སྤྱིར་གློག་བརྙན་འདིའི་ངོས་ནས་ཐད་ཀར་བལྟས་ན་སྲུང་ཤུབས་དང་དབུགས་ལྒང་གི་རྣམ་བཞག་མ་ཤེས་པའི་རྙོག་འཛིང་ཞིག་རེད།  ཡིན་ཡང་འདིའི་ཕར་ནང་དུ་དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་སྣང་བརྙན་དང་དང་རྙིང་ཞེན་དུ་མ་ཞིག་འཆད་ཀྱིན་འདུག འདི་ཡིས་ཆོས་ལུགས་ཀྱི་རྣམ་བཞག་ལ་སུན་འབྱིན་དང་དགག་བཞག་བྱེད་ཀྱིན་འདུག  དེ་ནི་སྤྱིར་བཏང་གླེང་ཟིན་པ་ཞིག་ཡང་བསྐྱར་གླེང་བ་རེད་ཟེར་ན་མི་ཆོག་པ་མི་འདུག་སྙམ།  གློག་བརྙན་འདི་དང་བདག་དཔེ་ཚོགས་ཀྱི་དེབ་ཕྲེང་དག་གི་བརྗོད་བྱ་ལ་འབྲེལ་བ་ངེས་ཅན་ཞིག་འདུག་པ་གསལ་བོ་རེད། བླ་མས་ལུང་བསྟན་ནམ་བསྐྱེ་གནས་གསུང་བ་དང་། གཞན་འཇམ་དབྱངས་ཀྱི་ལུས་སྟེང་སྨེ་བ་སོགས་ཀྱིས་ཤེས་རིག་རྙིང་པའི་ངོ་བོ་གསལ་བཤད་བྱས་ཡོད། ཤེས་རིག་གསར་རྙིང་གི་འགལ་འདུ་མཚོན་པའི་གློག་བརྙན་འདི་ནི་ཁ་ཕར་འཁོར་སྟེ་གཞན་གྱི་ལེགས་ཆ་ལེན་པའི་བརྩམས་ཆོས་(ཚུར་ལེན་རིང་ལུགས་)ཤིག་མ་ཡིན་པར་ཁ་ཕར་བལྟས་ཀྱི་སྤྱི་ཚོགས་དག་ཐེར་བྱེད་པའི་གློག་བརྙན་ཞིག་རེད། ཤེས་རིག་རྙིང་བ་ལ་གཏོར་བརླག་ནུས་ན་སྤྱི་ཚོགས་འདི་ཉིད་དཔལ་ཡོན་ཅན་དང་སྔར་ལས་ཀྱང་བདེ་སྐྱིད་ཀྱི་ལམ་དུ་འགྲོ་བའམ་ཡང་ན་ངོ་བོ་སྡུག་ཏུ་མི་འགྲོ་བར་གསལ་བཤད་བྱས་འདུག ཡིན་ཡང་སྔར་བཞིན་ཤེས་རིག་རྙིང་བ་ལ་དགའ་མགུ་དང་དེ་ཡི་ཕྱོགས་སུ་བསྐྱོད་ན་སྤྱི་ཚོགས་ཉམས་རྒུད་དཔལ་ཡོན་ངོས་ཐད་ནས་ཉམས་རྒུད་དུ་འགྲོ་ངེས་ཡིན་པར་གསལ་བོ་བཤད་འདུག་སྙམ།  གློག་བརྙན་འདིའི་ནང་ནས་བླ་མ་དང་ཨ་མྱེ་དར་རྒྱས་འཇམ་དབྱངས་སོགས་ནི་ཤེས་རིག་རྙིང་བ་མཚོན་པའི་མི་སྣ་དང་།
འབྲུག་མཚོ་དང་སྒྲོན་དཀར་གཉིས་ཤེས་རིག་གསར་བའི་ཕྱོགས་སུ་བསྐྱོད་པའི་མི་སྣ་མཚོན་གྱིན་ཡོད། ཇོ་མོ་ཡང་རྙིང་པའི་ལམ་ཁར་ཞུགས་ནས་གསར་བའི་ལམ་དུ་ཕྱོགས་པའི་མི་སྣ་མཚོན་གྱིན་ཡོད།  ཤེས་རིག་རྙིང་པ་རྒྱུན་བསྐྱངས་ནས་སོང་ན་ཁྱིམ་ཚང་འདིར་དཀའ་ཁག་དུ་མར་འཕྲད་ཀྱིན་ཡོད། གཅིག་འཆར་ལྡན་བུ་སྐྱེའི་སྒྲིག་གཞི་དང་འགལ་བས་ཆད་པ་ཡོད། གཉིས་ན་སྐབས་འདིར་འཇམ་དབྱངས་ཀྱི་སློག་གྲྭའི་མིང་ཐོ་འགོད་གླའང་མ་ལྡེང་ཡོད་པ་དང་ད་དུང་བྱིས་པ་གཉིས་སློབ་གྲྭར་འགྲོ་དགོས་པས་སློབ་ཡོན་ངོས་ནས་དཀའ་ཁག་འཕྲད་ཀྱིན་ཡོད་པ་གསལ་བོ་རེད། ཡིན་ཡང་ཤེས་རིག་གསར་པའི་ཕྱོགས་སུ་བསྐྱོད་ན་ཆད་པ་དང་སློབ་ཡོན་སོགས་བྱིས་པ་འདི་གསུམ་ལ་འགྲོ་དགོས་པ་ལས་ད་དུང་ཁོ་མོའི་ཁོག་པའི་བུ་ཡི་ཕྱོགས་སུ་གཏོང་མ་དགོས་པ་འདིས་ཁྱིམ་ཚང་འདིར་དཀའ་ཁག་མི་འབྱུང་བ་གསལ་བོར་བསྟན་འདུག ཡིན་ཡང་དེ་ན་འཚོ་བ་གསར་བའི་ཕྱོགས་སུ་བསྐྱོད་དེ་རྙིང་ཞེན་འདོར་རམ་ཞེས་ན།  གློག་བརྙན་འདི་《❓》དོན་གྱིས་བོད་ཀྱི་སྤྱི་ཚོགས་ནམ་ཞིག་ཤེས་རིག་གསར་བའི་ཕྱོགས་སུ་བསྐྱོད་ནས་རྙིང་པའི་མཇུག་མ་རྫོགས་པར་དྲི་རྟགས་ཤིག་དང་ལྷན་དུ་མཇུག་རྫོགས་སོང་། ནམ་ཞིག་དེ་ཡི་ཉི་མ་འཆར་ན་ཡང་བསྐྱར་པདྨ་ཚེ་བརྟན་གྱིས་བྲི་ངེས།  ཡིན་ཡང་གླེང་གཞི་འདི་པདྨ་ཚེ་བརྟན་གྱི་སྐུ་ཚེ་ལ་ཐག་ཆོད་པ་ཞིག་མིན་པར་སེམས།  དེ་ཡང་མཐའ་མཇུག་དར་རྒྱས་ཀྱིས་དབུགས་ལྒང་གཉིས་ཉོས་ནས་ཐོན་བྱུང་།  དབུགས་ལྒང་དང་པོས་ཤེས་རིག་གསར་བ་མཚོན། རྒྱུ་མཚན་གནས་བབས་འདི་འདྲ་རྙིང་བ་དོར་ནས་གསར་བ་ལེན་ཟེར་ན་དེ་ནི་བོད་སྤྱི་ཚོགས་ཀྱིས་ཏན་ཏན་དང་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པས་ཐད་ཀར་ཁྱེར་འོང་ན་གློ་བུར་འགད་འགྲོ་བ་དེ་རེད།
དབུགས་ལྒང་གཉིས་པས་ཤེས་རིག་རྙིང་བ་མཚོན་སྟེ། འདི་ཉིད་ཡུན་རིང་གནས་མི་ཐུབ་ཀྱང་ལག་པས་རེག་ཏུ་མེད་པར། མཐའ་མཇུག་ཤེས་རིག་རྙིང་བ་འདི་ཉིད་ཡང་མོ་རླུང་བུས་ཁ་ཕྱོགས་མེད་པར་སྤུར་ཀྱང་།  མཁའ་ལམ་བསྙེགས། དེ་དུས་ན་མི་ཀུན་གྱི་རྒྱང་འཚོ་བྱེད་པ་ལས་ཁོར་ཡུག་དེ་དང་གཏན་དུ་འབྲེལ་མེད་དུ་གྱུར་ནས་མི་མཐོང་བར་གྱུར་བའི་ལམ་དུ་འགྲོ་བར་བཤད་ཀྱིན་འདུག གློག་བརྙན་འདི་ལ་གང་ཡང་མ་བསམ་པར་ཧོབ་ཏེ་བལྟས་ན་འཕྱང་མོ་ཉུག་དང་ཐེ་ཚོམ་གྱི་ཀློང་དུ་ཚུད་འགྲོ་བ་ཞིག་རེད། ཡིན་ཡང་འདིས་ཉེན་ཚབས་ཀྱི་རང་བཞིན་ཞིག་བཤད་ཀྱིན་འདུག་པ་གསལ་རྐྱང་ངོ་།།
 གློག་བརྙན་འདི་ལ་ཚིག་བླ་དྭགས་སུ་《ཤེས་རིག་གསར་རྙིང་གི་འགལ་འདུ་》དང་ཡང་ན་《རྙིང་རྒོལ་གསར་འཇུག་》ཅེས་བཏགས་ན་འཐུས་སྙམ། གང་ལྟར་གློག་བརྙན་འདིའི་ཁ་ཕྱོགས་ཡུལ་དགོན་སྡེ་དང་གྲྭ་བཙུན་ལ་འབྲེལ་བ་ངེས་ཅན་ཡོད་པ་ཞིག་རེད། ཡིན་ཡང་གང་ལའང་མ་དཔྱད་པར་གློག་བརྙན་འདི་དང་འདིའི་ཕར་ནང་གི་ལྟ་བར་ཞེན་ནས་དགག་བཞག་མི་སྤྲོ་བར་བློ་གཟུ་བོས་བལྟ་བར་རིགས།
  ༢༠ ༢༠ ༡༢ ༢༠ ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=1488