ངོ་མི་ཤེས་པའི་ཁྱོད།
དུར་མིག (དཀར་མཛེས།)

ཆར་ཟིམ་ངོགས་སུ་བསྐྱུར་བའི་རང་གི་གྲིབ་མ་དང་རྐང་རྗེས
མཚན་མོའི་ཟླ་འོད་ནང་དུ་ལྷ་སའི་མི་ཚོགས་ལོག་གིན་འདུག

སྐར་མ དགོད་སྒྲ
སྟོན་ཀ་ཚེས་རྗེས་མེ་ཏོག་ཅིག་སྒེའུ་ཁང་འགྲམ་དུ་ཁྱོད་ཀྱིས་གསོས
མུ་ཏིག་ཅིག་དང་འདྲ་བའི་ཆར་བ
ག་ལེར་རྩྭ་ཐང་ཆེན་མོ་འདིའི་སྒལ་བར་ཐིམ

ནམ་གུང་དུས་ཚོད་བཅུ་གཉིས་ནི་ང་ཁོ་ནར་དབང་བའི་གནས་མལ་ཡིན
འོན་ཀྱང ངས་པོད་ཕྲན་ནང་དུ་ཁྱོད་ཁོ་ན་བསྡད་འདུག

ངས་ཁྱོད་རང་ངོ་མི་ཤེས
དེ་ནི
སྟོན་ཀ་ཞིག་ཡིན
ངའི་ཁྱོད་རང་བྲང་ཁ་སྟོང་བ་རུ་སྦྱར་དུས
གཞི་ནས རང་ཉིད་ཀྱང
འཕུར་འདོད་པའི་བྱེའུ་ཞིག་གི་འཕུར་ཚད་ལ་ཞུགས་ནས་སོང་ཚར་བ་དྲན་ཡོང

2020.9.19

༡༩༩༩ལོ།

མེ་ལོང་དུ་མཚན་མོའི་དུས་ཚོད་དང་ལྷིང་འཇགས་བསྒྲིགས་ཚེ
སྐར་ཆ་རེ་རེའི་ཁྲོད་དུ་རྨི་ལམ་རབ་རིབ་ཏུ་འགྱུར་ཞིང
རང་ཉིད་ཀྱི་ནང་སེམས་ལ་དབང་བའི་ནམ་མཁའ་འདིའི་འོག་ཏུ
ད་དུང་ཡང་སྙིང་ཉེ་བའི་བྱེའུ་ཆུང་མ་མཐོང་བས
མཚམས་མེད་པར་བར་ཐག་མཚོན་བྱེད་ཀྱི་གླུ་དབྱངས་བླངས
སྒྲ་སྙན་ལྟ་བུ མཛེས་སྡུག་ལྟ་བུ
ཁྱོད་ཀྱི་ལག་མཐིལ་གྱི་རི་མོའི་སྟེང་གི་རེག་བྱ་དག་བསུབ་རྗེས
འཁོས་ཞན་གྱི་མི་ལའང་འགྱུར་ལྡོག་བྱུང་སོང
དེ་ནི་རང་ཉིད་དང་ལྷན་དུ་བརྗེད་པའི་འཁོར་བ་ནག་པོ་ཡིན་ངེས

2010.10.19

ལག་པ།

ཁྱེད་ཀྱིས་ཐག་རིང་གི་ཕ་ཡུལ་མི་བརྗེད་རོགས
ང་ཡི་མཛེས་སྡུག་ནང་དུ་ཚོན་གྱིས་བྱུགས་པའི་རི་མོ
རི་མོའི་སྟེང་དུ་གླུ་སྐད་ཅིག་ལྷག་ཡོད
དེ་ནི་ཁྱོད་ཀྱི་དྲན་གདུང་གི་ཟླ་འོད་ཡིན
ཇི་སྲིད་འཚོ་བའི་བར་དུ་ལས་འཕྲོ་ལ་འབྲེལ་ཏེ
སྨུག་པའི་ཁྲོད་ནས་ལག་པ་ལྗོན་ཤིང་ཞིག་ཏུ་བསྒྱུར་ནས
སྲང་ལམ་ནས་འགྲེང་དུ་བཅུག

ཡང་ན རྨི་ལམ་དུ་རྡོ་བ་ལྗང་གུ་སྦས་ཡོད
སྒྱུ་འཕྲུལ་གྱི་ཕྱེ་མ་ལེབ་མང་པོ་གྲྭ་ཤག་ཏུ་སྒོམ་ལ་ཞུགས
སྙིང་རྗེ་དང་སྐྱོ་བ་གཉིས་རང་ཉིད་རེད
ཁེར་རྐྱང་གི་ཚོར་བ་ནི་གཉིད་མི་ཁུག་པའི་མཚན་མོ་འདི་ཡིན

2020.11.12

 

རི་མོ་ཞིག་ལ་ཚོན་རྩི་བྱུགས།

དཀར་ཡོལ་ཆུང་ངུའི་ནང་གི་ཚོན་རྩི་དག་སེམས་ཁྲལ་རེད
ཚོད་ཚོད་ལ་བྲིས་མ་ཚར་བའི་རི་མོ་འདི་དག་གི་ཆེད་དུ
གཙང་པོའི་ནང་དུ་མིག་ཆུ་གཙང་མ་ཞིག་འདྲེས

ཕྲན་གྱིས་མིག་འབྲས་ཀྱི་གཏིང་རིམ་ལ་འཁྱིལ་བའི་གཟུགས་བརྙན་དེས
དྲན་གདུང་གི་རུམ་ཁ་བསྲེས་པའི་ལང་ཚོ་དང་སྣང་བ
འཕྲིན་ཡིག་ཅིག་སེམས་སུ་ལྷུང་བས
ནགས་ཚལ་དེའི་ཁ་གཏད་དུ་གསང་བ་རེ་རེ་ལག་མཐིལ་དུ་བླངས
འདི་ཡང་ནང་སེམས་ཀྱི་ངོས་སུ་རྨི་ལམ་ལྷག་མ་ཞིག་ཡིན

                           2020.9.6

མིག་མདུན་གྱི་ཁ་གཏད་དུ།

ཕྲན་གྱིས་ཡུན་རིང་ཞིག་ལ་སྒེའུ་ཁུང་གི་ཡོལ་བ་མ་ཕྱེས
རྣམ་རྟོག་ཅིག་ལ
གློག་སྐུད་སྟེང་གི་བྱེའུ་འཕུར་བའི་སྒྲ་ལ་སེམས་ཆགས
ད་ནི་ནང་སེམས་ཀྱི་བརྩེ་བ་ཕྱི་རོལ་དུ་འཁྱམ་འདུག
ཁྱོད་དང་འབྲེལ་བའི་ལྗང་མདོག་གི་གླིང་ཕྲན་ཞིག་བསྟན

མགོ་ཐོག་གི་ཟླ་བ་ལ་བལྟས་ནས་སྙན་ངག་འབྲི་དུས་ཤིག་ལ
རྐང་འོག་གི་འཇག་སྐྱ་དང་ལམ་ཕྲན་གཉིས་མདུན་ཕྱོགས་སུ་བཞུར་འགྲོ
འཚོ་བའི་ཤེལ་སྒོ་དེ་ལ  རྒས་ཟིན་པའི་བགྲེས་པོ་ཞིག་གི་ངོ་གདོང་ལྟར
ལྟ་ཐུབ་པའི་སྤོབས་པ་ནི་ཡོངས་སུ་བྲལ

2020.9.28