《ལམ་གྱི་ཉི་འོད།》

ཁྱོད་ཀྱིས་ལམ་གྱི་ཉི་འོད་ཅེས་པའི་བརྩམས་སྒྲུང་དེ་བཀླགས་མྱོང་ངམ། དེའི་ནང་དུ་ཅི་ཞིག་གི་བསྟན་དོན་ར་སྤྲོད་བྱེད་ཀྱིན་ཡོད་དམ། མང་བོ་ཞིག་གིས་བཀླགས་མྱོང་ཡོད་སྲིད་ལ་སོ་སོས་བཀླགས་པའི་མྱོང་ཚོར་ལ་འདྲ་བོ་མེད་རྐྱེན།  དེས་ཤུགས་རྐྱེན་ཐེབས་ཚུལ་ཡང་འདྲ་མི་སྲིད། ངས་ལམ་གྱི་ཉི་འོད་བཀླགས་དུས་ངས་རང་ཉིད་བརྗོད་བྱ་དེའི་ནང་གི་”ཕུན་རྣམ”་ཞེས་པའི་མི་སྣ་དེ་ཡིན་སྣང་སྐྱེས་ཤིང་། དེ་དང་ངའི་ལས་དབང་གཉིས་ཐ་དད་མ་ཡིན་པའི་ཚོར་བ་ཤུགས་དྲག་པོ་བྱུང་། དེ་ཡིས་ངའི་ཆུང་དུས་ཀྱི་བརྩེ་དུང་དྲན་པར་གྱུར་ཞིང་། བརྩེ་དུང་དེ་ནི་བརྩམས་སྒྲུང་འདི་དང་འདྲ་ཞིང་བརྩམས་སྒྲུང་འདི་ཡང་བརྩེ་དུང་དེ་དང་ཆ་འདྲ་བའི་ངོས་ཤིག་རྙེད་བྱུང་། གལ་ཏེ་ང་ཕུན་རྣམ་ཞེས་པའི་མི་སྣ་དེ་ཡིན་པའི་དབང་དུ་བྱས་ན་ངས་ཀྱང”ལྷ་མཛེས”ཞེས་པའི་མི་སྣ་དེའི་ཞྭ་མོ་དམར་བོ་དེ་ཆུས་ཁུར་བ་སྣང་དོགས་མི་བྱེད་པར་འདུག་གམ། ཡང་ན་གཞུག་འདང་ཆེས་ཆེར་བརྒྱག་མི་སྲིད་པའི་ངས་གཞུང་དྲང་ཡིན་ལ་ཟོལ་མའང་ཡིན་པའི་ཧོལ་སྤྱོད་དང་བསྟུན་ནས་ཆུར་ལྕེབས་སྲིད། དེ་ལྟར་ལྷ་མཛེས་ཀྱི་འཛུམ་མདངས་ཉག་དེའི་སླད་དུ་ཞྭ་མོ་དམར་བོ་དེ་ཆུ་ལས་བཏོན་ནམ།  གལ་ཏེ། ཕུན་རྣམ་གྱིས་ཐོག་མ་ཉིད་ནས་ཞྭ་མོ་དམར་བོ་དེ་ཆུ་ལས་བླངས་ཡོད་ན་ལྷ་མཛེས་ཀྱིས་ཞྭ་མོ་ཞིག་གི་དོན་དུ་རང་ལུས་ཆང་ཕོར་ཁ་ནས་བརླག་མི་དགོས། མདོར་ན་རྒྱུ་རྐྱེན་ཉག་ཅིག་ནི་“ཞྭ་མོ་དམར་བོ”དེར་ཁེལ་འདུག  བརྩམས་སྒྲུང་ནང་གི་ལྷ་མཛེས་ཀྱིས་བཤད་པ་བཞིན་ཕུན་རྣམ་དངོས་ནས་གླེན་པ་ཞིག་རེད། ང་ལྟ་བུའི་གླེན་པ་ཁ་ནག་ཅིག་རེད།  ངས་དེ་ལྟར་བསམ་གཞིག་བྱས་རྗེས་བརྩམས་སྒྲུང་ནང་གི་མི་སྣ་དག་ནི་ང་དང་ངའི་ཆུང་དུས་ཀྱི་བརྩེ་དུང་དང་འབྲེལ་བ་དམ་ཟབ་ཡོད་པའི་གཏམ་རྒྱུད་ཅིག་ཏུ་གྱུར། ཏག་ཏག་ཡོད་ཚད་ཞྭ་མོ་དམར་བོ་ཞིག་ལས་འགོ་བརྩམས་ཏེ་སླར་ཡང་ཞྭ་མོ་དམར་བོ་ཞིག་ལས་མཇུག་གྲིལ་རྗེས་བརྩམས་སྒྲུང་དེའི་ཁ་བྱང་ལ་ཅིའི་ཕྱིར་ཞྭ་མོ་དམར་བོ་ཞེས་མ་བཏགས་པར་འདང་རྒྱག་དང་ཞེ་འགྱོད་ལྟ་བུ་བྱུང་། མ་ཟད་དེ་ནི་རྩོམ་པ་པོར་བཏོན་འདོད་ཀྱི་འདྲི་རྟགས་ཤིག་ཏུ་གྱུར།  ཡིན་ཡང་རྩོམ་པ་བོས་བརྗོད་འདོད་ཀྱི་“ལམ་གྱི་ཉི་འོད”ནི་ཟམ་སྣེ་དེ་གར་འདུས་པའི་གཡོག་རྒྱུག་བྱེད་མཁན་དང་མི་ཚོགས་ཀྱི་བརྩེ་དུང་མཚོན་པའི་འོད་རླབས་ཤིག་ཡིན་ཞིང་། དེ་ཡི་སྒྲིག་གཞི་ཚགས་དམ་ཞིང་བརྗོད་སྙིང་ཡིད་འགུལ་བའི་ནུས་པ་ཕུན་སུམ་ཚོགས་པ་ཞིག་རེད་པས་ངས་ཁོང་གི་བསམ་ཚུལ་ཇི་ལྟ་བུ་བཞིན་གསལ་རྟོགས་བྱུང་མེད་ཀྱང་སྲིད་མོད། དེ་ལྟར་ལམ་གྱི་ཉི་འོད་ནི་ཆུང་དུས་ཀྱི་བརྩེ་དུང་ཞིག་ཏུ་གྱུར་ཞིང་། བརྩེ་དུང་དེ་ནི་ལྷ་བྱམས་རྒྱལ་དང་བརྩམས་སྒྲུང་ནང་གི་མི་སྣ་དེ་ཚོ། ད་དུང་ཕྲན་ལྟ་བུའི་ཀློག་པ་བོ་སོགས་ཐུན་མོང་གི་རྨི་ལམ་ཚན་པ་ཞིག་ཏུ་གྱུར།

                                                   ༢༠༢༠/༩/༢༥ཉིན་བཏབ།

           《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉྭ་ཞིག་ཡིན།》

བརྩམས་སྒྲུང་འདི་བཀླགས་དུས་སེམས་ཀྱི་དགའ་སྐྱོ་སྦི་ཆང་བཞིན་འཕྱུར་ཡོང་སྟེ། འདི་ནི་ལྷ་བྱམས་རྒྱལ་ལགས་ཀྱི་བརྩམས་སྒྲུང་ཁྲོད་ཆེས་མངོན་པར་འཕགས་པའི་སྒྲུང་འབྲིང་ཞིག་ཡིན། ང་ཐོག་མར་བརྩམས་སྒྲུང་དེའི་ནང་གི”་དཔལ་ལྷ”ཞེས་པའི་བུད་མེད་གཞོན་ནུ་མ་ཞིག་གི་ཆེད་དུ་སེམས་འགུལ་ཐེབས་ཤིང་ལྷ་སའི་ཉི་འོད་ཅེས་པའི་ནང་མ་ཁང་དེ་གར་འདུས་སྡོད་བྱས་པའི་གཡོག་རྒྱུག་བྱེད་མཁན་གྱི་མོའི་ལས་གྲོགས་དག་ལ་སྡང་སེམས་དང་ཕྲག་དོག་ལངས་བྱུང་། དཔལ་ལྷའི་སེམས་ཀྱི་ཁོང་མར་སྦས་པའི་”ཡར་འབྲོག་གཡུ་མཚོ” དང་རྒྱང་རིང་གི་མ་ཡུམ་ལགས། སྐྱེ་བ་ནས་འཆི་བའི་བར་ངོ་འཕྲད་མ་མྱོང་ཡང་རེ་སྒུག་དང་དམ་ཚིག་ཕ་ལགས་ཀྱི་”བླ་གཟི”དང་ལྷན་དུ་སྲོག་ལ་བརྐོས་པའི་མི་ཚེ། ཡར་འབྲོག་གཡུ་མཚོའི་བརྩེ་དུང་པེ་ཅིང་གི་ན་བུན་སྟུག་པོའི་ཀློང་ནས་སྦི་ཆང་གི་སྐྱུར་ཁ་དང་བརྗེས་པའི་ན་ཚོད། འཕྱོ་འཇགས་ཀྱི་གླུ་སྐད་ཅིག་ལས་སྐྱེ་བ་འདིའི་སྲབ་སྐྱོགས་གསར་རྒོད”་སུམ་པའི”་ཕྱོགས་སུ་གློད་པར་ཞེ་འགྱོད་ཙམ་ཡང་སྐྱེས་མ་མྱོང་བའི་བརྩེ་དུང་། མཐོ་སྒང་གི་བུ་མོ་ཞིག་གི་ལང་ཚོ་དང་བརྩེ་བ་པེ་ཅིང་གི་ན་བུན་ཁྲོད་གཏན་འཇགས་སུ་གྱུར་བའི་སྐྱོ་གར་སོགས་ནི་བརྩམས་སྒྲུང་འདིའི་ཁྱད་མཚར་བའི་བློས་བསླངས་རེད།  བརྩམས་སྒྲུང་འདིའི་ཁྲོད་ཀྱི་མི་སྣ་དག་སྦི་ཆང་གིས་ར་བཟི་བར་བྱས་འདུག་ལ།  པེ་ཅིང་གི་ནམ་མཁའ་ཡང་དེ་ལྟར་ར་བཟི་བར་བྱས་འདུག དེ་ལྟ་ན་བརྩམས་སྒྲུང་འདི་ནི་སྦི་ཆང་དམ་བེ་གང་སྟེ། ང་ཡང་ར་བཟི་བར་བྱས་བྱུང་།

བརྩམས་སྒྲུང་གང་ཞིག་བཀླག་ན་དེའི་ཁྲོད་ཀྱི་རྟོག་བཟོ་ནི་རྟོག་བཟོ་རང་ཡིན་མོད། འཚོ་བ་གསོན་པོ་ཞིག་གི་ངོས་ནས་བཀླག་ན་དམིགས་བསལ་གྱི་མྱོང་བ་དང་བློ་སྐྱེད་འབེལ་པོ་རེག་ཡོང་། བརྩམས་སྒྲུང་འདིའི་ཤུགས་སུ་དུས་རབས་ཀྱི་འགྲོས་དང་བསྟུན་སྤྱི་ཚོགས་ཀྱི་རྙོག་འཛིང་། བརྩེ་དུང་གི་ཆག་འཇིག་སོགས་ལས་བུད་མེད་གཞོན་ནུ་མ་ཞིག་གི་ཁེར་རྐྱང་གི་འགྲུལ་བཞུད་གཙོ་བོར་བརྗོད་ཡོད་པར་མ་ཟད་གཞོན་ནུ་མ་དེའི་ལས་དབང་ལ་གདོང་སེམས་གཏད་ཡོད་པར་སྙམ། བདག་ཀྱང་གཟུགས་མེད་ཀྱི་མི་སྣ་དེ་དག་གི་ཆེད་དུ་གདུང་སེམས་ཡང་ཡང་བྱུང་།

                                                    ༢༠༢༠/༡༠/༣༡ཉིན་བཏབ།

                                《ལོ་དེ་ལ།》

བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་མར་ནང་གྲོང་གི་”གསལ་སྒྲོན་དང་ཁོ”གཉིས་ཡིན་  ཞིང་། གཏམ་རྒྱུད་འདི་ནི་ལོ་དེར་གསལ་སྒྲོན་དང་ཁོ་གཉིས་ཞིང་རྣང་བའི་ནང་ནས་ཐང་ཉལ་བྱས་པ་ནས་འགོ་བརྩམས་ཏེ་བྱུང་བ་ཞིག་རེད། ཁོས་རང་ཉིད་མི་འགྱངས་པར་རྒྱལ་ཁབ་ཀྱི་ལས་བྱེད་པར་ཉན་སྲིད་པའི་སྐད་ཆ་དེས་གསལ་སྒྲོན་ལ་སླུ་བྲིད་བཏང་སྟེ་གངས་དཀར་གཡུ་སྒྲོན་མའི་མདུན་ནས་ཁོ་གཉིས་ཐེངས་དུ་མར་ཉལ། ཡིན་ཡང་ལོ་དེ་ལ་ཁོ་མར་ནང་གྲོང་ཚོར་ཁ་བྲལ་ཏེ་གསལ་སྒྲོན་ལ་ཁྲེལ་མེད་བྱེད་སྐབས། གསལ་སྒྲོན་གྱིས་“སང་ཉིན་ཁྱོད་ཞིང་ཁ་ནས་སྡོད་དང་ང་ཁྱོད་ལ་བཤད་རྒྱུ་ཞིག་ཡོད”་ཟེར་བར་ཁོས་གསལ་སྒྲོན་གྱིས“་དོན་ངོ་མར་ཁྱོད་ག་དུས་ཤིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱེད་དུ་འགྲོ་རྒྱུ”ཟེར་ཡོང་བསམ་སྟེ་སྣང་མེད་དུ་སྐྱུར་ནས་མར་ནང་གྲོང་དང་ཁ་གྱེས། འོན་ཀྱང་། ཁོས་ཉིན་དེར་གསལ་སྒྲོན་གྱིས་མངལ་འཁོར་བའི་གནས་ཚུལ་བཤད་འདོད་པ་གཏན་ནས་ཤེས་མ་སོང་། དེ་ལྟར་གསལ་སྒྲོན་དང་ཁོ་གཉིས་ཀས་སུས་ཀྱང་ཕན་ཚུན་གྱི་བསམ་ཚུལ་ལ་རིགས་འདེད་ཀྱིས་ཟིན་མ་སོང་།  བརྩམས་སྒྲུང་འདིའི་ནང་གི་མི་སྣ་དག་ལ་རིགས་འདེད་བྱེད་ལ་དགའ་བའི་གོམས་གཤིས་ཤིག་ཆགས་ཡོད། འོན་ཀྱང་། ཡོད་ཚད་རིགས་འདེད་ཀྱིས་ཟིན་ནུས་པ་ཞིག་མ་ཡིན་པས་གཏམ་རྒྱུད་འདིའི་བྱུང་རིམ་ཡང་ཀློག་པ་བོས་རིགས་འདེད་ཀྱིས་ཟིན་ཐབས་མ་བྱུང་། ལོ་དེར་ཁོས་གངས་ལམ་བརྒལ་ཏེ་རྒྱ་གར་དུ་ཆས་སྐབས་གསལ་སྒྲོན་ལ་ཐང་བ་སྤྲུལ་སྐུ་བལྟམས་ཤིང་ཕྱིས་ཀྱི་ལོ་ཟླའི་ནང་གསལ་སྒྲོན་མ་བུས་མར་ནང་གྲོང་ཚོའི་མི་ཁ་དང་ཁྱད་གསོད་ལ་རྒོད་བསྲན་བྱས། ཁོ་དེ་ལྟར་མི་ལོ་བཅུ་ཕྲག་ལྷག་ལ་བྱེས་སུ་འཁྱམས་ཏེ་ཕྱིར་ལོག་རྒྱུ་མ་བྱུང་། གསལ་སྒྲོལ་གྱི་བརྩེ་དུང་སྔར་བཞིན་ལོ་ཟླ་དང་ན་ཟུག་གིས་སྒུལ་སྐྱོམ་མ་ནུས། དེ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་། ལོ་ངོ་བཅུ་ཕྲག་གི་རྗེས་སུ་ཁོས་ཕ་ཡུལ་གྱི་ཚོང་བ་ཞིག་རྒྱུད་དེ་ཡོད་ཚད་གསལ་རྟོགས་བྱུང་། ཚོང་བ་དེས་ཁོར་གཏད་པའི་སྤྲུལ་སྐུའི་འདྲ་རིས་དེ་ཕྱིས་སུ་ཁོས་བྱམས་བརྩེའི་མིག་ཆུ་དང་བསྡེབས་ཏེ་རི་མོར་བྲིས་པར་ཨ་སྒོར་ཁྲི་བརྒྱ་ལྷག་གི་རིན་དུ་ཟིན་ཡང་ཁོས་མ་བཙོང་བར་སྤྲུལ་སྐུར་ལེགས་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་བཅད། ལོ་དེར་ཁོ་ཕྱིར་མར་ནང་གྲོང་ཚོར་སླེབས་དུས་ཕ་རྒན་གཤེགས་པའི་ངང་ཚུལ་མཐོང་མ་ཐག་ཡོད་ཚད་རིགས་འདེད་ལས་འགོངས་ཡོད་པ་ཚོར། མ་གཞི་འཚོ་བ་ནི་བརྩམས་སྒྲུང་འདི་དང་འདྲ་བར་རིགས་འདེད་དང་ཇུས་འགོད་ལས་འགོངས་པ་ཞིག་རེད་ཨང་།

༢༠༢༠/༡༡/༥ཉིན་བཏབ།

གསལ་བཤད།

ཁོ་བོས་སློབ་སྦྱོང་གི་ཞ་ཞོར་ངལ་གསོའི་དུས་ཚིགས་སུ་བཀླགས་པའི་དེབ་འགའི་ཁྲོད་རྩོམ་པ་བོ་ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་ཟིན་ཐོར་བཀོད་པ་འགའ་ཞིག་གཅིག་ཏུ་སྒྲིལ་ཏེ་སྤེལ་བ་ཡིན། འདི་ནི་དཔྱད་བརྗོད་དང་ཟོལ་བསྟོད་ཀྱི་ཆེད་དུ་བྲིས་པ་མིན་པར་ཡིད་ལ་འཇགས་པའི་ཐོ་ཡོར་ཙམ་གྱི་སླད་དུ་ཟིན་ཐོར་ཕབ་པ་ཡིན་པས་སྒྲིག་གཞི་འཆོལ་བ་དང་གནད་མ་རྟོགས་པའི་སྣང་ཚུལ་གང་བྱུང་བར་བཟོད་དུ་གསོལ། སྤྱིར་རྩོམ་པ་བོ་ཁོང་ལ་གཞུང་སྒེར་གྱི་དེབ་ཏུ་འཁོད་པའི་རྩོམ་མང་དུ་མཆིས་ཀྱང་དེ་དག་ལས་བདག་གིས་བཀླགས་མྱོང་བ་འགའ་ཞིག་ཁྱེད་ཚོར་མཚམས་སྦྱར་བར་བྱ། «གཉིད་དུ་ཡུར་བའི་ཆུ»«ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག»«ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་སྒྲིགས»«ལམ་གྱི་ཉི་འོད»«བོད་ཀྱི་གཅེས་ཕྲུག»འདི་དག་གིས་ཁྱེད་ལ་བློ་སྐྱེད་མི་དམན་པ་ཐོབ་པའི་སྨོན་འདུན་ཞུ་དང་བཅས།

༢༠༢༡/༡/༩ཉིན་ཚོར་རྐང་དུ་འབོད་པ་དེས་སྦྱར་བའོ།།