་གཏོང་མི་ཐུབ།  ཅེས་སོགས་བཤད་པའི་བབ་དང་།  ལེའུ་བཞི་པ་སྟོང་པ་ཉིད་ཁྲི་ལོར་ཤོག་ཅེས་པའི་ནང་དུ།  སྟོང་ཉིད་ཅེས་པ་ནི། ཚུགས་ཐུབ་ཀྱི་བདག་གིས་སྟོང་པའི་དོན་ཡིན།  དེར་ཆོས་ཐམས་ཅད་འདུས་ལ་ཚེ་སྲོག་གིས་ཁེངས་ཡོད།  སྟོང་ཉིད་ཅེས་པའི་ཐ་སྙད་འདིས་ང་ཚོར་ཞེད་སྣང་སློང་མི་དགོས།  དེ་ནི་ཡིད་དུ་འོང་བའི་ཐ་སྙད་ཅིག་ཡིན། ཞེས་གསུངས་པའི་གཞུང་གི་བབ་དང་སྦྱར་ནས་བལྟས་པ་ཡིན་ན། སྐབས་འདིར་བསྟན་པའི་སྟོང་པའི་བབ་སོ་ནི་གཙོ་བོ་གང་ཟག་གི་བདག་མེད་དུ་གྲུབ་པར་སྣང་།  འོན་ཀྱང་། ཐལ་རྡུལ་ཕྲ་མོ་གཅིག་གི་ཐོག་ཏུ་ལྷ་ཡུལ་གྱི་ཞིང་ཁམས་གནས་སྲིད་པའི་རྣམ་བཞག་དང་།  འདི་ནི་དུས་རབས་གཉིས་པར་བྱོན་པའི་ནང་པའི་ལྟ་གྲུབ་སྨྲ་བ་མགོན་པོ་ཀླུ་སྒྲུབ་ཀྱིས་ཡོངས་ཁྱབ་ཏུ་གསུངས་ཤིང་།  ཞེས་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པ་ལྟ་བུར་བཤད་ཅིང་ལྟོས་གྲུབ་ཀྱི་མཚན་གཞི་ཡང་གསུངས་འདུག་ལ།  ཡུལ་ཡུལ་ཅན་ལྟོས་པས་གྲུབ་པ་དང་གཉིས་སྣང་གི་འཛིན་པ་སྒྲིབ་པར་བཞེད་ཅིང་། བྱང་ཆུབ་ནི་སེམས་ཀྱི་འོད་གསལ་དུ་བཤད་པ་སོགས་ཀྱིས་མཐའ་གཅིག་ཏུ་བསྡོམས་ཚིག་ནི་འགོད་ཁག་པར་སེམས།

གཞན་ཡང་ལེའུ་ལྔ་པ་རྒྱུན་མཐུད་ཀྱི་ཉིན་མོ་བདེ་ལེགས་ཞེས་པའི་སྐབས་སུ། འདི་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་མེད་ཀྱི་གནད་དོན་ཞིག་མིན།  འདི་ནི་སའི་གོ་ལའི་སྟེང་གི་ཚེ་སྲོག་གི་ལོ་རྒྱུས་རེད།  ང་ཚོ་ནི།  རླུང་དང་།  ཉི་འོད།  ཆུ།  ཧམ་སྤུ།  རྩི་ཤིང་བཅས་ཡིན་མྱོང་ཞིང་ཕྲ་ཕུང་གཅིག་གིས་གྲུབ་པའི་སྲོག་ལྡན་ཡང་ཡིན་མྱོང་།  སངས་རྒྱས་ཀྱིས་ཁོང་གི་ཚེ་སྔོན་ནི་སྡོང་པོ་ཞིག་དང་།  ཉ་ཞིག  ཤ་བ་ཞིག་ཡིན་ཞེས་གསུངས་མྱོང་།  འདི་དག་ནི་རྨོངས་དད་ཅིག་མ་རེད།  ང་ཚོ་ཐམས་ཅད་སྤྲིན་པ་དང་།  ཤ་བ། བྱེའུ་།  ཉ་བཅས་ཡིན་མྱོང་ཞིང་།  ཚེ་སྔོན་ཁོ་ན་མིན་པར་ད་དུང་མུ་མཐུད་ནས་དེ་དག་ཏུ་འགྱུར་བར་བྱེད།  ཅེས་བཤད་པ་འདི་ནི་འཕེལ་འགྱུར་རིག་པའི་རྣམ་བཞག་ཅིག་ཁ་འཕངས་པ་ཡིན་ན་ནི་དེར་ཟད་ལ།  དེ་མིན་རྣམ་ཤེས་ཀྱི་གཞུང་ཤིང་བྱས་པའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་དང་སྦྱར་ནས་བཤད་པ་ཡིན་ན་ནི། ཧ་ཅང་དྲི་བ་དཀའ་མོ་ཞིག་དྲང་ཡོང་བ་ཡིན།  དེ་ནི་ཡང་སྙིང་ང་ཚོ་ལྗོན་ཤིང་གི་སྐྱེ་བ་ལེན་རྒྱུ་ཡོད་མེད་དེ་ཉིད་ཡིན།  དུས་ཀྱི་འཁོར་ལོ་ལས།  ལྗོན་ཤིང་དུད་འགྲོའི་སྐྱེ་བར་བསྡུས་ནས་གསུང་པ་དང་།  མཛངས་བླུན་ཞེས་བྱ་བའི་མདོ་ལས། དགེ་འདུན་གྱི་ལས་བྱེད་པ་དགེ་སློང་ལི་ཏས་དགེ་འདུན་གྱི་དཀོར་ལ་ལོངས་སྤྱད་ཅིང་གཞན་ལ་སྟེར་བའི་ལས་ཀྱི་དབང་གིས། ཤིང་སྡོང་ཆེན་པོ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་མྱོང་བ་འཕགས་པ་མོའུ་འགལ་གྱི་བུས་གཟིགས་ཚུལ་དང་།

གཏམ་རྒྱུད་གསེར་ཐང་ལས།  གཅེར་བུ་པའི་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་རིགས་པ་འགོག་བྱེད་ལ་ནུས་པ་མེད་ཚུལ་དང་། འབུ་སྦྲང་ཟ་བའི་སན་དེའུ་བྱ་བ་དང་བིན་ས་བྱ་བའི་མེ་ཏོག་གཉིས་མཚན་གཞིར་བཟུང་སྟེ། འདི་དག་སེམས་ལྡན་དུ་མི་འདོད་ན། འབུ་ལ་སོགས་པ་སྲོག་ལྡན་དུ་འདོད་པ་རྣམས་ལ་ཡང་སྲོག་ཡོད་པའི་རྟགས་མི་འདྲ་བ་ཅི་ཞིག་སྟོན་དགོས་པ་རེད་ཅེས་ཚ་འདྲི་གནང་ཡོད་པ་ཡིན།

རྣམ་ཤེས་ཀྱི་ནུས་པའི་གསང་བ་ལས། ལྗོན་ཤིང་ཐང་འབྲུག་སོགས་ལ་རྫུན་དཔྱད་འཕྲུལ་ཆས་བེད་སྤྱད་དེ་ཚོར་ཤེས་ཡོད་པར་བཤད་པ་དེ་དག་དང་།

ཚན་རིག་པས་ལྗོན་ཤིང་སྲོག་ལྡན་དུ་འདོད་པ་ལ་སེམས་དང་ཚེ་སྲོག་ཅེས་པའི་དཔེ་དེབ་ནང་དུ་རིན་པོ་ཆེས་ཀྱང་དེ་བཞིན་དུ་འདོད་པའི་གསུང་གླེང་གནང་འདུག་ལ།  སིངྒལའི་ནང་པ་རིགས་གསར་སྨྲ་བ་རྣམས་སྟོན་པས་སྐྱེས་བ་གཅོད་པའི་ལྟུང་བྱེད་གསུངས་པ་ཡང་འདི་ལ་དགོངས་པར་མཛད་ཟེར་བ་སོགས་ལ་གཞིགས་ན་དཔྱད་གཞི་ཆེན་པོ་ཡོད་ཀྱང་།  རབ་ལྡན་གྱིས་ལོག་རྟོག་ཕྱིར་ཟློག་ནང་དུ། རྩྭ་སྔོ་གཅོད་པའི་ངོ་བོ་ལུང་མ་བསྟན་ཡིན།  རིགས་པས་ཀྱང་གྲུབ་ཅེས་བཤད་པའི་གཡག་སྣ་ཁུར་ཚུར་གྱིས་ཕུག་པའི་བསྡོམས་ཚིག་འདི་དག་ནི་ཅི་འདྲའི་དགོད་བྲོ་བ་ཞིག་མ་རེད་ཨང་།  གཏམ་འདི་དག་ལ་དཔྱད་པ་ཞིག་བྱ་དགོས་སོང་བ་ཡིན་ན་དྲི་བ་ཞིག་ཁུར་ནས་གནང་དགོས་པ་རེད། དེ་ནི་ངོ་ཚ་དང་བྲལ་བའི་ཧམ་བཤད་སྨྲ་བའི་སྙིང་སྟོབས་དེ་གང་ནས་སྐྱེས་པ་ཡིན་ཞེས་པའི་དྲི་བ་འདི་རང་ཡིན། ད་ནི་འདི་དག་དེ་ཙམ་སྐབས་སུ་མ་བབ་པས་རེ་ཞིག་དེ་ཙམ་དུ་བཞག་ལ། མདོར་ན་རྣམ་ཤེས་ནི་སྤྲང་འཁྱམ་ཞིག་དང་མཚུངས་པའི་རྐྱེན་གྱིས་ཁོ་རང་གནས་འཆའ་ཆོག་མིན་གྱི་ཐོག་ནས་གཞི་དེ་དང་དེ་ལ་གནས་དང་མི་གནས་པའི་རྣམ་བཞག་ཙམ་ལས། འདི་དང་གན་ལ་གནས་མིན་ཤན་འབྱེད་ཀྱི་ཚད་ཐིག་སུས་ཀྱང་གདབ་པར་མི་ནུས་པར་སེམས་ཤིང་། ཐ་ན་འཕྲུལ་མི་ལ་གནས་མི་ཆོག་པའི་གཏན་ཚིགས་ཀྱང་མེད།

ཡི་གེ་ཆད་ནོར་རེ་གཉིས་མཐོང་ཡང་དེ་དག་ལ་གོ་བ་དཀྲུག་པའི་གནད་དོན་མེད་གཤིས་བཏང་སྙོམས་སུ་བཞག་ལ།  ང་ཚོས་ལྟ་གྲུབ་ཀྱི་སྐོར་གླེང་གི་མེད་པར་དངོས་ཡོད་ཀྱི་གནས་ཚུལ་གླེང་གི་ཡོད་པ་དེ་དྲན་པར་མཛོད་ཅིག ཅེས་ལོ་ཙཱ་བའི་འགྱུར་ཚིག་འདི་ལ་དེ་ཙམ་འཐད་པར་མ་མཐོང་ཡང་། མ་རྩོམ་དང་སྡུར་བའི་ཤེས་ཡོན་མེད་གཤིས་ལོ་ཙཱ་བའི་འགྱུར་སྐྱོན་རང་དུ་བཤད་པ་ཡིན་ན་མི་འོས་པར་སེམས། ད་དུང་ཚན་པ་ཁ་ཤས་ནི་བླངས་ཀྱང་ཆད་སོང་བའི་ངང་ཚུལ་མཐོང་མི་བཏུབ་པ་དང་། གོང་འོག་གཉིས་ཀ་ལ་མཚམས་སྦྱོར་གྱི་འགྲེལ་ཆགས་པའི་གོ་རིམ་མཚམས་སྦྱོར་གྱི་འདྲེན་ཤུགས་དེ་ཙམ་མེད་པ་ནི་མ་རྩོམ་རང་སྐད་ཀྱི་གཏམ་ལ་ལེགས་པར་སྦྱོར་ཐུབ་མེད་པའི་གནད་དོན་ཞིག་ཡིན་ཡང་།  བཀའ་བསྟན་ནང་གི་ཆོས་ཚན་ཁ་ཤས་ལ་བསྒྱུར་ཞུས་གཏན་ལ་ཕབ་པའི་རྣམ་བཞག་ཡོད་པ་ཙམ་དུ་མ་ཟད་སྔ་ཕྱི་བར་གསུམ་གྱི་ལོ་ཙཱ་བ་མང་པོས་ཕྱག་ལས་རབ་དང་རིམ་པ་མང་དུ་གནང་ཡོད་པའི་ལོ་རྒྱུས་ལ་གཞིགས་ན། འདི་འདྲ་བའི་རིགས་ནི་སྒྱུར་རྩོམ་དག་ལ་མང་དུ་འབྱུང་གི་ཡོད་པ་གསལ་བོར་ཡིན།  དེ་བས་འདི་འདྲ་ལ་དཀྱེལ་ཡངས་གནང་ཆོག་ཀྱང་ཤེས་ཡོན་པས་བཏང་སྙོམས་སུ་བཞག་ན་ལོ་ཙཱའི་ལས་རིག་ལ་འཐུས་ཤོར་འབྱུང་བར་ཡང་དོགས།

༢༠༢༡/༡/༡༤ ལོ་ཆུང་ལེགས་སྐྱེས་སུ་ཕུལ།