རྩོམ་པ་པོ། ཇོ་བོ་ཤེས་རབ།

མི་རིགས་ཞེས་པ་ནི་འཚོ་བ་དང་ལོངས་སྤྱོད། སྐད་ཡིག དད་མོས་བཅས་ཀྱིས་རིལ་བོར་བྱས་པའི་མིའི་ཚོགས་པ་ཞིག་ལ་གོ་དགོས་ཤིང་། ལོངས་སྤྱོད་ནི་དད་མོས་དང་འབྲེལ་ཡོད་ལ། དད་མོས་ནི་མིའི་རིགས་ཀྱི་བླ་ན་མེད་པའི་ལོངས་སྤྱོད་ཀྱང་ཡིན། ཆབ་སྲིད་ཀྱི་ངོས་ནས་བཤད་ན་རྒྱལ་བོ་དག་ལྷ་དང་སངས་རྒྱས་ཀྱི་སྤྲུལ་བ་ཡིན་ཟེར་བ་ནི་དད་མོས་བཀོལ་སྤྱོད་ཀྱི་རིན་ཐང་གི་གླགས་བསྩལ་ཏེ།དམངས་ལ་དད་མོས་ཀྱི་ལོངས་སྤྱོད་བསྐྲུན་ཅིང་། དམངས་བདག་གི་སྲིད་དབང་སྲ་བརྟན་བྱེད་ཀྱི་ཡོད་པ་རེད། དེ་ནི་དགོས་དབང་དང་ལམ་ལུགས་ཤིག་གི་རིན་ཐང་ཡོད་པ་ཞིག་རེད་ལ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་ཐོག་མ་༼མཆན། ཡོངས་གྲགས་ཀྱི་བཤད་སྟངས།༽ མ་ནི་བཀའ་འབུམ་དུ་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་གསར་བསྣན་དང་བཅོས་བསྒྱུར་མཛད་ཡོད་པའི་ནང་དོན་དུ་དད་མོས་བཀོལ་སྤྱོད་ཀྱི་སྐད་ཆ་མང་ཙམ་ཡོད་པས་དུས་རབས་བཞི་ཙམ་བརྒྱུད་པའི་ད་ལྟའི་བར་དུ་ཡང་ང་ཚོར་གཅིག་འདུས་ཀྱི་ལྟ་བ་ཞིག་ལྷིང་ངེར་གནས་ཐུབ་པའི་བདག་རྐྱེན་བྱུང་ཡོད་པ་ཡིན།

ལྔ་མཆོད་ཆེན་མོ་ནི་བོད་མིའི་སེམས་ཀྱི་གོ་གནས་ཆེ་ཤོས་ཀྱི་ཚོགས་བསགས་མཆོད་འབུལ་གྱི་དུས་ཆེན་ཞིག་ཡིན་ལ། དུས་མཆོད་འདི་ནི་ངེས་པ་དོན་གྱི་མཁས་པའི་དབང་བོ་དཔལ་རྒྱལ་བ་༧བློ་བཟང་གྲགས་པ་མཆོག་ལ་མཆོད་འབུལ་བྱེད་པའི་དུས་མཆོད་ཅིག་ཡིན་ཙང་། འདི་ཡི་མཆོད་འབུལ་དང་དུས་ཆེན་སྲུང་བརྩི་བྱེད་མཁན་ནི། གདན་ས་ཁག་སོ་སོའི་དགེ་བཤེས་དང་།བསླབ་གནས་ལྡན་པའི་མཁས་པ། སློབ་གཉེར་བས་བརྒྱ་ཆའི་མང་པོ་ཟིན་ཡོད་རྐྱེན་འདི་ནི་ཤེས་རབ་དོན་གཉེར་གྱི་འདུན་པ་ཆེ་བར་མཚོན་པའི་དུས་ཆེན་སྲུང་བརྩིའི་རྣམ་པ་དང་དོན་སྙིང་ལྡན་པའི་དུས་མཆོད་དམིགས་བསལ་བ་ཞིག་ཡིན།ཆོས་ལུགས་དད་མོས་དང་རིན་ཐང་ལྟ་བའི་ངོས་ནས་བཤད་ན། དུས་ཆེན་འདི་ལྟ་བུ་ལ་དོ་སྣང་བྱེད་པ་ནི་མི་རིགས་ཀྱི་མཚོན་བྱེད་དང་རིན་ཐང་ཚང་ཡོད་པ་ཡིན། མི་རིགས་ཤིག་གི་ཆོས་ལུགས་དད་མོས་ཀྱིས་མི་རིགས་དེའི་རིན་ཐང་ལྟ་བ་ལ་ཤུགས་རྐྱེན་བཞག་ཡོད་པ་དང་།མི་རིགས་དེའི་རིན་ཐང་ལྟ་བ་ནི་མི་རིགས་ཀྱི་གནས་སྐབས་དང་མདུན་ལྗོངས་ཀུན་གྱི་རྟགས་མཚན་ཡིན་པས།འཛམ་གླིང་གི་མིག་མདུན་ནས་ཀྱང་དུས་ཆེན་འདི་ནི་ཤིན་ཏུ་ངོ་མཚར་ལྡན་པའི་མི་མང་གི་ཡོ་ལང་ཆེན་མོ་ཞིག་ཀྱང་ཡིན་སྲིད།

བོད་མིའི་གཙོ་རྒྱུག་རིག་གནས་དང་ཐུན་མོང་རིག་གནས་གང་ལའང་ཆོས་ལུགས་ཀྱི་ཤན་ཤུགས་ཟབ་པ་ནི་ཕྱོགས་གང་མང་ནས་འདང་བརྒྱག་རྒྱུ་ཡོད་པ་ཞིག་ལོས་ཡིན། འོན་ཀྱང་རིག་གནས་རྒྱུད་འཛིན་གྱི་ཐད་ནས་དང་། འཛམ་གླིང་ཡོངས་ཀྱི་ཁེ་ཕན་རང་བཞིན་གྱི་ཕྱོགས་ནས་བསམ་ན་བོད་ཀྱི་རིག་གནས་ཁ་ཕྱོགས་ནི་ཆོས་ལུགས་ཀྱི་ཤན་སྟོབས་བརྒྱ་ཆའི་%60ཡན་ཟིན་དགོས་པར་སེམས་ཏེ། བོད་དུ་ནང་བསྟན་དར་སྤེལ་གྱི་གོ་རིམ་དེ་ནི་ཆེས་ཞིབ་ཚགས་ཀྱི་སྒོ་ནས་སྤེལ་ཡོད་རྐྱེན། བོད་ཀྱི་བརྡ་སྤྲོད་ཀྱི་རིག་གནས་དང་སྙན་ངག་གི་རིག་གནས། རྣམ་ཐར། ཟློས་གར། ལུགས་ཀྱི་བསྟན་བཅོས། བཟའ་བཏུང་གི་རིག་གནས་སོགས་ཐ་ན་སྲིད་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཕྱི་ནང་ཡང་ནང་བསྟན་གྱིས་སྤྲས་ཡོད་རྐྱེན། དགོན་སྡེའི་སྤྱི་ཚོགས་ཀྱི་ཤེས་ཡོན་གྱི་ཁ་ཕྱོགས་ཙམ་མ་ཡིན་པར། བོད་མི་སྤྱིའི་ཤེས་ཡོན་གྱི་ཁ་ཕྱོགས་དང་ནང་བསྟན་གཉིས་ཁ་དབྲལ་ཚེ། མི་རིགས་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་གྱི་ཁ་ཕྱོགས་བརྟན་བརླིང་མེད་པ་དང་། སྙིང་བོ་མེད་པ། གོ་རིམ་མེད་པ་ཞིག་ཏུ་འགྱུར་ངེས།

དེའི་ཕྱིར། ཆོས་ཀྱི་བྱེད་སྒོ་རེ་རེས་དད་པའི་སྟོབས་སྤེལ་ལ། དད་སྟོབས་ཀྱིས་རིགས་ཞེན་དང་། ལྷན་འཛོམས་ཀྱི་བག་ཆགས་ཟབ་མོས་མ་བསྡུས་ལས་བསྡུས་ཀྱི་གཅིག་འདུའི་བསམ་བློ་ཞིག་ཆགས་ཡོང་རྐྱེན། སྤྱིའི་ཆ་ནས་དུས་ཆེན་གྱི་ངོ་བོ་རིན་ཐང་དང་ལྡན་པ་ཡིན་ལ། ཁྱད་ཆོས་དང་རྒྱབ་ལྗོངས་ལེགས་པ། དུས་རབས་དང་ཁྲིམས་ལུགས། བཟང་སྤྱོད་བཅས་ཀྱི་ཚུལ་དང་མ་འགལ་བ། མི་རིགས་རང་གི་བོ་དང་རིན་ཐང་ལྟ་བ་མཚོན་ཐུབ་པ། རིག་གནས་ཀྱི་གོ་དོན་ཡོད་པའི་དུས་ཆེན་ལ་ང་ཚོས་ནམ་ཡང་ཕྱོགས་རིས་དང་འཐེན་འཁྱེར་མེད་པར་སྲུང་བརྩི་བྱ་དགོས་པར་སེམས་སོ།།
དགའ་ལྡན་ལྔ་མཆོད་ཆེན་མོར་ཆེད་དུ་བྲིས།

༢༠༢༠ལོའི་ཟླ་༡༢ཚེས་༩ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1500