འཁོན་བུ་སྟག་རྒྱལ་ཚེ་རིང་།(རྨ་ལྷོ།)

འདིར་ལྟར་བསམ་བློ་བཏང་གིན་བཏང་གིན། བཙན་པོའི་རྒྱལ་རབས་ནི་རྟོགས་དཀའ་བའི་གསང་བའི་ཨང་ཀི་ཞིག་དང་ཅི་འདྲའི་མཚུངས་ཨང་།

རེ་འགར་བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་ནི་ང་ཚོའི་གཟི་བརྗིད་དུ་བརྩི་བྱའི་དཔའ་བའི་བ་དན་དེ་རེད་འདུག ཕྱོགས་གཞན་ཞིག་ནས་བསམ་ན། བཙན་པོའི་རྒྱལ་རབས་ནི་འུ་ཅག་སུའང་མི་གསལ་བའི་གསང་བའི་ཨང་ཀི་དེ་རེད་འདུག ལོ་རྒྱུས་བཀླགས་ཀྱིན་བཀླགས་ཀྱིན་ང་ལ་སྐྱི་གཡའ་བའི་སྐྲག་འཇིགས་ཚད་མེད་ཅིག་སྐྱེས་བྱུང་། དེ་ནི་གླང་དར་མའི་སྐུ་སྲོག་སིལ་བར་གཏོར་བ་ནས་གནམ་རི་སྲོང་བཙན་གྱིས་ཟིང་བོ་རྗེའི་དབས་དབྱི་ཚབ་མངའ་ཁོངས་སུ་བླངས་ནས་གོ་གནས་སྤྲད་པའི་བར་གྱི་འདུམ་སྒྲིག་མེད་པའི་དོན་དག་དེ་དག་རེད། རེད་དེ། མི་མང་བོ་ཞིག་གིས་བོད་ཀྱི་རྒྱལ་རབས་འཇིག་པའི་གནད་གཙོ་བོ་ནི་འུ་དམ་བཙན་ཏེ་གླང་དར་མའི་དབུ་ལ་གླེང་འདེབས་བཞིན་འདུག ཡིན་ནའང་། ང་ནི་དེ་ལས་གཞི་ནས་ལྡོག་སྟེ་བོད་པ་དག་གི་སེམས་ཁོང་དུ་ཆོས་རྒྱལ་ཏུ་བསྒྲེངས་པའི་ཆོས་རྒྱལ་མེས་དབོན་རྣམས་གྱི་ཡ་གྱལ། ཆོས་རྒྱལ་རལ་བ་ཅན་ལ་ཉེས་པ་ཡོད་པར་འདོད་པའི་གྲས་ཡིན། དེ་ནི་ཅི་ཞིག་ཡིན་ཟེར་ཞེ་ན། ཆོས་རྒྱལ་ཁོང་ཆོས་ལུགས་ལ་ཞེན་དྲགས་པས་བཙན་པོའི་རྒྱལ་རབས་འཇིགས་སོང་བ་མ་རེད། མི་ཁྱིམ་བདུན་དུ་གྲྭ་བ་ཞིག་བཞག་ནས་གྲྭ་བ་རྣམས་མི་ཁྱིམ་དེ་དག་གིས་གསོ་མ་ནུས་པར་བཙན་པོའི་རྒྱལ་རབས་ཀྱི་དམག་ཤུགས་ཉམས་ནས་འཇིག་སོང་བའང་མ་རེད། གང་ལྟར། ཕྱི་ནང་གི་འགལ་རྐྱེན་མང་བོ་ཞིག་ཡོད་ངེས་ཐག་རེད། ཡིན་ནའང་། ཆོས་རྒྱལ་རལ་བ་ཅན་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རས་ཡོལ་ནག་པོ་ཞིག་གིས་བསྒྲིབས་པའི་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་བོ་ཞིག་རེད་ལ་ཁོང་ནི་ཆོས་ལུགས་པ་དངོས་མ་ཞིག་གམ་རྣལ་མ་ཞིག་ཡིན་མིན་ལའང་ང་ཚོས་སོམ་ཉི་བསྒོམ་ཆོག་པ་རེད། གཅིག [༡]བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བཙད་པོ་རྣམས་ཀྱིས་རྒྱལ་སྲས་ཆེ་བ་རྣམས་རྒྱལ་བའི་ཁྲི་ལ་དབང་བསྐུར་ནས་རྒྱལ་སྲིད་ཀྱི་ཆོ་ལོ་སྤྲོད་པ་རེད། ཡིན་ནའང་། ཆོས་རྒྱལ་རལ་བ་ཅན་ཁོང་གི་དུས་ལ་དེ་ལྟར་མ་བྱས་པར། གཙང་མ་དང་དར་མ་གཉིས་ཀྱི་གཅིག་ཀྱང་རྒྱལ་སྲིད་ལ་དབང་མ་བསྐུར་བར་རྒྱལ་སྲས་གསུམ་པ་རལ་བ་ཅན་ལ་རྒྱལ་སྲིད་ཀྱི་དབང་བསྐུར་བའང་དོན་དམ་པར་འགྲེལ་མི་ནུས་པའི་དོན་དག་གཞན་ཞིག་དང་འབྲེལ་མེད་དམ། གཉིས་པ། [༢]བཙན་པོ་ཁོང་གི་བཙུན་མོ་ངང་ཚུལ་མས་ཕོ་བ་གཤགས་ནས་རང་ཉིད་ལ་ཉེས་པ་མེད་པ་བདེན་དཔང་བྱས་རྗེས་བཙན་པོ་ཁོང་སྐྱོ་བས་མནར་ཚུལ་གྱིས་ཆང་ལ་རོལ་ནས་མི་ཐ་ཆད་ཅིག་གི་ཉམས་དོད་པའང་། གཟུ་བར་གནས་པའི་སྒོ་ནས་བཤད་པ་ཡིན་ན། དེང་སྐབས་ཀྱི་མི་ཅི་ཡང་མི་ཉན་པ་དེ་དག་གི་བཟོ་ལྟ་ཡིན་འདུག དོན་དག་བྱུང་རྗེས་ཆང་འཐུང་ནས་ཉི་མ་གཏོང་བ་ནི་ད་ལྟའི་ཁ་ཚིག་ལྟར་བཤད་ན། ཆོ་མེད་ཅིག་ཡིན་པའི་རྟགས་མཚན་མ་ཡིན་ནམ། སྐབས་འདིར་སླེབས་དུས། ངས་བོད་ཀྱི་རྒྱལ་སྲིད་ནང་ཆེས་དམིགས་བསལ་བའི་མི་འགའ་དྲན་བྱུང་སྟེ། དེ་ནི་དབས་སྟག་སྙ་དང་བྲན་ཀ་དཔལ་ཡོན།བཙུན་མོ་ངང་ཚུལ་མ། རྒྱལ་སྲས་དར་མ་སོགས་རེད། ཁོང་རྣམས་ནི་ཆོས་རྒྱལ་ཁོང་གི་འཁྲིས་ལོགས་སུ་རྒྱུན་པར་བཞུགས་པའི་མི་དག་རེད། ཡིན་ནའང་། བཙན་པོས་དེ་དག་ལའང་གཞན་གྱིས་གླེང་འགེལ་བྱས་པ་ལ་བརྟེན་ནས་གློ་བུར་དུ། གནས་སྤྱུགས་མཛད་པའམ་ཉེས་ཆད་གཅོད་པ་ནི་དོན་ངོ་མར་གླེན་པའི་རང་རྟགས་མ་ཡིན་ནམ། དོན་དག་དེའི་རྒྱབ་རོལ་དུ་ད་དུང་། གསང་བའི་ཨང་ཀི་ཞིག་ཡོད་ཀྱང་སྲིད། ད་དུང་། སྔོན་ལ་བསམ་བློ་ཅི་ཡང་མི་གཏོང་བར་། ཉེས་པའི་སྒོ་མོ་ཕྱེས་རྗེས། ཆང་ལ་གཟད་པའང་སྔོན་མ་ལྟར་རང་རྟགས་མ་ཡིན་ནམ། གསུམ་པ།[༣]ཆོས་རྒྱལ་ཁོང་གིས་ལེགས་ཉེས་ཀྱི་དབྱེ་བ་གཅིག་ལའང་བསམ་བློ་མ་བཏང་པར་གྲྭ་བའི་སྡེ་ནས་ཐོན་པའི་བློན་པོ་དེ་དག་ལ་དབང་སྤྲད་པ་དེ་རེད། གྲྭ་བ་རྣམས་ནི་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཟང་ཟིང་དང་བྲལ་ནས་ནང་སེམས་ཀྱི་ཞི་བ་བསྒྲུབ་དགོས་པ་བསྟན་ཡོད་ཀྱང་། ཆོས་རྒྱལ་ཁོང་གིས་གྲྭ་བ་རྣམས་འཇིག་རྟེན་གྱི་ལས་ལ་གོམས་སུ་བཅུག་པའང་འཁོར་བའི་དོང་ལ་སྤྱུགས་པའང་ཁོང་གིས་མ་འབྱོན་པའི་གནས་ཨེ་ཡིན་སྙམ་པའི་ཚོར་སྣང་ར་རོ་བ་ཞིག་ཀྱང་འདུག བཞི་བ། [༤]བཙན་པོ་ཁོང་ནི་བཙན་རྒྱལ་གྱི་རྒྱལ་བོ་སྔོན་མ་རྣམས་དང་གཏན་ནས་མི་འདྲ་བར་ཞི་བ་སྐྱོང་བའི་རྒྱལ་བོ་ཞིག་རེད་འདུག དེ་ནི་འདུམ་འགྲིག་གི་རྡོ་རིང་ཕྱོགས་སུ་བསྒྲེངས་པས་ཀྱང་ཤེས་ཐུབ་མ་ཟད། བཙན་རྒྱལ་གྱི་འཇིག་རྐྱེན་དུ་མ་ཞིག་ཁོང་གི་སྟེང་ནས་འཕེལ་བ་ནི་ང་ཚོས་ཁོང་གི་ཁྱད་ཆོས་སུ་བགྲེང་རྒྱུ་མ་ཡིན་པར་ཉེས་པ་རུ་བགྲེང་འོས་སོ།། དེ་ལས་གཞན། གླང་དར་སོགས་ལ་འཇིག་རྐྱེན་གྱི་རྒྱུ་གཅིག་ཀྱང་མེད་པའང་མ་རེད་དེ། འཇིག་རྐྱེན་གྱི་རྒྱུ་ནི་གནམ་རི་སྲོང་ནས་སྲོང་བཙན་སྒམ་པོ་བརྒྱུད་ཁྲི་སྲོང་ལྡེ་བཙན་ནས་རལ་བ་ཅན་བརྒྱུད་པའི་རྒྱལ་བློན་མཐའ་དག་གི་སྟེང་དུ་ཡོད་ངེས་པ་ཞིག་རེད་པས་བློ་གསལ་རྣམས་ཀྱིས་དཔྱད་པའི་གནས་ཡིན་པ་རེད།
དེར་མ་གཏོགས། མི་ལ་ལ་ཞིག་གིས་ང་ཚོའི་ཆོས་ལུགས་ཀྱིས་མི་རིགས་ལ་གནོད་སོང་ཟེར། དེ་ནི་ངས་བསམ་པར། ཧ་ཅང་བསམ་བློ་མ་བཏང་བའི་སྐད་ཆ་ལས་མ་འདས། ཆོས་ལུགས་ཀྱིས་ང་ཚོ་བསྐྱབས་ནས་ཡོད་པ་རེད། [༡] ས་སྐྱ་དུས་སུ་སོག་དམག་གིས་ང་ཚོར་ཁྲག་གི་འཁོར་ལོ་བསྐོར་དུས། ཆོས་ལུགས་པའམ་ཆོས་ལུགས་ཀྱིས་ང་ཚོ་བསྐྱབས་པ་རེད། [༢] ད་ལྟའི་དུས་སུ་ང་ཚོའི་ཕ་སྐད་མ་ཡིག་རླུང་གིས་ཁུར་དུས། ད་དུང་། དགོན་སྡེ་ཁག་གི་ཤེས་ཡོན་པའི་སྡེ་ཁག་གིས་ང་ཚོ་ལ་སྐུལ་འདེད་དང་འབོད་སྐད་བྱས་པས་ང་ཚོ་སྐྱབས་པ་རེད། དེ་དག་ནི་ཕྱོགས་རེ་འགའ་བ་ཞིག་རེད། དེ་ལས་གཞན་ཧ་ཅང་མང་བོ་འདུག འོ་རེད་འདུག གླང་དར་མའི་ཆུང་མ་གཉིས་ཀྱི་སྟེང་གི་ཉེས་པ་དེ་དག་དབས་སྟག་སྙ་ལ་སོགས་པའི་གཡོ་ཐབས་མ་ཡིན་ནམ། འདང་རྒྱོབས། བསམ་བློ་ཐོངས། དྲ་གྲོགས་ཚོ། དྲ་འབུ་ཚོ།

༣༠༢༠/༡/༡༢ཉིན་ལོ་རྒྱུས་ཀྱི་གླེང་བརྗོད་ཅེས་པའི་སྐད་འཕྲིན་ཚོམས་དེའི་ནང་གི་དྲ་གྲོགས་དག་ལ་བསམ་ཚུལ་ཙམ་དུ་བྲིས་པའོ།།