༡ དབྱར་ཟླ་དྲུག་པའི་རྐང་དྲུག
རོལ་དབྱངས་སྙན་པོ་ཞིག་ཡུན་གྱིས་དཀྲོལ་ཞིང་
དྲི་ཞིམ་མོད་པོ་ཞིག་ཕྱོགས་བཞིར་ཁྱབ་ནས་
རི་རབ་ཀྱི་འོད་སྔོན་དྭངས་ཤིང་གསལ་ལ
ཤིན་ཏུ་ཡངས་བའི་ངོགས་སུ་
རྟ་བདུན་གྱིས་གཟི་མདངས་ངོམ་བཞིན་
ནོར་འཛིན་མའི་སྐུ་ཁྲུས་གསོལ་དུས་
ཁོ་མོའི་འཇིག་རྟེན་འདི་འོད་ཀྱི་རི་གྲོང་ཞིག་ཏུ་སྣང་སོང་།
མེ་ཏོག་དཀར་དམར་ཀྱིས་མགོ་ལྕོག་ལྡེམ་ཞིང་
གཙང་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་ནས་
སྤྲིན་གྱི་མེ་ཏོག་དག་འཛུམ་བག་ཤིག་ཤིག་
འཇིག་རྟེན་ཆུང་ཆུང་འདིར་ལྟད་མོར་ཕེབས་ཏེ་
གོ་ལའི་འབུར་ཀོང་ལ་བྱིལ་བྱིལ་བྱེད་བཞིན་
ཁ་དོག་གི་་འཇའ་ཚོན་དེས་ཁོ་མོའི་
གཟུགས་གཞི་ལ་ལྷོད་ཀྱིས་རེག་དུས་
ཁོ་མོས་ཟླ་དྲུག་པའི་འཇོ་སྒེག་དེར་གཞི་ནས་རོལ་ན་འདོད་བྱུང་་།
༢མི་ཡུལ་གྱི་འགྲོན་པོ་ཞིག
ཉི་འོད་ཀྱི་འོད་ཐིག་དེ་རྒྱང་དུ་གྱེས་དུས་
ངས་ཅི་ཡང་མ་ཚོར་ཟིག་
ཉི་མ་ཡང་དེ་ག་ནང་བཞིན་ང་དང་བར་ཐག་ཇེ་རིང་དུ་འགྲོ་དུས་
ངས་ཨམ་གཙིགས་བསྡམས་ཏེ་སྲན་ཐབས་བྱས་
ཟླ་འོད་ཀྱིས་ང་ལ་ཨ་ལན་མེད་པར་ག་ལེར་ཆས་ཏེ་
ང་རང་གཅིག་པུར་བསྐྱུར་ནས་རི་གྲོང་དེར་ཁུ་སིམ་མེར་གནས་དུས་
ངས་རེ་བ་ཡོད་ཚད་སྐར་མ་ལ་བཅོལ་ནས་
ཐོ་རེངས་ཟེར་བ་ཞིག་ཡོད་པ་གཞི་ནས་བསམ་མ་ཤེས་པར་
གྲོང་གི་གཅན་གཟན་བཞིན་འཁྱམ་ནས་ལུས་
སྐར་མས་ཀྱང་སྔར་ལྟར་ང་རང་སྟོང་ནས་གཞན་དུ་གྱེས་སོང་
སྐབས་དེར་ང་ནི་ཅི་ཡང་མི་དབང་བའི་མི་ཡུལ་གྱི་འགྲོན་པོ་ཞིག་ཡིན་པར
ད་གཟོད་ཤེས་རྟོགས་བྱུང་།
༣མཚན་གཞུང་ཞིག་གི་མཛེས་པ།
སྙིང་ཉེ་བའི་ངའི་མཚན་མོ་ལགས་
ཁྱོད་ནི་ང་ལ་དབང་བའི་བླ་ན་མེད་པའི་ཞིང་ཁམས་ཤིག་
ཁྱོད་ནི་ང་ལ་དབང་བའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་
ཁྱོད་ནི་ང་ལ་དབང་བའི་གུ་ཡངས་ཀྱི་ངལ་སྟེགས་ཤིག་
ཉིན་གར་གྱི་གདོང་འབག་གྱོན་པའི་ང་རང་ནི་
ཡིད་དུ་འོང་བའི་ལྷིང་འཇགས་ཀྱིས་བསྐྲུན་པའི་ཁྱོད་དང་འཕྲད་ཚེ་
ད་གཟོད་ངའི་གདོད་མའི་ངོ་གདོང་དེ་ཁྱེད་ལ་ཅེར་ནས་
སེམས་ཀྱི་ཟབ་སར་རུ་ཉར་བའི་ཐ་སྙད་མོད་པོ་ཞིག་
གྱ་གྱུའི་མ་བསླད་ཅིང་དྲི་མས་མ་སྦགས་པར་
བཅོས་མིན་གྱི་ངག་ནས་ནམ་རྒྱུན་ཁྱེད་ལ་གྱེར་ཞིང་
གྱེར་ན་འདོད་ཀི འདི་ནི་ཁྱེད་ཉིད་ལ་
ཞི་ལྷོད་ཀྱི་རང་མདངས་གཡའ་དག་པ་ཞིག་ཡེ་ནས་ཡོད་པས་
ད་གཟོད་ང་རང་འདིི་ལྟར་ཁྱོད་ལ་དུང་བ་དེ་ཁྱེད་ཀྱིས་ཤེས་སམ།
སྙིང་ཉེ་བའི་མཚན་མོ་ལགས་
ངས་ཁྱེད་ལ་ཐ་སྙད་གསར་པ་ཞིག་བཏགས་ཡོད་
དེ་ཉིད་གང་ཞེ་ན”བསམ་གཞིག་གི་ཕོ་བྲང”ཞེས་བཏཊ་ཡོད་
འདི་ནི་ངའི་འཚོ་བའི་ཡང་སྙིང་ནས་ཁྱོད་ལ་ཏག་ཏག་
ཁྱེར་ཡོང་བའི་ལག་རྟགས་དེ་ཡིན་ལ་སྒྲོམ་གཏེར་ཡང་ཡིན་
ད་དུང་ཁྱེད་ནི་འཇིག་རྟེན་གྱི་ཕྱེད་ཀ་ཡིན་པས་
ཁྱེད་ལ་བླ་ན་མེད་པའི་མཛད་རྗེས་དང་
འགྲན་ཟླ་བྲལ་བའི་ཁྱད་ཆོས་མང་དུ་མཆིས་ དེ་བས་
ཁྱེད་ཉིད་རྟག་བརྟན་འགྱུར་མེད་ཀྱི་ངང་དུ་ནམ་ཡང་གནས་དགོས་
ལོ་ཟླའི་འཕེལ་འགྲིབ་ཀྱི་དཀྱོག་མཚམས་འདི་ནས་
སེམས་ཁུར་བྱེད་འོས་པ་ཞིག་ལ་ ལོ་ཟླ་འདི་དག་
ཐ་སྙད་ཀྱི་་ཕྲེང་བ་ལ་འཁྲི་བའི་རྣམ་ཤེས་ཀྱི་ཕུང་ཚོགས་དེ་དག་གིས་
ཁྱེད་ཀྱི་བསིལ་འཇམ་གྱི་རེག་བྱ་དང་ལྷད་མེད་ཀྱི་འཛུམ་མདངས་
ཡལ་མེད་ཀྱི་རང་གཤིས་ལ་ བསུན་པོ་འདྲ་བཟོས་མེད་ལ།
༤སྨྲེ་ངག་གི་ཨ་ལོང་།
ཁེར་རྐྱང་གི་སྐད་ངག་གཉོམ་པོ་
ཁེར་རྐྱང་གི་མིག་མདངས་གསོན་པོ་
མི་ཚོགས་ཀྱི་ཁྲོད་དུ་སྐོམ་གདུང་གིས་བཟི་བའི་ང་
མི་ཚོགས་ཀྱི་གམ་དུ་འཇིགས་སྣང་གིས་མྱོས་པའི་ང་
སུན་སྣང་གི་ར་བ་ལས་འབུད་མ་མྱོང་བའི་ང་
རྨི་ལམ་གྱི་མཚོ་ངོགས་སུ་
འཇིག་རྟེན་གྱི་གསང་བ་ཉུལ་མཁན་གྱི་ང་རང་།
ཟླ་འོད་ཀྱི་བསིལ་གྲིབ་ནས་
ཚ་གདུང་གི་ཉི་འོད་ལ་བྲོས་མཁན་གྱི་ང་རང་།
སུས་ཀྱང་མི་ཐོས་པའི་ངའི་དྲན་གསེང་གི
ཀི་འབོད་རིང་མོ།
ད་ནི་ཁྱོད་རང་འགགས་པར་མ་གནང་རོགས་
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1522
དཔྱད་མཆན་སྤེལ།