ལོ་རྒྱུས་ཕྲན་དཔྱད།

༡༽བོད་བཙན་པོའི་རྒྱལ་རབས་འཇིག་རྐྱེན་གང་ཡིན།

གལ་ཏེ་བཙན་པོའི་རྒྱལ་རབས་འཇིག་རྐྱེན་དེ་བོད་ལ་ནང་བསྟན་ཆོས་ལུགས་དར་བས་ཡིན་ཟེར་ན། དེ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་ནུས་ཤུགས་ཡོད་དགུ་བཏོན་ནས་རྒྱ་གར་ནས་བོད་དུ་ནང་འདྲེན་བྱས་ཤིང་རྒྱ་ཆེར་སྤེལ་བ་ཡིན་པས་བྱས་ཉེས་དེ་ནི་ལྷ་ལུང་དཔལ་རྡོ་གཅིག་པུའི་མགོར་སྐོན་རྐྱང་བྱེད་རྒྱུ་མིན་པར་འབྱུང་རྩ་ངོ་མ་ཙམ་དུ་མ་ཟད་ལག་ལེན་དངོས་སུ་བསྟར་མཁན་གྱི་མེས་དབོན་རྣམ་གསུམ་གྱི་ཐོག་ཏུ་ཏག་ཏག་བབས་འདུག་སྙམ། གང་ལྟར་ལྷ་ལུང་དཔལ་རྡོས་འུ་དུམ་བཙན་པོ་བཀྲོངས་པ་ལ་ཐུག་གོ་ཟེར་ན། དེ་ལྟར་ན་ཡང་དེ་ནི་ལྷ་ལུང་དཔལ་རྡོའི་ནག་ཉེས་ཡིན་པ་ལས་ནང་བསྟན་ཆོས་ལུགས་ཀྱི་བྱས་ཉེས་ག་ལ་ཡིན། ལྷ་ལུང་དཔལ་རྡོ་ཆོས་ལུགས་པ་མ་རེད་དམ་ཟེར་ན། དེ་ཙམ་གྱིས་ག་ལ་འགྲུབ་སྟེ་བཙན་རྒྱལ་དགྲོང་མཁན་གྱི་སྐྱ་བོ་ཡང་དུ་མ་བྱུང་འདུག་པ་དང་འདྲ་འདྲ་བྱས་ནས་བཞག་ཆོག འདིའི་མཚམས་ནས་ངའི་སེམས་སུ་ལེ་བདའ་ཞིག་འགོག་མེད་དུ་འོང་བ་ནི་བཙན་པོའི་རྒྱལ་བརྒྱུད་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱིས་དངོས་གནས་འཇོན་མི་འཇུག་ཅེས་བཤད་ན་འདོད་དོ། །ད་དུང་ནང་བསྟན་མ་དར་བའི་གཞན་གྱི་རྒྱལ་བརྒྱུད་དག་ལ་ཡང་ལན་ཅིག་ལྟ་འོས་འཇིག་མེད་རི་རབ་བཞིན་དུ་བརྟན་པ་སུ་ཞིག་གནས་འདུག ཞུམ་མེད་ཉི་ཟླ་ལྟར་དུ་མཐོ་བ་ག་ཙམ་ལྷག་འདུག དེ་དག་ཡོད་ཚད་ནང་བསྟན་གྱིས་འཇིག་སོང་བ་རེད་དམ། གཞན་ཡང་། ནང་བསྟན་ཤིན་ཏུ་དར་བའི་རྒྱ་བརྒྱད་སོགས་ལ་ཡང་ཐེངས་ཤིག་ལྟོས། ཐམས་ཅད་བོད་རྒྱལ་ལྟར་གྱུར་འདུག་གམ། དེང་རབས་ད་གཞོན་འགས་ལ་རྒྱ་དང་རིགས་ཞེན་ཡོད་མདོག་གིས”ལྷ་ལུང་དཔལ་རྡོ་འདྲེ་ཕོ་དེ་ཟེར་བ”དང་”ནང་བསྟན་ཆོས་ལུགས་ཅི་རེད”ཟེར་བ་སོགས་མི་དགའ་བའི་ཁ་སྙེར་སྣ་སྙེར་སོགས་བྱེད་པ་ནི་གཅིག་བྱས་ན་བབ་ཅོལ་ཙམ་དུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད། མདོར་ན་ཁྱོད་ནང་བསྟན་ཆོས་ལུགས་ལ་ཅིས་ཀྱང་སྡང་ན་བསྟན་པ་སྔ་དར་སྐབས་ཀྱི་མེས་དབོན་རྣམ་གསུམ་དང་ཕྱི་དར་བསྟན་པའི་མེ་རོ་སླར་ཡང་སྦར་མཁན་གྱི་བླ་ཆེན་དགོངས་པ་རབ་གསལ་དང་ལྷ་བླ་མ་ཡེ་ཤེས་འོད་སོགས་ལ་དགྲ་བཞིན་དུ་ལྟ་བར་རིགས་སོ། །

༢༽ལོ་རྒྱུས་འཆད་ཚུལ་དངོས་དེ་གང་ཡིན་ནམ།

སྔོན་གྱི་ལོ་རྒྱུས་ཡིག་ཚང་དེབ་ཐེར་དང་ཆོས་འབྱུང་གང་མང་ཞིག་ཏུ་ང་ཚོས་བསམ་གྱིས་མི་ཁྱབ་པ་དང་ང་ཚོའི་བསམ་བློའི་ར་བར་མ་ཤོང་བ་མང་པོ་ཞིག་བཤད་ཡོད། དགེ་ཆོས་དེབ་དཀར་ནས་མགོ་བཟུང་སྟེ་དེ་ལ་འགྱུར་བ་ཞིག་བྱུང་ཡོད་དེ་ང་ཚོའི་བློ་ཡུལ་དུ་མི་ཤོང་བ་དག་ལ«ལྷ་སྒྲུང་»དང་«འཆར་ཡན་རིང་ལུགས»དང་«རྟོག་བཏགས»སོགས་ཀྱི་མིང་གཞན་གྱིས་བརྗོད་ནས་དངོས་གཙོ་ལྟ་བའི་གཞིར་བཟུང་ནས་ལོ་རྒྱུས་དངོས་འཆད་དགོས་ཞེས་དེང་གི་ལོ་རྒྱུས་སྨྲ་བ་རྣམས་ལ་ཁྱབ་བརྡལ་དུ་འགྲོ་བཞིན་འདུག་མོད། འོན་ཀྱང་འཆད་ཚུལ་དེ་ཏག་ཏག་ཅིག་རེད་ཟེར་དགོས་ན་ཅུང་ཨེ་འགྲིག་ན་སྙམ། གལ་ཏེ་ཅིས་ཀྱང་ལོ་རྒྱུས་ཡོད་ཚད་ང་ཚོའི་བསམ་བློའི་ནང་དུ་ཤོང་བ་ཤ་སྟག་བྲི་དགོས་ཟེར་ན། དཔེར་ན་རྗེ་བཙུན་མི་ལའི་ལོ་རྒྱུས་སམ་རྣམ་ཐར་ཞིག་འབྲི་སྐབས་ཁོང་གཡག་རྭའི་ནང་དུ་འཛུལ་ཚུལ་དང་གནམ་ལ་འཕུར་ཚུལ་སོགས་ལ་འཕྲད་ཚེ་ཇི་ལྟར་འཆད་དགོས་སམ། དེ་བཞིན་དུ་ཉེ་དུས་སུ་ཁམས་གསེར་རྟའི་ཕྱོགས་ནས་མཁན་པོ་ཨ་ཆོས་འཇའ་ལུས་སུ་དེངས་པ་དང་མཁན་པོ་ཚེ་དབང་རིག་འཛིན་གནམ་དུ་འཕུར་བ་དངོས་སུ་མཐོང་མཁན་མང་དུ་བྱུང་འདུག་པས་དེ་ཚོ་ལྷ་སྒྲུང་རེད་ཟེར་ནས་བསྙོན་གཟུགས་དགོས་པ་རེད་དམ། འདི་ནི་མཚོན་བྱེད་ཙམ་ཡིན། ད་དུང་མངོན་ཤེས་དང་སྤྲུལ་པ་སོགས་འབྱུང་ཚུལ་མང་དག་ཅིག་བཤད་དུ་ཡོད་པ་དེ་དག་གཅིག་ཀྱང་ཁས་མི་ལེན་པར་བསུབ་རྐྱང་བྱེད་དགོས་ན་དངོས་དོན་ལས་འདའ་མི་འགྲོའམ། གལ་ཏེ་དངོས་དོན་ལས་ཕྱི་རོལ་དུ་གྱུར་ན་ལོ་རྒྱུས་ཞེས་པའི་གོ་དོན་ཙམ་ཡང་ཡོད་དཀའ་སྙམ། མ་གཞི་ནས་ང་རང་ལ་ཡང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་དང་བློ་ཡུལ་དུ་ཤོང་བ་དག་དག་བཤད་ན་རྣ་བར་འགྲོ་ཆེ་བ་དང་ཡིད་ལ་འོང་དགའ་བ་འདུག ཡིན་ན་ཡང་དེ་དག་ཡོད་ཚད་ལྷ་སྒྲུང་རེད་ཅེས་མིང་གཞན་ཞིག་བཏགས་ནས་བརྩི་སྲུང་མ་བྱས་ན་དངོས་དོན་ཐོག་ཨེ་འགྲིག་ན་སྙམ་པའི་དོགས་པ་ཞིག་ངང་གིས་སྐྱེ་ཡོང་གི་འདུག དེས་ན་ལོ་རྒྱུས་འཆད་ཚུལ་དངོས་དེ་གང་ཡིན་བརྟག་པར་བྱ་བའི་གནས་སུ་འཁུམས་སོ། །

༣༽བསྟན་པ་དང་བན་དམག་མི་འགལ་ལམ།

ཡང་ལ་ལས། སངས་རྒྱས་བསྟན་ལ་དགྲ་བྱུང་ན། །ཉན་ཐོས་རྣམས་ཀྱིས་མཚོན་ཆ་ཐོགས། །ཟེར་ནས་ཆོས་ཀྱི་ཕྱིར་དུ་དགྲ་བརྒྱབ་ན་ཡང་སྐྱོན་མེད་ཟེར། བོད་ཀྱི་ལོ་རྒྱུས་སྟེང་རབ་བྱུང་གི་དམག་དཔོན་དང་དམག་མི་ཡང་ཉུང་ཉུང་རེད་མི་འདུག བོད་རྒྱལ་མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ཉང་བན་ཏིང་འཛིན་བཟང་པོ་དང་བྲན་ཀ་དཔལ་ཡོན་སོགས་བོད་ཀྱི་རབ་བྱུང་དགེ་སློང་ཚོ་ཆབ་སྲིད་ལ་ཞུགས་ཤིང་འགན་ཁུར་བ་ནས་བཟུང་བན་དེ་ཆབ་སྲིད་པ་ཐོག་མ་བྱུང་འདུག ལྷག་ཏུ་དུས་ཕྱིས་སུ་གོང་ས་ལྔ་པའི་སྐབས་སུའང་མང་པོ་བྱུང་འདུག ངས་བསམ་ན་སྐབས་དེ་དག་ཏུ་བོད་ཀྱི་རབ་བྱུང་ཚོས་བསྟན་པ་རྣམ་དག་ཅིག་དངོས་གནས་འཛིན་མི་འདུག་དྲན་གྱིན་ཡོད། ང་ཚོས་ཀྱང་ནམ་རྒྱུན། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་ཁ་ལ་ཁྱེར་བ་ལྟར་ལགས་ཤིང་། དམ་པའི་ཆོས་ཟེར་བ་ནི་བཟོད་སྒོམ། གུ་ཡངས། འཚེ་མེད། ཉོན་མོངས་འདུལ་བ་སོགས་ཀྱི་ཁྲོད་ན་གནས་པ་ལས་དགྲ་ཇག འཕྲོག་རྩོད། ཆགས་སྡང་འཐབ་འཁྲུགས་ཀྱི་གསེང་ན་གནས་པ་ཞིག་ཡིན་སྣང་ཤར་གྱི་མི་འདུག ཆོས་གཞུང་དུ་གཞན་གྱིས་མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་སོགས་མཐོང་ཚེ་དེ་ལ་ཁོང་མི་ཁྲོ་བར་ཚིག་པ་མི་ཟ་བར་ཕན་པའི་སེམས་ཀྱིས་ལམ་སྟོན་བྱེད་པའམ་ཡང་ན་ཁོ་ལ་སྙིང་རྗེ་བསྒོམ་དགོས་ཞེས་གསུངས་ཡོད་པ་མ་རེད་དམ། ཐལ་ཆེ་སོང་སྙམ་ན་ཡང་ཆོས་མིན་ཆོས་ལྟར་ཞེན་པའི་བློ་ཡིས་ནོངས་སོང་བ་ལས་དོན་ལ་མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་དངོས་དེ་ངོས་ཟིན་ཡོད་དཀའ། མ་གཞི་ནས་བན་དེ་ཆབ་སྲིད་ལ་ཞུགས་པ་ནི་བསྟན་པ་ཉག་ཉོག་ཏུ་འགྲོ་བའི་རྒྱུ་ཞིག་ཅི་ལ་མིན་ཨང་། སྤྱི་བཏང་ནས་ཕྱི་ནང་གི་ཆོས་ལུགས་གང་ཡིན་ཡང་དེའི་ཆེད་དུ་དགྲ་དང་དམག་མ་བརྒྱབ་པ་ཕལ་ཆེར་མེད་པའི་ཚོད་དུ་གནས་ནའང་ལས་ཀ་དེ་དག་སྟོན་པ་ཤཱཀ་ཐུབ་ལ་དངོས་སུ་བཀའ་འདྲི་ཞིག་ཞུ་བའི་གོ་སྐབས་བྱུང་ཡོད་པའི་དབང་དུ་བཏང་ན་བཀའ་གནང་རྒྱུ་མ་རེད་བསམ་སོང་།

༤༽གསལ་བཤད་ཐུང་ངུས་མཇུག་བསྡུ་བ།

ངས་དོན་དངོས་དེ་ཤེས་པར་འདོད་ཀྱང་དོགས་པའི་སྒོ་མོ་དབྱེ་བར་དཀའ་བས་དཔྱོད་ལྡན་རྣམས་ལ་འདྲི་ཚིག་ཅིག་གི་དོད་དུ་བྲིས་པའི་ཁུལ་འཆང་བ་ལས་ཆོས་ལུགས་ཕྱོགས་ཞེན་གྱི་སྐད་ཅོར་སྒྲོག་གིན་མེད་ལ་ཆོས་སྲིད་བར་གྱི་འགལ་བ་ཡང་སློང་གིན་མེད། འདི་ལ་གསལ་བཤད་བྱེད་འདོད་ཆེར་མེད་དེ་བཤད་འདོད་པ་རྣམས་ཀྱིས་གང་འདོད་དུ་བཤད་པས་སོ། །

སྤྱི་ལོ། ༢༠༢༡ ཟླ ༡༡ ཚེས ༢༢ ཉིན་གཅེས་ཕྲུག་གིས་བྲིས།