བཀའ་བརྒྱུད་བསྟན་པའི་སྲུང་མ་ལྷ་མོ་དུད་སོལ་མས་གདོང་གྲོགས་མཛོད་ཅིག་གུ།

 

       རྩོམ་འདི་ཡང་དར་བཀའ་བརྒྱུད་བསྟན་པ་བསྐྱར་གསོར་ཕྱག་ལས་གནང་མཁན་རྣམས་ཀྱི་རྗེས་དྲན་དུ་ཕུལ་པ་ཡིན།

 

 

གླེང་སློང་།

 

བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་པ་བྱུང་བ་དང་བསྟུན། བོད་བརྒྱུད་ནང་བསྟན་གྱི་ཡང་དར་བསྟན་པ་དབུ་བརྙེས་པ་དང་བོད་ཡུལ་གྱི་ཆོས་བརྒྱུད་སོ་སོས་དེ་ནས་ད་བར་དུ་རང་བསྟན་བསྐྱར་གསོ་བྱས་པ་རེད་ལ།  ད་ཆར་ཆོས་བརྒྱུད་སོ་སོས་བསྐྱར་གསོའི་ལས་གཞི་ལེགས་གྲུབ་ཀྱི་གྲུབ་འབྲས་གང་འཚམ་ལོན་ཡོད་པ་ལགས་ཤིང་། ཆོས་བརྒྱུད་སོ་སོའི་བསྐྱར་གསོའི་ཐབས་ལམ་མ་འདྲ་བས་ན་ད་སྐབས་སོ་སོར་ཐོབ་པའི་གྲུབ་འབྲས་ལའང་ཆེ་ཆུང་བྱུང་ཡོད་པ་དང་། དེ་དག་ལས་རྙིང་མ་དང་དགེ་ལུགས་གཉིས་ནི་བསྐྱར་གསོའི་ལས་འགུལ་གྱི་གྲུབ་འབྲས་ཨང་དང་པོ་ལེན་མཁན་དང་། ས་སྐྱ་དང་བཀའ་བརྒྱུད་གཉིས་དེ་ལས་ཞེན་པ་དང་། དེ་ལས་ཀྱང་བཀའ་བརྒྱུད་པས་ནི་རྒྱུ་རྐྱེན་མང་པོར་བརྟེན་ནས་རང་བསྟན་བསྐྱར་གསོ་དེ་ཙམ་ནུས་མེད་པར་ང་རང་གིས་བསམ་གྱིན་འདུག།

འདི་ནས་ལོ་རྒྱུས་ཀྱི་བརྒྱུད་རིམ་དེའི་ཁྲོད་བཀའ་བརྒྱུད་པས་བསྐྱར་གསོའི་ཕྱག་ལས་གང་དག་གནང་བ་དང་། ཕྱག་ལས་དེས་གྲུབ་འབྲས་ཅི་ཞིག་སྨིན་པ། ད་ལྟའི་རྣམ་པ་འདིའི་རྒྱུ་རྐྱེན་ཅི་ཞིག་ཡིན་པའི་སྐོར་ནས་ཏོག་ཙམ་དག་སྣང་གི་མིག་ཤེལ་ཕུད་དེ་རིགས་པ་དང་གཏན་ཚིགས་ཀྱི་ལམ་ནས་གླེང་རྒྱུ་ཡིན་ན། བརྗོད་གཞི་འདི་ལ་ཐུགས་སྣང་ལྡན་པའི་བློ་གྲོས་ཅན་རྣམས་ཀྱིས་རྣ་བ་གཡར་ཙམ་གནང་བར་ཞུ།

 

དང་པོ།    ཚ་ཚ་འུར་འུར་གྱི་ཐོག་མའི་བསྐྱར་གསོ།

 

༡༩༧༩ལོ་ནས་དངོས་སུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོ་བྱུང་བ་དང་། རིང་མིན་སྲིད་ཇུས་དེ་ཉིད་བོད་ཁུལ་ཡོངས་ནས་ལག་བསྟར་བྱས་ཤིང་སྔལ་སྲོལ་གྱི་ཆོས་ལུགས་བསྐྱར་གསོ་ཆོག་པའི་གོ་སྐབས་ཤར། སྐབས་དེར་ཐོག་མར་ཆོས་ལུགས་བྱེད་སྒོའི་ལྟེ་གནས་དགོན་དང་རི་ཁྲོད་སོགས་བསྐྱར་གསོ་གནང་མཁན་ནི། དགོན་པ་སོ་སོའི་སྔར་གྱི་བན་རྒན་སྐྱ་སར་བབས་པ་དག་དང་། ལོ་ན་གང་འཚམ་ལ་ཕེབས་པའི་དགོན་པའི་སྤྲུལ་སྐུ་རྣམས་དང་། གནས་ཤིན་ཏུ་དབེན་པར་ཡིབས་པའི་བྱ་བྲལ་བ་འགའ་དང་། སྔགས་པ་ཕོ་མོ་དང་། ཆོས་ལ་དད་མོས་སྔར་བཞིན་ལྡན་པའི་ས་གནས་མི་མང་བཅས་ཀྱིས་ལྷན་དུ་འདུ་ཁང་ཞིག་གསོ་ནས་བརྩམས་ཏེ། ས་གནས་སོ་སོར་ལས་གཞི་ཆེ་ཆུང་དུ་མ་མགོ་བཟུང་ཡོད་པ་རེད། དེ་ནས་བཀའ་བརྒྱུད་པ་ལ་མཚོན་ནའང་ཐོག་མའི་བསྐྱར་གསོའི་ལས་ཀ་ནི་དེ་ལྟར་ཡིན་ཞིང་། གདན་ས་ཆེ་ཆེ་ཆུང་ཆུང་མང་ཤོས་ནི་ས་གནས་མང་ཚོགས་དང་བན་རྒན་རྣམས་ཀྱི་དཀའ་ལས་ལ་བརྟེན་ནས་ཕྱི་ཡི་བཀོད་པ་ཞིག་གསོ་ཐུབ་ཙམ་བྱུང་། འདུ་ཁང་དང་གྲྭ་ཤག་ཞིག་གསོ་བྱུང་རྗེས་སུ་ནང་གི་འཚོག་པ་དང་སྒྲུབ་པ་ཁག་ཀྱང་། སྐབས་དེ་དུས་ཀྱི་གྲྭ་ལོག་དང་རབ་བྱུང་འགའ་ཞིག་ཡོད་པ་དེ་དག་གིས། ལོ་ནས་ལོ་བྱས་ཏེ་རིམ་བཞིན་སྒྲུབ་པ་གཅིག་ནས་གཉིས་དང་། གཉིས་ནས་གསུམ་དུ་བསྐྱར་གསོ་བྱས་པ་དང་། སྒྲུབ་པ་དེ་དག་ཀྱང་ལོ་རེ་བཞིན་ཚད་ལྡན་དུ་བཏང་ནས། འབུད་རྡུང་དཀྲོལ་གསུམ་དང་གདངས་དབྱངས་གར་གསུམ་འཆམ་དང་བཅས་པ་ལེགས་པར་བཙུགས། མུ་མཐུད་དུ་བཀའ་བརྒྱུད་ཀྱི་དགོན་པ་མང་ཤོས་ཀྱིས་སྒྲུབ་གྲྭ་བསྐྱར་གསོ་བྱས་པ་རེད་ལ། ཆོས་བརྒྱུད་གཞན་གྱིས་ནི་བཤད་གྲྭ་དང་ཆོས་གྲྭ་བསྐྱར་གསོའི་རྨང་གཞིའི་ལས་ཀ་བསྒྲུབ་པར་མངོན། བཀའ་བརྒྱུད་པས་སྒྲུབ་གྲྭ་བསྐྱར་གསོ་བྱུང་བ་དང་བསྟུན་ནས་གསར་དུ་རབ་ཏུ་བྱུང་མཁན་རྣམས་ཀྱང་ཐོག་མ་ནས་སྒྲུབ་གྲྭ་ལ་ཞུགས་ཤིང་། ལོ་གསུམ་ཕྱོགས་གསུམ་གྱི་སྒོམ་སྒྲུབ་ཀྱི་ལས་ཀ་གཙོ་བོར་བྱས། ལས་ཀ་འདི་ནི་སྤྱིར་ན་སྒྲུབ་པའི་བཀའ་བབ་ཏུ་གྱུར་པའི་ཆོས་བརྒྱུད་རང་ལ་མཚོན་ན་ཤིན་ཏུ་གལ་ཆེ་ཞིང་། གྲྭ་པ་རྣམས་སྐུ་ན་གཞོན་དུས་ནས་སྒོམ་གྱི་རྨང་གཞི་འཇོག་པའི་ཕྱག་ལས་འདི་ནི། བཀའ་བརྒྱུད་བསྐྱར་གསོའི་ཐོག་མའི་ལས་གཞི་གཙོ་བོ་ཡིན་ནའང་།  སྐབས་དེ་དུས་ཀྱི་བོད་ཁུལ་གྱི་བཀའ་བརྒྱུད་དགོན་པ་རྣམས་ལ་དགེ་ལུགས་པ་ལྟ་བུའི་སྐུ་ཡོན་ཅན་གྱི་དགེ་བཤེས་རེ་གཉིས་ལས་མེད་པ་དང་། རྙིང་མ་ལྟ་བུའི་མཁན་རྒན་བྱིན་རླབས་ཅན་ཡང་ཉིན་མོའི་སྐར་མ་ལྟ་བུར་ཡིན་པ་དང་། རང་རྐང་ཟིན་པའི་གྲུབ་ཐོབ་ནི་ཀམ་ཚང་ལ་ཁམས་ཕྱོགས་ཀྱི་གྲུབ་ཆེན་ཀརྨ་ནོར་བུ་ཙམ་ལས་མེད་ཚོད་ལགས་ན། དགོན་པ་མང་ཤོས་ཀྱི་སྒྲུབ་ཁང་ནང་གི་སྒོམ་ནི་ཁྲིད་ལུང་མེད་པའི་བླུན་སྒོམ་ལ་གྱུར་པ་དང་། དགོན་པ་ལ་ལའི་སྒྲུབ་ཁང་ནི་གཏོ་ཟློག་འདོན་སའི་ལྷ་ཁང་ལ་ཆགས་པ་ལས། ཐོག་མའི་དམིགས་ཡུལ་ཏེ་ཆོས་དྲུག་དང་ཕྱག་ཆེན་རྒྱུད་འཛིན་གྱི་ལས་ལ་ཞུགས་མ་ནུས་ཤིང་། སྤྱིའི་ཆ་ནས་སྒྲུབ་ཁང་དེ་དག་ལས་མི་སྣ་དམིགས་བསལ་བ་གང་ཡང་གསོ་སྐྱོང་མ་ནུས། དུས་སྐབས་དེར་ཐོན་དུས་རྙིང་མ་པས་ཆོས་སྒར་འགའ་ཞིག་གང་འཚམ་ཚུགས་ཡོད་ལ། དགེ་ལྡན་པས་ནི་མཚན་ཉིད་གྲྭ་ཚང་ཡང་བཙུགས་ཟིན་པ་རེད་ལ། ས་སྐྱ་པས་ཀྱང་དགོན་ཆེན་དག་ནས་བཤད་གྲྭ་དབུ་བརྙེས་ཡོད་དོ།།

འོ་ན། བཀའ་བརྒྱུད་ཀྱི་ཐོག་མའི་བསྐྱར་གསོའི་ཕྱག་ལས་གནང་མཁན་ཚོས་ཅིའི་ཕྱིར་བཤད་གྲྭ་མ་བཙུགས་པ་ཡིན་ནམ། ཅིའི་ཕྱིར་ཆོས་སྒར་མ་བརྒྱབས་པ་ཡིན་ནམ། ཅིའི་ཕྱིར་སྒྲུབ་ཁང་ཚད་ལྡན་མ་བྱས་པ་ཡིན་ནམ། ཕྱག་ལས་འདི་དག་མ་བྱས་པ་ནི་ཁོང་རྣམས་ཀྱི་ལྷག་བསམ་གྱི་གནད་དོན་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཞན་ཞིག་ཡོད་དམ། འདི་ནས་དྲི་བ་འདི་དག་ལ་ཅིས་ཀྱང་ལན་རེ་ཡོད་དགོས་པ་རེད། གུས་པའི་བསམ་པར་ཁོང་ཅག་གི་ལྷག་བསམ་ལ་ནི་དོགས་པ་ཟ་ཐབས་བྲལ་ཏེ། དུས་སྐབས་དེའི་བསྐྱར་གསོའི་དཀའ་ལས་ནི་ད་ལྟའི་བཀའ་བརྒྱུད་ཀྱི་སྐྱེས་ཆེན་ཚོས་ཀྱང་བཟོད་དཀའ། ད་ལྟ་ང་ཚོས་སོ་སོའི་དགོན་པའི་ཐོག་མའི་བསྐྱར་གསོའི་ཕྱག་ལས་ལ་ཞུགས་པའི་མི་རབས་དེར་ཕྱིར་འདང་བྱས་ན། དངོས་གནས་ཁོང་རྣམས་ལ་ཆ་རྐྱེན་གྱི་ཚད་བཀག་ཆེན་པོ་ཞིག་འདུག། དེ་ནི་སྐུ་ཡོན་རེད། མི་སུ་ཞིག་ཡིན་རུང་རང་ཉིད་ལ་ཤེས་ཡོན་གྱི་ཆ་རྐྱེན་མེད་ན་མི་སྣ་གསོ་སྐྱོང་གི་ལས་ཀ་ལས་ཐབས་བྲལ་བ་ནང་བཞིན། བཀའ་བརྒྱུད་བསྐྱར་གསོའི་ཐོག་མའི་ཕྱག་ལས་གནང་མཁན་དེ་དག་ནི་སྐུ་ཡོན་ཆེན་པོ་ཅན་མ་རེད། ཁོང་རྣམས་ཀྱིས་དགོངས་པ་ནི་སྒྲུབ་མཆོད་འདོན་པ། གར་དང་འཆམ་བྱེད་པ། གཏོ་འདོན་པ། མཆོད་པ་བཤམ་བཀོད་ཙམ་ལས་སྤྱིའི་ཆ་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རྒྱ་ཡངས་པ་ཞིག་ནི་ཧ་ལམ་མེད་པ་རེད། མེད་དོན་ཡང་དུས་འགྱུར་སྔོན་ནས་བཀའ་བརྒྱུད་པ་ལ་བཤད་གྲྭ་འགའ་ཤས་ལས་མེད་པས་གྲྭ་པ་མང་ཤོས་ཀྱིས་གཏོར་མ་བཅའ་རྒྱུ་དང་ཆོག་ག་འདོན་རྒྱུ། འབུད་རྡུང་དཀྲོལ་གསུམ་ལས་གཞན་ལ་དེ་ཙམ་མི་མཁས།  དེ་འདྲའི་གནས་སྟངས་དམིགས་བསལ་བ་ཞིག་གི་རྐྱེན་གྱིས་ཡང་དར་བསྟན་པའི་སྐབས་སུ་བཤད་གྲྭ་འཛུགས་པ་དང་། ཆོས་གྲྭ་རྒྱག་པ་སོགས་ཀྱི་གོ་སྐབས་ནི་ཆོས་བརྒྱུད་གཞན་དང་མཉམ་དུ་ཤར་ནའང་། བཀའ་བརྒྱུད་པར་དེ་ཉིད་ལག་ལེན་བྱེད་པའི་ནུས་པ་མི་འདུག་ལ། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་གནང་ནུས་མཁན་ནི་དུས་ད་ལྟ་ཡང་ཉིན་མོའི་སྐར་མར་གྱུར་ཡོད་པ་ང་ཚོས་ཤེས་གསར་ལྟར་ཡིན་ན། དུས་སྐབས་དེའི་མི་རྒན་ལྷག་བསམ་ཅན་ཚོས་ནི་རང་གིས་གང་ནུས་གང་ཤེས་དེ་བསྐྱར་གསོ་བྱས་པ་ལས་རང་གིས་མི་ཤེས་པ་དང་མི་ནུས་པའི་ལས་ཀ་ནི་འཇོན་མེད་པར་འདོད་ཅིང་།  ཁོང་ཚོ་ཐུན་མོང་གི་འདུ་ཤེས་ཀྱི་ཁྲོད་དུ་བཤད་གྲྭ་ནི་གལ་ཆེན་ཞིག་ལ་ངོས་འཛིན་ཡང་བྱུང་མེད་པར་སེམས་ཏེ། ཕྱིས་སུ་བཀའ་བརྒྱུད་ཀྱི་དགོན་པར་བཤད་གྲྭར་གསར་འཛུགས་བྱ་སྐབས་ངོ་རྒོལ་གནང་མཁན་ཡང་ཁོང་རྣམས་དང་ཁོང་ཚོའི་གསོ་སྐྱོང་འོག་འཚར་བའི་བན་རྒན་འགའ་ཞིག་རེད། བཤད་གྲྭར་མཐོང་ཆེན་མེད་དོན་ཡང་སྐུ་ཡོན་ཆེན་པོ་མེད་པའི་རྟགས་མཚན་ཆེ་ཤོས་དང་། བག་ལ་ཉལ་བའི་རྒྱུ་རྐྱེན་གཞན་ཞིག་ནི་བཀའ་བརྒྱུད་ཀྱི་དགོན་པའི་ནང་ནས་བསྟན་འཛིན་གྱི་སྐྱེས་ཆེན་ཞིག་བྱེད་པ་ལ། སྤྲུལ་སྐུ་ཞིག་གི་མིང་མེད་ན་རང་ལ་འཇོན་ཐང་ཡོད་རུང་དགོན་དང་མང་ཚོགས་ཀྱིས་ངོས་ལེན་བྱ་སྲོལ་མི་འདུག། འདི་ནི་ཤིན་ཏུ་དགོད་བྲོ་བའི་དོན་ཞིག་ཡིན་ཡང་། བཀའ་བརྒྱུད་ཀྱི་ཁོར་ཡུག་ལ་གནད་དོན་འདི་ཡོད་པ་རེད། འདུ་ཤེས་འདི་མི་རབས་དུ་མར་བརྒྱུད་པའི་བག་ཆགས་ཤིག་ཡིན་པ་འདྲ། འདུ་ཤེས་འདིས་ད་བར་བཀའ་བརྒྱུད་ཀྱི་མཁན་རྒན་ལྷག་བསམ་ཅན་མང་པོ་ཞིག་གི་སེམས་འཁྱག་པ་བྱས་ཤིང་། ཡང་དར་སྐབས་ཀྱི་བཀའ་བརྒྱུད་པའི་སྐུ་ཡོན་ཏོག་ཙམ་ཡོད་མཁན་གྱི་སྤྲུལ་མིང་མེད་པའི་བླ་རྒན་དེ་ཚོ་ལའང་བྱ་བ་བསྒྲུབ་པའི་གོ་སྐབས་དེ་ཙམ་རག་མེད་པར་སེམས་ཏེ། ཁོང་རྣམས་ལ་སྤྲུལ་མིང་མེད་པ་དང་བཀའ་བརྒྱུད་པས་ནི་སྤྲུལ་མིང་མེད་མཁན་ལ་རྩིས་ཐང་མེད་པས་སོ།།

ཁ་ཅིག་གིས་སྒོམ་སྡེ་ནང་ཆེན་ཁོ་ན་ལའང་འབྲུག་པ་ལ་ཨ་ལྡེ་རིན་པོ་ཆེ་དང་ཀམ་ཚང་ལ་སངས་རྒྱས་བསྟན་འཛིན་སོགས་སྐུ་ཡོན་ཅན་མང་དུ་ཡོད་པའི་ཕྱིར་བསམ་ན་ཐང་མོད།  ཁོང་རྣམ་གཉིས་ནི་ཐོག་མའི་བསྐྱར་གསོའི་ལས་གཞི་ལ་ཞུགས་མཁན་མིན་པ་དང་། ཡོངས་ཁྱབ་ཀྱི་བླ་ཆེན་མིན་པས་ན་རང་གི་དགོན་པ་དང་དེའི་དགོན་ལག་འགའ་ལ་ཕན་ཐོགས་བྱུང་ཡོད་པ་སྨོས་མ་དགོས་ནའང་། དགོན་པ་ཡོངས་ཁྱབ་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ནུས་མེད། དེས་ན་བདག་གི་མཐོང་ཐོས་ཀྱི་དོན་དངོས་ལ་དཔྱད་ན་སྐུ་ཡོན་གྱི་ཆ་རྐྱེན་མེད་པ་ནི་འགག་རྩ་ཆེ་ཤོས་དང་། ཐོག་མའི་བསྐྱར་གསོ་གནང་མཁན་ཚོའི་འདུ་ཤེས་ཀྱི་ཁྲོད་དུ་བཤད་གྲྭ་ནི་གལ་ཆེན་ཞིག་ལ་ངོས་འཛིན་ཡང་བྱུང་མེད་པ་ནི་འགག་རྩ་གཉིས་པ་རེད།

ད་ཆ་ང་ཚོས་ཡང་དར་བསྐྱར་བསོའི་སྐོར་གྱི་ལོ་རྒྱུས་ཕུན་སུམ་ཚོགས་པའི་དཔེ་ཆ་ཞིག་མཇལ་རྒྱུ་རྙེད་དཀའ་ནའང་། མ་འོངས་པར་དགོན་པ་སོ་སོས་ལོ་རྒྱུས་ཆོས་འབྱུང་དཔར་སྐྲུན་བཟོ་ངེས་པས་དེ་དུས་ད་རུང་དཔྱད་པ་གཏང་འོས་སོ།།

གཉིས་པ། བསྐྱར་གསོའི་བརྒྱུད་རིམ་ཁྲོད་ཀྱི་སི་ཏུ་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་གྱི་ཕྱག་ལས་གལ་ཆེན།

 

ངས་ནམ་རྒྱུན་བཀའ་བརྒྱུད་པ་ནི་ལམ་འགྲོ་མེད་པའམ་རླུང་རྟ་མི་དར་བའི་ཆོས་བརྒྱུད་ཅིག་རེད་བསམ་གྱིན་འདུག། དེའང་༡༩༧༩ལོར་བཅོས་སྒྱུར་སྒོ་འབྱེད་བྱུང་བ་དང་རིམ་པར༨༠ལོ་དང༨༡ལོདང༨༢ལོ་བཅས་སུ་ཆོས་སྒོ་ཕྱེས་པ་ན། ཆོས་བརྒྱུད་སོ་སོར་བསྟན་པ་བསྐྱར་གསོའི་གོ་སྐབས་ཤར་ནས་མི་རྒྱུ་གཉིས་ཀྱི་འགྲོ་སོང་གཏོང་ས་ལ་ཐུག་ནའང་། ཏག་ཏག་དུས་འདིར་བཀའ་བརྒྱུད་པའི་ཁྲོད་ནས་དབང་ཐང་ཆེ་ཤོས་ཀྱི་བླ་ཆེན་རྒྱལ་དབང་༧ཀརྨ་པ་རིག་པའི་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཡིད་སྐྱོའི་གནད་དོན་ཛ་དྲག་ཅན་བྱུང་བ་རེད། འདི་ནི་བཀའ་བརྒྱུད་པ་ལ་མཚོན་ན་ཤིན་ཏུ་སེམས་ཕམ་དགོས་པའི་དོན་རྐྱེན་ཞིག་ཏུ་ངོས་འཛིན་བྱས་ཡོད།  ད་ལྟ་ང་ཚོས་མཚུར་ཕུའི་སྒྲུབ་དཔོན་བདེ་ཆེན་གྱི་རྣམ་ཐར་མཇལ་ན་རྒྱལ་དབང་རིག་པའི་རྡོ་རྗེར་བཀའ་བརྒྱུད་བསྐྱར་གསོའི་དགོངས་གཞི་རླབས་ཆེན་ཞིག་ཡོད་པ་ཤུགས་ནས་རྟོགས་ཡོང་། འོན་ཀྱང་། ཁོང་གློ་བུར་དུ་འདས་པའི་རྐྱེན་གྱིས་དགོངས་གཞི་ལེགས་ལམ་དུ་མ་སོང་བས་ན། བཀའ་བརྒྱུད་བསྐྱར་གསོའི་ལས་གཞི་ནི་སྤྱིའི་ཆ་ནས་སྣེ་ཁྲིད་མེད་པའི་བྱ་བ་ཞིག་ལ་ཆགས་པ་རེད། དེ་བས་ན། སྐབས་དེར་བཀའ་བརྒྱུད་ཀྱི་དགོན་ཆུང་མང་པོ་ཞིག་དང་རི་ཁྲོད་མང་པོ་ཞིག་ལ་བདག་བྱེད་མཁན་མེད་པར་གྱུར་ཅིང་། བདག་མེད་དུ་ལུས་པའི་དགོན་ཆུང་ལ་ལ་ཆོས་བརྒྱུད་གཞན་གྱིས་ཞིག་གསོ་བྱས་པས་ན་ད་ཆ་གཞན་ལ་འགྱུར་ཡོད་ཅིང་། བྱིངས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་ནས་རྩིག་ར་ཞིག་རོ་འགའ་ལས་ཅིའང་ལྷག་མེད་དོ།།

དེ་ལྟ་བུའི་ཛ་དྲག་གི་དུས་སྐབས་དེར་སི་ཏུ་རིན་པོ་ཆེ་ཕྱི་ལོ་༡༩༨༤ལོར་བོད་དུ་ལོག་པ་དང་། ཐེངས་དེར་གདན་ས་དཔལ་སྤུངས་ནས་གྲྭ་གསར་ཤིན་ཏུ་མང་པོ་ཞིག་ལ་སྡོམ་པ་གནང་བ་དང་། ཞིག་གསོའི་ལས་གཞི་ལ་ཞལ་བཀོད་གང་འཚམ་བྱས་ཤིང་། རིམ་པས་ཁམས་ཁུལ་གྱི་ལོ་རྒྱུས་དགོན་ཆེན་འགའ་ལ་ཕྱག་ཕེབས་མཛད་དེ། ཟུར་མང་དགོན་ཆེན་ནས་ཤུལ་ལུས་དགོན་པའི་སྤྲུལ་སྐུ་རྣམས་དང་དགོན་པའི་འགན་འཛིན་རྣམས་ལ་ནང་འཛིང་མི་བྱེད་པའི་ཁས་ལེན་བྱ་བཅུག། བདག་གི་ཨ་མྱེས་དམ་པས་གསུངས་ན་དེ་དུས་དགོན་ཁག་བཞི་བཅུ་ཚོ་འགའ་ཡི་སྤྲུལ་སྐུ་དང་འགག་འཛིན་འབྱོར་ཡོད་ཅེས་ཟེར། སི་ཏུ་རིན་པོ་ཆེ་ནི་བཀའ་བརྒྱུད་སྤྱི་ཁྱབ་ཀྱིས་བརྩི་སྐུར་ཞུ་ཡུལ་གྱི་བླ་ཆེན་ཞིག་ཡིན་པའི་ངོས་ནས། ཁོང་དུས་དེར་ཕེབས་ཏེ་གོང་གསལ་ཕྱག་ལས་གནང་བ་དེས་ཀྱང་། ཀམ་ཚང་བཀའ་བརྒྱུད་ལ་སྤྱིར་སྣེ་ཁྲིད་ཀྱི་ནུས་པ་ཕྱུང་ཡོད་པ་རེད།

ཡང་དུ་ཕྱི་ལོ༡༩༩༡ལོའི་ལོ་མཇུག་ཏུ་སླར་ཡང་བོད་དུ་ལོག་པ་དང་། དུས་སྐབས་དེ་ནི་བཀའ་བརྒྱུད་བསྐྱར་གསོའི་ལས་གཞི་དབུ་བརྙེས་ནས་ལོ་དགུ་ཙམ་གྱི་དུས་ལ་ཁེལ་ཡོད་ཅིང་། ལོ་ངོ་དགུ་ཡི་ཡུན་ལ་དགོན་པ་མང་ཤོས་ཀྱི་བན་རྒན་རྣམས་དང་གྲྭ་ལོག་ལྷག་བསམ་ཅན་ཚོས་ཤ་ཁྲག་གི་འགྲོ་སོང་བཏང་ནས་དགོན་པའི་ཕྱི་ཡི་བཀོད་པ་ཕྱོགས་ཙམ་ཞིག་གསོ་ནུས་ཡོད་ནའང་། དགོན་པ་མང་ཤོས་ཀྱི་སྤྲུལ་སྐུ་རྣམས་འདས་ཟིན་པས་ན་མང་ཚོགས་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་དགོན་པ་སོ་སོའི་དབུ་ཁྲིད་ཀྱི་རྐུབ་སྟེགས་སྟོངས་ནས་ཡོད་ཅིང་། སྐབས་དེ་དུས་ཀྱི་བཀའ་བརྒྱུད་དགོན་པ་དེ་དག་ལེགས་པར་བསྐྱར་གསོ་དགོས་ཚེ་ངེས་པར་དུ་སྤྲུལ་སྐུ་ཞིག་ཡོད་དགོས་པ་རེད། ད་ལྟ་གསར་བརྗེའི་ལྟ་བ་འཛིན་པའི་མཁན་པོ་ལ་ལའི་ཁ་ལ་བརྒྱུགས་ནས་མི་ཚོས་སྤྲུལ་སྐུ་ལ་འཛིན་པའི་ལྟ་ཚུལ་ནི་དེ་ཙམ་བཟང་རྒྱུ་མེད་ནའང་། བཀའ་བརྒྱུད་པར་མཚོན་ན་སྤྲུལ་སྐུའི་ལམ་ལུགས་ནི་ཤིན་ཏུ་རིན་ཐང་ཆེ་བ་དང་། ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་བར་སྐབས་དེར་སྤྲུལ་སྐུའི་ལམ་ལུགས་ཀྱིས་དམིགས་གསལ་བྱེད་ནུས་ཆེན་པོ་ཞིག་ཐོན་འདུག།

དེའང་གོང་དུ་ཞུས་པ་བཞིན་སྐབས་དེར་བཀའ་བརྒྱུད་པ་ལ་རྙིང་མའི་མཁན་རྒན་དེ་འདྲ་མེད་པ་དང་རྙིང་མ་ལྟ་བུའི་ཆོས་སྒར་མེད་པས་མ་མཐའ་ཡང་ལོ་གསུམ་མཁན་པོ་ཞིག་ཁྲི་འདོན་དང་། དེ་འདྲ་ཞིག་གིས་དགོན་སྡེ་འཛིན་སྐྱོང་བྱ་ཐབས་མེད་ལ། དགེ་ལུགས་ཀྱི་དགེ་བཤེས་དེ་འདྲ་ཡང་མེད་པ་དང་དགེ་ལུགས་ལྟ་བུའི་གྲྭ་ཚང་ཡང་མེད་པས་ཁྲི་པ་ཡང་ཐོན་དུ་མེད།  དེའི་ཕྱིར་བསྐྱར་གསོའི་ལས་གཞི་ཡུན་གྱིས་རྒྱུན་སྐྱོང་དགོས་ཚེ་ངེས་པར་དུ་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ལས་ཐབས་གཞན་གང་ཡང་མ་མཆིས། བཀའ་བརྒྱུད་ཀྱི་དགོན་པ་དང་དད་ལྡན་མང་ཚོགས་ཀྱི་འདུ་ཤེས་ལའང་སྤྲུལ་སྐུ་ནི་ཤིན་དུ་འཕྲོད་པོ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་སི་ཏུ་རིན་པོ་ཆེས་བཀའ་བརྒྱུད་གཙོས་བྱས་པའི་སྤྲུལ་སྐུ་ཉིས་བརྒྱ་ཙམ་ངོས་འཛིན་མཛད་པར་གྲགས།  སྤྲུལ་སྐུ་དེ་དག་གི་འོས་འགན་ཡང་རང་བསྟན་བསྐྱར་གསོའི་ཕྱག་ལས་འདི་ཉིད་ཡིན་ཞིང་། འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏང་རྒྱུ་ནི་ཁོང་ཅག་གི་ལས་ཀ་ཉག་གཅིག་ཡིན་པ་སྨོས་མ་དགོས། སྤྲུལ་སྐུ་དེ་དག་གི་སྐུ་ཕྲེང་རིམ་བྱོན་ལས་ཐེངས་འདི་ནི་དམིགས་བསལ་ཞིག་ལ་ཆགས་ཡོད་དེ། ཁོང་རྣམས་ལ་སྐུ་ཕྲེང་གོང་མའི་དུས་ལྟར་ངོས་འཛིན་བྱས་མ་ཐག་ནས་ཡོངས་འཛིན་དུ་མ་ཞིག་གིས་སློབ་གཉེར་དབུལ་རྒྱུ་དང་། ཁྲི་འདོན་བྱས་མ་ཐག་ནས་བླ་མར་བསྟེན་པ་དང་། དམ་པའི་ཆོས་ལ་སློབ་སྦྱོང་བྱ་ཞིང་། བཀའ་བརྒྱུད་ཀྱི་སྐྱབས་མགོན་རྣམ་པའི་དྲུང་ནས་དབང་ལུང་ཞུ་བ། ན་ཚོད་གང་འཚམ་ལ་ཐོན་རྗེས་སུ་རང་ཉིད་ཀྱིས་འགྲོ་དོན་སྐྱོང་བའི་སྐལ་བཟང་དེ་སྨིན་མེད་པ་རེད།  ཐེངས་དེར་ངོས་འཛིན་བྱས་པའི་སྤྲུལ་སྐུ་རྣམས་ཀྱིས་ནི་རང་ཉིད་ཤིན་ཏུ་ལོ་ན་ཆུང་ངུའི་དུས་ནས་དགོན་པའི་བན་རྒན་ཚོ་དང་ལྷན་དུ་བསྟན་པ་བསྐྱར་གསོའི་དོན་དུ་དཀའ་བ་དང་དུ་བླངས་ལྕི་བ་ཕྲག་ཏུ་ཁུར་ནས་སྐུ་ལས་དཔེ་མེད་གནང་སྟེ། སོ་སོའི་མི་ཚེའི་གཞོན་དུས་ཀྱི་ནམ་ཟླ་ཆ་ཚང་དེའི་དོན་དུ་བཏང་ཞིང་། སྐབས་དེར་སློབ་སྦྱོང་གི་ཆ་རྐྱེན་མེད་པས་ཁོང་རྣམས་ཀྱིས་སློབ་སྦྱོང་དེ་ཙམ་མ་མྱངས་ལ། མདོ་སྔགས་གཞུང་ཆེན་ཁག་ལའང་མང་ཤོས་ཀྱིས་དམིགས་བསལ་སྦྱོང་བ་བྱ་མ་ཐུབ། དེ་ལྟར་ལགས་མོད་ད་ཆ་ང་ཚོ་བཀའ་བརྒྱུད་པའི་གཞོན་རབས་རྣམས་ལ་རྣམ་ཤེས་འཁོར་སའི་དགོན་པ་ཆེ་ཆེ་ཆུང་ཆུང་འགའ་ཞིག་ལྷག་འདུག་པ་འདི་ནི་དོན་དུ་ཁོང་རྣམས་ཀྱི་བཀའ་དྲིན་བདག་རྐྱེན་ཉག་གཅིག་ལས་བྱུང་བར་འདོད་ཀྱི་ཡོད། ངས་སྤྱིར་བཏང་སི་ཏུ་རིན་པོ་ཆེའི་མི་གཞི་ག་འདྲ་ཡིན་པ་ལ་སྡོམ་ཚིག་འགོད་འདོད་མེད་ཅིང་བཀོད་ཀྱང་མི་ཤེས་ནའང་། གསལ་བོར་རྟོགས་པ་ནི་ལོ་རྒྱུས་ཐོག་ཁོང་གིས་བཀའ་བརྒྱུད་བསྐྱར་གསོའི་ཕྱག་ལས་དམིགས་བསལ་བ་ཞིག་གནང་ཡོད་པ་རེད་ལ། ཕྱག་ལས་འདིས་ད་ལྟའི་བོད་ཡུལ་དང་ལྷག་པར་མདོ་ཁམས་ཀྱི་བཀའ་བརྒྱུད་དགོན་པ་མང་པོ་ཞིག་བསྐྱར་གསོ་ལ་ཁ་ཡོད་ལག་ཡོད་ཀྱིས་འབྲས་བུ་སྨིན་འདུག་སྙམ་བྱུང་སྟེ། དཔེར་ན་རྙིང་མའི་ཆོས་བསྒྱུར་ལས་འགུལ་སྤེལ་མཁན་འགའི་ལག་ནས་འཇང་ཡུལ་དགོན་ཁག་བཅུ་གསུམ་རང་ལུགས་བཀའ་བརྒྱུད་དུ་བསྐྱར་གསོ་བྱུང་བ་དང་། ལྷོ་བྲོ་བོ་ལུང་དགོན་པ་སོགས་ད་ཆ་བཤད་སྒྲུབ་ལས་གསུམ་ལྡན་པའི་དགོན་ཆེན་ལ་ཆགས་པ་ནི་མཚོན་པ་ཙམ་མོ།།

གསུམ་པ།   ཐོག་མའི་བསྐྱར་གསོའི་སྐབས་སུ་བཤད་གྲྭ་འཛུགས་མ་ཐུབ་པའི་ཞན་ཆ།

 

མགོ་ལ་ཀླད་པ་ལྡན་མཁན་ཞིག་དང་བཀའ་བརྒྱུད་ཀྱི་དར་གུད་ལ་ཅུང་ཙམ་དོ་སྣང་བྱེད་མཁན་ཞིག་གམ། ཡང་ན། བོད་བརྒྱུད་ནང་བསྟན་ལ་དོ་སྣང་ལྡན་མཁན་གྱི་འགྲོ་བ་མི་ཞིག་ཡིན་ཚེ། བཀའ་བརྒྱུད་པས་ཡང་དར་བསྟན་པའི་ཐོག་མ་དང་བར་བརྒལ་གྱིས་དུས་སྐབས་དེར་བཤད་གྲྭ་མ་བརྒྱབས་པ་དང་རྒྱག་མ་ཐུབ་པའི་ཉེ་འབྲས་ཡ་ང་བ་དེ་ཉིད་རྟོགས་སླ་ནའང་། ང་ཚོས་འདིའི་སྐོར་ནས་ཏོག་ཙམ་གླེང་ན། བཀའ་བརྒྱུད་ཀྱི་དགོན་པ་ཁག་ལས་ཡང་དར་སྐབས་སུ་བཤད་གྲྭ་རྒྱག་མཁན་ཐོག་མ་དེ་སུ་ཡིན་མི་ཤེས་མོད། ཀམ་ཚང་བཀའ་བརྒྱུད་ལས་སྔ་ཤོས་ནི་གདན་ས་དཔལ་སྤུངས་དང་མཚུར་ཕུ་གཉིས་ཡིན་པའི་ཚོད་དུ་འདུག། བཤད་གྲྭ་དེ་གཉིས་ནི་ཤུགས་རྐྱེན་ཡང་ཆེན་པོ་རེད། དེ་ལས་གཞན་པའི་དགོན་པ་རྣམས་ཀྱིས་ག་དུས་བཤད་གྲྭ་བརྒྱབས་པའི་ལོ་ཚིགས་རེ་རེ་བཞིན་གུས་པས་ད་ཆ་བཤད་ཐབས་བྲལ། ཡོངས་སུ་གྲགས་པའི་ཤུགས་རྐྱེན་ཅན་ནི་མང་དུ་མེད་པ་ཏན་ཏན་ལགས། ལྷག་པར་དུ་བཀའ་བརྒྱུད་པའི་དགོན་པ་མང་ཤོས་ལ་ད་དུང་ཡང་བཤད་གྲྭ་མེད་པ་རེད་ལ། བཀའ་བརྒྱུད་ནང་ཁུལ་ཆོས་བརྒྱུད་མང་དྲག་པས་དང་། བཀའ་བརྒྱུད་ཀྱི་དགོན་ཆེན་རྣམས་ཀྱང་རྙིང་མ་དང་དགེ་ལུགས་ཀྱི་དགོན་ཆེན་ཁག་ལ་བསྡུར་ན་ཕྱིའི་བཀོད་པ་དང་ནང་གི་གྲྭ་གྲངས་ནི་དགོན་ཆུང་ཞིག་གི་ཚད་ལས་མེད་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་མདོར་ན་ད་ཆ་ཡང་གྲྭ་པ་སྟོང་ཕྲག་ལྡན་པའི་བཤད་གྲྭ་ཞིག་ནི་ཡོད་པ་མ་རེད།

ཚོད་དཔག་བྱས་ན་གངས་ལྗོངས་བཀའ་བརྒྱུད་བགྲོ་གླེང་༢༠༡༩ལོ་འཚོག་ཐེངས་བཅུ་དྲུག་པར་ཕྱིན་འདུན་ན།  འདི་ནས་ཡར་བརྩིས་པའི་མི་ལོ་བཅུ་དྲུག་གི་སྔོན་དུ་ཡུལ་ཤུལ་གྱི་དགོན་པ་ཆེ་ཤོས་འགའ་དང་བླ་རུང་བཀའ་བརྒྱུད་འཛིན་གྲྭ། གདན་ས་དཔལ་མཚུར་གཉིས་དང་། འབྲི་འབྲུག་གི་དགོན་ཆེན་འགའ་རུ་བཤད་གྲྭ་ཚུགས་ཡོད་པ་གྲུབ་ནའང་། བཀའ་བརྒྱུད་བགྲོ་གླེང་ཐེངས་དང་པོའི་དཔེ་ཆའི་ཆུ་ཚད་ནི་ཤིན་ཏུ་དམན་པོ་ཡིན་པའི་སྐད་ཆ་ཞིག་དེ་དུས་ཡུལ་དངོས་སུ་ཕེབས་པའི་བདག་གི་དགེ་བའི་བཤེས་གཉེས་ཀྱིས་གསུང་ཚུལ་ལ་བསམ་ན། ཕྱི་ལོ་༢༠༠༣ལོར་བཀའ་བརྒྱུད་ཀྱི་དགོན་པ་ཆེ་ཤོས་ཚོས་བཤད་གྲྭ་རེ་ཚུགས་ཡོད་ནའང་དེ་ཉིད་ད་དུང་ནར་སོན་མེད་པ་གསལ་པོ་རེད་ལ། དགོན་པ་མང་ཆེ་ཤོས་ཀྱི་བཤད་གྲྭ་དག་འཕྲལ་རྐྱེན་དུ་མའི་དབང་གིས་བར་སྐབས་སུ་འཐོར་བའི་སྐད་ཆ་ཡང་ཤིན་ཏུ་མང་པོ་རེད། མདོར་ན་གོང་ནས་དོན་ཚན་དང་པོའི་ནང་དུ་བཀའ་བརྒྱུད་པས་བསྐྱར་གསོའི་ཐོག་མའི་དུས་སྐབས་སུ་བཤད་གྲྭ་འཛུགས་མ་ནུས་པའི་རྒྱུ་མཚན་མང་དུ་ཞུས་པ་ལྟར་ལགས་ཤིང་། དེ་འོག་དགོན་ཆེན་འགའ་ཡིས་བཤད་གྲྭ་ཚུགས་ནའང་། བཀའ་བརྒྱུད་སྤྱིའི་ཆ་ནས་དགོན་པ་བརྒྱ་ཆ་དགུ་བཅུ་གོར་དགུ་ལ་བཤད་གྲྭ་ཡོད་པ་མ་རེད། དེ་ཁོ་ནས་ཀྱང་ཆོས་བརྒྱུད་གཞན་དང་བསྡུར་ན་གོམ་གང་གིས་རྗེས་ལུས་ཐེབས་སོང་བར་མཐོང་།

༡བཤད་གྲྭ་འཛུགས་མ་ཐུབ་པས་གྲྭ་རབས་གཅིག་གི་མི་ཚེ་ལ་རྡབ་སྐྱོན་བྱུང་བ།

 

གོང་ནས་ཞུས་པ་བཞིན་བཀའ་བརྒྱུད་པས་བཤད་སྒྲུབ་གཉིས་ལས་སྒྲུབ་གྲྭ་ཐོག་མར་བསྐྱར་གསོ་བྱས་པ་དང་། གྲྭ་པ་དག་ཀྱང་འགའ་ཤས་ཤིག་དགེ་ལུགས་དང་ས་སྐྱ་གཙོས་པའི་དགོན་པ་དག་ལ་སློབ་སྦྱོང་ལ་ཕེབས་པ་དང་། བྱིངས་ནི་སྒྲུབ་གྲྭར་ཞུགས་པ་རེད། འོན་ཀྱང་སྐབས་དེ་དུས་ཀྱི་བཀའ་བརྒྱུད་པའི་དགོན་པ་སོ་སོའི་འགན་འཛིན་རྣམས་ཀྱིས་སྒྲུབ་གྲྭ་དེ་ཉིད་ཚད་ལྡན་ཚུལ་མཐུན་དུ་སྐྱོང་མ་ནུས་ཤིང་། མ་ཚད་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཁང་ལས་མཐར་ཕྱིན་དུས་སྒྲུབ་བླ་དེ་རྣམས་མུ་མཐུད་ཆོས་ཀྱི་སློབ་གསོ་མྱངས་ནས་བཞུགས་སའི་ཁོར་ཡུག་ཅིག་མེད། དེ་བས་ན། སྒྲུབ་ཁང་ནས་ཐོན་པའི་སྒྲུབ་བླ་དེ་དག་ལས་རྩེ་གྲ་རེ་གཉིས་ཤིག་མུ་མཐུད་སྒོམ་སྒྲུབ་ཀྱི་ལས་སུ་ཞུགས་ཤིང་། འབྲིང་རིམ་རྣམས་མུ་མཐུད་ཆོས་ཀྱི་སློབ་སྦྱོང་ཡོང་ཆེད་རྙིང་མའི་ཆོས་སྒར་ཁག་ལ་ཕེབས་པ་དང་། མཐའ་མ་རྣམས་ནི་རི་དྭགས་ཚེ་ཐར་བཞིན་དུ་ཡར་མར་འཁྱམས་ནས་མི་ཚེ་ཟད་ཡོད་འདུག། འདི་ནི་སྐབས་དེ་དུས་ཀྱི་བཀའ་བརྒྱུད་སྤྱིའི་གྲྭ་པ་དག་གི་མི་ཚེའི་ཁ་ཕྱོགས་ཀྱི་དབྱེ་སྒོ་བསྡུས་ཙམ་ཞིག་ལ་གུས་པས་འདོད་ཀྱི་ཡོད།

འདི་ལྟར་ལྟ་དུས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ནི། རང་ཉིད་ཀྱི་དགོན་པར་བཤད་གྲྭ་དང་རི་ཁྲོད་ཚད་ལྡན་མེད་པས་ན། མི་ལོ་ཉི་ཤུ་ལ་མི་རབས་རེ་ཡི་བརྩི་ཚུལ་གཞིར་བཞག་གི་དབང་དུ་བྱས་ན། ༡༩༨༠ནས་༢༠༠༠བར་གྱི་ཡང་དར་དུས་ཀྱི་བཀའ་བརྒྱུད་ཀྱི་གྲྭ་རབས་དང་པོ་དེས་ཆོས་ཀྱི་སློབ་གསོ་མྱོང་བའི་གོ་སྐབས་ཤོར་བ་རེད། ཁོང་རྣམས་དང་ཐོག་སྒྲུབ་གྲྭར་ཞུགས་ཡོད་ནའང་སྒྲུབ་ཁང་ལས་ཐོན་རྗེས་ཁྱིམ་ཚང་གི་ཆ་རྐྱེན་དང་རང་གི་སེམས་ཤུགས། འགྲིམ་འགྲུལ་གྱི་མཐུན་རྐྱེན་སོགས་མ་འཛོམས་པའི་ཕྱིར་ན། མང་ཤོས་རང་ཡུལ་ལ་བཞུགས་པ་ལས་གཞན་དུ་སྐྱོད་མ་ནུས་པ་མངོན་ལ། ཁོང་རྣམས་རང་ཡུལ་ལ་བཞུགས་པ་དེ་ངས་མཐའ་གཅིག་ཏུ་བྱས་རྗེས་མེད་པའི་ལས་སུ་ངོས་འཛིན་བྱེད་ཀྱི་མེད་དེ། སོ་སོའི་དགོན་པའི་འགན་ཁུལ་པ་དང་ལོ་བསྟར་ཆགས་སུ་སྒྲུབ་པ་ཁག་ཆད་མེད་རྒྱུན་སྐྱོང་གནང་བ་སོགས་སྤྱིར་ཕྱག་ལས་མང་དུ་མཛད་ཡོད་པ་རེད། འོན་ཀྱང་ཁོང་རྣམས་མདོ་སྔགས་གཉིས་ཀྱི་ཆོས་ཀྱི་སློབ་སྦྱོང་དང་གཏན་དུ་ལམ་སོ་སོར་ཆགས་པས་ན། ཆོས་སྒོར་ཞུགས་པའི་མི་ཞིག་ལ་མཚོན་ན་དེ་ནི་ཆག་སྒོ་ཆེན་པོ་ཞིག་དང་། དགོན་པ་དེ་དག་ལའང་ཆག་སྒོ་ཞིག་ཏུ་གྱུར་པ་མངོན།

རྙིང་མའི་ཆོས་སྒར་དང་དགེ་ལུགས་ཀྱི་མཚན་ཉིད་གྲྭ་ཚང་ཁག་ལ་ཞུགས་པའི་གྲྭ་པ་དེ་རྣམས། ཡུལ་དུ་ལྷག་པའི་གྲྭ་པ་རྣམས་དང་བསྡུར་ན་རང་ངོས་ནས་ཆོས་ཀྱི་གོ་རྟོགས་འཕེལ་བ་སོགས་ཁེ་ཕན་ཆེ་ནའང་། ཕྱིས་ཀྱི་བར་སྐབས་ཤིག་ལ་དེ་རྣམས་རང་ཡུལ་དུ་ལོག་རྗེས། གཞིས་ཀྱི་དགོན་པ་མང་པོ་ཞིག་ལ་ཕྱོགས་གཞན་ནས་དཀའ་ལས་ཆེན་པོ་ཞིག་སྤྲད་ཡོད་འདུག།

༢རང་ལུགས་སློབ་གསོ་མ་མྱོང་བའི་གྲྭ་རབས་དེས་བཀའ་བརྒྱུད་སྤྱིའི་ཡར་རྒྱས་ལ་གེགས་རྐྱེན་བཟོས་པ།

 

ཀུན་གྱིས་མཁྱེན་གསལ་ལྟར། ད་ཆ་བཀའ་བརྒྱུད་ཀྱི་གྲྭ་པ་ལོ་ན་བཞི་བཅུ་དང་ལྔ་བཅུར་སོན་པ་དག་ལས། འབྲི་འབྲུག་སྟག་གསུམ་གྱི་སྐྱབས་མགོན་རྣམས་དང་ཀམ་ཚང་གི་ཡབ་སྲས་རྣམས་ལ་དད་པ་དེ་ཙམ་མེད་ནའང་། རྙིང་མའི་མཁན་རྒན་དང་བླ་མ་འགའ་ཞིག་ལ་ནི་དཔེ་མི་སྲིད་པའི་དད་པ་ཆེ་བའི་རིགས་གཅིག་དང་། དེ་བཞིན་ད་ཆ་མཁན་པོའི་གོ་ས་འཛིན་པའི་ཁྲོད་དུ་རྗེ་ཡབ་སྲས་ལ་དད་པ་ཤིན་ཏུ་ཆེ་ནའང་བཀའ་བརྒྱུད་ཀྱི་ཀུན་མཁྱེན་བུ་སྟོན། པད་ཀར། མི་བསྐྱོད་པ་བཅས་ལ་དེ་ཙམ་དད་པ་མེད་པའི་རིགས་གཉིས་ཡོད་པ་རེད། ཞིབ་ཀྱིས་དཔྱད་ན་བརྒྱུད་པའི་བླ་མ་ལ་དད་པ་ཚད་ལྡན་ཞིག་ཀྱང་མེད་པའི་རིགས་འདི་གཉིས་སྤྱིར་ན་མོས་གུས་ཀྱི་བཀའ་བབ་ཏུ་གྱུར་པའི་དྭགས་པོ་བཀའ་བརྒྱུད་པ་ཞིག་ཡིན་མིན་ལ་ཁ་ཚོད་གཅོད་དཀའ་ནའང་། ཁོ་ཚོས་རང་ཉིད་བཀའ་བརྒྱུད་པ་ཞིག་ཡིན་པ་ནི་ཁ་ཡིས་ཁས་ལེན་བྱེད་ཀྱི་འདུག། རིགས་ཀ་འདི་གཉིས་གོང་ཞུས་ཀྱི་སྔར་ཆོས་སྒར་དང་ཆོས་གྲྭ་གཞན་ལ་ཕེབས་པའི་བཀའ་བརྒྱུད་ཀྱི་གྲྭ་པ་དེ་རྣམས་ཡིན་ཞིང་། ཁོང་ཅག་གིས་གཞན་ནས་སློབ་སྦྱོང་ཟིན་རྗེས་ཀྱི་དུས་ཚོད་གང་འཚམས་ནས་ཡུལ་ལ་ལོག་པའི་མཛད་འཕྲིན་སྐྱོང་ཡོད་པ་རེད་ལ། ཡུལ་ལ་ལོག་རྗེས་སུ་སོ་སོའི་དགོན་པ་ནང་དུ་གཞིས་བཞུགས་གྲྭ་པ་རྣམས་དང་ཕྱོགས་གང་ཐད་ནས་གདོང་ཐུག་བརྒྱབ་ཡོད་འདུག་སྟེ།

གཅིག། དཔེར་ན་དགེ་ལུགས་ཀྱི་གྲྭ་སར་ཕེབས་པ་དག་ཡུལ་ལ་ལོག་རྗེས་དགོན་པའི་བཤད་གྲྭའི་རྣམ་པ་དེ། མཐའ་གཅིག་ཏུ་དགེ་ལུགས་ལྟར་མཚན་ཉིད་གྲྭ་ཚང་གི་ལུགས་སྲོལ་བྱས་ནས། བཤད་གྲྭའི་གྲྭ་པ་དག་གིས་དཔེ་ཆ་ལྟ་རྒྱུ་ལས་དགོན་པའི་སྔ་སྲོལ་གྱི་སྒྲུབ་མཆོད་མི་འཚོག་པ་དང་། ཉེར་ལྔ་ཚེས་བཅུའི་དུས་མཆོད་མི་འདོན་པ་དང་། རང་ལུགས་ཡིག་ཆ་ཁྲིད་གཞུང་མ་བྱས་པས་ན། ལས་ཀ་དེ་སྐབས་དེ་དུས་ཀྱི་འགན་འཛིན་པ་དག་གི་ཐུགས་ལ་འཕྲོད་མེད་པ་རེད། དེ་ནི་སྤྱིར་ཁོང་རྣམས་ཀྱིས་བཀའ་བརྒྱུད་ཀྱི་ངོ་བོ་ངོས་མ་ཟིན་པས་ལན་ཏེ། བཀའ་བརྒྱུད་པ་ནི་སྒོམ་སྒྲུབ་གཙོ་བོར་བྱེད་པའི་ཆོས་བརྒྱུད་གཅིག་ཡིན་པ་ན། དེའི་བཤད་གྲྭ་ལའང་སྒོམ་སྒྲུབ་ཀྱི་རྒྱུ་ཆ་ལྡན་དགོས་པ་བཤད་ཅི་དགོས། འོན་ཀྱང་། མཁན་པོ་དེ་རྣམས་ཀྱིས་དོན་དེ་སྣང་མེད་བྱས་པའམ་མ་ཤེས་པའི་དབང་གིས། ཁོང་རྣམས་ཀྱིས་བཤད་གྲྭ་འཛིན་སྐྱོང་བྱས་ནས་ཡུན་རིང་མ་སོང་བར་ཐོག་མར་དགོན་གཞུང་གི་འགན་འཛིན་དག་དང་ལྟ་ཚུལ་མ་མཐུན་པ་བྱུང་ཞིང་། ཕྱོགས་གཉིས་ཀས་གླང་རྒན་བཞིན་གད་པ་ལ་ཐུག་ཀྱང་ཕྱིར་ལྡོག་མི་ཤེས་པའི་ཨུ་ཚུགས་ཀྱིས་སོ་སོའི་ལྟ་ཚུལ་རྒྱུན་སྐྱོང་བ་ལས། ཕན་ཚུན་གྲོས་མོལ་དང་ལེགས་བཅོས་མ་བྱས་པས་ན། དགེ་ལྡན་གྲྭ་ས་ནས་ལོག་ཕེབས་བྱས་པའི་མཁན་པོ་རྣམས་ལ། གཟོད་བཀའ་བརྒྱུད་ཀྱི་བཤད་གྲྭ་དང་གྲྭ་པ་རྣམས་དགེ་བསྒྱུར་བྱེད་ཀྱི་ཡོད་པའི་མི་ཁ་བྱུང་ཞིང་། མི་ཁ་འདིའི་རྐྱེན་གྱིས་དགོན་པ་མང་པོ་ཞིག་གི་བཤད་གྲྭ་འཐོར་བའི་གནད་དོན་བྱུང་། སྐབས་འདིར་མུ་གེའི་ཐོག་ཏུ་ཟླ་ལྷག་ཅེས་པའི་དཔེ་ལྟར་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རིགས་པ་དང་གཏན་ཚིགས་ལོ་རྒྱུས་ཀྱི་བདེན་དཔང་ཅིའང་མེད་པར་གང་བྱུང་དུ་བཀའ་བརྒྱུད་པས་བསྡུས་གྲྭ་ལ་མཆད་བརྩོད་བྱེད་པ་ནི་སྔ་སྲོལ་དང་མ་མཐུན་པ་ཡིན་ཚུལ་མང་དུ་བསྒྲགས་པ་དེས་ཀྱང་། གོང་ཞུས་ཀྱི་བཀའ་བརྒྱུད་བཤད་གྲྭ་བསྡུས་གྲྭ་སྦྱོང་མཁན་དང་དེའི་མཁན་པོ་རྣམས་ལ་གནོན་ཤུགས་ལྷག་མ་སྤྲད་ཡོད་དེ། དགོན་གཞུང་འགན་འཛིན་མང་ཤོས་ནི་བཀའ་བརྒྱུད་ཀྱི་ལོ་རྒྱུས་དང་། ཆོས་འབྱུང་རྣམ་ཐར། ཡིག་ཆ་བཅས་ལ་ཆ་རྒྱུས་མེད་མཁན་ཡིན་པས་ན་བླ་རུང་མཁན་པོས་བསྡུས་གྲྭ་སྦྱངས་པ་ནི་བཀའ་བརྒྱུད་པའི་ལུགས་སྲོལ་དང་མི་མཐུན་ཚུལ་གསུངས་པའི་གཏམ་ཐོས་རྗེས། ཅལ་འགྲོགས་ཚོད་མེད་བྱས་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཐུན་བཞིའི་ནང་གི་ཚིགས། བཀའ་བརྒྱུད་རྩོད་པ་མེད་པ། དམུ་རྒོད་འདུལ་བ་ནུས་པ་ཞེས་པ་སོགས་ཀྱང་འཁྱོག་འགྲེལ་བྱས་ཏེ། དགེ་བསྒྱུར་གྱི་མི་ཁ་ཤུགས་ཇེ་ཆེར་སོང་བ་དང་། དུས་ད་ལྟ་ཡང་དེ་ལྟར་སེམས་མཁན་གྱི་བན་རྒན་འགའ་ཤས་ནི་ཡོད་འདུག་ལ། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་ལུང་དུ་དྲངས་ནས་ཁྱོད་ཀྱིས་བསྡུས་གྲྭ་སྦྱོང་མི་ཉེན་ཟེར་མཁན་གྱི་བན་རྒན་སེམས་དཀར་ཅན་ལ་ང་རང་ཡང་ལན་གཅིག་མིན་པ་འཕྲད་མྱོང་ངོ་། །

གཉིས། དེ་ནས་རྙིང་མའི་ཆོས་སྒར་ཁག་ལ་ཕེབས་པ་དག་ལས་བྱིངས་ནི་རང་ཡུལ་དགོན་པར་ལོག་པ་དང་། ཁོང་རྣམས་མང་ཤོས་མདོ་སྔགས་གཞུང་ལུགས་ལ་མཁས་པ་དེ་འདྲ་ཆགས་མེད་ནའང་། ཆུང་ས་ཕྲ་ས་ནས་སྔོན་འགྲོའི་ཆོས་ཁྲིད་དང་། སྒྲུབ་པའི་འདོན་ཆ་དང་བཅའ་མཆོད། འབུད་རྡུང་བཅས་ལ་ནི་མང་ཤོས་ཤིན་ཏུ་གོམས་ཡོད་པ་ལགས་ཤིང་། རྫོགས་ཆེན་བླ་བརྒྱུད་རྣ་བས་ཐོས་གྲངས་མང་བ་དང་། རྙིང་མའི་རྫོགས་ཆེན་ཆོས་སྐད་རྒྱུད་ལ་ཞུགས་ཏེ། ངམ་ངམ་ཤུགས་ཤུགས་ཀྱིས་ཕྱག་རྫོགས་གཉིས་ལས་ཕྱག་ཆེན་ལ་དམན་ལྟ་དང་། བཀའ་བརྒྱུད་ཀྱི་འདོན་ཆ་དང་སྒྲུབ་པ་ཕྱག་ལེན། ཐ་ན་ཆོས་སྤྱོད་སོགས་ཀྱང་དམན་དུ་བལྟ་ཞིང་། ཁོང་རྣམས་ཀྱིས་མུ་མཐུད་ཚུལ་ཁྲིམས་ལ་གཅེས་སྤྲས་ནི་རིགས་སྤྱོད་ཀྱི་མཆོག་ཏུ་འཛིན་པའི་བཀའ་བརྒྱུད་ཀྱི་དགོན་པའི་ནང་དུ་གླིང་བྲོ་སྤེལ་ཏེ། བར་སྐབས་གཅིག་ལ་གྲྭ་པ་མང་ཤོས་བྲོ་པ་ལ་བསྒྱུར་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཡང་དེ་བཞིན་གླིང་བྲོ་ཤུགས་དྲག་སྤེལ་བས་ན། ཉིན་མཚན་དབྱེ་བ་མེད་པར་བྲོ་རྡུང་གླུ་ལེན་བྱས་ཡོད་འདུག་ལ། གླིང་བྲོའི་མཚམས་ནས་ཟློས་གར་ཡང་སྤེལ་ཡོད་འདུག་མོད་འདི་ནི་ཆ་རྐྱེན་གང་འཚས་མེད་ན་ལག་ལེན་མི་ནུས་པ་ཡིན་པས་ན། བཀའ་བརྒྱུད་དགོན་པ་དེ་རྣམས་གཅིག་ནས་རྒྱུ་འབྱོར་ཞན་པ་དང་། གཉིས་ནས་གྲྭ་གྲངས་ཉུང་བས་ན་མང་པོ་ཞིག་གིས་འདན་སྲས་འཁྲབ་ནུས་མེད་པ་རེད། དེ་ནས་རིམ་པ་བཞིན་ཞིང་སྒྲུབ་སྤེལ་བ་དང་ཞིང་སྒྲུབ་ཀྱི་ཐོག་ཏུ་རྙིང་མའི་མཁན་པོ་གདན་འདྲེན་བྱས་ནས། ཆོས་ཀྱི་གོ་རྟོགས་མ་སད་པའི་མང་ཚོགས་དང་དགོན་པའི་གྲྭ་པ་མང་པོ་ཞིག་གིས་རྙིང་མའི་མཁན་པོའི་མདུན་ནས་ཆོས་ཁྲིད་ཞུས་པ་ཡིན་ཞིང་། དེས་སྤྱིར་གང་ཟད་སྒེར་ལ་བླང་དོར་ལམ་སྟོན་གྱི་རྣམ་གཞག་རེ་བྱུང་ཡོད་ནའང་། གང་ཐོས་པའི་ཆོས་དེ་ནི་བཀའ་བརྒྱུད་ཁོ་རང་ཚོའི་བརྒྱུད་པའི་ཞལ་རྒྱུན་མ་ཡིན་པས་ན། སྔར་གྱི་བཀའ་བརྒྱུད་པའི་ལྟ་གྲུབ་དང་དང་འདུ་ཤེས་འཛིན་སྟངས་ལ་དེ་ཙམ་མཐུན་པོ་མིན་པས་ན། ཐད་ཀར་དུ་བཀའ་བརྒྱུད་དགོན་པ་གང་མང་ཞིག་རྙིང་མའི་ཆོས་སྒར་འགའ་ཡི་དགོན་ལག་ལྟ་བུར་ཆགས་ཡོད་པའི་སྣང་ཚུལ་བྱུང་ཞིང་། དེ་ལས་ཀྱང་ཆོས་སྒར་དེ་ཚོས་ལས་འགུལ་སྤེལ་ས་སྟེ། འདིར་གུས་ཚིགས་མ་སྦྱར་ན་མི་སེར་སྤེལ་ཡུལ་ལྟ་བུ་ཞིག་ལ་གྱུར་པ་རེད། དེ་འོག་རིམ་བཞིན་དགེ་བཅུ་སྤེལ་བ་དང་། རྫོགས་ཆེན་ཞག་བརྒྱ་ཡང་དགོན་པ་འགའ་ཤས་ལ་སྤེལ་ཡོད་འདུག་ཅིང་། ལྷག་པར་དུ་རྙིང་མའི་གདན་ས་ཁག་ནས་མཁན་པོར་དོན་པ་ཁག་ཅིག་གིས་སོ་སོའི་དགོན་པའི་ནང་དུ་རང་གི་རྩ་བའི་བླ་མ་སུ་གྱུར་པའི་རྙིང་མའི་མཁན་རྒན་བླ་རྒན་རྣམ་གྱི་འདས་མཆོས་བཙུགས་པ་དང་། དགོན་པའི་འདུ་ཁང་ནང་གི་སྔར་རྒྱལ་བ་ཡབ་སྲས་དང་འབྲི་སྟག་སྐྱབས་མགོན་རྣམས་ཀྱི་ཞལ་ཐང་གི་ཚབ་ཏུ་སོ་སོའི་རྩ་བའི་བླ་མར་གྱུར་པའི་རྙིང་མའི་ཆོས་སྒར་སོ་སོའི་མཁན་རྒན་རྣམས་ཀྱི་སྐུ་བཤམས་པ་སོགས། དེ་ལྟར་ལས་འགུལ་མང་པོ་ཞིག་རབས་དང་རིམ་པར་བྱུང་རྗེས་སུ་དགོན་པ་ལ་ལ་ཞིག་ནི་དང་ཐོག་ནས་རང་རྐང་ཟིན་གྱི་མེད་ཐོག་ཧ་ལམ་བཀའ་བརྒྱུད་ཀྱི་ངོ་བོ་བོར་བའི་གནས་ཚུལ་མངོན་འགྱུར་དུ་བྱུང་ངོ་།།

ཚད་ལས་བརྒལ་བའི་ལས་འགུལ་མང་པོ་སྤེལ་རྗེས་དགོན་པ་སོ་སོའི་སྔར་ཡོད་བན་རྒན་ཐོག་མའི་བསྐྱར་གསོ་གནང་མཁན་གྱི་རིགས་དེ་རྣམས་དང་། ཞིང་སྒྲུབ་ཐོག་ནས་སྤྲུལ་སྐུ་ལ་དགག་པ་མང་པོ་བྱས་པས་ན་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་འགའ་ཤས་དང་། བཀའ་བརྒྱུད་བཤད་གྲྭ་ལས་ཐོན་པའི་གྲྭ་པ་གཞོན་རབས་ཚོ་དང་ཐོག་མར་གདོང་ཐུང་བྱུང་ཞིང་། ལས་འགུལ་སྤེལ་མཁན་རྣམས་ལ་བཀའ་བརྒྱུད་རྙིང་བསྒྱུར་གྱི་མི་ཁ་བྱུང་འདུག་ནའང་། མི་ཁ་དེ་ནི་ཛ་དྲག་ཅན་ཞིག་མ་རེད།

བཀའ་བརྒྱུད་རང་ལུགས་ཀྱི་ཆོས་ཀྱི་སློབ་གསོ་མ་མྱོང་བའི་གྲྭ་རབས་དེ་ལས་ཤིན་ཏུ་ཉུང་ངུ་ཞིག་གིས་བཀའ་བརྒྱུད་ལ་དཔེ་མི་སྲིད་པའི་ཕྱག་ལས་གནང་ཡོད་ནའང་། དེ་རྣམས་དང་དུས་མཉམ་པའི་གྲྭ་གྲོགས་གཞན་བྱིངས་ཀྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ས་གནས་སོ་སོའི་དགོན་པ་ཁག་ལ་རྙོག་དྲ་མང་པོ་བཟོས་པ་དང་། ད་ལྟ་ཡང་བཀའ་བརྒྱུད་ཀྱི་གདན་ས་དང་རི་ཁྲོད། ཇོ་དགོན་བཅས་གཞན་ལ་བསམ་བཞིན་ཕུལ་བ་དང་བསམ་བཞིན་བསྒྱུར་བ་སོགས་ཀྱི་ལས་ཀ་ལས་ཀྱི་འདུག་ན། མི་འདི་དག་གི་རིགས་ནི་སངས་རྒྱས་བསྟན་པ་སྤྱི་ངོས་ནས་ཆོས་བརྒྱུད་བར་ལ་རྙོག་དྲ་སློང་མཁན་དང་། བཀའ་བརྒྱུད་བསྟན་པའི་ངོས་ནས་ལོ་རྒྱུས་ཀྱི་མི་སྣ་ནག་ཉེན་ཅན་ལ་ཆགས་ཡོད་པ་མངོན་གསལ་རེད། ལོ་རྒྱུས་ཀྱིས་མི་དེ་རྣམས་གཏན་དུ་བརྗེད་མི་སྲིད་ཅེས་ཞུ་ན་འདོད། ལས་ཀ་དེ་དག་གི་རྐྱེན་གྱིས་བཀའ་བརྒྱུད་དགོན་པ་དེ་རྣམས་རང་རྐང་རང་ལུགས་ཀྱི་ངོས་ནས་འཕེལ་རྒྱས་འགྲོ་རྒྱུ་ལ་གནོད་འཚེ་ཆེན་པོ་བཟོས་ཤིང་། ལས་འགུལ་གྱི་ཁྲོད་ནས་དགེ་འདུན་ནང་ཁུལ་དུ་ཐུགས་མི་མཐུན་པའང་མང་པོ་བྱུང་ཡོད་པ་རེད།

མི་ཚོས་བཀའ་བརྒྱུད་པ་ནི་གཡས་ལ་འཐེན་ན་གཡས་ལ་ནར་ནར་དང་། གཡོན་ལ་འཐེན་ན་གཡོན་ལ་ནར་ནར་བྱེད་པའི་རྒྱུ་རྐྱེན་ལ་དོ་སྣང་ཡོད་ངེས། དེའི་རྒྱུ་རྐྱེན་ནི། ཡང་དར་རྗེས་ཀྱི་དགོན་པ་དེ་ཚོས་བཤད་གྲྭ་དུས་ཐོག་ལ་མ་ཚུགས་པས་ན་མདོ་སྔགས་གཉིས་ཀྱི་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་ཟིན་མེད་པ་དང་། སྒྲུབ་ཁང་ཚད་ལྡན་མང་པོ་མེད་པས་ན་སྒོམ་གྱི་ཐོག་ནས་ཀྱང་རང་རྐང་མ་ཟིན་པ། འབྲི་འབྲུག་སྟག་གསུམ་གྱི་སྐྱབས་མགོན་རྣམས་དང་ཀམ་ཚང་ཡབ་སྲས་རྣམས་བོད་ཡུལ་ལ་མེད་པའི་རྒྱུ་རྐྱེན་གྱིས། དགོན་པ་དེ་ཚོ་ལ་བཀའ་བརྒྱུད་ཀྱི་མིང་ཡོད་ནའང་བཀའ་བརྒྱུད་ཀྱི་བསྟན་པ་ཆགས་ཐུབ་མེད་པས་ཡིན་པར་སེམས་ལ། དགེ་ལུགས་དང་ས་སྐྱ། ཇོ་ནང་བོན་བཅས་སུ་ལས་འགུལ་འདི་དག་མ་བྱུང་བ་ནི་ཁོང་རྣམས་ཀྱིས་རང་ལུགས་ཟིན་ཡོད་པའི་རྟགས་མཚན་ཞིག་རེད་འདོད་དོ།།

བཞི་པ། ཆོས་བརྒྱུད་གཞན་ལྟ་བུའི་འཕེལ་རྒྱས་མ་བྱུང་བའི་གེགས་རྐྱེན་འགའ་ཞིག།

 

བཀའ་བརྒྱུད་འཕེལ་རྒྱས་ཀྱི་གེགས་རྐྱེན་ནི་གོང་ཞུས་དོན་ཚན་འདི་ཙམ་གྱིས་མི་ཚད་པར་ད་དུང་། ཕྱི་རྐྱེན་ནང་རྐྱེན་འགའ་ཞིག་ང་རང་གིས་ངོས་འཛིན་བྱས་ཡོད་ཅིང་དེ་རྣམས་ལས་ཕྱོགས་ཙམ་འདིར་བཀོད་ན། རྩོམ་ཐུང་འདི་མགོ་རྔ་ཡོད་པ་ཞིག་ཆགས་ས་རེད།

༡བླ་ཆེན་རྣམས་རང་ཡུལ་ལ་མེད་པ།

ཆེ་ས་ནས་རྒྱལ་ཁབ་དང་ཆུང་ས་ནས་ཁྱིམ་ཚང་། གཞན་ཡང་སྤྱི་ཚོགས་དང་ཚོགས་པ་འདྲ་མིན་སུ་འདྲ་ཡིན་རུང་དབུ་ཁྲིད་མེད་པ་ཡིན་ན་ཤུགས་ཚད་དང་མྱུར་སྐྱོད་ལྡན་པའི་འཕེལ་རྒྱས་འགྲོ་མི་ནུས་པ་ཡིན་ཞིང་། དེ་བས་ན་། རྒྱལ་ཁབ་ལ་སྲིད་འཛིན་དང་ཚོགས་པ་ལ་ཚོགས་གཙོ། ཁྱིམ་ཚང་ལ་བཟང་དཔོན་བཅས་བྱུང་བ་རེད་ལ། བོད་མིའི་གཏམ་དཔེ་ལའང་བཟའ་མགོ་དཔོན་མེད་ན། མགོ་ནག་སྨྱོ་ཟེར་སྲོལ་ཡོད། དེ་ནས་བོད་ཡུལ་གྱི་བཀའ་བརྒྱུད་པ་ལ་མཚོན་ན་སྤྱི་ཁྱབ་དབུ་ཁྲིད་ཅིག་ནི་གནའ་ནས་མེད་པའི་བཟོ་ཡིན། གནས་སྟངས་དེ་ནི་ཡོ་རབས་མནའ་མཐུན་མ་བྱུང་སྔོན་གྱི་ཡོ་རབ་རྒྱལ་ཁབ་ཁག་དང་འདྲ་པོ་རེད། ཡང་དར་བསྟན་པའི་རྗེས་སུ་བོད་ཡུལ་འདིར་བཀའ་བརྒྱུད་སྤྱིའི་དབུ་ཁྲིད་མེད་པ་མ་ཚད། བཀའ་བརྒྱུད་ནང་ཁུལ་ཤོག་ཁག་སོ་སོའི་དབུ་ཁྲིད་རྣམས་ཀྱང་མེད་པ་རེད།  གནད་དོན་འདིས་བཀའ་བརྒྱུད་པ་རྣམས་ཀྱིས་ནང་ཁུལ་སྟོབས་ཤུགས་གཅིག་སྒྲིལ་མ་ནུས་པ་དང་། དགོན་ཁག་སོ་སོ་ལ་སྐུལ་མ་གནང་མཁན་མེད་པ། དབང་ལུང་། ཁྲིད་མན་ངག། སྡོམ་རྒྱུན་དང་བཅས་པ་རང་ལུགས་ཚད་ལྡན་ལས་ཞུ་རྒྱུ་མ་རག་པ་བཅས་ཀྱི་གེགས་རྐྱེན་མང་པོ་འཕྲད་འདུག་ལ།  དུས་སྐབས་དེར་ཚད་ངེས་ཅན་ནས་བཤད་ན་དགོན་པ་མང་ཤོས་ནི་སྤྲང་ཕྲུག་ཅིག་ལ་གྱུར་ཏེ་མགོ་ས་ལ་བཙུགས་ནས་སོང་རུང་ཇུས་གཏོགས་བྱེད་མཁན་མེད་པར་ཆགས་པ་རེད།

དེའང་ཀམ་ཚང་བཀའ་བརྒྱུད་ལ་མཚོན་ན་ཀརྨ་པ་བཅུ་བདུན་པ་མཚུར་ཕུ་ནས་ཁྲི་འདོན་བྱས་ཤིང་། ཁོང་ཉིད་དུས་ཚོད་གང་འཚམ་ལ་བོད་དུ་བཞུགས་ནའང་། དེ་དུས་དགུང་ལོ་ཆུང་བས་ན་བསམ་པ་མ་ཞན་རུང་དེ་ཙམ་ནུས་པ་ཐོན་མེད། ཡབ་སྲས་གཞན་ལས་དཔའ་བོ་རིན་པོ་ཆེའང་སྐུ་ན་ཤིན་ཏུ་ཆུང་ལ། དེ་མིན་རྣམས་ལས་རིག་པའི་རྡོ་རྗེའི་ཐུགས་སྲས་གཙོ་བོ་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ་མཆོག་ནི་རྒྱལ་དབང་རིག་པའི་རྡོ་རྗེ་འདས་འོག་གི་ལོ་འགའ་མཚམས་ནས་འདས་པ་དང་། རྒྱལ་ཚབ་དང་སི་ཏུ་ཞྭ་དམར་བཅས་ནི་བོད་དུ་མེད་པས་ན། བོད་ཡུལ་ནས་ཀམ་ཚང་བཀའ་བརྒྱུད་ལ་མཚོན་ན་སྤྱི་ཁྱབ་དབུ་ཁྲིད་མེད་པ་རེད། འབྲི་གུང་ལའང་དེ་ལྟར་ཆེ་ཚང་རིན་པོ་ཆེ་ཕྱི་ལ་ཕེབས་པ་དང་། འབྲུག་པའང་དེ་བཞིན་འབྲུག་པ་སྐྱབས་མགོན་དང་ཆོས་མགོན་བཅས་ཕྱི་ལ་ཡོད་པས་ན། བཀའ་བརྒྱུད་གསེར་ཕྲེང་གི་བརྒྱུད་འཛིན་དག་ལས་དབང་ལུང་ཞུ་ས་མི་རག་པའི་དཀའ་ལས་འཕྲད་པ་གསལ། ང་རང་གི་གྲོགས་པོ་དང་ཐོག་སྟག་ལུང་བཀའ་བརྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་ཕྱིས་རྙིང་མར་གྱུར་པ་ཞིག་ལ། ཁོ་རང་རྙིང་མར་འགྱུར་བའི་རྒྱུ་རྐྱེན་སྐོར་ནས་གསུང་དོན། ཁོ་ནི་བཀའ་བརྒྱུད་ཀྱི་ཆོས་ཞུ་རྒྱུ་མ་རྙེད་པའི་ཡི་དྭགས་ཤིག་ཡིན་ཟེར། ལན་དེས་གནད་དོན་མང་པོ་ཞིག་ལ་གསལ་བཤད་བྱས་འདུག་སྙམ་ནས་འདིར་དྲངས་པ་ཡིན།

༢བླ་ཆེན་ནང་ཁུལ་ཆིལ་སྒྲིལ་མ་བྱུང་བ།

སྤྱིར་བཏང་ཡིན་ན། ལོ་རྒྱུས་ཀྱི་དུས་སྐབས་དེ་འདྲ་ལ་བཀའ་བརྒྱུད་ཀྱི་བླ་ཆེན་རྣམས་མཐུན་སྒྲིལ་གྱིས་སྤྱི་ཁྱབ་དབུ་ཁྲིད་འོས་འདེམས་དང་། ས་གནས་སོ་སོའི་དགོན་པ་ཆེ་འབྲིང་ཆུང་གསུམ་འཕེལ་རྒྱས་གཏང་ཆེད་དམིགས་བསལ་གྱི་ཚོགས་པ་བཀོད་སྒྲིག་དང་མི་སྣ་ཆེད་མངགས་སོགས་བྱ་སྲིད་པའི་ཚོད་དུ་འདུག་མོད། འོན་ཀྱང་རྒྱུ་མཚན་ཅི་ཡིན་མ་ཤེས། དེ་འདྲའི་ཕྱག་ལས་ནི་གང་ཡང་བྱུང་མེད་པ་འདྲ་ཞིང་། དེ་ལས་ལྡོག་སྟེ་ཀམ་ཚང་ལྟ་བུ་ལ་མཚོན་ན་བླ་ཆེན་ནང་ཁུལ་དུ་འགལ་བ་རྣོ་ངར་ཅན་བྱུང་བ་དང་འགའ་བ་དེའི་རྐྱེན་གྱིས། དགོན་སྡེ་མང་པོ་ཞིག་གི་མཛའ་འབྲེལ་འཐོར་ཞིག་སོང་སྟེ། གཅིག་རོགས་གཅིག་གིས་མི་བྱེད་པའི་དོན་རྐྱེན་བྱུང་ནས་སྤྱིའི་བསྐྱར་གསོ་ལ་གེགས་རྐྱེན་ཆེན་པོ་བཟོས་འདུག། ཞེ་ཁྲེལ་དགོས་པའི་དོན་རྐྱེན་འདིའི་སྐོར་ནི་མང་དུ་གླེང་འདོད་མེད་ལ། རྒྱལ་དབང་ཀརྨ་པའི་ཐུགས་ཀློང་ཡངས་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་ལོ་འདི་ཚོར་ཕྱོགས་ཡོངས་ནས་ཆིག་སྒྲིལ་དུ་འགྲོ་ཡི་འདུག་ཅིང་། རང་ལྟ་བུའི་བཀའ་བརྒྱུད་ཀྱི་མི་རབས་གསར་པ་ནི་མི་རབས་སྔོན་མའི་རྙོག་དྲའི་ཁྲོད་དུ་གཏན་ནས་མགོ་འཁོར་ན་མི་རུང་ངོ་།།

༣དགོན་པ་སོ་སོར་དབུ་ཁྲིད་ཤེས་རབ་ཅན་མེད་པ།

གཞུང་ལུགས་ཁག་གི་ནང་། ཕར་ཕྱིན་དྲུག་ལས་ཤེས་རབ་ཀྱི་ཕར་ཕྱིན་ནི་མིག་གི་དཔེ་རུ་བཞག་ཡོད་ཅིང་། ཤེར་ཕྱིན་མེད་པའི་ཕར་ཕྱིན་གཞན་གྱི་ཉམས་ལེན་ནི་ལོང་བའི་དཔེ་རུ་བཀོད་པ་དེས་ཀྱང་། ཤེས་རབ་ཀྱི་གལ་ཆེན་རང་བཞིན་བསྟན་ཡོད་པ་ལགས་ཤིང་། ཚོགས་པ་ཞིག་ལ་མཚོན་ན་དེའི་དབུ་ཁྲིད་ལ་ངེས་པར་དུ་ཤེས་རབ་ཡོད་དགོས་པ་དང་། ཤེས་རབ་མེད་པའི་དབུ་ཁྲིད་ནི་ལོངས་བ་ཞིག་རེད་ཅེས་བཤད་ན་མ་ཆོག་པ་གང་ཡང་མེད། དེས་ན་འདས་པའི་དུས་ཀྱི་བཀའ་བརྒྱུད་ཀྱི་དགོན་པ་མང་ཤོས་ཞིག་ནི་ཤེས་རབ་མེད་པའི་ལོང་བ་ཞིག་ཡིན་ཏེ། དེའི་དབུ་ཁྲིད་དང་འགན་འཛིན་གྱི་མི་སྣ་དེ་དག་མང་ཤོས་ནི་དམ་པའི་ཆོས་ཀྱི་དགོངས་དོན་མི་ཤེས་ཤིང་སྲིད་ཀྱི་མིང་རྒྱང་ཐུང་ལ། དུས་ཀྱི་འགྲོ་སྟངས་མི་ཤེས་པའི་བླུན་པོ་ཁྱུ་གཅིག་གི་ཚད་དུ་བཞག་ན་དེ་ནི་སྒྲོ་བཏགས་གང་ཡང་མ་རེད། བཀའ་བརྒྱུད་དགོན་པའི་དབུ་ཁྲིད་མང་ཤོས་ནི་སློབ་སྦྱོང་གི་སྐལ་བ་དང་བྲལ་ནས་རང་ཡུལ་ཏུ་ལྷག་པའི་གྲྭ་པ་ཁྱུ་གཅིག་ཡོད་པ་དེ་དག་དང་། ཁོ་ཚོས་གསོ་སྐྱོང་བྱས་པའི་སྤྲུལ་སྐུ་རྣམས་རིམ་པས་ལོ་ན་མཐོ་རིམ་དང་སྔར་གྱི་བན་རྒན་འདས་རིམ་བཞིན་དགོན་པའི་དབང་འཛིན་པའི་གྲལ་དུ་ཚུད་པ་ཡིན་ཞིང་། ཁོང་རྣམས་ནར་སོན་གྱི་གོ་རིམ་ཁྲོད་སྒྲུབ་ཁང་དུ་ལོ་འགའ་བཞུགས་མྱོང་བ་ཙམ་ལས་གཞན་པའི་ཆོས་ཀྱི་སློབ་སྦྱོང་གང་ཡང་མ་མྱོང་། ཁོང་རྣམས་ཀྱིས་གང་མཁྱེན་པ་ནི་གྲོང་ཆོག་དང་། འབུད་རྡུང་དཀྲོལ་གསུམ། འདོན་བཅའ་དབྱངས་གསུམ། དུས་མཆོད་སྒྲུབ་མཆོད་ཀྱི་ཆོ་ག་ཕྱག་ལེན་ཙམ་ཡིན། ང་རང་ད་བར་བཀའ་བརྒྱུད་ཀྱི་དགོན་པ་མང་པོ་ཞིག་དང་འབྲེལ་འདྲིས་བྱས་པའི་གོ་རིམ་ཁྲོད། བཀའ་བརྒྱུད་པའི་དབང་འཛིན་གྲྭ་པ་དེ་དག་གི་གླེང་གཞི་གཙོ་བོ་ནི། གཞན་སྟོང་རང་སྟོང་མ་རེད། ཕྱག་ཆེན་རྫོགས་ཆེན་ཡང་མ་རེད། ཆོས་དྲུག་དང་འཕྲུལ་འཁོར་མ་རེད། དེ་ལས་ཀྱང་དགོན་པ་ཇི་ལྟར་ཡར་རྒྱས་འགྲོ་རྒྱུ་མ་རེད། ཁོང་རྣམས་ལྷན་དུ་འཛོམ་ཚེ་ཐོག་མར་མཆོད་ཆས་གང་ཞིག་གསེར་གྱིས་བཟོ་དགོས་པ་དང་གང་ཞིག་དངུལ་གྱིས་བཟོ་དགོད་པ། རླངས་འཁོར་གང་ཞིག་གི་ཁ་རྟགས་ལེགས་པ་ནས་འཕྲོས་ཏེ། སྐད་ཆའི་མཇུག་ཁྲོམ་རའི་ཚོང་ལས་ཀྱི་ཐོག་ནས་བསྡུ་འགྲོ། དུད་ཚང་གཅིག་གི་བཟའ་དཔོན་ལ་མཚོན་ན་ནམ་ལངས་མུན་རུབ་ཀྱི་སེམས་ཁྲལ་ཆེ་ཤོས་ནི། རང་གི་ཁྱིམ་ཚང་ཇི་ལྟར་ཡར་རྒྱས་གཏང་དགོས་པ་དང་། ལས་ཀ་ཅི་ཞིག་ལས་ན་ཡོང་སྒོ་ཆེ་བ། ཅི་ཞིག་ལས་ན་ཁྱིམ་ཚང་གི་དབང་ཐང་དར་བ་བཅས་ཡིན་ནའང་། བཀའ་བརྒྱུད་པའི་དབང་འཛིན་གྲྭ་པ་དེ་དག་གིས་རང་གི་དགོན་པའི་འཕེལ་རྒྱས་ཀྱི་ཐད་ལ་ཧ་ལམ་ཟླ་བ་གཅིག་གི་ནང་བསམ་བློ་ཐེངས་གཅིག་གཏོང་གི་ཡོད་ཚོད་མི་འདུག། དེ་བས་ན། ད་བར་དུ་བཀའ་བརྒྱུད་ཀྱི་དགོན་པ་མང་ཤོས་ལ་བཤད་གྲྭ་ལྟ་ཅི་མ་མཐའ་ཡང་སྒྲུབ་གྲྭ་ཚད་ལྡན་ཞིག་འཛུགས་མ་ནུས་པ་ཡིན་ཞིང་། བཀའ་བརྒྱུད་དགོན་པའི་དབང་འཛིན་པའི་གྲྭ་པའི་ཁྲོད་དུ་དུས་ད་ལྟ་ཡང་བཤད་གྲྭའི་རིན་ཐང་ངོས་མི་ཟིན་མཁན་ཤིན་ཏུ་མང་ཏེ། དཔེར་ན། ཁ་སང་ངས་རྩོམ་འདིའི་དོན་ཚན་འགའ་ཞིག་ལེགས་པར་བཀྲལ་ཐུབ་པའི་ཆེད་དུ་བསམ་བཞིན་བཀའ་བརྒྱུད་ཀྱི་དབང་འཛིན་པའི་སྡེ་རུ་གཏོགས་པའི་ལོ་ན་ལྔ་བཅུ་ལྷག་ཏུ་སོན་པའི་གྲྭ་པ་འགའ་ཞིག་དང་ཁ་བརྡ་བྱས་པར། དེ་དག་ལས་གཅིག་གིས་བཤད་གྲྭ་ཡོད་མེད་ཅིའང་ཡོད་པ་མ་རེད་ཟེར། ངས་ཡང་དུ་དེའི་སྐོར་ནས་ཁ་བརྡ་བྱས་པར་ཁོང་གིས་ཡང་ཡང་བཤད་གྲྭ་ཡོད་དགོས་དོན་མི་འདུག་གསུངས་བྱུང་། དེ་ནས་དགོན་པ་ཞིག་ལ་ཡོད་དགོན་པ་ནི་ཅི་ཞིག་ལགས་ཞུས་པར། ཁོང་གིས་གྲོང་ཁྱེར་ནང་དུ་འགྲོན་ཁང་དགོས་པ་རེད་ལབ་ཀྱི་འདུག། ངའི་བསམ་པར་ཆུང་དུས་ཆོས་ཀྱི་སློབ་གསོའི་སྐལ་བ་ཆད་པའི་གྲྭ་རབས་དེ་ནི་ཁོ་རང་ཚོའི་སྒེར་ངོས་ནས་ཀྱང་སྙིང་རྗེ་མོ་རེད་ལ། ཁོ་ཚོ་ནར་སོན་རྗེས་དགོན་པའི་དབང་འཛིན་བྱས་པ་དེ་ནི་དེ་བས་ཀྱང་ཤ་ཚ་མོ་རེད། གྲྭ་རབས་དེས་ཕྱོགས་ཡོངས་ནས་བཀའ་བརྒྱུད་འཕེལ་རྒྱས་ཀྱི་གོམ་ཁ་དལ་བཅུག་ཡོད་པ་རེད་ལ། གྲྭ་རབས་དེའི་ཁྲོད་ཀྱི་མང་པོ་ཞིག་གིས་ད་ལྟ་ད་དུང་ཡང་དགོན་པའི་དབང་ཆ་འཛིན་ཡོད་ཅིང་། ང་རང་གི་ཆགས་འཇོག་ལྟར་ན་དགོན་པ་དེ་དག་ནི་བཀའ་བརྒྱུད་ཀྱི་དགོན་པ་ནང་ནས་ཀྱང་འཕེལ་རྒྱས་ཀྱི་གོམ་ཁ་ཆེས་དལ་ཤོས་སུ་མཐོང་། དེའང་ཁག་མེད་དེ། དབང་འཛིན་པ་དེ་དག་གིས་སྔར་སྲོལ་སྒྲུབ་མཆོད་རྒྱུན་སྐྱོང་དང་ཆད་མེད་བྱ་རྒྱུ་ནི་ཁོ་རང་ཚོའི་མཐར་ཐུགས་ཀྱི་དམིགས་ཡུལ་ཡིན་པ་རེད། ད་ཆ་བཀའ་བརྒྱུད་ཀྱི་དགོན་པའི་ནང་ནས་ཅུང་ཙམ་བཤད་སྒྲུབ་ཀྱི་ཕྱག་ལས་ནུས་པ་དང་། ལོ་རེ་བཞིན་འཕེལ་རྒྱས་ཀྱི་བསྐྱར་གསོའི་ནུས་པ་འཐོན་མཁན་དག་ལ་མཚོན་ན། ཁོ་ཚོའི་འགན་འཛིན་དབུ་ཁྲིད་ནི་ཏན་ཏན་ཆོས་ཀྱི་སློབ་སྦྱོང་ལྡན་པའི་རིགས་ཡིན་པ་ལས། ད་གཟོད་ཀྱི་གྲྭ་རབས་དེ་མ་ཡིན་པ་ང་ཚོ་སུས་ཀྱང་ཤེས། འོན་ཀྱང་། གྲྭ་རབས་སྔོན་མ་དེ་ལས་དགོན་པའི་བཤད་སྒྲུབ་ཀྱི་འགྲོ་དོན་ལ་ཞབས་ཞུ་སྒྲུབ་མཁན་གཏན་ནས་མེད་པ་ནི་མ་ཡིན་མོད། དེ་ནི་བརྒྱ་ཆ་ལ་བགོས་པའི་རེ་གཉིས་ཙམ་མོ།།

གཞན་ཡང་བཀའ་བརྒྱུད་པའི་དབང་འཛིན་སྤྲུལ་སྐུ་འགའ་ཞིག་གི་གནད་དོན་རེད། སྤྱིར་ན་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་ནི་བོད་དུ་སྤྲུལ་སྐུའི་ལམ་ལུགས་དར་བ་ནས་བཟུང་སྟེ་ད་བར་དུ། ཐོས་བསམ་སྒོམ་བསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་ངོས་ནས་བོད་གངས་རིའི་སྤྲུལ་སྐུ་རྣམས་ཀྱི་དབུ་གྲལ་འཛིན་པ་ཡིན་པར་སེམས་ཏེ། དཔེར་ན། ཀརྨ་པ་སྐུ་ཕྲེང་བཅུ་བདུན་ཕེབས་ཤིང་། དེ་རྣམས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་འཛིན་སྐྱེས་ཆེན་ཤ་སྟག་ཏུ་བྱོན་པ་དང་། ད་ཡོད་ཀར་རབས་གསུང་འབུམ་ཕྱོགས་བསྒྲིགས་ལ་པོད་ཏི་བརྒྱ་དང་བརྒྱད་ཙམ་མཆིས། དེ་བཞིན་ཀམ་ཚང་ཡབ་སྲས་གཞན་རྣམས་མང་ཤོས་སྐུ་ཕྲེང་བཅུ་ལས་བརྒལ་ཟིན་ནའང་། དེ་རྣམས་ལས་གྲངས་ཀའི་སུམ་ཆའི་གཉིས་ནི་མཁས་གྲུབ་གཉིས་ལྡན་རེད་ལ། དེ་བཞིན་འབྲི་འབྲུག་སྟག་གསུམ་གྱི་སྐྱབས་མགོན་རྣམས་ཀྱང་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་རྒྱན་ལྡན་ཡིན་པ་འདིར་མ་སྨོས་ནའང་ཀུན་ལ་གསལ་ལོ།།

དེ་ལྟར་ནའང་མང་པོའི་ནང་དུ་སྣ་ཚོགས་ཞེས་པའི་དཔེ་ལྟར་འདིར་གླེང་བྱའི་སྤྲུལ་སྐུ་དག་ནི་སྤྱིར་ན་དུས་འགྱུར་སྔོན་ནས་འཁྲུངས་པའི་སྤྲུལ་སྐུ་རྣམས་མིན་ཞིང་། ད་ཆ་དགུང་ལོ་ཉི་ཤུ་ཙམ་ལ་ཐོན་པ་དག་ཀྱང་མིན་པར། གོང་གསལ་གྱི་གྲྭ་རབས་དེས་གསོ་སྐྱོང་བྱས་པའི་སྤྲུལ་སྐུ་འགའ་སྟེ། མང་ཤོས་ནི་ལོ་ན་བཞི་བཅུ་ནས་ལྔ་བཅུ་ལ་སོན་ཡོད་ཅིང་ལ་ལ་ནི་དེ་ལས་ཀྱང་ལོ་གཞོན། འོན་ཀྱང་། ཡིད་སྐྱོ་འོས་པ་ནི་འདིའི་རིགས་ཀྱིས་ཀྱང་ཆུང་དུས་སློབ་སྦྱོང་མ་མྱོང་བའི་རྐྱེན་གྱིས་ཐུགས་ཤིན་ཏུ་མཁྲེགས་པོ་དང་། དགོན་པའི་དོན་དག་ཆེ་ཆེ་ཆུང་ཆུང་ཚང་མ་རང་ཁོ་ནས་བརྒྱ་ཁ་གཅིག་ཆོད་དགོས་སྣང་ཤར་མཁན་དུ་རེད།  སྤྱིར་ན་ཁོང་རྣམས་དགུང་ལོ་གཞོན་དུས་སུ་བཀའ་བརྒྱུད་བསྐྱར་གསོའི་ཆེད་དུ་ཕྱག་ལས་གང་མང་གནང་ཡོད་པ་གོང་ནས་ཞུས་ཟིན་མོད། རིམ་བཞིན་བཤད་གྲྭ་ཚུགས་རྗེས་སྤྲུལ་སྐུ་འདིའི་རིགས་ནི་བཤད་གྲྭ་དང་མི་འཕྲོད་པ་དང་། ལྷག་པར་དུ་ཤེས་ཡོན་ཏོག་ཙམ་ལྡན་པའི་རིགས་ལ་འཕྲོད་དཀའ། དེའི་རྒྱུ་མཚན་ནི་ཁོང་རྣམས་ཀྱིས་སྔོན་ནས་ད་བར་དུ་མཛུབ་མོ་གར་སྟོན་ཤར་གྱི་དབང་ཆ་དེ་ཉིད་ངན་གོམས་སུ་སོང་བས་ལེན་པ་འདྲ་སྟེ། གྲྭ་ཚང་སྤྱི་པའི་ལམ་ལུགས་ལ་གུས་བརྩི་མེད་པར་ད་དུང་ཡང་རང་གིས་གང་མོས་གང་འདོད་བྱེད་པ་དང་། རང་གིས་ཅི་བཤད་ལ་བརྩི་སྲུང་དགོས་སྣང་གི་སྔར་གྱི་གོམས་སྲོལ་དེ་ཉིད་དུས་བསྟུན་བཅོས་སྒྱུར་མ་ནུས་པས་ན། དགོན་པའི་ནང་གི་བཤད་གྲྭ་ནི་རིགས་པ་དང་རྒྱུ་མཚན་གླེང་མཁན་ཡིན་ཕྱིན། ཁོང་གིས་གང་འདོད་དུ་བཤད་པའི་སྐད་ཆ་ལ་དེ་ཙམ་དང་ལེན་ནུས་ཀྱི་ཡོད་པ་མ་རེད། དེ་བས་ན། སྤྲུལ་སྐུ་དེའི་རིགས་ཀྱིས་རང་སྐྱོན་སེལ་རྒྱུ་ལ་བསམ་བློ་མི་འཁོར་བར། ཐད་ཀར་དུ་རང་གི་བཀའ་ལ་མི་བརྩི་བའི་རིགས་རྣམས་ལ་སྡང་བ་བྱེད་པ་དང་། རང་གི་འཁོར་གཡོག་ཏུ་གྱུར་པ་དང་ཡོངས་འཛིན་དུ་གྱུར་པ་དག་ཀྱང་ཤེས་ཡོན་གྱི་སྡེ་ལ་མོས་པ་མེད་པས་ན། ལོ་རབས་དེའི་མི་རྣམས་ངམ་ངམ་ཤུགས་ཤུགས་ཀྱིས་ལྟ་ཚུལ་གཅིག་ཏུ་གྱུར་ནས། དགོན་པ་མང་ཤོས་ཏུ་སྤྲུལ་སྐུ་དེའི་རིགས་ཀྱིས་དགོན་པའི་བཤད་སྒྲུབ་ཀྱི་ལས་ལ་རྒྱབ་སྐྱོར་ཅིའང་མེད་པའི་ཁར། བཤད་གྲྭ་འཐོར་ནའང་ཐུགས་སྣང་གང་ཡང་མེད་མཁན་ཞིག་ཏུ་ཆགས་འདུག། སྤྲུལ་སྐུ་ནི་དགོན་པའི་དབང་འཛིན་པ་གཙོ་བོ་ཡིན་པའི་ངོས་ནས། དགོན་པ་དེར་བཤད་སྒྲུབ་ཀྱི་ལས་ཀ་མུ་མཐུད་གནས་མིན་གྱི་འགག་རྩ་གཙོ་བོ་ནི་ཁོ་ཚོ་ལ་ཐུག་ཡོད། དེའི་ཕྱིར་ན། འགལ་བ་འདི་ནི་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ལགས་ཤིང་། དགོན་པ་གང་དེར་གནད་དོན་འདིའི་རིགས་ཐོན་ཚེ། ཡང་ན་བཤད་གྲྭ་འཐོར་བ། ཡང་ན་སྤྲུལ་སྐུ་ཕུད་པ། ཡང་ན་གྲྭ་ཚང་ཤོག་ཁག་གཉིས་སུ་གྱེས་པའི་དོན་རྐྱེན་འབྱུང་བ་དང་། རྐྱེན་འདིས་ཡར་ལངས་མེད་པར་བཟོས་པའི་དགོན་པའི་གྲངས་ཀ་ནི་གཅིག་གིས་མི་ཚད། དོན་འདི་ལ་ད་རུང་མང་དུ་གླེང་རྒྱུ་འདུག་ནའང་འདིར་ཡིག་ཚོགས་ཀྱི་སྤྲོས་པ་བསྐྱུང་ཕྱིར་ཉུང་ངུ་ལས་མ་བྲིས་སོ།།

འདི་ནས་ད་རུང་ངེས་པར་གླེང་དགོས་པ་དོན་ཚན་གཉིས་ཡོད་པ་ལས། གཅིག་ནི། བཀའ་བརྒྱུད་བསྐྱར་གསོའི་ལས་འགུལ་གྱི་འཕྲིན་ལས་དང་འབྲེལ་ཆེ་བའི་དགོན་སྡེ་ཆགས་ཡུལ་གྱི་ས་གནས་རྒྱུ་རྐྱེན་གྱི་སྐོར་ཡིན་ནའང་། ད་ཆ་འདིའི་རིགས་བཤད་སྟབས་དེ་ཙམ་མི་བདེ་བས་འདིར་བཞག་པ་ཡིན། གཉིས་པ་ནི། བཀའ་བརྒྱུད་ཀྱི་བཙུན་མའི་གནད་དོན་ཡིན་ཞིང་། འདི་ནི་ངེས་པར་གླེང་དགོས་པའི་རྒྱུ་རྐྱེན་ཆེན་པོ་ཞིག་ཡིན་པ་དང་། ཡང་དར་བསྟན་པ་དབུ་བརྙེས་པ་ནས་ད་བར་གྱི་བཀའ་བརྒྱུད་བསྟན་པའི་དར་གུད་དང་ཐད་ཀར་འབྲེལ་བ་ལྡན་པའི་གནད་དོན་འདི་གླེང་བར་ཆེད་དུ་རྩོམ་གཞན་ཞིག་འབྲི་འདོད་བྱུང་། འདི་ནི་བཀའ་བརྒྱུད་པའི་མ་འོངས་འཕེལ་རྒྱས་ལའང་འབྲེལ་བ་ཤིན་ཏུ་ཆེ། བརྗོད་བྱ་འགངས་ཆེན་འདི་སྐབས་ཐོག་ཏུ་གླེང་ནའང་མགོ་ཡོད་མཇུག་ཡོད་ཅིག་འགྲུབ་དཀའ་བར་བསམ་ནས་རེ་ཞིག་གཞག་དགོས་བྱུང་སོང་མོད་རྗེས་སུ་ངེས་པར་ཁ་སྐོང་བྱ་ངེས་ཡིན།

ལྔ་པ།   ད་ལྟ་ངེས་པར་བསྒྲུབ་དགོས་པའི་བསྐྱར་གསོའི་ལས་ཀ་གལ་ཆེན་ཞིག།

དེ་ལྟར་འདས་པའི་མི་ལོ་བཞི་བཅུའི་དུས་ཀྱི་བཀའ་བརྒྱུད་པའི་ཕྱག་ལས་ལ་ཏོག་ཙམ་ཕྱིར་རྟོག་ཟིན་རྗེས། ད་ནི་ད་ལྟའི་གནས་སྐབས་ཀྱི་སྟོང་ཆ་ཞིག་ཁ་སྐོང་དགོས་པའི་སྐོར་ནས་སྙན་ཞུ་འབུལ་འདོད་བྱུང་། འདས་མ་འོངས་དུས་གསུམ་ལས་འདས་པ་ནི་འདས་ཟིན་པ་དང་། མ་འོངས་པ་ནི་འཆར་རུང་དང་། ད་ལྟ་བ་ཁོ་ན་ང་ཚོའི་མྱང་བྱར་གྱུར་ཡོད་པ་ལགས་ན། དུས་གསུམ་ལས་འདི་ནི་ཆེས་གལ་ཆེ་བ་ཡིན་པ་དང། ད་ལྟ་བ་འདི་ལེགས་པར་བེད་སྤྱོད་ནུས་པ་ཡིན་ན། མ་འོངས་ཀྱི་རྫོགས་ལྡན་ཡང་འཆར་སླ་བའི་རྒྱུ་འབྲས་མི་བསླུ་བའི་གནས་ལུགས་ལྡན། དེ་ན་ད་ཆར་བཀའ་བརྒྱུད་པར་མཚོན་ན་ལ་རྒྱ་མ་བོར་བའི་མཁན་པོ་དགེ་བའི་བཤེས་གཉེན་ཚོའི་འབད་པ་དྲག་པོའི་བཀའ་དྲིན་ལ་བརྟེན་ནས། གངས་ལྗོངས་བཀའ་བརྒྱུད་དགུན་ཆོས་དང་། བཀའ་བརྒྱུད་དབྱར་ཆོས་ཞེས་པའི་གཙོ་བོ་མདོ་ཡི་ཆོས་སྐོར་ལ་བགྲོ་གླེང་བྱེད་སའི་ཆོས་ཚོགས་གཉིས་ཡོད་པ་དང་། དེ་གཉིས་ནི་བཀའ་བརྒྱུད་ཀྱི་ཕྱི་ཡི་ལྕགས་རི་ཡིན་ཞེས་པའི་སྐད་ཆ་སྔར་ནས་ཡོད་འདུག་པ་དེ་བཞིན་དུ་ང་རང་གིས་ཀྱང་བསམ་གྱི་འདུག།

ཡིན་ན་ཡང་། ཕྱི་ཡི་ལྕགས་རི་ཁོ་ན་ཡོད་པས་ད་རུང་ཆོག་ཤེས་མི་རུང་བར་འདོད་དེ། ལྕགས་རའི་ནང་དུ་བསྲུང་བྱ་ཞིག་མེད་པ་ཡིན་ན། ལྕགས་རིའི་དགོས་པ་དོན་སྟོང་དུ་འགྱུར་བའི་ཕྱིར། ཕྱི་ཡི་ལྕགས་རི་བཟོ་བ་ནི་ནང་གི་བསྟན་པ་གནས་ཆེད་ཡིན་པ་སྨོས་ཅི་དགོས་པས། ད་ནི་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དུ་གྱུར་པའི་མར་ལུགས་བརྒྱུད་སྡེ་བཅུ་གསུམ་པོ་འཆད་ཉན་ཉམས་ལེན་གྱི་དུས་སུ་ངོས་ཟིན་ལེགས་པོ་བྱས་ན་ལེགས་ཏེ། གཅིག། བཀའ་བརྒྱུད་ཀྱི་བསྟན་པའི་མིང་འདོགས་ས་ཡང་མར་ལུགས་ཀྱི་བརྒྱུད་སྡེ་དང་དྭགས་པོའི་བཀའ་ཕྱག་གཅིག་འདྲེས་ཀྱི་ཆོས་སྐོར་ཡིན་པས་ན། འདི་ཉིད་དགོན་སྡེ་རེ་རེས་འཛིན་སྐྱོང་མ་ནུས་ཚེ། དོན་དུ་བཀའ་བརྒྱུད་ཀྱི་བསྟན་པ་གནས་མེད་པ་དང་། གཉིས། གལ་ཏེ། ད་ལྟའི་དུས་སུ་རྒྱུད་སྡེ་རྣམས་ཀྱི་བསྟན་པ་བསྐྱར་གསོ་མ་ནུས་ཚེ། བཀའ་བརྒྱུད་ཀྱི་བཤད་གྲྭ་ཁག་གི་མདོ་སྐོར་འཆད་ཉན་གནང་མཁན་ཚོ་ལོ་འགའ་མཚམས་ནས་རྒྱུད་སྡེའི་ཆོས་ལ་སྦྱངས་པ་དགོས་པས་ན། ཆོས་བརྒྱུད་གཞན་དུ་སློབ་སྦྱོང་ལ་མི་འགྲོ་ཐབས་མེད་ཀྱི་སྔར་གྱི་སྐྱོ་གར་དེ་ཡང་འཁྲབ་ངེས་པ་དང་། གསུམ། མ་འོངས་པར་དམ་ཆོས་ཕྱག་རྒྱ་ཆེན་མོའི་བསྟན་པ་ནུབ་པའི་རྒྱུ་ཚོགས་གྲངས་ཚང་བའི་རྐྱེན་དུ་འགྲོ་བའི་ཕྱིར་ན། ད་སྐབས་བཀའ་བརྒྱུད་ཀྱི་བཤད་གྲྭ་སོ་སོར་རྒྱུད་སྡེ་བསྐྱར་གསོ་བཟོ་རྒྱུ་ནི་དུས་སུ་བབས་པའི་ཆར་པ་ཞིག་ཏུ་གྱུར་ཡོད།

རྒྱུད་སྡེ་བསྐྱར་གསོ་ནི་མདོ་སྐོར་བསྐྱར་གསོ་དང་མི་འདྲ་བར། བླ་མ་ཚད་ལྡན་དང་། སློབ་མ་ཚད་ལྡན། བརྒྱུད་པ་ཚད་ལྡན། བསྙེན་གྲངས་དང་སྔོན་འགྲོ་སོགས་ཀྱི་ཆ་རྐྱེན་ཡང་རིམ་པས་ལྡན་དགོས་པས། བསྐྱར་གསོ་འདི་དཀའ་ངལ་ཆེ་བའི་ལས་སུ་མཐོང་། ལྷག་པར་དུ། ད་ཆར་ཀམ་ཚང་རྒྱལ་བ་ཡབ་སྲས་གཙོས་པའི་བླ་མ་དང་། འབྲི་འབྲུག་སྟག་གསུམ་གྱི་སྐྱབས་མགོན་རྣམས་ལས་བསླབ་པ་རྒན་པ་རྣམས་འདི་ཕྱོགས་ལ་མེད་ཕྱིར། ཐུན་མོང་གིས་ངོས་ལེན་ཐུང་པའི་དབང་ཁྲིད་ཞུ་ཡུལ་ནི་མེད་ཚོད་དུ་འདུག་མོད། འོན་ཀྱང་གྲུབ་ཆེན་ཀརྨ་ནོར་བུའི་རྒྱུད་འཛིན་བུ་ཆེན་ཚེ་མཚམས་པ་ད་དུང་ཡང་སྐུ་འཚོ་ཞིང་བཞུགས་ཡོད་པ་དང་། དེ་བཞིན་དུ། འབྲི་འབྲུག་སྟག་གསུམ་དང་འབའ་རོམ་བཀའ་བརྒྱུད་ལའང་གྲུབ་རྒན་ཡོད་པ་ཏན་ཏན་རེད།

དེ་འདྲ་ཡིན་དུས་གོམ་གང་མདུན་སྐྱོད་ཀྱིས་བཀའ་བརྒྱུད་ཀྱི་བཤད་གྲྭ་སོ་སོར་རྒྱུད་སྡེ་བསྐྱར་གསོ་ནུས་པ་ཡིན་ན། དེ་ནས་མ་འོངས་པ་ནི་མདོ་སྔགས་ཉི་ཟླ་ཁ་སྦྱོར་གྱི་དུས་ཤིག་རེད་ཅེས་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ནུས། བརྗོད་གཞི་འདི་ང་རང་གིས་ན་ནིང་ལོར་བྲིས་པའི་<<བཀའ་བརྒྱུད་བསྐྱར་གསོའི་སྙན་ཞུ>>ཞེས་པར་ཞིབ་ཀྱིས་གླེང་ཡོད་ན་དེར་ཞལ་འཕེན་པར་ཞུ།

མཇུག་གཏམ།

སྤྱིར་ན་ང་རང་བཀའ་བརྒྱུད་ཅེས་པའི་ཆོས་བརྒྱུད་འདིའི་ལོ་རྒྱུས་ཆོས་འབྱུང་ལ་ཆེད་དུ་ཉམས་ཞིབ་བྱེད་མཁན་མིན་པ་དང་། ཡང་སྒོས་སུ་ང་རང་ཀམ་ཚང་བཀའ་བརྒྱུད་ལས་གཞན་པའི་ཆོས་བརྒྱུད་ལ་དེ་ཙམ་འབྲེལ་འདྲིས་མ་མྱོང་བའི་རྐྱེན་གྱིས། རྩོམ་འདིར་གཙོ་བོ་ཀམ་ཚང་བཀའ་བརྒྱུད་གཞིར་བྱས་ནས་གླེང་ཡོད་ཀྱང་། འབྲི་འབྲུག་དང་སྟག་ལུང་འབའ་རོམ་སོགས་ཀྱི་སྐོར་མང་དུ་གླེང་ནུས་མ་སོང་། མཁྱེན་ལྡན་རྒྱུས་མངའ་ཅན་རྣམས་ཀྱིས་ཆོས་བརྒྱུད་དེ་དག་ལ་འདིར་མ་འདུས་པའི་དར་གུད་ཀྱི་གནད་དོན་དང་རྒྱུ་རྐྱེན་གཞན་ལྡན་པ་མཐོང་ཚེ་ཅིས་ཀྱང་སྣང་མེད་མི་མཛད་པར་ཞུ་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་བློ་སྦྱོང་ཁག་ལས་རང་སྐྱོན་ངོས་ཟིན་པའི་སྒོ་ནས་རིམ་གྱིས་སེལ་དགོས་པ་དང་། གཞན་སྐྱོན་གླེང་མི་རུང་བའི་བསླབ་བྱ་གནང་བ་ལྟར་དུ། འདི་ནས་ང་རང་གིས་ཡང་དར་བཀའ་བརྒྱུད་བསྟན་པ་བསྐྱར་གསོ་ལ་ཕྱོགས་ཡོངས་ནས་ཕྱིར་རྟོག་དང་། ཕྱག་ལས་གང་བྱས་ཀྱི་མ་འཇོན་པའི་ཆ་དག་འཛེམ་མེད་ཀྱིས་གླེང་བ་ཡང་། རང་སྐྱོན་ངོས་ཟིན་དང་དེ་ཉིས་མགྱོགས་མྱུར་སེལ་ཐུབ་པའི་ཆེད་དུ་ཡིན་ཞིང་། འདི་ནི་བློ་སྦྱོང་གི་དགོངས་པ་དང་ཡང་མཐུན་པར་སེམས་སོ།། བཀའ་བརྒྱུད་བསྟན་པར་ཤིན་ཏུ་གཅེས་པའི་སྐྱེ་བོ་ཁག་ཅིག་གིས་ང་རང་གིས་རྩོམ་འདིར་རང་ཤ་བཅད་ནས་ཁྱི་སྔུན་དུ་གབྱུགས་འདུག་པའི་རྣམ་རྟོག་སྐྱེ་སྲིད་ནའང་ཐབས་ཤེས་མི་འདུག།  ད་ཆར་ཡང་དར་དུས་ཀྱི་ལོ་རྒྱུས་ཀྱི་དཔེ་ཆ་དང་། བླ་ཆེན་རྣམས་ཀྱི་རྣམ་ཐར་། དགོན་པ་རྣམས་ཀྱི་ཆོས་འབྱུང་སོགས་ཉུང་ངུ་ཞིག་ལས་སྒོར་བུད་མེད་པས་ན། མི་ལོ་བཞི་བཅུའི་ནང་གི་དོན་རྐྱེན་ཆེ་མ་ཆུང་གསུམ་གྱི་ལོ་ཚིགས་དག་འདིར་ཁ་གསལ་འགོད་ནུས་མ་སོང་ལ། དེ་བཞིན་ཕྱི་ནང་གི་རྐྱེན་དུ་མས་དགོན་པ་རེ་རེ་གསོན་དཔེ་བྱས་ནས་བཤད་ཀྱང་ལྕོགས་མ་སོང་མོད། ང་རང་ལོ་ན་བཅུ་བདུན་ནས་བཀའ་བརྒྱུད་བསྟན་པའི་ཆོས་སྒོར་ཞུགས་ཏེ་ད་བར་གྱི་མཐོང་ཐོས་མྱོང་གསུམ་དང་། དགོན་པ་ཆེ་འབྲིང་ཆུང་གསུམ་གྱི་ཆོས་གྲོགས་ངོ་ཤེས་རྣམས་དང་བགྲོ་གླེང་བྱས་སྐབས་ཀྱི་གྲུབ་དོན། དེ་བཞིན་ང་རང་གིས་ཡུན་རིང་ཞིག་ལ་བསམ་གཞིག་བྱས་པའི་གྲུབ་འབྲས་དག་རྩོམ་འདིར་བཀོད་ཡོད་པས། མཐའ་གཅིག་ཏུ་འཇུ་ས་གཟུང་ས་མེད་པའི་གཏམ་ཉོག་ཅིག་ནི་མིན་ཞེས་ཞུ་འདོད་བྱུང་ལ། ང་རང་གི་ངོས་ནས་རྩོམ་ཐུང་འདི་ནི་ཡང་དར་བསྟན་པའི་བཀའ་བརྒྱུད་ལོ་རྒྱུས་ཀྱི་ཐོག་མའི་གླེང་སློང་ཞིག་དང་། ལོ་རྒྱུས་ཤིག་གི་ཐོག་མའི་སྔོན་འགྲོ་ལྟ་བུར་ངོས་འཛིན་བྱས་ཡོད་ཅིང་། འདིའི་རྗེས་སུ་ང་ཚོས་ག་ལེར་ཡང་དར་བཀའ་བརྒྱུད་ལོ་རྒྱུས་ཀྱི་རྩོམ་ཆེ་ཆུང་ཅི་རིགས་མཇལ་བའི་ཡིད་ཆེས་བདོག་ལ། དེའི་དུས་སུ་ཡང་དུ་ང་ཚོས་དཔྱད་པ་བཏང་བ་ཡིན་ན། ང་རང་གི་རྩོམ་འདིས་གླེང་མ་ཐུབ་པའི་དར་གུད་ཀྱི་རྒྱུ་རྐྱེན་གང་མང་ཞིག་ལྷག་པ་དང་། འགའ་ཞིག་བཅོས་དགོས་པའང་ཏན་ཏན་རེད་བསམ་གྱི་འདུག།

མི་རབས་སྔོན་མའི་ཕྱག་ལས་ལ་རྒྱུས་ལོན་དང་དེ་དག་གིས་གང་བྱས་ལ་ཕྱིར་རྟོག་བྱས་ན། ང་རང་ཚོས་ད་ལྟ་ཅི་ཞིག་བསྒྲུབ་དགོས་པའི་དྲི་བ་ལ་ངམ་ངམ་གྱིས་ལན་ཡོང་བའི་ལོ་རྒྱུས་སྨྲ་བའི་དགོངས་པ་ལྟར་ན། ལོ་རྒྱུས་ལ་ཕྱིར་རྟོག་ནི་ཤིན་ཏུ་དགོས་པ་ཆེ་བ་རིགས་པས་གྲུབ་འདུག་ན། བཀའ་བརྒྱུད་ལོ་རྒྱུས་ལ་ཆེད་དུ་ཕྱག་ལས་གནང་མཁན་ཚོས་ཉེ་རབས་ལོ་རྒྱུས་ཐུགས་འོག་ནས་མི་འབོར་བར་མཁྱེན་མཁྱེན།

 

མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་ལྷོ་ཟླ་ཀེ་ལ་གཙང་པོའི་འགྲམ་ངོགས། འཇམ་དགྱེས་བཤད་གྲྭའི་རང་ཤག་ནས་ཆུ་སྒང་ཤཱཀྱ་ཤེས་རབ་ཀྱིས་ལྕགས་བྱི་ཟླ་བ༡༡པ་ཚེས༢༢ལ་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1503