(རྩོམ་འདི་ཆ་ཚང་ཀློག་པར་སྐར་མ་ཉི་ཤུ་ཙམ་འགོར་བས་ཐུགས་ལྷོད་ལྷོད་གནང་རོགས་ཞུ་རྒྱུ་ཡིན། )

འདིར་བརྗོད་བྱ་དོན་གྱི་ཆ་ལས་བརྗོད་བྱེད་སྒྱུ་རྩལ་དང་མཚོན་ཐབས་ཀྱི་ཆ་གླེང་མེད་དོ།།

 

སྔོན་གླེང་།

 

པདྨ་ཚེ་བརྟན་ནི་བོད་མི་འཁྲབ་ཁྲིད་པ་དག་ལས་སྔ་ཤོས་དང་ཕྱི་ཤོས་གང་ཡང་མིན་མོད། ད་བར་སྐད་གྲགས་ཆེ་ཤོས་ཡིན་པར་མཐོང་། དེ་བས་ཁོ་དང་ཁོའི་བརྩམས་ཆོས་ལ་དོ་སྣང་བྱེད་པ་ནི་སྤྱིར་རང་རེའི་བོད་བརྙན་གྱི་ལས་དབང་ལ་དོ་སྣང་བྱེད་པའི་བྱ་བ་ཞིག་ཏུ་གུས་པས་ངོས་འཛིན་བྱས་ཡོད། འོན་ཀྱང་། མི་ལ་ལ་ཞིག་གིས་ཁོ་ནི་བོད་བརྙན་གྱི་རེ་བ་ཉག་གཅིག་དང་། བོད་བརྙན་སྲོལ་འབྱེད་པ་དང་། ཁོ་ལ་ལྡོག་ཕྱོགས་ཀྱི་བསམ་ཚུལ་བཤད་པ་ནི་བོད་བརྙན་ལ་ངོ་རྒོལ་ཡིན་པའི་ལྟ་ཚུལ་འཛིན་གྱི་འདུག་པ་ནི། ཐལ་མཐའ་རུ་ལྟ་བའི་གནས་ལུགས་མེད་པའི་སྐད་ཆ་སྟེ། ཁོས་གློག་བརྙན་མ་དཔར་བའི་སྔོན་ནས་མཁྱེན་བརྩེ་ནོར་བུ་སོགས་ཀྱིས་བོད་བརྙན་ཕབ་སྐྲུན་བྱས་པ་རེད་ལ། པདྨ་ཚེ་བརྟན་ལས་གཞན་བོད་བརྙན་གྱི་འཁྲབ་ཁྲིད་པ་རེ་བ་ཅན་ད་རུང་མང་དུ་མཆིས།

ཉེ་སྔོན་ཁོང་གི་གློག་བརྙན་གསར་པ་དབུགས་ལྒང་གློག་བརྙན་ཁང་ཁག་ལ་བསྟན་པར། གུས་པས་རང་གི་བསམ་ཚུལ་མདོར་བསྡུས་ཤིག་དྲ་རྩོམ་གྱི་ངོས་ནས། <<པད་ཚེའི་དབུགས་ལྒང་གིས་སངས་རྒྱས་བཀྲོངས་འདུག>>་ཅེས་པ་སྤེལ་བ་ཡིན། དེར་དོ་སྣང་བྱེད་མཁན་མི་ཉུང་བ་ཞིག་བྱུང་བ་དང་། མང་ཤོས་ཀྱིས་གུས་པའི་རྩོམ་དེ་ནི་ཆེད་དུ་པདྨ་ཚེ་བརྟན་ནག་པོར་གཏང་ཆེད་བྲིས་པ་ལས། གློག་བརྙན་དེ་ལ་དོན་དངོས་ཐོག་གུས་པས་བཤད་པའི་གནས་དོན་དེ་དག་མེད་ཚུལ་གྱི་གཏམ་རབས་དང་རིམ་པ་བྱུང་ཞིང་། ཁ་ཅིག་གིས་གུས་པས་འབུམ་རམས་པ་བློ་བཟང་ཡོན་ཏན་གྱི་ལྟ་ཚུལ་ཁྱེར་ནས<<དབུགས་ལྒང>>་ར་བ་དེའི་ནང་བཙན་ཐབས་ཀྱིས་བཅུག་པ་བཤད་སོང་མོད།  ངའི་བསམ་ཚུལ་དང་འབུམ་རམས་པ་བློ་བཟང་ཡོན་ཏན་གྱི་བསམ་ཚུལ་ལ་མཐུན་ཆ་ཡོད་ཚེ་དེ་ནི་ཤིན་ཏུ་བཟང་བའི་དོན་དུ་མཐོང་སྟེ། ང་རང་ནི་བོད་མིའི་སྲོལ་རྒྱུན་སློབ་གསོ་ས་སྐྱ་ལེགས་བཤད་སོགས་དང་སྲོལ་རྒྱུན་རིག་གཞུང་ཁག་ལ་སྦྱངས་པ་དང་རྒྱུད་འཛིན་བྱེད་མཁན་ཞིག་ཡིན་ཞིང་། འབུམ་རམས་པ་ཁོང་ནི་ནུབ་ཕྱོགས་དཔལ་ཡོན་རྒྱལ་ཁབ་ཁག་ནས་ངང་པས་འོ་མ་བཏུང་བ་བཞིན་དུ་ནུབ་ཀྱི་དེང་རབས་རིག་གནས་ལ་སྦྱོང་མཁན་རེད། ངེད་གཉིས་ཀྱི་བསམ་བློ་མཐུན་པ་ནི་དེང་རབས་དང་གནའ་རབས་ཀྱི་བསམ་བློ་གཉིས་ངམ་ངམ་ཤུགས་ཤུགས་ཀྱིས་མཐུན་པ་ཡིན་པས། འདིས་ཀྱང་པདྨ་ཚེ་བརྟན་གྱིས་ནམ་ཡང་གནའ་དེང་འགལ་བར་བསྟན་པའི་གློག་བརྙན་དེ་དག་ནི་རྫུན་མ་ཡིན་པར་ར་སྤྲོད་བྱས་ཡོད་པར་འདོད། གཞན་ཡང་། སྒེར་གྱི་འཕྲིན་ཕྲན་གྱི་སྒོ་རྡུང་སྟེ་དྲ་རྩོམ་སྔུན་མའི་འཕྲོ་སྐྱོང་དགོས་ཚུལ་གླེང་མཁན་ལན་གཅིག་མིན་པ་བྱུང་འཕྲལ། རང་ཉིད་གློག་བརྙན་རིག་གནས་ལ་མཁས་ཆེ་བ་མིན་མོད། འདིར་ཡང་དུ་སྐད་ཆ་འགའ་ཞིག་མ་བཤད་ན་བགྲོ་གླེང་གི་མགོ་སླངས་ཟིན་རྗེས་རྒྱུན་མ་སྐྱོང་བའི་གུས་མེད་ཀྱི་རྣམ་པ་ཞིག་འདུག་པ་མཐོང་ནས། སྔར་གྱི་དྲ་རྩོམ་དེར་མ་འདུས་པའི་གནད་དོན་འགའ་ཞིག་ལ་ཡང་དུ་བགྲོ་རྒྱུ་ཡིན།

 

པདྨ་ཚེ་བརྟན་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་ཡོད་མཁན་ཡིན་ནམ།

 

པདྨ་ཚེ་བརྟན་ནི་རྩ་བའི་ཆ་ནས་ཤ་ཁྲག་རུས་གསུམ་བོད་ལས་ཆད་ཅིང་། རང་ཉིད་བོད་མི་ཞིག་ཡིན་སྙམ་པའི་འདུ་ཤེས་མ་བོར་བའི་བོད་མི་དག་མ་ཞིག་ཡིན་མོད། ཁོང་གི་ངོ་སྤྲོད་ཁག་ལ་བལྟས་པ་ཡིན་ན་ད་བར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གང་ལ་ཡང་དམིགས་བསལ་སྦྱོང་བ་བྱས་པའི་གནས་ཚུལ་མ་མཐོང་། དེ་བས་ན་ཁོང་གིས་ཆུང་ངུའི་དུས་ཀྱི་ཁྱིམ་ཚང་གི་སློབ་གསོ་ཕུད་པའི་བོད་མིའི་སྲོལ་རྒྱུན་སློབ་གསོ་གཞན་མྱོང་རྒྱུ་བྱུང་མེད་པ་ནི་ང་ཚོས་ཤེས་སླ་མོ་རེད།  ཁོང་ནི་ཆུང་དུས་ནས་གཞུང་གཉེར་སློབ་གྲྭར་ཕྱིན་པ་དང་། གཞུང་གི་སློབ་གསོ་ལ་བརྟེན་ནས་ནར་སོན་པ་དང་། ན་གཞོན་གྱི་དུས་སུ་ནུབ་བྱང་ལྟ་བུའི་བསམ་བློའི་ར་བ་ཤིན་ཏུ་གུ་དོག་སའི་ཁོར་ཡུག་ཁྲོད་མགོ་འབུད་པ་དང་། སྐྱེ་ས་འཚར་ས་ཡང་བོད་ཀྱི་མཐའ་འཁོབ་ཀྱི་ཡུལ་གྲུ་ཡིན་པས་ན། ཁོང་ལ་བསམ་བློ་ངན་པའི་གྲིབ་སོ་དངོས་ཤུགས་གཉིས་ནས་ཕོག་ཡོད་པ་ནི་ལུགས་མཐུན་ཞིག་རེད་བསམ་གྱི་འདུག་ལ། སུ་ཡིན་ཡང་དོན་འདི་དང་ལེན་བྱ་ནུས་པར་འདོད།

དེ་ལྟ་བུའི་ཁོར་ཡུག་ཁྲོད་ནར་སོན་པའི་ཁོང་ལ་མཚོན་ན་སྤྱིར་རང་མི་རིགས་ལ་དགའ་ཞེན་དང་། མི་རིགས་འདིའི་ཕྱི་ལོངས་སྤྱོད་ཚན་རྩལ་རྗེས་ལུས་ཀྱི་རྣམ་པ་བསྒྱུར་འདོད་ཀྱི་བསམ་བློ་ཞིག་ནི་ཡོད་པར་སྣང་ཞིང་། ཁོང་གི་གློག་བརྙན་མང་ཆེ་བ་ལས་བོད་ཁུལ་རྗེས་ལུས་ཀྱི་རྣམ་པ་ཡང་ཡང་མངོན་པ་དེས་ཀྱང་ཁོང་གི་བསམ་བློ་དེ་མཚོན་ནུས། བོད་ཁུལ་རྗེས་ལུས་ཀྱི་རྣམ་པ་བསྒྱུར་རྒྱུའི་ཐད་ང་རང་ཁོང་གི་བསམ་ཚུལ་ལ་འཐད་པ་ཡོད་ནའང་། ཁོང་གི་གློག་བརྙན་ཁག་ལ་བལྟས་པ་ཡིན་ན། ཁོའི་ཀླད་པའི་ཁྲོད་དུ་བསམ་བློ་མ་རུང་བ་ཤུགས་ཆེ་དྲགས་པས། ཁོང་གིས་བོད་རྗེས་ལུས་ཀྱི་མགོ་ཁུང་ནི་བོད་བརྒྱུད་ནང་བསྟན་དང་བོད་མིའི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་བྱས་པ་དང་། བོད་ཁུལ་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས་དེང་རབས་སུ་སྤྱོད་དགོས་ན་ངེས་པར་དུ་རྙིང་བཞི་རྩ་གཏོར་དང་། རིག་གསར་དགོས་པའི་ལྟ་ཚུལ་ཞིག་ཡོད་པ་གསལ་ཏེ། གློག་བརྙན་ཁག་ལས་ནམ་ཡང་བོད་མིའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ལྟ་སྤྱོད་གཉིས་འགལ་བ་ཁོ་ནའི་སྣང་ཚུལ་བསྟན་པ་དང་། དེ་གཉིས་ལས་གཅིག་མ་གཏོགས་འདེམས་རྒྱུ་མེད་པའི་གནས་ལུགས་ཤིག་ངོས་ལྐོག་གཉིས་ནས་སྟོན་གྱིན་ཡོད། ལྟ་ཚུལ་འདི་ནི་རིག་གསར་གྱི་བསམ་བློ་ལྷག་མ་ཞིག་ཡིན་པ་ཀུན་ལ་གསལ། དེའི་ཕྱིར་ལྟ་ཚུལ་དེ་ལ་ད་ཆ་དང་ལེན་བྱ་མི་ཐུབ་ཅིང་།  རང་རེ་སྔོན་ཐོན་དེང་རབས་སུ་སྐྱོད་དགོས་མོད། སྐྱོད་ཚུལ་དེ་ཁོང་གིས་བསྟན་པའི་ལམ་ལ་བརྟེན་དགོས་པར་ལར་ནས་མི་འདོད།

པདྨ་ཚེ་བརྟན་གྱིས་བོད་རང་གི་ཐུན་མིན་རིག་གཞུང་ཁག་ལ་སྦྱངས་པ་དང་བོད་ཀྱི་སློབ་གསོ་མྱོང་མ་ཐུབ་པས་ན། ཁོའི་གློག་བརྙན་གྱི་ཁྲོད་དུ་བོད་མིའི་ལྟ་སྤྱོད་དང་འགལ་བའི་གནད་དོན་མང་དུ་མཐོང་རྒྱུ་ཡོད། དེའང་སྐབས་བབས་དབུགས་ལྒང་དང་འབྲེལ་ཡོད་འགའ་ཞིག་ཞུས་ན།

༡钛媒体ཞེས་པའི་འཕྲིན་སྦྱོར་གྱི་གསར་འགོད་པས། ཁྱེད་ཀྱི་རུས་མིང་ཝ་དང་མཱ་གང་ཡིན་ནམ་ཞེས་བཅར་འདྲི་བྱས་པའི་ལན་དུ། ང་ལ་རུས་མིང་མེད། བོད་མི་རིགས་ལ་རུས་མིང་གཏན་ནས་ཡོད་པ་མ་རེད་ཅེས་ལན་ལྡོན་འདུག། དེ་ནི་ཁེ་མཚར་ཞིག་མ་རེད་དམ། བོད་ལ་རུས་མཛོད་ཅི་འདྲ་མང་པོ་མེད། དེ་དག་ཁོང་གིས་གཅིག་ཀྱང་མཐོང་མ་མྱོང་བ་འདྲ།

༢ དར་རྒྱས་ཀྱི་ཨ་མྱེས་ཤི་རྗེས་ཞེ་དགུ་མ་ཚང་བར་མནའ་མ་སྒྲོལ་དཀར་གྱི་ཁོག་ལ་སྐྱེ་སྲིད་ཞུགས་པའི་ཚན་པ་དེར། ཁོང་གིས་དེ་ནི་བོད་མིའི་རིག་གཞུང་གི་ངོས་ནས་མི་སྲིད་པ་ལྟ་བུ་ཞིག་གི་ཚད་དུ་བཞག་ནས་ཆེད་དུ་དཔར་བ་ཡིན་འདུག་ནའང་། བར་དོ་ཐོས་གྲོལ་དང་ནཱ་རོ་ཆོས་དྲུག་སོགས་བར་དོའི་ཟབ་ཆོས་ཁག་ལས། འཆི་བའི་རྗེས་སུ་ཞེ་དགུ་མ་ཚང་ནའང་འགའ་ཞིག་སྐྱེ་སྲིད་ལེན་གྱི་ཡོད་པ་དང་། ལ་ལ་ནི་ཞེ་དགུ་ཡོལ་ནའང་སྐལ་པ་གྲངས་མང་པོར་བར་དོར་འཁྱམ་གྱིན་པའི་དོན་གསལ་བོར་བསྟན་ཡོད་པ་རེད། ཞེ་དགུ་ནི་སྤྱི་འགྲོས་ཀྱི་རྣམ་གཞག་ཙམ་ལས་མི་ཞིག་ཤི་ན་ངེས་པར་ཞེ་དགུ་བརྒྱུད་དགོས་པའི་ཁྱབ་མཐའ་ནི་རིག་གཞུང་དང་བོད་མི་ཕལ་བའི་འདུ་ཤེས་གཉིས་གང་དུ་ཡང་མེད།

༣ དེ་བཞིན། སྒྲོལ་དཀར་གྱིས་རང་གི་ཁོག་ལ་སྦྲུམ་པའི་བྱིས་པ་དེ་གསོད་དགོས་མིན་ཐད་སོམ་ཉི་བྱེད་སྐབས། ཡིད་ལ་ཡང་ཡང་འཁོར་ངེས་པ་དང་འཁོར་སྲིད་པའི་དོན་དག་གཙོ་བོ་གཅིག་ནི། བྱིས་པ་དེ་མི་ཞིག་ཡིན་ཕྱིན་དེ་ཉིད་བསད་ན་མོ་རང་ལས་འབྲས་ཀྱི་སྟོབས་ཀྱིས་དམྱལ་བར་ལྷུང་སྲིད་པའི་འཇིགས་སྐྲག་མངོན་དགོས་མོད། གློག་བརྙན་འདི་ལས་བྱིས་པ་གསོད་མིན་གྱི་འགག་རྩ་ཉག་གཅིག་ནི་ཁྱོ་གའི་ཨ་ཕའི་རྣམ་ཤེས་ཡིན་མིན་ཙམ་ལས། སྤྱིར་བྱིས་པ་དེ་མི་ཞིག་དང་དེ་བསད་ན་མི་ཞིག་གསོད་པའི་སྣང་བ་དང་འཇིག་སྐྲག་དེ་མཐོང་རྒྱུ་མེད་པར། བོད་མིས་བྱིས་པ་གསོད་རྒྱུ་ནི་གུ་ཡངས་ཀྱི་ལས་ཤིག་ལ་ངོས་འཛིན་འདུག། བོད་མི་ཕལ་བའི་བུད་མེད་དད་པ་ལ་འགྱུར་བ་འགྲོ་མ་མྱོང་བའི་མི་ཞིག་ལ་མཚོན་ན་འདི་ནི་མི་སྲིད་པ་རེད།

༤ཡང་ཨ་མྱེ་ཤི་རྗེས་ཀྱི་གཤིན་མཆོད་བརྙན་རིས་དེ་ནི་རི་བོང་མགོ་ལ་རྭ་འཛུགས་པའི་ལས་སུ་མཐོང་སྟེ། མི་ཤི་མ་ཐག་གི་ཕྱི་ཉིན་ཞོགས་པ་ནས་རོ་འཕེན་པ་དང་། རོ་ལ་དར་རྒྱས་ཀྱིས་ཕྱག་བྱེད་པ་ནི་བོད་མིའི་གཤིན་མཆོད་ཆོ་ག་གང་ལའང་མི་མཐུན་པ་ཞིག་རེད། དེའང་དམིགས་བསལ་གཟའ་སྐར་འཕྲོད་མིན་གྱི་གནད་དོན་མེད་ན། ཞག་གསུམ་སྔོན་ནས་ཕུང་པོ་འཕེན་སྲོལ་ཞིག་བོད་པར་མེད་ལ། ཁྱིམ་མིས་རོ་ལ་ཕྱག་བྱེད་པའི་སྲོལ་ཞིག་ནི་དེ་བས་ཀྱང་མེད་མོད། རྒྱ་མིའི་གཤིན་མཆོད་ཀྱི་སྲོལ་ལ་ཁྱིམ་རྒྱུད་མི་སྣས་རོ་ལ་ཕྱག་བྱེད་པའི་སྲོལ་ཡོད་པར་འདུག་ན། པད་ཚེས་དེ་ཉིད་ནང་འདྲེན་བྱས་པ་འདྲ། འདིས་ཀྱང་པད་ཚེ་ནི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུན་མེད་མཁན་ཡིན་པ་ར་སྤྲོད་བྱས་འདུག།

༥ ཡང་དར་རྒྱས་དང་སྒྲོལ་དཀར་གཉིས་བཟའ་འཛིང་ཐུག་རྗེས། དར་རྒྱས་རྒྱ་མོ་བཟའ་ཝུན་ཤིང་ཀོང་ཇོའི་སྐུ་བརྙན་ཞིག་གི་མདུན་དུ་ཕྱིན་ནས་ཡུན་གཅིག་ལ་སྐྱོ་བསང་བྱེད་ཀྱིན་པའི་ཚན་པ་དེ། ཡང་སྙིང་ཅི་ཞིག་གི་ཕྱིར་དཔར་བ་ཡིན་མ་ཚོར་ནའང་། བཅོས་མ་དང་རྫུན་མའི་ལས་ཀ་འདི་ལ་སྙིང་པོ་འདུག་གམ། མང་པོ་ཞིག་གིས་གློག་བརྙན་དབུགས་ལྒང་གིས་བོད་མིའི་དུད་ཚང་དཀྱུས་མ་དང་བོད་མིའི་བུད་མེད་ཕལ་བའི་དོན་དངོས་འཚོ་བ་མཚོན་འདུག་པར་གླེང་ནའང་། གོང་གི་དོན་ཚན་འདི་ཚོ་ཁོ་ནས་ཀྱང་སྐད་ཆ་དེ་དག་གི་རྐུབ་ཕུད་ཡོད་པ་རྟོགས་ཐུབ།

རྒྱུ་རྐྱེན་དེ་དག་གི་ཕྱིར་ན། པདྨ་ཚེ་བརྟན་ནི་རྒྱ་མི་ཞིག་དང་བསྡུར་ན་བོད་མི་ཡིན་པ་དང་བོད་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ནའང་། བོད་མི་དཀྱུས་མ་ཞིག་དང་བསྡུར་ན་བོད་ལ་ཆ་རྒྱུས་ཡོད་པ་མ་རེད། དེ་བས། མི་མང་པོ་ཞིག་གིས་ཁོའི་གློག་བརྙན་གྱིས་གཞན་གྱི་ལྟ་ཚུལ་ལ་བརྟེན་ནས་བོད་ལ་འགྲེལ་བ་བརྒྱབ་འདུག་ཅེས་བཤད་པ་ཡིན། འོན་ཀྱང་ངའི་བསམ་པར་ཁོང་གིས་ནམ་ཡང་རང་གི་ལྟ་ཚུལ་དངོས་ལ་བརྟེན་ནས་གློག་བརྙན་འཁྲབ་ཁྲིད་བྱས་ཡོད་པ་ལས། རང་གིས་མ་བསམ་པའི་གཞན་གྱི་ལྟ་ཚུལ་སྤྱད་ནས་འཁྲབ་ཁྲིད་བྱས་ཡོད་རྒྱུ་མ་རེད། ཡིད་ཕམ་པ་ཞིག་ལ། ཁོང་གི་ལྟ་ཚུལ་དངོས་སྤྱད་ནས་འཁྲབ་པའི་གློག་བརྙན་ལ། བོད་མི་དག་གིས་གཞན་གྱི་ལྟ་ཚུལ་སྤྱད་ནས་འཁྲབ་འདུག་ཟེར་དོན་ནི། བོད་མི་ཕལ་བའི་འདུ་ཤེས་དང་ལྟ་སྤྱོད་ལ་བལྟོས་ན་ཁོ་ནི་གཞན་དུ་གྱུར་ཡོད་པས་དང་། ཚད་ངེས་ཅན་ཞིག་ནས་བཤད་ན་ཁོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཆ་རྒྱུས་མེད་པས་སོ།།

 

བོད་མིའི་སྐྱེས་པའི་འདུ་ཤེས་ཁྲོད་ཀྱི་བུད་མེད་ནི་མ་མོ་ཞིག་ཡིན་ནམ།

 

དར་རྒྱས་ཀྱིས་ཁྲོམ་(ཅོ་རེ)གཡར་ནས་ཁྱིམ་དུ་ཐོན་རྗེས། ལུག་ར་ནང་ནས་མ་མོ་ཞིག་བཟུང་སྟེ་ན་རེ། མ་མོ་འདིས་ལོ་གཉིས་ལ་ལུ་གུ་མ་སྐྱེས། ད་ནི་རྒྱུད་སྤེལ་ཐུབ་རྒྱུ་མ་རེད་བཤའ་རྒྱུ་ཡིན་ཟེར། སྒྲོལ་དཀར་གྱིས་སྐྱེ་རྒྱུད་མ་སྤེལ་རུང་ལུག་བཟང་པོ་ཞིག་ཡིན་ཞེས་བཤད་ནའང་། དར་རྒྱས་ཀྱིས་དེ་ལ་ཁ་ཡ་མ་བྱས་པར་མ་མོ་དེ་བཤས་པ་རེད། བརྙན་རིས་འདི་གནད་དོན་ཆེན་པོ་ཞིག་ཏུ་མཐོང་སྟེ། གློག་བརྙན་འདིའི་མགོ་འཛིན་ས་འདི་ཡིན་པས་སོ།། གློག་བརྙན་འདིའི་བསྟན་དོན་རྣམས་གོང་འོག་བསྒྲིགས་ན་མ་མོ་དེ་ནི་དོན་དུ་སྒྲོལ་དཀར་གྱི་སྣང་བརྙན་རེད་ཨང་། དེས་ན་མ་མོ་དེ་ནི་སྒྲོལ་དཀར་དང་། སྒྲོལ་དཀར་གྱིས་བོད་པའི་བུད་མེད་ཀྱི་སྣང་བརྙན་འཛིན་ཡོད་པ་ལགས་ན། དར་རྒྱས་ཀྱིས་ལུག་ལ་འཛིན་པའི་ལྟ་ཚུལ་འདི་ནི།  པདྨ་ཚེ་བརྟན་གྱིས་དོན་དུ་བོད་པའི་ཆོས་དད་སྐྱེས་པ་ཚོའི་རིན་ཐང་ལྟ་བའི་ཚད་དུ་བཞག་ཡོད་ཅིང་། འདི་ནས་བོད་མིའི་སྐྱེས་པ་ཚོས་བྱིས་པ་སྐྱེ་མི་ཐུབ་པའི་བུད་མེད་ནི། རིན་ཐང་མེད་པའི་བུད་མེད་དང་། བུད་མེད་ཅིག་གི་རིན་ཐང་ཡང་བྱིས་པ་སྐྱེ་ཐུབ་མིན་དང་། བུད་མེད་ནི་བྱིས་པ་སྐྱེ་ཆས་ཤིག་དང་འཁྲིག་པ་སྤྱོད་ཟླ་ཙམ་ལ་འཛིན་པར་བསྟན་འདུག། འོ་ན། བོད་མིའི་སྐྱེས་པའི་འདུ་ཤེས་ཁྲོད་དུ་སོ་སོའི་ཚེ་རོགས་དེ། བྱིས་པ་སྐྱེ་ཆས་དང་། བྱིས་པ་སྐྱེ་མ་ནུས་ན་བུད་མེད་གང་དེས་སྐྱེ་རྒྱུད་མེད་པའི་མ་མོ་ཚེ་ཟད་དེའི་ལས་དབང་རང་གིས་མྱོང་དགོས་པ་ཡིན་ནམ། དབུགས་ལྒང་ནི་བོད་པའི་འཚོ་བ་དངོས་མཚོན་པའི་གློག་བརྙན་རེད་ཟེར་མཁན་ཚོས། ཐོག་མར་བོད་པའི་སྐྱེས་པ་ཚོའི་འདུ་ཤེས་ཁྲོད་བུད་མེད་ནི་བྱིས་སྐྱེ་འཕྲུལ་ཆས་དང་། འཁྲིག་སྤྱོད་ཟླ་ཡ་ཙམ་ལས་ངོས་འཛིན་མེད་པར་ཁས་ལེན་དགོས་པ་རེད། ང་རང་སྤྱི་ཚོགས་ཞིབ་འཇུག་པ་སོགས་གང་ཡང་མིན་མོད། སྤྱིར་བཏང་རང་ཉིད་བོད་པའི་ཁོར་ཡུག་ནས་ནར་སོན་པའི་མྱོང་བ་ལྟར་ན་ནི། སྐྱེས་པ་ཚོས་བུད་མེད་ལ་དེ་ལྟ་བུའི་དམན་ལྟའི་འདུ་ཤེས་འཛིན་འདུག་པ་མ་མཐོང་། དཔེར་ན། ངེད་ཀྱི་ས་ཆར་མཚོན་ན་སྤྱིར་སྐྱེས་པས་བུད་མེད་གསོད་མཁན་བྱུང་མྱོང་ལ། བུད་མེད་ཀྱིས་སྐྱེས་པ་གསོད་མཁན་ཡང་བྱུང་མྱོང་ཞིང་། བུད་མེད་ཀྱིས་སྐྱེས་པ་བསྐྱུར་ནས་བཟའ་འཐོར་བ། སྐྱེས་པས་བུད་མེད་བསྐྱུར་ནས་བཟའ་འཐོར་བ། བུད་མེད་ཀྱིས་སྐྱེས་པ་རྡུང་བ། སྐྱེས་པས་བུད་མེད་རྡུང་བ་སོགས་འཛམ་གླིང་འདིའི་ས་ཆ་གང་སར་ཡོད་པའི་བཟའ་ཚང་བར་གྱི་གནད་དོན་ནི་འདུག་མོད། དེ་ཉིད་ཕྱོགས་གང་རུང་དུ་ལྷུང་ནས་སྤྱི་ཚོགས་ཀྱི་གནད་དོན་དུ་གྱུར་མེད་དོ།། གང་གི་དཔེ་མཚོན་དེ་དག་ཀྱང་མི་སྒེར་པ་རེ་གཉིས་ཀྱི་གནད་དོན་ལས་སྤྱི་ཚོགས་ཧྲིལ་པོ་ནི་ཕོ་དབང་གིས་ཁྱབ་པ་དང་དེའི་ཁོར་ཡུག་ནས་བུད་མེད་ཀྱིས་དཀའ་སྡུག་མྱོང་གི་ཡོད་པའི་གནས་ཚུལ་གང་ཡང་མ་མཐོང་ངོ་།། དེ་བཞིན་བྱིས་པ་སྐྱེ་རྒྱུ་མེད་པའི་བུད་མེད་དང་། བྱིས་པ་སྐྱེ་ནུས་མེད་པའི་སྐྱེས་པ་ཡང་ཏན་ཏན་ཡོད་མོད། འོན་ཀྱང་། པདྨ་ཚེ་བརྟན་གྱིས་བསྟན་པ་ལྟ་བུའི་དོན་རྐྱེན་མེད་པར་སོ་སོའི་སྤུན་ཟླའི་བྱིས་པ་གསོ་སྐྱོང་བྱས་ནས་སྔར་བཞིན་འཚོ་བ་རོལ་པ་ལས། མ་མོ་ཚེ་ཟད་དེ་ལྟ་བུར་སུའང་གྱུར་མི་འདུག། འགའ་ཞིག་གིས་བྱེ་བྲག་རེ་གཉིས་མཚན་གཞི་རུ་འཛིན་སྲིད་ནའང་། བོད་མིའི་ནང་དུ་མཛུབ་ཆད་སྐྱེས་པ་བརྒྱ་ཡོད་པ་ལ་བརྟེན་ནས་བོད་མིའི་སྐྱེས་པ་ནི་མཛུབ་ཆད་རེད་ཟེར་མཁན་ཡིན་པས་ན། བགྲོ་གླེང་གི་ངལ་བ་མི་བྱེད་དོ།།

དེ་བཞིན་ད་བར་སྤྱི་ཚོགས་ཞིབ་འཇུག་གི་ལས་ཀ་མཛད་མཁན་ཚོས་ཀྱས་ཞིབ་འཇུག་དཔྱད་འབྲས་ཀྱི་ཚུལ་དུ་བོད་མིའི་སྐྱེས་པས་བུད་མེད་ལ་འཛིན་པའི་ལྟ་ཚུལ་ནི། བྱིས་སྐྱེ་འཕྲུལ་ཆས་དང་། འཁྲིག་སྤྱོད་ཟླ་ཡ་ཡིན་པར་སྨྲ་མཁན་མེད་ཚོད་རེད། དེ་བས་ན་གློག་བརྙན་འདིའི་བསྟན་དོན་མང་པོ་ཞིག་ནི་འདི་ལྟར་དུ་བཅོས་མ་དང་རྫུན་མ་ཡིན་པ་ཤེས་འོང་།

 

གློག་བརྙན་འདིའི་བརྗོད་བྱ་ནི་བུད་མེད་ཡིན་ནམ།

 

ད་ཆ་བོད་མིའི་དྲ་ལམ་ནས་གློག་བརྙན་དབུགས་ལྒང་ནི་བུད་མེད་བརྗོད་གཞི་རུ་འཛིན་པའི་གློག་བརྙན་ཞིག་ལ་ངོས་འཛིན་བྱེད་ཀྱིན་པ་དང་། མ་ཚད་བུད་མེད་བརྗོད་གཞི་བྱས་པའི་བོད་བརྙན་ཐོག་མ་ཞེས་པའི་མཚན་སྙན་ཡང་ཕུལ་གྱི་འདུག་མོད། གུས་པས་བསམས་ན་དེ་ནི་དཔྱད་གཞི་ཞིག་རེད།

གློག་བརྙན་དབུགས་ལྒང་བུད་མེད་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་རེད་ཅེས་བརྗོད་པ་ལས། དབུགས་ལྒང་ནི་དད་པ་དང་དངོས་ཡོད་ཀྱི་འཚོ་བའི་འགལ་བ་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་རེད་ཅེས་བཤད་ན་དོན་དང་མཐུན་པར་སྣང་སྟེ། མ་གཞི་ནས་གློག་བརྙན་འདིའི་དོན་གྱི་འབབ་ས་ནི་དད་པ་དང་དངོས་ཡོད་འཚོ་བའི་འགལ་བ་དེ་རང་དུ་འདུག། གློག་བརྙན་འདིར་བུད་མེད་ཀྱི་དཀའ་སྡུག་དང་། བོད་བརྒྱུད་ནང་བསྟན་གྱི་གཉའ་གནོན། ཕོ་དབང་གི་གཉའ་གནོན་སོགས་ནི་བརྗོད་བྱའི་སྙིང་པོ་དད་པ་དང་དངོས་ཡོད་འཚོ་བའི་འགལ་བ་དེ་ཉིད་ཕྱིར་མངོན་པའི་ཐབས་དང་ལག་ཆ་ཙམ་ལས། རྩ་བའི་ཆ་ནས་བུད་མེད་བརྗོད་བྱ་དངོས་ལ་སོང་མི་འདུག་སྙམ་བྱུང་།

དེའང་གློག་བརྙན་འདིའི་སྒྲགས་པར་གྱི་ངོས་སུ་བུད་མེད་ཀྱི་བདེ་སྡུག་དང་། བུད་མེད་ཀྱི་རང་དབང་། བུད་མེད་ཀྱི་ཐོབ་ཐང་། བུད་མེད་ཀྱི་སད་རྟོགས་སོགས་དང་འབྲེལ་ཡོད་ཀྱི་ཡིག་འབྲུ་ན་གཅིག་མེད་པར། དད་པ་དང་དངོས་ཡོད་ལས་གང་ཞིག་གདམ་དགོས་སམ་ཞེས་པའི་ཡིག་འབྲུ་འགའ་ཞིག་རེད། གོང་དུ་ཞུས་པ་བཞིན་པདྨ་ཚེ་བརྟན་གྱིས་ནམ་ཡང་འདི་ལྟར་གཅིག་མ་གཏོགས་གཉིས་གནས་ཐབས་མེད་པའི་དོན་ཞིག་བསྟན་རྒྱུར་གོམས་ཡོད། ད་ཐེངས་ཡང་ཁོང་གིས་ཁྱོད་ཀྱིས་དངོས་མེད་ཀྱི་དད་པ་གདམ་རྒྱུ་ཡིན་ནམ་ཡང་ན་དངོས་ཡོད་ཀྱི་འཚོ་བ་གདམ་རྒྱུ་ཡིན་ཞེས་འདྲི་ཡི་འདུག། དེ་གཉིས་མཉམ་གནས་མེད་པར་སྨྲ་བའི་སྦས་པའི་བསམ་བློ་འདི་ནི་སྐྱུག་བྲོ་བ་ཞིག་རེད། བསམ་བློ་འདི་ལ་ཤ་དང་ཁྲག་གི་དྲི་བྲོ་ཡི་འདུག། ཁོས་དེ་འདྲའི་བརྗོད་བྱ་ཞིག་བསྟན་ཆེད། བོད་མིའི་འཚོ་བ་དངོས་ཡིན་པར་སྐད་པའི་ཁྱིམ་ཚང་ཞིག་རྟོག་བཟོ་བྱས་པ་དང་། དེ་ལས་བརྗོད་བྱ་འདི་མཐོ་རླབས་ཆེས་ཆེར་བསྐྱོད་ཆེད་མི་སྣ་གཙོ་བོ་དེ་བུད་མེད་ཅིག་བྱས་འདུག་ལ། བུད་མེད་དེ་ནི་དངོས་མེད་དད་པའི་རྨོངས་འཐོམ་གྱི་ཁྲོད་དུ་ལྷུང་ནས་དངོས་ཡོད་ཀྱི་འཚོ་བའི་བདེ་སྐྱིད་རོལ་ཐུབ་ཀྱི་མེད་ཅིང་། མ་ཚད་དངོས་མེད་ཀྱི་དད་པ་དེ་ལ་བརྟེན་ནས་རང་ཉིད་ཀྱི་ཐོབ་ཐང་དང་རང་དབང་ཤོར་གྱི་ཡོད་པ་དང་། མོ་རང་ལ་དད་པ་གླེང་མཁན་གྱི་ཁྱོ་གས་དད་པ་ལ་བརྟེན་ནས་ཕོ་དབང་སྤྱད་དེ་གཉའ་གནོན་བྱས་ཡོད་པ་དང་། མོའི་བུས་ཀྱང་དད་པ་ལ་བརྟེན་ནས་མོ་རང་བྱིས་སྐྱེས་འཕྲུལ་ཆས་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་། མ་ཎི་འདོན་མཁན་གྱི་ཨ་མྱེས་ཀྱང་ཆོག་མཆན་མེད་པར། མོ་རང་གི་བུ་ཁང་དུ་ཞུགས་ཡོད་པ་སོགས་མདོར་ན་དད་པ་ཅན་ཚོས་བུད་མེད་ཅིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཉའ་ཤིང་བྱས་པའི་སྣང་བརྙན་ཞིག་བཞེངས་སྐྲུན་བྱས་ཤིང་། དད་པའི་ལག་འོག་ནས་བུད་མེད་ལ་རང་ལུས་རང་བདག་མེད་པའི་དོན་བསྟན་འདུག།

ཇོ་མོ་བྱང་ཆུབ་སྒྲོལ་མར་སྔར་བརྩེ་དུང་ལ་ཕམ་ཉེས་བྱུང་ནས་མོ་རང་གི་འདོད་མོས་དང་བསྟུན་ནས་བྱིས་པ་བསད་རྗེས། དད་པའི་རྐྱེན་གྱིས་རང་ཉིད་ལ་གུ་ཡངས་བཟོ་མ་ཐུབ་པར་ཇོ་མོ་བྱས་པ་དང་། ཇོ་མོ་བྱས་རྗེས་སླར་ཡང་དགའ་རོགས་སྔོན་མ་སྟག་འབུམ་རྒྱལ་དང་འཕྲད་ཅིང་བརྩེ་དུང་དེ་བསྐྱར་གསོའི་གོ་སྐབས་ཤར་ནའང་།  ཡང་དུ་ཨ་ཅེ་སྒྲོལ་དཀར་གྱི་དད་པའི་སློབ་གསོ་ལ་བརྟེན་ནས་འཚོ་བ་གསར་པ་ཞིག་རོལ་བའི་གོ་སྐབས་ཤོར་བ་སོགས། ཇོ་མོ་བྱང་ཆུབ་སྒྲོལ་མས་ནམ་ཡང་སྡུག་གི་ཞྭ་མོ་འཕུད་མ་ཐུབ་པའི་ཚན་པ་འདི་ནི། དད་པས་མི་ཞིག་གི་སེམས་དང་བདེ་སྐྱིད་ཡོངས་སུ་བསྡམ་ཡོད་པའི་དོན་བསྟན་ཚུལ་ཞིག་རེད།

དེ་ལྟར་དངོས་མེད་ཀྱི་དད་པ་ནི་དངོས་ཡོད་འཚོ་བ་དང་མི་མཐུན་པ་དང་། སུ་ལ་དད་པ་ཡོད་ན་དེས་འཚོ་བ་སྐྱིད་པོ་ཞིག་རོལ་མི་ཐུབ་པའི་དོན་ཞིག། པདྨ་ཚེ་བརྟན་གྱིས་བུད་མེད་སྒྲོལ་དཀར་དང་བྱང་ཆུབ་སྒྲོལ་མ་ཞེས་པའི་རྟོག་བཟོའི་མི་སྣ་ལ་བརྟེན་ནས་བརྗོད་ཡོད། དེས་ན་བརྗོད་བྱའི་སྙིང་པོ་བསྟན་པའི་མཚོན་བྱེད་ཐབས་ཀྱི་ཆ་བུད་མེད་དེ། གློག་བརྙན་འདིའི་བརྗོད་བྱ་རེད་ཅེས་བཤད་པ་ནི། རྩ་བ་བོར་ནས་ཡལ་ག་འཚོལ་བའི་ལས་དང་མི་འདྲའམ།

 

སྐྱེ་བ་སྔ་ཕྱི་ལ་དོགས་སློང་དང་ཁུངས་མེད་ཚུལ།

 

གློག་བརྙན་དབུགས་ལྒང་ལས་སྤྱིར་བོད་བརྒྱུད་ནང་བསྟན་དང་བོད་མིའི་སྲོལ་རྒྱུན་རིག་གནས་ལ་དམན་ལྟ་དང་གསར་བརྗེ་དགོས་པའི་སྣང་ཚུལ་ཡོད་པ་མ་ཚད། སྐྱེ་བ་སྔ་ཕྱིའི་རྣམ་གཞག་ལ་དོགས་སློང་ཡོད་པ་རེད། དོགས་སློང་ཙམ་གྱིས་མ་ཚད་སྐྱེ་བ་སྔ་ཕྱི་ནི་ཤིན་ཏུ་ཁུངས་མེད་ལུང་མེད་ཀྱི་གནད་དོན་ཞིག་སྣང་བརྙན་གཉིས་ལ་བརྟེན་ནས་མར་མངོན་འདུག།

༡ སྒྲོལ་དཀར་ལ་བྱིས་པ་འཁོར་རྗེས་མོས་མཐའ་གཅིག་ཏུ་གསོད་རྒྱུར་སེམས་ཐག་བཅད་ནའང་། ཁྱོ་ག་དར་རྒྱས་ལ་བླ་མས་བྱིས་པ་དེ་ནི་ཕ་དྲིན་ཆེན་གྱི་རྣམ་ཤེས་ཡིན་པའི་སྐྱེ་རྟགས་འབབ་ནས། དར་རྒྱས་ཀྱིས་བྱིས་པ་གསོད་རྒྱུ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། བླ་མས་དེ་ལྟར་གསུང་ཚུལ་མོ་རང་ལ་བཤད་རྗེས། མོས་དེ་མ་ཐག་བླ་མ་ནོར་བ་ཡིན་ན་ཐང་ཞེས་ལན་བཏབ། འདི་ནི་སྤྱིར་བོད་བརྒྱུད་ནང་བསྟན་གྱི་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་ལ་དོགས་སློང་ཞིག་རེད། པདྨ་ཚེ་བརྟན་ཁོ་རང་གིས་ཀྱང་རྒྱ་མི་གསར་འགོད་པའི་བཅར་འདྲི་ལ་ལན་ལྡོན་སྐབས་ཚན་པ་འདི་ནི་བོད་བརྒྱུད་ནང་བསྟན་ལ་ངོ་ལོག(反叛)་ཅིག་ཡིན་ཞེས་ལན་བཏབ་འདུག། དོགས་སློང་འདི་ང་ཚོའི་བགས་ཆགས་ཀྱི་ཟབ་སར་ཡོད་པའི་སྐྱེ་བ་སྔ་ཕྱི་ལ་དོགས་སློང་རེད། བག་ཆགས་དོང་དཀྲུག་གི་སྔོན་འགྲོ་ཞིག་ཀྱང་ཅིས་མ་ཡིན། ལོས་ཡིན་སྤྱིར་ཕྱིར་རྟོག་དང་དོགས་སློང་ནི་བྱ་རུང་བ་ཞིག་རེད། དེ་ལ་ནང་པས་བཀག་འགོག་གང་ཡང་མེད། འོན་ཀྱང་གནད་དོན་ནི་དོགས་སློང་འདི་ལ་བཏབ་པའི་ལན་དེར་ཡོད་དེ། དར་རྒྱས་ཀྱིས་ཕོ་ཤེད་ཁྱེར་ནས་བཏབ་པའི་ལན་ནི“ཨ་ལགས། ནོར་མི་སྲིད”ཅེས་པ་དེའོ།། བསམ་བཞིན་ལན་འདི་འདྲ་འདེབས་དོན་ཡང་པདྨ་ཚེ་བརྟན་གྱིས་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ལྟ་གྲུབ་ཀྱི་ཁོངས་སུ་གཏོགས་པའི་སྐྱེ་བ་སྔ་ཕྱི་ནི་ངེས་པ་དོན་གྱི་ཆ་ནས། ཆོ་མེད་པ། ནང་དོན་མེད་པ། གཏན་ཚིགས་མེད་པ། སྒྲུབ་བྱེད་མེད་པའི་རྨོངས་དད་ཙམ་གྱི་ཐོག་ཏུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་དོན་བསྟན་ཆེད་ཡིན་པ་སྨོས་ཅི་དགོས།

༢ གློག་བརྙན་འདིའི་ནང་ནས་སྒྲོལ་དཀར་གྱི་བུ་ཆེ་བ་ནི་དར་རྒྱས་ཀྱི་ཨ་མའི་སྐྱེ་སྲིད་ཡིན་པ་ཡོངས་སུ་གྲགས་ཤིང་། རྟགས་མཚན་ལ་སྔར་ཨ་མའི་རྒྱབ་ཀྱི་སྒལ་བའི་ཐོག་ཏུ་སྨེ་བ་ཡོད་ས་དེར། བུ་ཆེ་བ་ལའང་སྨེ་བ་ཞིག་ཡོད་པ་རེད། དེ་ལ་བརྟེན་ནས་ཁོ་གཉིས་དོན་གྱི་ཆ་ནས་སྐྱེ་བ་སྔ་ཕྱིའི་འབྲེལ་བ་ཡོད་ཚུལ་ཞིག་རྟོག་བཟོ་བྱས་འདུག། སྤྱིར་སྐྱེ་བ་སྔ་ཕྱིའི་འབྲེལ་བ་ནི་སྨེ་བ་ཞིག་གིས་མཚོན་ཚུལ་ནང་པའི་ཆོས་གཞུང་གང་དུའང་མེད་ཅིང་། བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་ཡང་ད་སྔོན་གུས་པས་མཐོང་མྱོང་མེད། པདྨ་ཚེ་བརྟན་གྱིས་དེ་ལྟ་བུའི་རིགས་པ་ལྟར་སྣང་ཞིག་བཀོད་པ་ནི། ཁོང་གིས་སྐྱེ་བ་སྔ་ཕྱི་ཟེར་བ་ནི་རྫུན་གྱི་ཕུང་པོ་ཡིན་པ་བསྒྲགས་ཆེད་དང་། རྫུན་གྱི་ཕུང་པོ་ཞིག་ལ་བརྟེན་ནས་ང་ཚོས་སོ་སོའི་བསམ་བློ་བཅིང་གྲོལ་བཏང་ཐུབ་མེད་པའི་དོན་ཞིག་བསྟན་ཡོད་པ་དང་། དེ་མཚམས་སུ་ཡིད་བརྙན་རྨི་ལམ་ལྟ་བུའི་སྣང་བརྙན་སྤྱད་ནས། ད་གཟོད་བུ་ཆེ་བའི་སྒལ་ཐོག་གི་སྨེ་བ་དེ་གང་དུ་གནས་སྤོས་ནའང་ཆོག་པའི་ཚུལ་ཞིག་བསྟན་ཡོད་ཅིང་། འདི་ནས་ཁོང་གིས་སྔར་བཞིན་སྐྱེ་བ་སྔ་ཕྱི་ནི་རིགས་པ་མེད་པའི་འུག་པའི་རྫུན་སྒྲུང་ཞིག་ཡིན་ཚུལ་དང་། དངོས་མེད་ཀྱི་དད་པ་དེ་ལ་བརྟེན་ནས་ང་ཚོས་རང་ཉིད་ཡོངས་སུ་བཙོན་ཁང་ལ་བཅུག་ཡོད་པ་བསྟན་ཡོད།   ད་ཆ་པདྨ་ཚེ་བརྟན་གྱིས་གློག་བརྙན་གྱི་ལམ་ནས་བོད་མི་རིགས་ཀྱི་ན་གཞོན་རྣམས་ལ། དད་པ་ནི་དེ་ལྟར་མ་རུང་བ་དང་། སྐྱེ་བ་སྔ་ཕྱི་ནི་ཁུངས་ལུང་མེད་པ། གང་ཞིག་དེ་དག་ལ་ཡིད་ཆེས་བྱས་ན་སྒྲོལ་དཀར་དང་བྱང་ཆུབ་སྒྲོལ་མ་ལྟར་མི་ཚེ་སྡུག་གི་ཁྲོད་དུ་ལྷུང་ངེས་པའི་སློབ་གསོ་སྤེལ་གྱི་ཡོད་ཅིང་། མི་རིགས་གཞན་པ་ལ་བོད་ནི་དེ་ལྟ་བུའི་རྨོངས་དད་ཀྱི་ཁྲོད་དུ་ལྷུང་ཡོད་པའི་འཕྲིན་ཞིག་སྐྱེལ་ཡོད་པས་ན། ཉིན་འདི་གར་དྲ་ཐོག་ནས་རྒྱ་མི་མང་པོ་ཞིག་གིས་བོད་སྐྱོད་སྐབས་ཀྱི་མཐོང་ཐོས་ཀྱི་ཡུལ་དུ་སོང་བའི་བོད་པའི་བུད་མེད་རྣམས་ལ་ཤ་ཚ་དང་སྙིང་རྗེ་ཟེར་གྱི་འདུག།

རྟོགས་སད་ནི་དད་ལོག། དད་ལོག་ནི་རྟོགས་སད།

 

ཁོང་གིས་གསར་འགོད་པར་ལན་བཏབ་པའི་བཅར་འདྲི་ལ་བལྟས་ན། གོང་གསལ་དོགས་སློང་གི་སྣང་བརྙན་ནི་བུད་མེད་ཕལ་བའི་རྟོགས་སད་མཚོན་གྱི་ཡོད་པ་རེད་ཟེར། དེས་ན་བུད་མེད་དེ་གཉིས་དངོས་སུ་རྟོགས་པ་སད་ན་ཁོ་གཉིས་ཀྱིས་ཅི་ཞིག་བྱ་སྲིད། སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ། དད་པ་ལ་ཐན་དུ་ལྟ་བ་དང་། མ་ཎི་འདོན་མཁན་ནི་ཀླ་ཀློ་དང་རྗེས་ལུས། སྲོལ་རྒྱུན་རིག་གནས་པ་ནི་མི་ངན་མངའ་བདག་ཡིན་པ་སྨྲ་སྲིད་དམ། པདྨ་ཚེ་བརྟན་གྱིས་གཏན་ལ་ཕབ་པའི་རྟོགས་སད་པ་ནི། དད་པ་ལ་ངོ་ལོག་མཁན། སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་མཁན། བོད་བརྒྱུད་ནང་བསྟན་དང་བོད་མིའི་སྲོལ་རྒྱུན་རིག་གནས་རྒྱང་དུ་འདོར་མཁན། བུ་རྒྱུད་དམར་གསོད་གཏོང་མཁན་གྱི་ཨ་མ་ཞིག་ཏུ་བཞེངས་སྐྲུན་བྱས་འདུག། འདི་ནས་འདྲི་འདོད་པ་ཞིག་ལ་རྟོགས་པ་སད་དགོས་ན་ངེས་པར་དུ་དད་ལོག་དགོས་པ་ཡིན་ནམ། དད་ལོག་ནི་རྟོགས་སད་ཡིན་ནམ། ཅིའི་ཕྱིར་རྟོགས་སད་ཀྱི་ཚད་ལ་ད་དུང་ངེས་པར་དད་ལོག་འཇོག་དགོས་པ་ཡིན་ནམ། འདི་ལ་དྲ་གྲོགས་ཁྱེད་ཀྱིས་བསམ་བློ་འདོན་ཨེ་མྱོང་། ངས་གློག་བརྙན་འདིའི་བསམ་བློ་ལ་གནད་དོན་འདུག་ཟེར་དོན་ཡང་གཅིག་འདི་ཡིན།

 

བོད་བརྒྱུད་ནང་བསྟན་དང་བོད་མིའི་ད་ལྟའི་སྤྱི་ཚོགས་གཉིས་མཐུན་ཐབས་མེད་ཚུལ།

 

གློག་བརྙན་འདི་འཕྲུལ་ཆ་ཞིག་ཡིན་པའི་དབང་དུ་བཏང་ན། ཁོའི་བྱེད་ནུས་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གནས་ནི་བུད་མེད་ཀྱི་གཉའ་ཤིང་དང་། ཁྱིང་ཚང་ཞིག་གི་ཁུར་པོ། མི་རིགས་ཤིག་གི་རྐང་སྒྲོག་ཏུ་བསྟན་སྤྱད་དོ།།  གློག་བརྙན་འདི་ལ་བལྟས་ཟིན་རྗེས་མི་སུ་ཡིན་ཡང་བོད་བརྒྱུད་ནང་བསྟན་དང་བོད་མིའི་སྲོལ་རྒྱུན་རིག་གནས་ནི་དུས་རབས་འདི་དང་མི་རབས་འདི་ལ་འཚམ་པོ་མ་རེད་སྙམ་པའི་བློ་ཞིག་འཁོར་བཅུག་ཡོང་། དེའང་ཐོག་མར་སྲུང་ཤུབས་ལ་ངོ་ཚ་བྱེད་པའི་སྣང་བརྙན།  ནང་པའི་ལྟ་བས་ཚན་རིག་དར་རྒྱས་ལ་བཀག་འགོག་ཡོད་པའི་སྣང་བརྙན། བུད་མེད་ལ་གཉའ་གནོན་བྱེད་པའི་སྣང་བརྙན། དགོན་སྡེ་ནི་དཔལ་འབྱོར་གྱི་སྲིན་འབུ་ཡིན་པའི་སྣང་བརྙན། དད་པས་བདེ་སྐྱིད་འཕུང་བ། སྐྱེ་བ་སྔ་ཕྱིའི་ལྟ་བས་བུད་མེད་ཀྱི་ལུས་པོའི་བདག་དབང་འཕྲོག་པ་སོགས་སྣང་བརྙན་རེ་རེས་སྲོལ་རྒྱུན་རིག་གནས་ཀྱི་བླ་བཙག་གི་འདུག་ཅིང་། དེང་རབས་ཀྱི་འཚོ་བའི་ལྡོག་ཕྱོགས་ཁ་ནར་ཆོས་དང་རིག་གནས་བཞེངས་བསྐྲུན་བྱས་པ་འདི་ཁོ་ནས་ཀྱང་གོས་གོང་བ་ཅན་གྱོན་པའི་མི་ཞིག་ཡིན་ན་ཞེན་པ་གཏིང་ནས་ལོག་ངེས།

འདིར་ནང་པའི་ལྟ་བས་ཚན་རིག་དར་རྒྱས་ལ་བཀག་འགོག་ཡོད་པའི་སྣང་བརྙན་སྐོར་ནས་ཉུང་ཙམ་སྨྲས་ན། སངས་རྒྱས་ཆོས་ལུགས་ཀྱིས་མི་ནི་སྡུག་བསྔལ་བརྒྱད་ལྡན་དུ་བཤད་ཡོད་ཅིང་། མི་ཉིད་འཁོར་བར་གནས་པ་དེ་སྲིད་དུ་སྡུག་བསྔལ་དང་འབྲལ་མི་ནུས་པ་དང་། རང་ཉིད་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་མ་བཙལ་ན་མ་འོངས་པ་ནི་སྙིགས་མ་ལྔ་བདོའི་དུས་ཡིན་པས། མུ་མཐུད་སྡུག་བསྔལ་མྱོང་དགོས་པས་རྫོགས་ལྡན་གྱི་དུས་ཤིག་འཆར་དུ་མེད་པར་སྨྲ། ལྟ་བ་འདིས་བདེ་སྐྱིད་ནི་ཕྱི་དངོས་པོ་ལ་མེད་པར་ནང་སེམས་དུ་ཡོད་པར་འདོད།  ཡར་རྒྱས་སྨྲ་བས། མིའི་རིགས་ཀྱི་མ་འོངས་པ་ནི་དངོས་པོའི་འཕེལ་རྒྱས་ཀྱི་རྫོགས་ལྡན་དུ་སྨྲ། ང་ཚོའི་ཁོར་ཡུག་ལ་མཚོན་ན་སྤྱི་ཚོགས་རྙིང་པ་ནི་མུན་ནག་དང་། དེའི་རྗེས་ཀྱི་ད་བར་ནི་འོད་སྣང་གི་ཕྱོགས་སུ་བསྐྱོད་པའི་དུས་སྐབས་ཡིན་པ་དང་། ད་བར་གྱི་བདེ་སྐྱིད་ནི་སྔར་ལས་ཆེ་བར་བཤད་མཁན་གཅིག་ལས་མེད་པ་དེའོ། ། ལྟ་བ་འདིས་རྫོགས་ལྡན་ནི་ཕྱིའི་དངོས་པོའི་ཆ་རྐྱེན་ལ་ངོས་འཛིན་གྱི་ཡོད། དངོས་པོའི་ཆ་རྐྱེན་ཇི་ཙམ་ལྡན་ན་དེ་ཙམ་བདེ་སྐྱིད་དང་རྫོགས་ལྡན་དུ་སྨྲ།

འོན་ཀྱང་། སྙིགས་མ་ལྔ་བདོ་སྨྲ་བས་ཕྱིའི་དངོས་པོའི་འཕེལ་རྒྱས་ལ་བཀག་འགོག་གང་ཡང་ཡོད་པ་མ་རེད། ཁོ་ཚོས་བཤད་པ་ནི་བདེ་སྐྱིད་ཅེས་པ་ནི་ཚོར་བ་ཞིག་རེད། དེ་ནི་ཕྱི་དངོས་པོའི་འཕེལ་རྒྱས་ཁོ་ན་ལས་འབྱུང་མི་ཐུབ་པར།  ཅིས་ཀྱང་ཆོག་ཤེས་ནོར་གྱི་བང་མཛོད་དགོས་པ་དང་།  བདེ་སྐྱིད་ནི་ནང་སེམས་ནས་ཡོང་དགོས་པར་འདོད་པ་ཙམ་ཡིན། དེ་བས་ན། ལོ་རྒྱུས་ཐོག་ནང་པ་སངས་རྒྱས་པས་མིའི་རིགས་ཀྱི་དངོས་པོ་འཕེལ་རྒྱས་ལ་བཀག་འགོག་བྱས་པའི་དོན་རྐྱེན་གང་ཡང་བྱུང་མྱོང་མེད་ལ། བོད་ཡུལ་དུ་དེང་རབས་ཚན་རིག་གི་ལྟ་གྲུབ་དང་ལག་རྩལ་ཐོག་མར་སྤེལ་མཁན་ཡང་གྲྭ་པ་དང་སྙིགས་མ་ལྔ་བདོ་སྨྲ་བའི་སྐུ་དྲག་རྣམས་རེད།

དོན་དངོས་ནི་དེ་ལྟར་ལགས་མོད། པད་ཚེའི་དབུགས་ལྒང་ལས་སྙིགས་མ་ལྔ་བདོ་སྨྲ་བའི་ནང་པའི་ལྟ་གྲུབ་ཀྱིས་ཕྱི་དངོས་པོ་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་སྣང་བརྙན་བསྐྲུན་འདུག་སྟེ།  སློབ་ཕྲུག་དང་ཇོ་མོ་ཁྱིམ་ལ་ཐོན་རྗེས་ཀྱི་ལུག་ཤ་ཟ་ཞོར། ཨ་མྱེས་གློག་བརྙན་ལ་ལྟ་བཞིན་བྱིས་པར་བཤད་པའི་སྐད་ཆ་དང་མཐར་གློག་བརྙན་སྒོ་རྒྱེབ་པའི་ཚན་པ་འདི་ལ་ཡང་ཡང་གཟིགས་ཤིག།

ཚན་པ་འདིར་སྙིགས་མ་ལྔ་བདོ་སྨྲ་བའི་ནང་པའི་ལྟ་བ་ནི་ཚན་རིག་འཕེལ་རྒྱས་ཀྱི་བཀག་རྡོ་ཡིན་པར་པདྨ་ཚེ་བརྟན་གྱིས་འགྲེལ་བཤད་བྱས་ཡོད་པ་རེད། ངམ་ངམ་ཤུགས་ཤུགས་སུ་ལྟ་བ་དེ་ནི་འདོར་དགོས་པར་བཤད་ཡོད་དོ།།

མཚམས་འདིར་ཐོན་དུས་བོད་ཀྱི་མ་འོངས་སྤྱི་ཚོགས་ནི་པདྨ་ཚེ་བརྟན་ལྟ་བུའི་མི་ཚོའི་ལམ་སྟོན་འོག་ནས་ཇི་ལྟར་འགྱུར་མིན་ལ་སེམས་ཁྲལ་བྱུང་ཞིང་། དངོས་གནས་པདྨ་ཚེ་བརྟན་གྱི་རིགས་པ་དང་ལྟ་བ་ནི་འདི་ལྟར་ཆེས་ཐ་ཤལ་ཡིན་པའི་གྲུབ་དོན་འདི་ལ་ང་རང་ཡང་ཡིད་ཆེས་དཀའ་བར་འདུག་མོད། གློག་བརྙན་འདིའི་བསྟན་བྱ་དང་དགོངས་པ་གཞི་ལ་བཞག་ན།  ངས་དེ་ལས་གཞན་བཤད་ཐབས་བྲལ།

སྲོལ་རྒྱུན་དང་དེངས་རབས་ཀྱི་གདོང་ཐུག་ཐད་ནས་ཉི་ཧོང་གི་གློག་བརྙན་<<མཐའ་མཇུག་གི་དཔའ་རྟུལ(最后的武士)>>ཞེས་པ་དེ་ཁྱེད་དྲ་གྲོགས་རྣམས་ལ་འོས་སྦྱོར་ཞུ་འདོད་བྱུང་། དེང་རབས་དང་སྲོལ་རྒྱུན་གཉིས་ནི་དངོས་གནས་པདྨ་ཚེ་བརྟན་གྱིས་བཤད་པ་ལྟར་ཡིན་མིན་ཐད་འདིས་ལན་ཞིག་ལྡོན་ངེས།

 

མཇུག་གི་གཏམ།

 

ཡང་ཡང་བསམ་བློ་འདོན་དུས། པདྨ་ཚེ་བརྟན་གྱིས་གློག་བརྙན་འདིའི་ནང་དུ་མོ་དབང་གི་ལྟ་བ་ཏོག་ཙམ་དྲུད་ཡོད་པ་ནི། བུད་མེད་ནི་བུ་སྐྱེ་འཕྲུལ་ཆས་མིན་ཞེས་པ་དང་བུད་མེད་ཀྱི་ལུས་པོ་བུད་མེད་ལ་དབང་ཞེས་ནམ་རྒྱུན་རྒྱ་མིའི་གློག་བརྙན་ཁྲོད་ནས་མངོན་པ་དེ་དག་རེད་འདུག། དེ་ཉིད་བུད་མེད་ཀྱི་མོ་དབང་གི་རྩ་ཚིག་ཏུ་བཞག་ནས་ཞར་ཞར་དུ་བོད་མིའི་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ནག་ཁུང་དུ་འཕངས་པ་དང་། མོ་དབང་གི་རྩ་དོན་རང་ལུས་རང་ལ་དབང་ན་བྱིས་པ་གསོད་མིན་ཡང་བུད་མེད་དབང་ཆེ་ཞེས་པར་འཕྲོ་མཐུད་པ་དང་། བྱིས་པ་གསོད་རྒྱུ་ལ་བོད་མིའི་ལྟ་སྤྱོད་ཀྱི་ཚད་བཀག་ཐེབས་པར། ལྟ་སྤྱོད་ཀྱི་རྒྱབ་ལྗོངས་ནི་བོད་བརྒྱུད་ནང་བསྟན་ལ་གསྟུག་ཏེ། རིམ་པས་བོད་བརྒྱུད་ནང་བསྟན་ལ་རྫ་དྲེག་བྱུག་འདུག། རིམ་པ་འདི་ག་ལེར་ཡར་ལྡོག་པ་ཡིན་ན་བུད་མེད་ལ་མོ་དབང་ཐོབ་དགོས་ན་བོད་བརྒྱུད་ནང་བསྟན་དང་བོད་མའི་སྲོལ་རྒྱུན་རིག་གནས་རྩ་རྫོགས་དགོས་པ་དེ་རེད། དྲང་མོར་བཤད་ན་འདི་ནི་པདྨ་ཚེ་བརྟན་གྱིས་བོད་མིའི་བུད་མེད་རྣམས་ལ་ཕུལ་པའི་བླ་ན་མེད་པའི་སློབ་གསོའི་ལེགས་སྐྱེས་ཡིན་ཙ་ན། ཁྱེད་ཅག་བུད་མེད་ཚོས་པདྨ་ཚེ་བརྟན་གྱིས་བསྟན་པའི་མོ་དབང་ལོག་པ་དེའི་དོན་དུ་ལས་དེར་འཇུག་རྒྱུ་ཡིན་ནམ།  བོད་མིའི་མོ་དབང་ནི་དངོས་གནས་པདྨ་ཚེ་བརྟན་གྱིས་བསྟན་པ་ལྟར་བོད་བརྒྱུད་ནང་བསྟན་དང་སྲོལ་རྒྱུན་རིག་གནས་ཀྱི་རྐང་འོག་ཏུ་འདུག་གམ། ཁྱེད་ཅག་བུད་མེད་དག་ལ་མགོ་བོར་ཀླད་པ་དང་། ཁོག་ལ་དྲན་ཤེས་ནི་ཡོད་པ་རེད། སོ་སོས་ག་ལེར་བསམ་བློ་རེ་ཐོངས་དང་མ་ཆོག་པ་ཅི་ཡོད།

ལུས་པོ་ནུབ་བྱང་ནས་ཐོན་རུང་ཀླད་པ་དང་རྣམ་དཔྱོད་ད་དུང་ནུབ་བྱང་གི་ཁོར་ཡུག་གུ་དོག་པོ་དེར་ལྷག་པའི་མིག་ཤེལ་ཅན་ཚོས་གློག་བརྙན་འདི་ཇི་ལྟར་ཡག་ཚུལ་གླེང་རུང་། དོན་དུ་ཁོ་ཚོས་སྐྱག་པ་ལ་གསེར་རྩི་བྱུག་པ་ཙམ་རེད་ཅེས་ཞུ་འདོད་བྱུང་ངོ།།  བཀྲ་ཤིས་བདེ་ལེགས།

 

མདོ་ཁམས་ལྷོ་ཟླ་ནས་ཟླ་བ་༡༡ཚེས་༡༦ཉིན། ཤཱཀྱ་ཤེས་རབ་ཀྱིས་སྦྱར་ཏོ།།